Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  expand section
   
   
  expand section
   
   
པདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་དབང་གི་ཆོ་ག་གནད་རྣམ་པར་ཕྱེ་བ་མཁྱེན་བརྩེ་དགོངས་རྒྱན།
   
   
   
  expand section
   
   
   
  expand section
   
   
   
   
   
  expand section
   
   
   
   
  expand section


 
previousཔདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་དབང་གི་ཆོ་ག་གནད་རྣམ་པར་ཕྱེ་བ་མཁྱེན་བརྩེ་དགོངས་རྒྱན།next

པདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་དབང་གི་ཆོ་ག་གནད་རྣམ་པར་ཕྱེ་བ་མཁྱེན་བརྩེ་དགོངས་རྒྱན།


JLAZ008_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་དབང་གི་ཆོ་ག་གནད་རྣམ་པར་ཕྱེ་བ་མཁྱེན་བརྩེ་དགོངས་རྒྱན་ཅེས་བྱ་བ་བཞུགས། །


JLAZ008_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྲཱི་བཛྲ་ཀྲོ་ཏ་ཡ། གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་གྱི། །སྣང་དང་སྟོང་པའི་རང་གཟུགས་རྡོ་རྗེའི་དངོས། །སྐུ་ལྔ་ཡེ་ཤེས་རྒྱ་མཚོའི་རྣམ་རོལ་ཅན། །རང་བྱུང་པདྨ་ཡབ་ཡུམ་སྤྱི་བོས་མཆོད། །སྲིད་ཞི་མཉམ་པར་བརྡལ་བའི་དབྱིངས་ཆེན་པོར། །རྨད་བྱུང་ཞིང་ཁམས་བཀོད་པའི་ཕྲིན་ལས་ཅན། །རྣམ་སྣང་གངས་ཆེན་མཚོ་ཡིས་སྤྲུལ་པའི་གར། །འཇིག་རྟེན་མིག་གཅིག་བཻ་རོ་བསམས་བཞིན་དྲན། །ཁྱོད་ཐུགས་རྫོགས་པ་ཆེན་པོའི་མུ་ཁྱུད་ནི། །གངས་ཅན་མུན་པའི་གླིང་དུ་ཡོངས་བསྐོར་ཡང༌། །ཟབ་རྒྱའི་གསང་མཛོད་རྫོགས་པའི་འོད་དཀར་ཅན། །པྲ་ཛྙཱར་སྨི་དད་བརྒྱའི་གཙུག་ན་མཛེས། །མགོན་དེའི་སྨོན་ལམ་ལས་འཕྲོ་གསར་བའི་གཟིས། །རྨད་བྱུང་གཏེར་གནས་དྲུག་གི་ཀུནྡའི་


JLAZ008_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ། །ཕྱེ་སྟེ་པདྨའི་ཐུགས་བཅུད་བླངས་པའི་གཏམ། །སྲིད་པ་སུམ་ཅུ་རྩ་གཅིག་ཀུན་ན་སྙན། །དེ་ཕྱིར་བླ་མ་རིག་འཛིན་རྣམ་བརྒྱད་དང༌། །བདེ་གཤེགས་སྒྲུབ་ཆེན་བཀའ་བརྒྱད་ཀུན་འདུས་པའི། །དབང་སྒྲུབ་ཡོངས་འདུའི་ཕྲིན་ལས་མཁྱེན་དང་བརྩེའི། །གསང་མཛོད་ཐུགས་ཀྱི་དགོངས་རྒྱན་འདིར་དབྱེའོ། །ཞེས་མཆོད་པར་བརྗོད་ཅིང་བརྩམ་པར་དམ་བཅས་ནས། གླེང་བར་བྱ་བ་ནི་གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། རྒྱུད་དོན་དབང་བསྐུར་རིམ་པ་ལ། །ལྔ་སྟེ་ངོ་བོ་ངེས་ཚིག་དང༌། །དབྱེ་བ་སྐུར་ཐབས་དགོས་ཆེད་དོ། །ཞེས་ངོ་བོ་རང་རིག་ཡེ་ཤེས། ངེས་ཚིག་ཆོས་ཉིད་རྩལ་དབང༌། དབྱེ་བ་ཐུན་མོང་ཁྱད་པར། སྐུར་ཐབས་བྱ་བའི་རིམ་པ། དགོས་ཆེད་


JLAZ008_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་འཁྲུད་པ་སྟེ། དེ་དག་གི་རང་བཞིན་རྒྱས་པར་དབྱེ་བ་ལས། འདིར་ལག་ལེན་ལ་བསྟར་བའི་རིམ་པ་བྱེ་བྲག་པའི་ལུགས་སུ་བཤད་པར་བྱ་བ་ནི། དེ་ཡང་སྤྱིར་སྤངས་རྟོགས་ཀྱི་ཡོན་ཏན་དང་ལྡན་ཞིང་དགོངས་སྤྱོད་ཚད་དུ་ཕྱིན་པའི་རྡོ་རྗེ་སློབ་དཔོན་དག་ལ་སྣང་ཆའི་རྟེན་འབྲེལ་ངན་པས་བརྫི་བར་མི་ནུས་ཤིང༌། ཐུགས་རྗེའི་ནུས་གཟུགས་གཞན་རྒྱུད་ལ་གཞུག་པའི་ཕྲིན་ལས་ལ་བྲི་གང་མི་མངའ་ཡང༌། དེ་ལྟ་བུའི་བརྟུལ་ཞུགས་ཆེན་པོའི་གོ་འཕང་མ་བརྙེས་པ་དང༌། རྟོག་པ་ཅན་གྱི་གང་ཟག་རྣམས་ལ་ཕྱི་ནང་གི་རྟེན་འབྲེལ་གནད་གཅིག་པའི་ནུས་པ་མངོན་དུ་བདོ་བའི་ཕྱིར། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བའི་ཕྱིར་དུས་གནས་ཀྱི་མཚན་ཉིད་བསྟན་པ་དང༌། བྱེ་བྲག་ཏུ་བླ་སློབ་ཀྱི་འབྲེལ་པ་བརྟག་པ་ཉིད་གཅེས་ཏེ། ཁྲུས་ལུང་དབང་གི་ཕྲེང་བ་ལས། དབྱར་མ་སྟོན་དང་དགུན་ཆུང་དུས། །སོ་ཀའི་དུས་དང་སྟོན་སེར་དུས། །ཕྱི་ཡི་འབྱུང་བ་སྙོམས་པའི་དུས། །ལུས་ལ་ནད་མེད་དྭངས་པའི་དུས། །སེམས་ལ་བདེ་སྡུག་མེད་པའི་དུས། །མུ་གེ་འཁྲུག་རྩོད་མེད་པའི་དུས། །སློབ་དཔོན་ཡིད་སྣང་སྤྲོ་བའི་དུས། །དབང་ཁྲིད་བསྐུར་བའི་དུས་ཡིན་ནོ། །ཞེས་གསུངས་ལ། སྤང་བྱ་ནི་ཕྱི་ནང་གི་འཚེ་བ་དང་བཅས་ཤིང༌། འབྱུང་བ་འཁྲུག་པའི་དུས་ཏེ་སྔ་མ་ལས། དགུན་ནི་བསིལ་ཞིང་གྲང་བའི་དུས། །དབྱར་ནི་རླན་


