Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  expand section
   
   
  expand section
   
འཁོར་ལོས་མཚོན་པའི་གསུང་རྟེན་སྤྱི་ཁྱབ་ལ་རབ་གནས་བྱ་བའི་ཆོ་ག་ཕྱག་རྒྱ་བཞི་ལྡན།
   
   
   
   
  expand section
   
   
   
  expand section
   
   
   
   
   
  expand section
   
   
   
   
  expand section


 
previousའཁོར་ལོས་མཚོན་པའི་གསུང་རྟེན་སྤྱི་ཁྱབ་ལ་རབ་གནས་བྱ་བའི་ཆོ་ག་ཕྱག་རྒྱ་བཞི་ལྡན།next

འཁོར་ལོས་མཚོན་པའི་གསུང་རྟེན་སྤྱི་ཁྱབ་ལ་རབ་གནས་བྱ་བའི་ཆོ་ག་ཕྱག་རྒྱ་བཞི་ལྡན།


JLAZ008_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་མཚོན་པའི་གསུང་རྟེན་སྤྱི་ཁྱབ་ལ་རབ་གནས་བྱ་བའི་ཆོ་ག་ཕྱག་རྒྱ་བཞི་ལྡན་ཞེས་བྱ་བ་བཞུགས། །


JLAZ008_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་ཞི་དང་ཁྲོ་བོ་ཡི། །དཀྱིལ་འཁོར་ཀུན་གྱི་འཁོར་ལོའི་མགོན། །སྣང་སྲིད་ཟིལ་གནོན་པདྨ་ལ། །བཏུད་ནས་གསུང་རྟེན་ལྷག་གནས་བྲི། །དེ་ཡང་རྩོད་པ་ཐམས་ཅད་དང་བྲལ་ཞིང་དཔྱད་པ་གསུམ་གྱི་འཕྲུལ་རྒྱས་ལེགས་པར་བསྲུབས་པའི་མཆོག་གཏེར་ཤིན་ཏུ་གསང་བ་ཤོག་སེར་གྱི་དྲི་མ་ཐུལ་ལེ་བ་ཞིག་གི་རྒྱུད་ལས། གསུང་རྟེན་གླེགས་བམ་རིགས་གྱུར་པ༔ ཀུན་ལ་རབ་གནས་འདི་ཉིད་གཅེས༔ གང་ལ་གང་དགོས་སྦྱར་ཤེས་བྱ༔ ཞེས་རྡོ་རྗེའི་ལུང་གིས་སྐབས་དབྱེ་བ་བཞིན་དོན་གཉེར་ཅན་གྱི་ཆེད་དུ་ལྷག་པའི་བསམ་པས་འཁོར་ལོ་དང་གླེགས་བམ་ལ་སོགས་ཏེ་གསུང་གི་རྟེན་ལ་གཏོགས་སོ་ཅོག་ལ་རབ་གནས་བགྱི་ཐབས་ཀྱི་ཕྲིན་ལས་སྤྱི་འདོམས་སུ་བཤད་


JLAZ008_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། དེ་ལ་དང་པོར་རབ་ཏུ་གནས་བྱའི་རྟེན་གང་དང་གང་གིས་ལུགས་སུ་ཚུལ་ལྡན་དུ་བསྒྲུབ་པ་དེ་ལ་ཞི་དྲག་འཇམ་རྩུབ་སོགས་སོ་སོའི་སྒོས་གནད་ཀྱིས་ཕྱེ་བའི་རྫས་དང་དྲི་སྨན་རྫས་སོགས་ཚུལ་བཞིན་དུ་བྱུག་ཅིང་སྤྲོ་ན་འཁོར་ལོ་སོགས་ལ་འབྱུང་ཁྲུས་བྱེད་པ་ཡང་འཐད། དེ་ནས་ཡི་དམ་གང་ལ་བརྟེན་པ་དེའི་དཀྱིལ་འཁོར་སྤྲོས་པ་རྒྱས་བསྡུས་དང་བསྟུན་པར་བཤམས་པའི་དབུས་སུ་ཞལ་རང་ལ་ཕྱོགས་པར་བཞག །སྲུང་བ་ལྟ་བུ་ཡིན་ན་བཀྲམ་ནས་བཞག་པའི་སྲུང་ཆིངས་ཀྱང་ཉེ་ལོགས་སུ་དགོད་ཅིང༌། ཉེར་སྤྱོད་དང་སྨན་གཏོར་རཀྟ་སོགས་ཀྱང་བཤམ། དེ་ནས་འཁོར་ལོ་སོགས་ཀྱི་ཚེ་གང་ཡིན་དེ་གའི་ཡི་དམ་བདག་མདུན་ཟུང་འཇུག་ཨ་ཏིའི་རྣལ་འབྱོར་དུ་བསྐྱེད་པའི་མདུན་བསྐྱེད་