JLAZ008_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྨུགས་པའི་དུས། །ཕྱི་ཡི་འབྱུང་བ་མི་སྙོམས་དུས། །ནང་གི་འབྱུང་བ་འཁྲུགས་པའི་དུས། །མུ་གེ་འཁྲུག་རྩོད་དར་བའི་དུས། །སེམས་ལ་འགྲོ་འོང་བྱེད་པ་སྟེ། །དུས་མིན་དེ་དག་སྤང་བར་བྱ། །ཞེས་གསུངས་པ་ནི་སྤྱིར་བཏང་གི་བླང་དོར་ཏེ། བྱེ་བྲག་ཏུ་དབང་བཞི་རང་རང་ལ་དམིགས་ཀྱི་བསལ་བ་སོགས་པའི་དུས་གནད་ནི་རྫོགས་པ་ཆེན་པོའི་རྒྱུད་ལས་ཇི་སྐད་བཤད་པ་བཞིན་ཁོ་བོའི་མན་ངག་ལུང་གི་གཏེར་མཛོད་དུ་དྲངས་པ་ལས་ཀྱང་ཤེས་པར་བྱ་ཞིང༌། དེ་དག་ཀུན་ལ་དཀར་ནག་གི་རྩིས་གཞུང་ལས་བཤད་པའི་གཟའ་སྐར་འཕྲོད་སྦྱོར་བྱེད་པ་ལ་སོགས་ཏེ་ཡན་ལག་ལྔའི་རང་བཞིན་གྱི་བླང་དོར་མ་ལྡོག་པའི་དུས་སྦྱོར་བཟང་པོ་ལ་བརྩམ་པར་བྱ་བ་ནི་གཅེས་ལ། དེའང་གནས་ཀྱི་མཚན་ཉིད་ནི་ཉང་གཏེར་ཡེ་ཤེས་རང་བྱུང་གི་རྒྱུད་ཕྱི་མ་ལས། དང་པོ་ཡིད་འོང་བཀྲ་ཤིས་གནས༔ ཤར་དམའ་ཉི་ཤར་མདངས་འཕྲོག་ལ༔ ནུབ་དམའ་ཉི་ནུབ་ཟེར་སྡུད་པ༔ ལྷོ་གཞོལ་རྩི་ཤིང་ནགས་ཚལ་རྒྱས༔ བྱང་རྒྱབ་རི་བོའི་མདུན་དུ་ལྟ༔ རང་རི་རིན་ཆེན་འབར་བ་འདྲ༔ དཀར་ལ་མདངས་ཆགས་བག་དྲོ་བ༔ མདུན་ན་མཚོ་དང་མེ་ཏོག་ཡོད༔ བཀྲ་ཤིས་ཉམས་དགའི་ས་བཙལ་ལ༔ དེ་ལྟ་བུ་དང་མ་འཛོམ་ན༔ ཡིད་འོང་དབེན་པ་ཉམས་དགའ་བར༔ གྲུབ་ཐོབ་ཞབས་ཀྱིས་བཅགས་པ་དང་༔ དགྲ་


JLAZ008_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་དབང་དུ་མ་བྱས་པ༔ དེ་ལྟ་བུ་ཡི་གནས་སོང་ལ༔ ཞེས་རྫོགས་པ་རང་བྱུང་གི་རྒྱུད་དང་མཐུན་པར་གསུངས་པ་བྱང་ཆུབ་སྒྲུབ་པའི་ལས་སྤྱིའི་གནས་ཀྱི་མཚན་ཉིད་དང༌། བྱེ་བྲག་ཏུ་རང་གཏེར་རྩ་བ་རྡོ་རྗེའི་མཁར་རྫོང་ལས། དབང་གི་གནས་ནི་གྲོག་སླེ་དང་༔ ཤིན་ཏུ་ས་ཕྱོགས་དམར་བ་དང་༔ བུད་མེད་འདུ་བའི་གནས་སུ་ཤིས༔ ཞེས་གསུངས་ལ། སྤང་བྱ་ནི་དེ་ཉིད་ལས། ཀླུ་ཡི་མིག་དང་འབྱུང་པོའི་སྲང་༔ ས་བདག་དྲེགས་པ་མ་རུངས་པ༔ ས་སྒོ་ཆུ་ཚན་ཕྱོགས་གཤིས་ལོག༔ དེ་དག་སྤང་བར་བྱ་བ་ཉིད༔ ཅེས་སོ། །དེའང་དཀྱིལ་འཁོར་གྱི་གཞི་བཟུང་བའི་བདག་པོའི་རྐྱེན་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི། དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་གཞི་རྟེན་དུ་བྱས་པའི་ཤེས་རབ་གསུམ་གྱི་ཕྲིན་ལས་ཚད་མེད་ཅིང༌། སྙིང་རྗེ་ཆེན་པོའི་དགོངས་སྤྱོད་ཀྱི་འགྲོ་བའི་ཁ་ལོ་གྱེན་ལ་བསྒྱུར་བའི་ནུས་པ་ཅན་དེ་ནི་སྤྱིར་འགྲོ་བ་འདྲེན་པའི་དེད་དཔོན་ཡིན་ལ། ཁྱད་པར་གསང་སྔགས་འཆད་པའི་སློབ་དཔོན་གྱི་མཚན་ཉིད་ནི། ཤིང་རྟ་ཆེན་པོ་ཀློང་ཆེན་པས་རྒྱུད་སྡེའི་དགོངས་པ་བསྡུས་པར། ཁྱད་པར་གསང་སྔགས་བླ་མའི་མཚན་ཉིད་ནི། །དབང་དང་སྡོམ་པ་དམ་ཚིག་གཙང་ལྡན་ཞིང༌། །རྒྱུད་དོན་མན་ངག་རྒྱ་


JLAZ008_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཕ་རོལ་ཕྱིན། །བསྙེན་སྒྲུབ་ལས་སྦྱོར་ཕྲིན་ལས་མངའ་བརྙེས་ཤིང༌། །ལྟ་སྒོམ་སྤྱོད་འབྲས་ཉམས་རྟོགས་དྲོད་ཚད་ཐོབ། །བརྩེ་ཆེན་ཐབས་མཁས་གདུལ་བྱ་སྨིན་གྲོལ་འགོད། །བརྒྱུད་པའི་བྱིན་རླབས་སྤྲིན་ཕུང་མ་ཡལ་བ། །དེ་འདྲའི་མཁས་གྲུབ་དཔལ་ལྡན་བླ་མར་བསྟེན། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ལས་ལོག་པའི་བཤེས་གཉེན་སྤང་བྱ་ནི། ཇི་སྐད་དུ། བཅུ་དང་མི་ལྡན་སློབ་དཔོན་ནི། །རང་གིས་མི་ཤེས་གཞན་ལ་སློབ། །རང་རྒྱུད་མ་སྨིན་གཞན་སྨིན་འདོད། །རྒྱུད་ལུང་མན་ངག་དོན་མ་རིག །བླུན་པོའི་ངག་ཚིག་ཁེངས་ཚིག་ལྡན། །གསང་སྔགས་བོན་གྱེར་ཟབ་ཆོས་འཚོང༌། །རྒྱབ་བརྟེན་ཆོས་བྱས་ལས་སྡིག་གསོག །ཐོས་ཆུང་དྲིས་ལ་ལན་མི་ཐེབས། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །ཐབས་ཀྱིས་མི་བརྟེན་སྤང་བར་བྱ། །ཞེས་སོ། །དེ་བཞིན་དུ་སློབ་མའི་མཚན་ཉིད་ཀྱང་བརྟེན་བྱར་འོས་པ་ནི། ཇི་སྐད་དུ། སྟོན་པ་མཆོག་བརྩོན་རྟོག་པ་བསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་དང༌། སྒྲུབ་དང་སྒོམ་ལ་དགའ་བ་དང༌། །རྟག་ཏུ་བླ་མ་ལ་གུས་ཤིང༌། །དུས་གསུམ་བླ་མ་མཆོད་བྱེད་པ། །ཡོན་ཏན་དང་ལྡན་སློབ་མ་ཡིན། །ཞེས་དང༌། སྤང་བྱ་ནི་དབང་གི་ཕྲེང་བར། སྣོད་དང་མི་ལྡན་མཚན་ཉིད་ནི། །ཤེས་ཆུང་ཁ་གསགས་གདོང་ལྟས་ཆེ། །བླ་མའི་བཀའ་གཅོག་གཡོ་ཁྲམ་བྱེད། །


JLAZ008_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ངོ་ལས་ངོ་དྲིན་ལན་འདེབས། །ལོག་ལྟ་སྐུར་འདེབས་འདོད་བློ་བྲན། །མཐར་ཐུག་ཆོས་ལ་ཉམས་ལེན་འཆལ། །ཚོགས་འཁོར་སྤྱང་ཀི་དཀོར་ལ་འཇོམས། །མི་རིགས་ངན་ལ་རང་རྒྱུད་ཐུང༌། །བརྐུ་ཞིང་རྫུན་སྨྲ་རང་ལ་བསྟོད། །ཆོས་བྱེད་གྲུབ་པ་འཆལ་བར་གཏོང༌། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །རྫ་ཤིང་རུལ་བ་ལྟ་བུ་སྟེ། །དེ་འདྲའི་སློབ་མ་བསྟེན་མི་བྱ། །ཞེས་སོ། །དེ་ལྟར་སྤང་བླང་གི་ཆོས་ཉིད་མ་འཛོལ་བའི་དཔོན་སློབ་ཀྱི་འབྲེལ་བ་གྲུབ་ནས་སློབ་མས་བཙན་ཐབས་སུ་གདམས་པ་མི་ཞུ་བར་ལོ་ཟླ་མང་པོའི་སྔ་རོལ་ནས་སྙན་གསན་དབབ། དེའི་ཚེ་བླ་མས་ཀྱང་རྒྱུ་དབང་སྔོན་སོང་གི་བསྙེན་པ་ལ་འཇུག་ཅིང་སློབ་མ་ལ་རྒྱུད་སྦྱོང་བའི་མན་ངག་བྱིན་ནས་ཐུགས་རྗེས་བྲེང་ངེ་གཟིགས་ཤིང༌། སློབ་མས་ཀྱང་བསག་སྦྱང་དང་བླ་མའི་རྣལ་འབྱོར་སོགས་ལ་འབད་པས་རྒྱུད་ལས་སུ་རུང་ཞིང་རྟེན་འབྲེལ་གྱི་སྒོ་དང་པོ་ནས་འགྲིག་པ་སྟེ། དེ་སྐད་དུ་རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང༌། །བརྩེ་དུང་རྒྱུན་མ་ཆད་པ་ཡིན། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །དེ་བཞིན་དུ་སྒྲུབ་པ་ལ་མཁོ་བའི་ཡོ་བྱད་རྣམས་ཀྱང་མ་ཚང་བར་མེད་པ་ཉེར་བསྡོགས་བྱ་བ་ནི། གནས་དུས་སྟོན་འཁོར་ཡོ་བྱད་དེ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བའི་རང་བཞིན་ཏེ། བཀའ་བརྒྱད་བདེ་གཤེགས་འདུས་པ་ལས། སྟོན་པ་གནས་དང་


JLAZ008_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་དུས༔ ཡོ་བྱད་ལ་སོགས་གཞིར་ལྡན་ནས༔ ཞེས་གསུངས་པའི་ཕྱིར་རོ། །དེ་ནས་སྒྲུབ་པའི་སྔོན་འགྲོ་ལ་སོགས་པས་ཁོག་ཇི་ལྟར་དབུབ་པ་ནི། གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། མདོར་ན་དབང་གི་སྔོན་འགྲོ་རྗེས། །སྒྲུབ་ཆེན་བསྙེན་སྒྲུབ་ཁོག་ཕུབ་ལ། །ལས་ལ་དབང་གི་སྦྱོར་བ་སྟེ། །ཞེས་བཤད་པས་འདི་ལ་སྤྱི་དོན་རྣམ་པ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། ས་ཆོག །སྟ་གོན། དཀྱིལ་འཁོར་གྱི་བྱ་བའོ། །དང་པོ་སའི་ཆོ་ག་ལ་ནང་གསེས་སུ་དབྱེ་ན། ས་བརྟག་པ། བླང་བ། སྦྱང་བ། གཟུང་བ། བསྲུང་བ་སྟེ་ལྔ་ལས། དང་པོ་ནི། མཚན་ཉིད་བརྟག་པ་ནི་སྔོན་དུ་བཤད་ཟིན་ལ་པྲ་བརྟག་པ་ནི། བམ་བརྒྱད་ཀྱི་འགྲེལ་པར། ལྟོ་འཕྱེ་གནས་སའི་ཆ་ཆེ་ཆུང་གང་དུའང་ལྟོ་འཕྱེ་གཅིག་གིས་དེ་ལྟར་ཁྱབ་པར་འདོད་པ་ལ་ལུང་རིག་དུ་མའི་གནོད་པ་འཇུག་ལ་གང་དུ་ལས་བྱ་བའི་གཞི་དེར་དགེ་མི་དགེའི་མཚན་ཉིད་མ་རྟོག་པའི་ཆོས་ཉིད་ཡིན་པ་ཤེས་དགོས་སོ། །པའི་མཚན་ཉིད་ནི། །སྟོན་ཟླ་གསུམ་གྱི་ཟླ་བ་ལ། །ཉི་མ་འགྲོ་བའི་རིམ་པ་བཞིན། །མགོ་ཤར་ཁ་ལྷོ་གཡོན་གྱིས་ཉལ། །དགུན་ཟླ་གསུམ་གྱི་ཟླ་བ་ལ། །ནུབ་ཏུ་ཁ་བལྟས་ མགོ་བོ་ལྷོ། །དཔྱིད་ཟླ་གསུམ་གྱི་ཟླ་བ་ལ། །བྱང་དུ་ཁ་བལྟས་ནུབ་ཏུ་མགོ། །དབྱར་ཟླ་གསུམ་གྱི་ཟླ་བ་ལ། །ཤར་དུ་ཁ་བལྟས་བྱང་དུ་མགོ། །ས་བདག་ལྟོ་འཕྱེ་དེ་ལྟར་གནས། །སྐྱེས་བུ་ཆེན་པོས་ལྟོ་འཕྱེ་བརྐོ། །ཞེས་པ་ལྟར་ལས་ཚེས་ཞག་སུམ་བརྒྱ་དྲུག་ཅུའི་རེའུ་མིག་