JLAZ008_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་དེ་ག་ལ་དམིགས། དྲག་པོའི་ང་རྒྱལ་ལ་གནས་པས་བགེགས་བསྐྲད་གུ་གུལ་བདུག །ལས་གཞུང་མཐར་ཆགས་སུ་བྱས་རྗེས། བཟླས་པའི་ཚེ་ལས་བཞི་གང་ཡིན་གྱི་འགྲོས་དང་བསྟུན་པའི་འོད་ཟེར་སྤྲོ་བསྡུ་བྱ་ཞིང་མདུན་བསྐྱེད་ལ་གཟི་བྱིན་བསྐྱེད། རྩ་སྔགས་གང་ཡིན་གྱི་ཤམ་བུར། ཨོཾ་ཛྙཱ་ན་ཨ་བེ་ཤ་ཡ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བཏགས་པ་ཅི་ནུས་བཟླས་སྤྲོ་ན་ཚོགས་མཆོད་བྱ། ལས་གང་ཡིན་འགྲུབ་པའི་ཕྲིན་ལས་འཆོལ། དེ་ནས་ཞལ་བསྒྱུར་བ་ནི། ལྷ་རྣམས་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་ཡིག་འབྲུའི་རྣམ་པར་གྱུར་པ་གསུང་མཆོག་སྣང་བ་མཐའ་ཡས་ངོ་བོར་གྱུར། ཅེས་བརྗོད་ཅིང་བསམ། ཧཱུྃ་སྣང་བ་མཐའ་ཡས་བཅོམ་ལྡན་འདས༔ དུས་གསུམ་སངས་རྒྱས་གསུང་གིས་ལྷ༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དབྱིངས༔ ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས༔ བསྟན་པའི་གཙོ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་གསུམ་སྐུ་གསུང་ཐུགས༔ སྒྲ་གྲགས་རང་བྱུང་གསུང་གི་སྒྲ༔ ཆོས་ཉིད་སྐྱེ་མེད་ཀློང་ནས་བྱུང་༔ ཐུགས་རྗེའི་ཆོ་འཕྲུལ་བླ་ན་མེད། ཨ་ཨཱཿ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཱཻ༔ ཨོ་ཨཱཽ༔ ཨཾ་ཨཱ༔ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཨོཾ་ཨཱ༔ ཧཱུྃ་ཧྲཱི༔ དུས་གསུམ་


JLAZ008_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱིན་རླབས་ལས༔ གླེགས་བམ་ཡེ་གེ་ཐམས་ཅད་ནི༔ ནམ་མཁའི་དབྱིངས་སུ་གསལ་བར་ཤར༔ ཡེ་ཤེས་ལྔ་ཡི་འོད་མདངས་འཚེར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱ༔ མཱུྃ་ལཱཾ་མཱཾ་པཱཾ་ཏཱཾ༔ ཧྲཱི༔ དུས་གསུམ་སངས་རྒྱས་སྐུ་ལྔའི་ཆོ་འཕྲུལ་ལས༔ འཁོར་ལོའི་ཞེས་བསྒྱུར་ཆོག །བཅོམ་ལྡན་ཤཱཀྱ་ཐུབ་པའི་ཐུགས་རྗེ་དང་༔ འཛམ་གླིང་སེམས་ཅན་རྣམས་ཀྱི་དཔལ་འབྱོར་དང་༔ ནམ་མཁའི་འོད་སྣང་འཁྲིགས་པའི་ཡེ་ཤེས་རྩལ༔ འབྱུང་བ་རྣམ་པ་ལྔ་ཡི་ཆོ་རོལ་ལས༔ རྒྱ་གར་ཡི་གེ་ཨཀྵ་ལྔ་བཅུ་སྲིད༔ དེ་ལས་གཅེས་བསྡུས་བོད་ཡིག་སུམ་ཅུ་སྟེ༔ བདེ་གཤེགས་སྐུ་སྤྲུལ་འཕྲུལ་གྱི་ཡི་གེ་རྣམས༔ རང་བཞིན་ཡི་གེའི་འཁོར་ལོ་ཆེན་པོ་ནས༔ གཟུགས་བརྙན་གསལ་བའི་ཡི་གེ་དམ་པ་འདིར༔ སྤྱན་འདྲེན་མཆོད་པའི་སླད་དུ་གཤེགས་སུ་གསོལ༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཀ་ཁ་ག་ང་བཞི་ནི་ནམ་མཁའི་ཁམས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངོ་བོ་ཉིད༔ ཐུགས་རྗེ་མི་ཟད་སེམས་ཅན་ཀུན་ལ་ཁྱབ༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཅ་ཆ་ཇ་ཉ་བཞི་ནི་ནམ་མཁའི་ཁམས༔ སོར་རྟོག་ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད༔ ཁམས་གསུམ་འདོད་ཆགས་གྲང་བའི་ནད་རྣམས་སེལ༔ འགྲོ་བའི་དོན་དུ་བརྟན་བར་བཞུགས་སུ་གསོལ༔ ཏ་ཐ་ད་ན་བཞི་ནི་ས་ཡི་ཁམས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ངོ་བོ་ཉིད༔ བརྟན་


JLAZ008_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སེམས་ཅན་ཀུན་གྱི་རྟེན་དུ་གྱུར༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ པ་ཕ་བ་མ་ཝ་ལྔ་ཆུ་ཡིག་སྟེ༔ མེ་ལོང་ལྟ་བུའི་ཡེ་ཤེས་ངོ་བོ་ཉིད༔ བརླན་བྱེད་བདུད་རྩི་ཀུན་ལ་ཆར་ལྟར་འབབ༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཙ་ཚ་ཛ་གསུམ་མེ་ཡི་ཁམས་ལས་ཤར༔ བྱ་བ་གྲུབ་པའི་ཡེ་ཤེས་ངོ་བོ་ཉིད༔ སྣང་གསལ་སྒྲོན་མེས་སེམས་ཅན་མ་རིག་སེལ༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཞ་ཟ་འ་ཡ་བདེ་གཤེགས་སྤྲུལ་པའི་སྲས༔ རང་བྱུང་ཀློང་གྱུར་ཡེ་ཤེས་ངོ་བོ་ཉིད༔ ཐུགས་རྗེ་སེམས་ཅན་ཀུན་ལ་ཁྱབ་པར་གཟིགས༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ར་ལ་ཤ་ས་ཧ་ལྔ་མེ་ཁམས་དང་༔ ས་ལས་སྤྲུལ་པའི་རང་བྱུང་ཡི་གེ་སྟེ༔ ཐབས་དང་ཤེས་རབ་ཡེ་ཤེས་མཆོག་གི་སྐུ༔ སྐྱེ་འགྲོ་སེམས་ཅན་ཀུན་གྱི་སྡོང་གྲོགས་བྱེད༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཨ་ནི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་བཅུད༔ ཆོས་ཉིད་དོན་ལ་སྐྱེ་བ་མེད་པའི་སྐུ༔ རང་བྱུང་ཡེ་ཤེས་རང་ལས་སྣང་བར་བྱེད༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གསུམ་སྐུ་གསུམ་འདུས་པའི་དོན༔ བྱིན་རླབས་ཀློང་ཡང་རང་བཞིན་འོད་དུ་གསལ༔ ཁམས་གསུམ་སེམས་ཅན་སྐུ་གསུམ་དོན་ལ་སྦྱོར༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ དེ་ལས་སྤྲུལ་པའི་གུག་འགྲེང་ན་རོ་