JLAZ008_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོངས་སྤྱོད་པའི་ཐིག་ལག་ལེན་ཞིབ་པ་རྗེ་ཆོས་ཀྱི་གྲགས་པས་མཛད་པའི་ལྟོ་འཕྱེའི་ཆོ་ག་བཞིན་བྱ་བ་ཡིན་ནོ། །མ་ནོར་བར་གདབ་ཅིང་ལྟོ་བའི་ཐད་ནས་བརྐོས་པའི་རོ་ལྔ་བྱུང་ན་ངན་པས་བསལ་བ་སྟེ། རོ་ལྔ་ནི། གྱོ་མོ་དང༌། རུས་པ་དང༌། གྲམ་པ་དང༌། ཟུག་རྡོ་དང༌། སོལ་བ་སྟེ། དེ་ལྔ་བསལ་རྗེས་སའི་ཕུད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ལ། སྔར་བརྐོས་མ་ཐག་པའི་ས་དེ་ཉིད་ཀྱིས་བཀང་བས་ཕྱུར་བུར་བྱུང་ན་བཟང༌། མཉམ་ན་འབྲིང༌། དམའ་ན་ངན། གལ་ཏེ་རྐོ་བའི་ཚེ་རིན་པོ་ཆེའི་རིགས་དང་དུང་ལ་སོགས་པ་ཐོན་ན་མཆོག་ཏུ་དགེ་བའི་མཚན་མ་སྟེ་དེ་ཉིད་དུ་གཞུག་པར་བྱ་ཞིང༌། རོ་ལྔ་བྱུང་ན་ངན་པའོ། །སླར་ཡང་དེ་ཉིད་ཕྱིར་ཕྱུང་བ་མཐའ་སས་བཅགས་ཏེ་ནང་བ་བྱུང་ལྔས་བརླན། དེའི་ནང་དུ་ཆུ་བླུགས་པ་ལ་མེ་ཏོག་བཅུག །ཡི་གེ་བརྒྱ་པ་བཟླ་བཞིན་དུ་གོམ་པ་ལྔ་བཅུའི་བར་འགྲོ་བའམ། ཡང་ན་ཤར་ཕྱོགས་སུ་གོམ་པ་བདུན་ཕྱིན་ལ་ཕྱིར་ལྡོག་ནས་བརྟགས་པས་སྔར་ལས་མ་བྲི་ཞིང་མེ་ཏོག་གཡས་སུ་འཁྱིལ་ན་བཟང༌། བྲི་བ་དང་མེ་ཏོག་གཡོན་དུ་འཁོར་ན་ངན་ནོ། །དེ་ལྟར་བརྟགས་པས་ལྟས་མ་རུངས་པར་མཐོང་ན་གཞན་དུ་སྤོ་བའམ། ཡང་ན་ཞི་དྲག་གི་སྦྱིན་སྲེག་བྱ་སྟེ། ཧེ་རུ་ཀ་འདུས་པ་ལས། ས་ཡི་སྐྱོན་རྣམས་བསལ་བྱ་སྟེ། །ངན་ནམ་བར་ཆད་བྱུང་བ་ན། །སྤང་ངམ་ཡང་ན་སྦྱིན་བསྲེག་བྱ། །ཞེས་སོ། །སུལ་བ་དང་དགེ་བར་རིག་ན་མཚན་ཉིད་དང་ལྡན་པའི་བུམ་པའི་གཏེར་


JLAZ008_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་པས་བཀྲ་ཤིས་པར་འགྱུར་ཏེ། རྔམ་གློག་ལས། གནས་དེ་བསོད་ནམས་གཏེར་ལྡན་ཕྱིར། །རིན་ཆེན་ལྔ་དང་སྨན་ལྔ་དང༌། །སྤོས་ལྔ་འབྲི་ལྔ་སྙིང་པོ་ལྔ། །ག་འུའི་ནང་དུ་བླུགས་ནས་ནི། །ས་གཞི་གཏེར་དང་ལྡན་པར་བྱ། །ཞེས་སོ། །དེ་ལྟར་ལྟོ་འཕྱེ་བརྟག་པའི་རིམ་པ་གཙུག་ལག་ཁང་དང་སྒྲུབ་ཁང་ལ་སོགས་པའི་གཞི་འདིང་བའི་ཚེ་ནས་བྱ་བའི་ལས་ཡིན་ཕྱིར་སྐབས་འདིར་སྔོན་དུ་སོང་བ་གཞིར་བཞག་ནས་ཕྱག་ལེན་ལ་མི་འདེབས་ཀྱང་ས་བཅད་དུ་སྨོས་པ་སྟེ། གཞན་དུ་འོག་ཏུ་ས་སྤྱོད་པའི་ཚེ་ལས་དང་བྱ་བས་སྦྱང་བའི་རྣམ་གྲངས་སུ་འཆད་པའང་ཡོད་དོ། །གཉིས་པ་ས་བླང་བ་ལ་གཉིས་ལས། དང་པོ་སྣང་བ་ལ་བླང་བ་ནི། གཞི་དེ་གཟུགས་ཅན་གྱིས་བདག་གིར་བྱས་ན་ཚིག་གིས་རངས་པར་བྱས་ལ་རིན་གྱིས་བརྔན་ཞིང་རྩོད་པ་མེད་པར་བླང་ངོ༌། །གཉིས་པ་མི་སྣང་བ་ལ་བླང་བ་ནི། གཞི་དེར་གཉུག་མར་གནས་པ་དང༌། སའི་ལྷ་མོ་སོ་སོར་གསེར་སྐྱེམས་སྔོན་གཏོར་དང་བཅས་པ་དྲིའི་ཐིག་ལེས་བསྐུས་པའི་མཎྜལ་ལ་བཀོད་ནས། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་ཨ་ཀཱ་རོས་བརླབ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཕུལ་ལ། ཧཱུྃ། དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང་༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྡིང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱིས༔


JLAZ008_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུའི་གླིང་བཞི་གྲུབ་པའི་ས་བླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་བརླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་སྩལ་དུ་གསོལ༔ སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་པ་དང་བདུད་སྡེ་བཞི་བཏུལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ས་གཞི་རིན་པོ་ཆེའི་སྟེང་དུ་མཛད་པ་ལགས་པས༔ དེ་དང་རྗེས་སུ་མཐུན་པར་བདག་ཅག་སྒྲུབ་པ་པོ་རྣམས་ཀྱིས་ཀྱང་༔ ཚོགས་ཆེན་པོ་གཉིས་རྫོགས་པར་བགྱི་བའི་སླད་དུ་གནས་འདིར་མི་གནས་པའི་དཔལ་ཆེན་པོ་རྒྱལ་བ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རིག་འཛིན་དང་བཅས་པའི་ཕོ་བྲང་འདེབས་པར་འཚལ་བས༔ ས་བདག་ལྷ་ཀླུ་སའི་ལྷ་མོ་བཅས་པ་ཀུན་ས་གླུད་ཆེན་པོ་འདི་ཁྱེར་ལ་བདག་གིས་སྒྲུབ་པ་དབུ་ཚུགས་ནས་མཇུག་མ་ཐོན་གྱི་བར་དུ་གནས་གཞན་དུ་སྤོས་ཏེ་ས་གཞི་བརྟན་ཞིང་བཀྲ་ཤིས་པར་མཛད་དུ་གསོལ༔ ཞེས་གསོལ་པས་རངས་ཏེ་གནང་བ་སྦྱིན་པར་མོས་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ། ཞེས་པས་གཤེགས་གསོལ་བྱས། གཏོར་མ་དང་གསེར་སྐྱེམས་ལ་སོགས་པ་ཕྱིར་དབུལ་ཞིང་ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །གསུམ་པ་སྦྱང་བ་ནི་བདེ་འདུས་ལས། ལག་པ་གཡས་པའི་སོར་མོ་ལྔ་ཕྲལ་ཏེ་རྡོ་རྗེ་རྩེ་མོ་ལྔ་པར་བསམ་ལ། ཆོས་ཉིད་རྣམ་པར་དག་པའི་སྔགས་བཟླ་ཞིང་ས་ལ་ལན་བདུན་གདབ་བོ༔


JLAZ008_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟར་ལག་གཡས་ཀྱི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་བསམས་པ་ས་ལ་བསྣུན་ནས། སྭ་བྷཱ་ཝའི་སྔགས་འདོན་ཞིང་སྟོང་ཉིད་གསལ་ཁྱབ་ཅན་གྱི་ལྟ་བའི་ངར་ཆ་དང་བཅས། ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་བྷྲཱུྃ་འཕྲོས་སྨུག་ནག་བསམ༔ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ལས༔ བླ་མ་རིག་འཛིན་ལྷ་ཚོགས་དགོངས༔ ཁྲོ་བོ་རྣམས་མཆོད་དཔུང་གྲོགས་མཛོད༔ ཁྲོ་མོ་རྣམས་མཆོད་ཡུམ་དུ་གྱུར༔ སེམས་ཅན་ཀུན་ཕོག་སྡིག་སྒྲིབ་སྦྱངས༔ འོད་ཟེར་ཚུར་ལ་འདུས་པ་ཡིས། རིན་ཆེན་སྣ་ཚོགས་ལས་གྲུབ་པའི། ས་གཞི་གཞལ་ཡས་ཁང་ཆེན་གྱུར༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཞེས་བརྗོད་པ་ནི་སྔགས་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གསུམ་ཀའི་སྦྱོང་བའོ། །བཞི་པ་གཟུང་བའམ་དབང་དུ་བྱ་བ་ནི། རང་ཉིད་ཆེ་མཆོག་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་མིག་གཉིས་ཉི་ཟླ། མིག་འབྲས་ཧཱུྃ་ལས་ཡེ་ཤེས་ཀྱི་མེ་དཔུང་འབར་བ་སྡང་མིག་ཏུ་བལྟས་པས། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད་པར་བསམས་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བཞིན་པར་རྐང་པ་སྣ་ཚོགས་རྡོ་རྗེས་མཚན་པར་བསམས་པའི་རྩེ་གསུམ་འགྱིང་འགྲོས་ཀྱིས་བསྐོར་ཞིང༌། ཧཱུྃ བདག་ཉིད་ལས་ཀྱི་ཧེ་རུ་ཀ །རྔམ་བརྗིད་ཁྲོས་པ་རབ་སྒོམ་སྟེ། །སྤྱན་མིག་གཡས་གཡོན་ཉི་ཟླར་བསྐྱེད། །རྡེ་རྗེའི་འགྲོས་ཀྱིས་རབ་བསྐོར་ཞིང༌། །


JLAZ008_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བའི་སྡང་མིག་རབ་ཏུ་བལྟ། །འགྱིང་བག་ཚུལ་གྱིས་རབ་ཏུ་བརྗིད། །ཞལ་ནས་ཧཱུྃ་ཕཊ་འབྲུག་སྒྲ་སྒྲོག །སྤྱན་ལས་འཕྲོས་པའི་འོད་ཟེར་གྱིས། །བར་ཆད་བདུད་དཔུང་བསྲེག་པར་བྱེད། །ཨོཾ་སཱུརྱ་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་བརྗོད་ལ་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད་ཅིང་བསྲེག་པར་བྱའོ། །ལྔ་པ་བསྲུང་བ་ནི། སེང་ལྡེང་ངམ། མ་གྲུབ་ན་ཚེར་མ་ཅན་ལ་སོགས་དྲག་པོའི་ཤིང་གི་ཕུར་བུ་བཅུ་ཉེར་བསྡོགས་བྱས་ལ་ཚིག་དོན་དང་མཐུན་པའི་དམིགས་པ་གསལ་གདབ་ཅིང༌། ཧཱུྃ། བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཁྲོ་རྒྱལ་ཊཀྐི་ར་ཛ་འཕྲོས། །དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་ཐོ་བ་ལྕགས་ཀྱུ་ཐོགས། །འཕྲོས་པས་ཕྱོགས་བཅུར་རབ་སྤྲོས་པས། །ཕྱོགས་སྐྱོང་བཅུ་པོ་བཀུག་ནས་ནི། །ཕྱོགས་བཅུ་ཀུན་ཏུ་གདན་དུ་བཏིང། །ཕོ་མོ་གན་རྐྱལ་ཁ་སྦུབ་བསྣོལ། །ཧཱུྃ་བཞིའི་སྔགས་དང༌། ཕྱོགས་སྐྱོང་གི་སྲོག་སྔགས། ཨོཾ་ཨིནྜ་ཡེ། ཨགྣ་ཡེ། ཡ་མ་ཡེ། ནིརྟི། ཝ་རུ་ཎ་ཡ། ཝ་ཡ་ཝེ། ཀུ་བེ་ར། ཨི་ཤྭ་ན་ཡ། སཱུརྱ་ཙནྡྲ། པྲ་ཏི་བྷྱ༔ ཏི་ར་བམ། ཛ༔ ཧཱུྃ་བྃ་ཧོ༔ ཞེས་བརྗོད་པར་བཀུག་པ་ལ་ཕུར་བུ་ཁྲོ་བཅུར་གསལ་ཞིང་གཟི་བྱིན་བསྐྱེད་པ་ནི། ཧཱུྃ་བདག་ཉིད་དཔལ་གྱི་ཐུགས་ཀ་ནས། །ཕྱོགས་སྐྱོང་བཅུ་ཡི་གདན་སྟེངས་སུ། །འབར་བའི་ཧཱུྃ་བཅུ་འཕྲོས་པ་ལས། །འཕྲོ་འདུས་ཁྲོ་བོ་བཅུ་རུ་གྱུར། །ཧཱུྃ་ཀར་རྣམ་རྒྱལ་དབྱུག་སྔོན་རྒྱལ། །གཤིན་རྗེ་མི་གཡོ་རྟ་


JLAZ008_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་རྒྱལ། །འདོད་རྒྱལ་བདུད་རྩི་ཁམས་གསུམ་རྒྱལ། །སྟོབས་པོ་ཆེ་རྣམས་རིམ་བཞིན་སྒོམ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །སྐུ་སྟོད་ཁྲོ་ཚུལ་མཚོན་ཆ་འཛིན། །སྐུ་སྨད་ལྕགས་ཕུར་ཟུར་གསུམ་པ། །ཕྱོགས་སྐྱོངབཅུ་ཡི་སྤྱི་བོར་བཏབ། །མེ་དཔུང་འབར་བའི་ཀློང་དཀྱིལ་ན། །སྤྲུལ་པ་ཡང་སྤྲུལ་བསམས་ལས་འདས། །བར་ཆད་བགེགས་དཔུང་མ་ལུས་པ། །རྡུལ་ཕྲན་བཞིན་དུ་བརླག་པར་བྱ། །ཞེས་བརྗོད་ཅིང་སྟེང་ཤར་གྱི་ཤར་དང༌། འོག་ནུབ་ཀྱི་ནུབ་ཏུ་གདབ་པའི་བྱེ་བྲག་ཕྱེད་པར་བྱ་ཞིང༌། དེ་བཞིན་དུ་ཕྱོགས་ཕུར་བཞི་གཡས་སྐོར་དང༌། མཚམས་ཕུར་བཞི་གཡོན་སྐོར་དུ་རང་སྔགས་དང་བསྟུན་ནས་གདབ་ཅིང༌། ཕྱོགས་བཅུའི་གདོན་བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐལ་བྱུང་དུ་ཕུག་པ་འོག་གཞི་དབང་ཆེན་གསེར་གྱི་ས་གཞི་ལ་སྦྲགས་པས་གཡོ་འགུལ་མེད་པར་བསམ་མོ། །འདིས་ནི་རྗེ་བོ་བཙོན་དུ་བཅུག་ན་འབངས་རང་བཞིན་གྱིས་དབང་དུ་འདུ་བ་ལྟར་བགེགས་དང་བར་ཆད་ཀྱིས་གླགས་བལྟ་བར་མི་བཟོད་པའི་དགོས་པ་ཡོད་ལ། སྤྲོ་ན་ཆས་ཞུགས་ཀྱི་སྟངས་སྟབས་ལ་སོགས་པ་སྔ་འགྱུར་གྱི་རྒྱུད་སྡེའི་ལུགས་ལྟར་བྱའོ། །སླར་ཡང་ཕུར་བུ་ལས་བྱུང་བའི་འོད་ཟེར་རྡོ་རྗེའི་རྭ་གུར་དུ་གྱུར་པ་ཕྱོགས་བཅུ་ཀུན་དུ་འཁྲིགས་པར་བསམ་ཞིང༌། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེའི་