JLAZ008_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ཞབས་ཀྱུ་ཡ་བཏགས་ར་བཏགས་སྤྲུལ་པའི་སྐུ༔ གང་ལ་གང་འཚམས་སྟོན་པའི་ཐུགས་རྗེ་ཅན༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ མཐུག་པོ་ལྔ་དང་ལོག་དྲུག་མཐར་ཟད་དང་༔ དབྱངས་ཀྱི་ཡི་གེ་རང་རིག་བཅུ་དྲུག་དང་༔ ཕོ་ཡིག་ཐབས་དང་མོ་ཡིག་ཤེས་རབ་དང་༔ མ་ནིང་ཡི་གེ་དབྱིངས་དང་རིག་པ་སྟེ༔ སྤྲུལ་པའི་ཡི་གེ་རྣམས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཡི་གེའི་དངོས་པོ་ཐམས་ཅད་ནི༔ སངས་རྒྱས་སྤྲུལ་པའི་གསུང་ཡང་ཡིན༔ ཡི་གེ་བཀླགས་པས་སྒྲ་རྣམས་འབྱུང་༔ སངས་རྒྱས་སྤྲུལ་བའི་གསུང་རྣམས་ཐོས༔ ཡི་གེའི་དོན་རྣམས་བསྒོམས་པ་ཡིས༔ སངས་རྒྱས་སྤྲུལ་པའི་ཐུགས་སུ་གྲོལ༔ སྐུ་གསུང་ཐུགས་ལྡན་ཡེ་ཤེས་དབྱིངས༔ སྤྲུལ་པའི་ཡི་གེ་རྣམས་ལ་བསྟོད༔ འགྲོ་བའི་དོན་དུ་བརྟན་པར་བཞུགས༔ ཧྲཱི༔ རང་བཞིན་ཡི་གེ་ཆེན་པོ་ནས༔ གཟུགས་བརྙན་ཡི་གེ་དམ་པ་འདིར་༔ མུ་ཁྱུད་འཁོར་ལོ་འཆི་ལ་བརྟེན༔ གླེགས་བམ་འདི་ལ་བཞུགས་སུ་གསོལ༔ བདག་གཞན་དོན་གཉིས་འགྲུབ་གྱུར་ཅིག༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཧྲཱི༔ ང་ནི་རང་བྱུང་དཔལ་ཆེན་པོ༔ ཐུགས་རྗེས་འགྲོ་འདུལ་སྣང་མཐའ་ཡས༔ སྐུ་གསུང་ཐུགས་ལ་ཡི་གེ་གསུམ༔ ཡི་གེ་གསུམ་ལས་འོད་འཕྲོས་པས༔ ཡར་ལ་སངས་རྒྱས་ཐུགས་བརྒྱུད་བསྐུལ༔ མར་འཕྲོས་རིགས་