JLAZ008_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གྱད་འགྲོས་ཀྱིས་བསྐོར་རོ། །དེ་ལྟར་སའི་ཆོ་ག་རྣམས་དཀྱིལ་འཁོར་གྱི་ཁང་པ་རྙིང་པ་སོགས་སུ་རྡུལ་ཚོན་གྱིས་བཞེངས་ན་མི་མངོན་པ་ལ་བླང་བ་དང༌། སྦྱང་བ་དང༌། གཟུང་བ་རྣམས་དགོས་ལ། རས་བྲིས་ལ་བརྟེན་ཚེ་གཟུང་བ་དང༌། བསྲུང་བའི་སྐོར་ཙམ་བྱ་བ་རྒྱ་གར་གྱི་སློབ་དཔོན་རྣམས་བཞེད་དོ། །སྐབས་འདིར་དབང་སྒྲུབ་ཆེན་མོའི་རིགས་དང་འབྲེལ་བའི་ཚེ་ཕྱི་བཤགས་ཀྱི་བྱ་བ་ནི་རྩ་བ་རྡོ་རྗེའི་མཁར་རྫོང་ལས། གསུང་རབ་ཀློག་དང་ཆུ་གཏོར་གཏོང་། སཱཙྪ་གདབ་དང་སྐུ་དཀར་གསོལ༔ སྒྲོལ་མ་མཚན་བརྗོད་སྐབས་འདིར་གསང་སྙིང་འདོན། སྐོང་བཤགས་སོགས༔ ཞེས་པ་ལྟར་དང༌། གཞན་ཡང་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་གཤེགས། བྱང་དུ་ཏོག་གཟུངས་འདོན་པ་སོགས་དགེ་བའི་ཕུངས་བསྐྱེད་པ་ཅི་འགྲུབ་དང༌། ཁྱད་པར་དཀྱིལ་འཁོར་གྱི་བྱ་བའི་སྔོན་འགྲོ་ཕྱི་ནང་གསང་གསུམ་གྱི་མཚམས་གཅོད་སོགས་བྱ་བ་ནི་ཟུར་འདེབས་ཀྱི་ཚུལ་དུ་ལོགས་སུ་འདྲི་བ་ལས་ཤེས་པར་བྱའོ། །གཉིས་པ་སྟ་གོན་ནམ་ལྷག་པར་གནས་པའི་ཆོ་ག་ལ་གསུམ། ལྷ། བུམ་པ། སློབ་མའོ། །དང་པོ་ནི། གཞན་དུ་ཐིག་སྔོན་ལ་གདབ་པའི་ལྷ་གནས་སུ་དྲིའི་ཐིག་ལེ་བཀོད་ནས་ལྷ་ལྷག་པར་གནས་པར་བྱེད་ཀྱང༌། གཞི་དེར་དཀྱིལ་འཁོར་བཞེང་བའི་དགོས་པ་གཅིག་པོ་ཙམ་མ་ཡིན་པར། སྙན་གསན་དབབ་པ་ལྟ་བུའི་ཁྱད་ཆོས་


JLAZ008_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡིན་པར་ཐིག་གི་བྱ་བ་འོག་ཏུ་བྱས་ན་འཇུག་པ་བདེ་བས། འདིར་གང་དུ་དཀྱིལ་འཁོར་བྱ་བའི་གཞི་དེར། ཇི་སྐད་དུ། མ་དལ་དྲི་ཡི་ཐིག་ལེ་བཅའ། །ལྷ་གྲངས་མཉམ་པའི་ཚོམ་བུ་བཀོད། །ཅེས་པ་ལྟར་དབུས་ནས་གཞི་བཟུང་སྟེ་ལྷ་གནས་སོ་སོར་དྲི་ཡི་ཐིག་ལེ་བསྐུས་པ་ལས། ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད་པའི་མཐའ་ཕྱི་ནང་གི་མཆོད་པས་བསྐོར། ལམ་འབྲིང་བསྡུས་གང་ཡང་རུང་བའི་བདག་གི་རྣལ་འབྱོར་སྔོན་དུ་བཏང་ནས། སྐྱབས་སེམས་དང་བདུན་རྣམ་དག་ནི། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། མཆོད་པ་བྱིན་བརླབ་ནི། ཧཱུྃ་བླ་མ་རྩ་གསུམ་སྣང་སྲིད་དག་པ་ལ། །སོགས་མཐར་སོ་སོའི་སྔགས་ལན་གསུམ། དེ་ནས་རྟེན་དང་བརྟེན་པ་བསྐྱེད་པ་ནི། ཧཱུྃ་ཆོས་རྣམས་སྐྱེ་མེད་འོད་གསལ་ནམ་མཁའི་དབྱིངས༔ ཞེས་པ་ནས། གཙོ་དང་འཁོར་བཅས་བསམ་ལས་འདས་པར་སྒོམ༔ དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་ལ། །འཇའ་ཚོན་ཐིག་ལེ་འོད་ཕུང་འཁྱིལ་པའི་ཀློང༌། །རིག་འཛིན་རྣམ་བརྒྱད་མ་འདྲེས་འཇའ་ལྟར་ཤར། །ཀུན་ཀྱང་མཉེན་ཞུ་ཕོད་ཆེན་ཆོས་གོས་དང༌། །རིན་ཆེན་རུས་རྒྱན་ཕྱག་རྒྱ་གར་གྱིས་རོལ། །དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་སྟེང༌། །སྤྲུལ་པའི་གུ་རུ་མཚན་བརྒྱད་གསལ་འཚེར་འབར། །རིག་འཛིན་དཔའ་བོ་ཌཱཀྐི་སྤྲིན་ལྟར་གཏིབས། །ཀུན་གྱི་གནས་བཞིར་འབྲུ་གསུམ་ཧྲཱིཿ དང་


JLAZ008_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མ། །དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ། །ཞེས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་གསལ་བ་ལ། སྤྱན་འདྲེན་མཆོད་བསྟོད་ལ་སོགས་པ་ཕྲུགས་གཅིག་ཏུ་བྱ་བ་ནི། ཧཱུྃ་ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆགས་བཤགས། །མཆོག་དང་ཐུན་མོང་དངོས་སྩོལ། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྟའི་བར་དང༌། སརྦ་པཉྩ་རཀྟ་བྷ་ལིངྟ་ཁཱ་ཧི༔ ཞེས་བརྗོད་ཅིང༌། སྒྲུབ་སྔགས་ཧཱུྃ་དགུ་མ་དང༌། སྒྲུབ་ཆེན་གསང་བ་ཡོངས་འདུས་ནི་ཅི་ནུས་བཟླ་ཞིང༌། མཐར་མཆོད་བསྟོད་བསྡུས་ཙམ་བྱས་རྗེས། རང་གི་ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་དུ་གྱུར་ཅེས་བརྗོད། སྙན་གསན་དབབ་པ་ནི། བླ་མ་རིག་འཛིན་དཀྱིལ་འཁོར་བཅས། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་ནི་ཆྒཻ་རྡོ་རྗེ་འཛིན། །སངས་རྒྱས་རྣམས་ནི་མཆོད་པ་དང༌། །སེམས་ཅན་རྣམས་ལ་ཕན་དོན་དུ། །བླ་མ་རིག་འཛིན་ཀུན་འདུས་ཀྱི། །དཀྱིལ་འཁོར་དམ་པ་བཞེང་འཚལ་བས། །དེ་ཕྱིར་གནང་བར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས་གནང་བ་ཕྱིན་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྟེང་གི་ནམ་མཁར་བཏེག་པར་བསམ་ཞིང༌། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་པའི་མཛུབ་མོ་བརྐྱང་བ་རྩེ་གཏུགས་ནས་འོག་ཏུ་ཕྱོགས་པ་སྤྱི་བོར་གཏོད་


JLAZ008_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས། ཨོཾ་བཛྲོད་ཏིཥྛ་ལྷན། ཞེས་ནམ་མཁའི་དབྱིངས་སུ་བཀོད་ལ། སླར་ཡང་མཆོད་ཅིང་བསྟོད་ནས་ཚོམ་བུ་མཆོད་པ་དང་བཅས་རེ་ཞིག་བསྡུ་བར་བྱའོ། །གཉིས་པ་བུམ་པ་སྟ་གོན་ནི། གསེར་དངུལ་ཟངས་སོགས་རིན་པོ་ཆེ་ལས་གྲུབ་པའི་བུམ་པའི་མཚན་ཉིད་ནི། ཞབས་ཞུམ་པ། ལྟོ་ལྡིར། མགྲིན་པ་ཕྲ། ཁ་ཡངས། མཆུ་ཕྱིར་འཕྱང་ལ། ཧ་ཅང་ཆུང་བ་མ་ཡིན་པ་སྟེ་དེ་ལྟ་བུའི་བུམ་པ་རྣམ་རྒྱལ། ཁྲུས་བུམ། ལས་བུམ་སྟེ་གསུམ་ག་ཤིན་ཏུ་དག་ཅིང་གཙང་པར་བཀྲུས་པ་ལ་སུམ་བྷ་ནིའི་སྔགས་དང་བཅས་ཡུངས་ཀར་གྱིས་བྲབ། གུ་གུལ་བདུག །རྣམ་བུམ་ལ་ཡེ་ཤེས་ལྔ་མཚོན་པའི་བརྡར་མགུལ་ཆིངས་དར་སྣ་ལྔའི་ཁ་དོག་ཅན་ནམ། ཡང་ན་མཐིང་གར་བྱས་པའི་བུམ་མཚན་རྡོ་རྗེའང་སྟེང་དུ་གདགས་པའམ་བྲིས། བཀྲ་ཤིས་པའི་ཁྱེའུས་རྒྱུན་འབབ་ཀྱི་ཆུ་ནས་བླངས་པའི་ཆུ་གཙང་སྲོག་ཆགས་མེད་པས་གཟུགས་སྐུ་གཉིས་ཀྱི་ཆ་སྟེ་བུམ་པའི་སུམ་གཉིས་ཁེངས་པར་བཀང་བ་ལ། བཅུད་རྫས་ནི། རིན་ཆེན། འབྲུ་སྣ། སྨན་སྣ། སྙིང་པོ། དྲི་ ལྔ་སྟེ། ལྔ་ཚན་ལྔར་བུམ་རྫས་ཉེར་ལྔར་གྲགས་པ་རྒྱུད་སྡེ་འོག་མ་དང༌། འདིར་དེའི་སྟེང་དུ་བདུད་རྩི་ལྔ་བསྣན་པའི་སུམ་ཅུའམ། དེའི་ཡང་སྟེང་དུ་ཤ་ལྔ་བསྣན་པའི་བུམ་རྫས་སོ་ལྔ་པར་གྲགས་པ་ཕྱག་བཞེས་ལ་འདེབས་ཤིང༌། ཁ་ཅིག་ཏུ་ལྷ་གྲངས་དང་མཉམ་པའི་རིལ་བུ་ལྡུགས་པའང་


JLAZ008_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། ཇི་ལྟར་ཡང་ཁྲུས་བུམ་མགུལ་ཆིངས་དཀར་པོ་དང༌། ལས་བུམ་ལྗང་གུར་བྱ་ཞིང༌། གཉིས་ཀ་ལ་བཅུད་དང་ཁ་རྒྱན་ལ་སོགས་པས་མཛེས་པར་བྱ་སྟེ། དག་པ་སྦྱོར་ན། ཀུ་ཀུ་རཱ་ཛས། བུམ་པ་ལྷ་ཡི་གནས་ཡིན་ཏེ། །ཁ་རྒྱན་མགུལ་ཆིངས་རྟ་བབས་རྒྱན། །གཟུངས་ཐག་ཐུགས་རྗེ་ཆེན་པོའི་རྟགས། །སྨན་ལྔ་ཐུགས་རྗེ་བྱང་ཆུབ་སེམས། །འབྲུ་རྣམས་ལྷ་ཡི་རང་བཞིན་ཡིན། །རིན་ཆེན་སྣ་ལྔ་སྐུ་ཡི་འོད། །སྙིང་པོ་ཡེ་ཤེས་ཐུགས་ཀྱི་དབྱིངས། །སྤོས་སོགས་ཚུལ་ཁྲིམས་ཡོན་ཏན་བརྒྱན། །ཅེས་པ་ལྟར་རོ། །འགོད་ལུགས་ནི་སྟེགས་གཙང་མའི་ཁར་གཙོ་འཁོར་གྱི་ཚུལ་དུ་བཀོད་པའི་གཙོ་བོ་རྣམ་རྒྱལ་གྱི་བུམ་པའི་སྟེང་དུ་བྷནྡྷ་མཚན་ལྡན་དུ་བུར་ཆང་ཆོས་སྨན་སྦྱར་བ་བླུག་ཅིག་དར་དམར་བརྒྱད་ལྟེབས་ཀྱི་ཁེབས་དང་བཅས་གཞག །དེའི་སྟེང་དུ་མེ་ལོང་ལ་སིནྡྷུ་རས་ཆོས་འབྱུང་བསྣོལ་མར་བྲིས་པའི་དབུས་སུ་བཾ། པད་འདབ་བཞི་ལ་ཧ་རི་ནི་ས་བྲིས་པ་བཞག་པའི་སྟེང་དུ་མན་ཤེལ་ཨོ་རྒྱན་ཡབ་ཡུམ་གྱི་ཙཀླི་དང་བཅས་པ་བཤམ། དེའི་མདུན་ངོས་ཀྱི་གཡས་སུ་ཁྲུས་བུམ་དང༌། གཡོན་དུ་ལས་བུམ། གསུམ་ཀའི་སྟེང་དུ་གཟུངས་རྡོར་བཀོད་པའམ་ཡང་ན་སྤོས་ཆོག་པ་བྱེད། གང་ལྟར་ཡང་སློབ་དཔོན་དང་སྦྲེལ་མཐའ་མཆོད་པས་བསྐོར། སྔར་ལྟར་མཆོད་པ་བྱིན་གྱིས་བརླབས་རྗེས། བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་རྣམ་