JLAZ008_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་སྡིག་སྒྲིབ་སྦྱངས༔ ཚུར་འདུས་ཡི་གེ་རྣམས་ལ་ཐིམ༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཞེས་བརྗོད། དེ་ནས་ཡི་གེ་རྣམས་ལ་སྐུ་གསུམ་གྱི་རབ་གནས་བྱ་བ་ནི་རྟེན་ཤཱཀྱ་ཐུབ་པར་བསྒོམས་ལ་མེ་ཏོག་འཐོར་བ་དང་མཉམ་དུ། ཡེ་དྷར་གྱི་ཤམ་བུར༔ དྷརྨ་ཝྭཱཀྐ་རཏྣ་ཧཱུྃ་ཧཱུྃ་གྷི་ཏི་སྭཱ་ཧཱཿཞེས་བཏགས་པ་བརྒྱ་རྩའམ་ཉེར་གཅིག་གམ་བདུན་གྱིས་མཐའ་བརྟེན་བརྗོད། ཡང་ཡིག་འབྲུ་སྟོང་པ་ཉིད་དུ་བསྒོམས་ལ། ཡེ་དྷརྨ་གྱི་ཤམ་བུར། དྷརྨ་ཝྭཱཀྐ་རཏྣ་ཧཱུྃ་ཧཱུྃ་སྭ་བྷཱ་ཝ་ཏྲི་ཤུདྡྷེ་སརྦ་དྷརྨ་ཤུདྡྷོ་྅ཧཾ༔ ཞེས་བརྗོད་ཅིང་སྔ་མ་ལྟར་བྱ༔ ཧྲཱི༔ ནམ་མཁའི་གནས་ནས་ཆོས་ཀྱི་སྒྲ༔ དཔག་མེད་ཚ་གྲང་ཡེ་ཤེས་སྒྲ༔ བསམ་གྱིས་མི་ཁྱབ་གསུང་རྣམས་ནི༔ གཟུགས་བརྙན་ཡི་གེ་འདི་ལ་ཐིམ༔ གསུང་གི་དངོས་པོ་བཀྲ་གསལ་ལེ༔ གསུང་གི་རང་སྒྲ་དིར་གྱིས་བྱུང་༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཞེས་བརྗོད་ཅིང་ཡི་གེ་རྣམས་རང་སྒྲ་དིར་དིར་སྒྲོགས་པར་བསམས་ལ་རྟེན་སྙིང་ཤམ་བུར། དྷརྨ་ཝཱཀྐ་རཏྣ་ན་མ༔ སརྦ་ཏ་ཐ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཏདཾྑ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞེས་བཏགས་པ་མང་ཉུང་ཆ་མཚུངས་སུ་བཟླ་ཞིང་མེ་ཏོག་འཐོར། ཧྲཱི༔ གཟུགས་སྣང་ཐམས་ཅད་ཡི་གེའི་གཟུགས༔ སྒྲར་གྲགས་ཐམས་ཅད་ཆོས་ཉིད་སྒྲ༔ གཟུགས་སྒྲ་སེམས་ཅན་ཀུན་གྱིས་ཐོས༔ ཐོས་པས་སེམས་


JLAZ008_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རང་རྒྱུད་གྲོལ༔ དྲན་རྟོག་ཐམས་ཅད་སྤྲོས་བྲལ་ངང་༔ མཉམ་ཉིད་བདེ་བ་ཆེན་པོར་གྲོལ༔ ཅེས་ཁྱད་པར་ཅན་གྱི་སྣང་གྲག་རིག་གསུམ་གྱི་རྣམ་རོལ་ཆེན་པོར་རྒྱས་བཏབ་ནས། རྟེན་སྙིང་ཤམ་བུར། དྷརྨ་ཝཱཀྐ་རཏྣ་རཀྵ་རཀྵ་ཧཱུྃ་ཧཱུྃཿབཏགས་པ་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱ། དེ་ནས། ཧྲཱི༔ སྲུང་བའི་འཁོར་ལོ་ཆེན་གསུང་རྟེན་གླེགས་བམ་ཞེས་བསྒྱུར། པོ་འདིའི༔ རང་བྱུང་རང་ཤར་ཡི་གེ་རྣམས༔ ནམ་མཁའི་དབྱིངས་ནས་རྟེན་ལ་བབས༔ གཟུགས་བརྙན་ཡི་གེ་ཐམས་ཅད་ཀུན༔ གྲགས་སྟོང་ཆོས་ཀྱི་ཕུང་པོར་གྱུར༔ སངས་རྒྱས་ཐམས་ཅད་ཡི་གེའི་གཟུགས༔ རང་བྱོན་རང་ཤར་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བརྗོད་ཅིང་ལས་གཞུང་རྗེས་ཆོག་རྣམས་མཐར་ཆགས་སུ་བྱ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་པ་ལ་སོགས་པས་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱ་ཆེར་བརྗོད། སྲུང་བ་ལྟ་བུ་ཡིན་ན་ལྟེ་བ་ནས་ཆིངས་བརྒྱབ། བཟློག་འཁོར་ཡིན་ན་འདོད་གསོལ་དང་བཅས་གནོད་འཚེའི་ཕྱོགས་སུ་ཁ་སྟོན་ཞིང་འཇོག །དེ་ཡང་རིག་འཛིན་གདུགས་ཕུབ་དང་གླེགས་རལ་སོགས་ཁྱད་པར་བ་ཡིན་ན་སྨོན་ལམ་འདི་བཏབ་བོ། །ཨེ་མ་ཧོཿ ཀུན་ཏུ་བཟང་པོ་ཀུན་བདག་ཉིད༔ ཁྱེད་ཀྱི་ཐུགས་རྗེའི་ཡེ་ཤེས་ལ༔ གསལ་འགྲིབ་ཉེ་རིང་ཕྱོགས་རིས་བྲལ༔ འགྲོ་དྲུག་ཀུན་ལ་ཁྱབ་གྱུར་


JLAZ008_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་༔ ང་བདག་གིས་བསྒྲིབས་འཁོར་བར་འཁྱམས༔ སྲིད་པ་ལས་ཀྱི་དྲ་བར་འཐུམས༔ སྟོང་ཁམས་དྲེགས་པ་རཱུ་ཏྲར་གོལ༔ སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས༔ དུག་གསུམ་རཱུ་ཏྲ་སྡེ་གསུམ་བཏུལ༔ གསང་སྔགས་ཐེག་ཆེན་སྒྲོན་མེ་སྦར༔ རྟེན་འབྲེལ་ཐུགས་རྗེའི་རོལ་པ་ལས༔ ཡེ་ཤེས་གཟུགས་ཀྱི་འཁོར་ལོ་ཤར༔ ཐབས་དང་ཤེས་རབ་གཉིས་མེད་ཀློང་༔ རབ་འབྱམས་མཐུ་སྟོབས་བསམ་ལས་འདས༔ གསང་སྔགས་བདེན་པའི་བྱིན་རླབས་ཀྱིས༔ ཁྱེད་དང་དབྱེར་མེད་གཅིག་པར་ཤོག༔ སྐད་ཅིག་མཐོང་ཐོས་རེག་པས་ཀྱང་༔ ཐོག་མེད་དུས་ནས་ད་བར་གྱི༔ ཉོན་མོངས་བསྒྲིབས་པར་གྱུར་པ་ཀུན༔ མཁའ་ལྟར་བྱང་ཞིང་དག་པ་དང་༔ སྲིད་པའི་མཚོ་ལས་སྒྲོལ་བར་ཤོག༔ སྦྱིན་སྟོབས་ཡོན་ཏན་འཕེལ་བ་དང་༔ ཚུལ་ཁྲིམས་ངེས་ལེགས་བཟོད་པར་ལྡན༔ བརྩོན་འགྲུས་བསམ་གཏན་ཏིང་འཛིན་གནས༔ ཤེས་རབ་ཕ་རོལ་ཕྱིན་རྟོགས་ཤོག༔ ཐབས་མཆོག་བདེ་བའི་རོ་མྱོང་ཞིང་༔ སྟོབས་བཟང་སྟོང་ཉིད་སྙིང་རྗེའི་རྩལ༔ སྨོན་ལམ་ཀུན་རིག་ཡོངས་རྫོགས་ནས༔ ཡེ་ཤེས་ཕ་རོལ་མཐར་ཕྱིན་ཤོག༔ གཞི་གནས་རང་བྱུང་ཡེ་ཤེས་དེ༔ བསྒྲིབ་མེད་མངོན་སུམ་མཐོང་རྩལ་རྫོགས༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྟོབས༔ སངས་རྒྱས་ཐུགས་རྗེ་ཡོངས་རྫོགས་ཤོག༔ བློ་བྲལ་ཆོས་ཟད་ཆེན་པོའི་དབྱིངས༔ མཁའ་མཉམ་འགྲོ་བ་མ་ལུས་པ༔ རང་བྱུང་


JLAZ008_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མངོན་གྱུར་ནས༔ ཀུན་བཟང་ཀློང་དུ་ཐིམ་པར་ཤོག༔ ཅེས་བརྗོད་པར་བྱའོ། །སྨྲས་པ། གཟུགས་མེད་གཟུགས་སུ་ཤར་བ་ཡི་གེ་འཕྲུལ། །རྒྱལ་བསྟན་སྲོག་པ་རྩ་ཡི་རྟེན་མཆོག་ལ། །བྱིན་རླབས་ཡེ་ཤེས་དབབ་པའི་གནད་དོན་འགག །པདྨའི་ཞལ་ལུང་བཞིན་དུ་ཁྲིགས་སུ་བསྡེབས། །གསུང་རྟེན་པུསྟ་ཀཿཡི་དངོས་པོ་རྣམས། །གྲུབ་ཙམ་ཉིད་ནས་ཕྱག་མཆོད་འོས་ཡིན་ཞིང༌། །རབ་གནས་རྩིས་ལ་བཏབ་པའི་ཐ་ཚིག་ཆེ། །ཐེག་པ་འོག་མའི་གཞུང་ནས་མ་གསུངས་མོད། །གསང་སྔགས་ཐབས་ཀྱིས་ཆེ་བའི་གནད་དོན་ལ། །ཡེ་ཤེས་དགུག་གཞུག་ལྷག་གནས་གཙོ་ཆེ་ཡང༌། །ཙཀྲའི་གཟུགས་བརྙན་ཙམ་ལ་ཚོན་སྣ་ལྔའི། །སྲད་བུ་རིན་ཐང་ཅན་གྱིས་དཀྲིགས་པ་མང༌། །དེ་ཕྱིར་ཤེས་ལྡན་དག་ལ་ཕན་པའི་སླད། །གཞན་ལེགས་བསླད་དུ་དོགས་ནས་འདིར་མ་བཙུད། །འདིར་བཤད་མངས་ཀྱིས་དོགས་ནས་མ་ཕྲི་བར། །རྡོ་རྗེ་རྩ་ཚིག་བཞིན་དུ་གསལ་བར་བྱས། །ཞེས་པ་འདི་ཡང་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་རབ་གནས་ཡེ་ཤེས་རྒྱ་མཚོའི་ཆ་ལག་ཏུ་འདུའོ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝ་ཧེ་དུནྟེ་


JLAZ008_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཥཱནྟ་ཐཱ་ག་ཏྭ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ན་ཡེ་སྭཱ་ཧཱ།། །།སྔ་འགྱུར་བསྟན་པ་རྒྱ་མཚོའི་འཁོར་ལོས་བསྒྱུར། །འགྲོ་ལ་ཐེག་མཆོག་སྒྲ་སྒྲོག་རྫོགས་ཆེན་པ། །དོན་ཀུན་གྲུབ་པ་འཇིགས་མེད་གླིང་པ་ཡི། །བསྟན་པ་འཕེལ་རྒྱས་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ། །


previousའཁོར་ལོས་མཚོན་པའི་གསུང་རྟེན་སྤྱི་ཁྱབ་ལ་རབ་གནས་བྱ་བའི་ཆོ་ག་ཕྱག་རྒྱ་བཞི་ལྡན།next