JLAZ008_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བུམ་པ་ནི། བྷྲཱུཾ་ཡིག་ཡོངས་གྱུར་རིན་ཆེན་སྣ་ཚོགས་ལས། །ཡོངས་གྲུབ་ཕྱི་ནི་བུམ་གཟུགས་ནང་གཞལ་ཡས། །ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པ་ཡི། །ཕོ་བྲང་དབུས་སུ་རིན་ཆེན་ཟུར་བརྒྱད་མཛེས། །ལྟེ་དབུས་པདྨ་ཉི་ཟླ་བརྩེགས་པའི་སྟེང༌། །ཞེས་པ་ནས། གཙོ་དང་འཁོར་བཅས་བསམ་ལས་འདས་པར་སྒོམ། །དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་ལ། །འཇའ་ཚོན་ཐིག་ལེ་འོད་ཕུང་འཁྱིལ་པའི་ཀློང༌། །རིག་འཛིན་རྣམ་བརྒྱད་མ་འདྲེས་འཇའ་ལྟར་ཤར། །ཀུན་ཀྱང་མཉེན་ཞུ་ཕོད་ཆེན་ཆོས་གོས་དང༌། །རིན་ཆེན་རུས་རྒྱན་ཕྱག་རྒྱ་གར་གྱིས་རོལ། །དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་སྟེང༌། །སྤྲུལ་པའི་གུ་རུ་མཚན་བརྒྱད་གསལ་འཚེར་འབར། །རིག་འཛིན་དཔའ་བོ་ཌཱཀྐི་སྤྲིན་ལྟར་གཏིབས། །གཡས་ཀྱི་ཁྲུས་བུམ་ནང་དུ་པད་ཟླའི་སྟེང༌། །ཧཱུྃ་གིས་མཚན་པའི་རྡོ་རྗེ་ཡོངས་གྱུར་ལས། །བཛྲ་ས་ཏྭ་སྐུ་མདོག་ཆུ་ཤེལ་མདོག །ཞལ་གཅིག་ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང༌། །ཕྱག་གཡས་ཤེལ་གྱི་རྡོ་རྗེ་ཐུགས་ཀར་གཏོད། །གཡོན་པ་དངུལ་དཀར་དྲིལ་བུ་དཀུ་ལ་བརྟེན། །དར་དང་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཞི་ཚུལ་དགུ་ལྡན་མཚན་དཔེའི་གཟི་མདངས་འབར། །གཡོན་གྱི་ལས་བུམ་དབུས་སུ་པད་ཉི་དང༌། །རྒྱ་གྲམ་སྟེང་དུ་ཧཱུྃ་ལས་སྣ་ཚོགས་ཀྱི། །རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་གྱུར་ལས། །


JLAZ008_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཁྱིལ་པ་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་ལྗང་གུ་ཞབས་གཉིས་དོར་སྟབས་ཅན། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་བསྡིགས་པའི་ཚུལ། །གཡོན་པ་དེ་ཡི་ཡུ་བའི་དྲིལ་བུ་འཛིན། །ཁྲོ་ཚུལ་གར་དགུའི་ཉམས་ལྡན་སྦྲུལ་ལ་སོགས། །མི་སྡུག་རྒྱན་གྱིས་སྤྲས་པའི་རང་བཞིན་ཅན། །ལྷ་ཚོགས་ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ། །གིས་མཚན་དེ་ལས་འོད་ཟེར་དཔག་མེད་པ། །འཕྲོས་པས་རང་འདྲའི་ཡེ་ཤེས་སྤྱན་དྲངས་ཏེ། །རང་རང་དམ་ཚིག་སེམས་དཔར་དབྱེར་མེད་བསྟིམ། །ཧཱུྃ་ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤཔྟ་པཉྩ་རཀྟ་བྷ་ལིངྟ་པཱུ་ཙ་ཧོ། །ཞེས་པའི་སྤྱན་འདྲེན། མཆོད་བསྟོད། ནོངས་བཤགས་ཆིག་རྫོགས་སུ་གྲུབ་པའི་རྗེས། བཟླས་པ་བྱ་བ་ནི། གཙོ་བུམ་ལ་དམིགས་ཏེ་གཟུངས་ཐག་ལ་འཇུས་ནས། ཧཱུྃ་དགུ་མ་དང༌། སྒྲུབ་ཆེན་གསང་བ་ཡོངས་རྫོགས་ཀྱི་ཡང་སྙིང་སྟོང་ཚོ་ཙམ་བཟླས་རྗེས། གཡས་ཀྱི་ཁྲུས་བུམ་ལ་དམིགས་ཏེ། དེའི་གཟུངས་ཐག་ལ་འཇུས་ནས་ཡིག་བརྒྱ་ཅི་ནུས་བཟླ། གཡོན་གྱི་ལས་བུམ་ལ་དམིགས་ནས་ཀུནྜ་ལི་ཕྱོགས་མཚུངས་བཟླས་རྗེས། བུམ་པ་གསུམ་གྱི་དཀྱིལ་འཁོར་ལ་


JLAZ008_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ནས། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པས་བསྟོད་ནས་འོད་ཞུ་ནི། བུམ་པ་གསུམ་གྱི་ལྷ་ཚོགས་བདེ་སྟོང་ཆེན་པོའི་རྣམ་རོལ་དུ་འོད་དུ་ཞུ་ནས་རང་རང་གི་བྱེད་ལས་འགྲུབ་པའི་ནུས་ཅན་དུ་གྱུར། ཅེས་བརྗོད་ཅིང་བསམ་མོ། །དེ་ནས་བུམ་པ་སྟེགས་དང་བཅས་པ་རེ་ཞིག་གཙང་སར་བསྡུ་ཞིང༌། མཆོད་པ་རྣམས་ཀྱང་བསྡུ་བ་ནི་བུམ་པ་སྟ་གོན་གྱི་རིམ་པའོ། །གསུམ་པ་སློབ་མ་སྟ་གོན་གྱི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། ཁྲུས་བུམ། དུང་ཞལ། ལས་བུམ། བགེགས་གཏོར། མཎྜལ། སོ་ཤིང༌། མཎྜལ་ཚོམ་བུའི་ར་བ། དྲིའི་ཆུ། སྲད་བུ། ཀུ་ཤ།།སྐྱེ་མཆེད་བྱིན་བརླབས་ཀྱི་ཙཀླི་རྣམས་མངོན་དུ་འདུ་བྱས་ལ། སྣོད་དུ་གྱུར་པའི་སློབ་མ་ཟུང་དུ་མ་གྱུར་པའི་གྲངས་ལྡན་རྣམས་ལ་ལས་ཆུས་ཁྲུས་བྱ། གྲལ་དུ་འཁོད། དེ་ནས་བགེགས་ལ་གཏོར་མ་བྱིན་ཞིང་བདེན་སྟོབས་ཀྱིས་བསྐྲད། གུ་གུལ་གྱིས་བདུག །སྲུང་འཁོར་གཞོམ་གཞིག་དང་བྲལ་བར་སྒོམ་ལ། སྟ་གོན་ཞུ་བའི་ཡོན་དུ་མཎྜལ་དབུལ་དུ་གཞུག །དེ་ནས་སློབ་དཔོན་གྱིས། འོ་ཁྱེད་ཅག་བླ་མ་རིག་འཛིན་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་ཟབ་མོར་འཇུག་པའི་གསོལ་བ་འདེབས་པ་དེ་སྐལ་བ་བཟང༌། དེ་ལྟ་ནའང་ཇི་སྐད་དུ། གསང་སྔགས་དངོས་གྲུབ་དོན་གཉེར་ན། །འཇིག་རྟེན་ཚེ་འདིའི་


JLAZ008_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ་དོར། །ཕ་རོལ་ལ་ནི་འདུན་པ་བསྐྱེད། །འདི་འབྲས་གཉེར་ན་ཕྱི་མ་འཇིག །ཕྱི་མ་གཉེར་ན་འདི་འབྲས་འགྲུབ། །དེ་བས་རང་གཞན་དོན་བྱའི་ཕྱིར། །བསམ་པ་བཟང་པོ་མཆོག་ལ་སྦྱོར། །ཞེས་གསུངས་པ་ལྟར་གང་ཞིག་མཆོག་གི་དངོས་གྲུབ་མི་སློབ་པའི་ཟུང་འཇུག་གི་འབྲས་བུ་དོན་དུ་གཉེར་བ་དག་གིས་འཁོར་བའི་བདེ་སྐྱིད་མངོན་མཐོའི་གོ་འཕང་དང༌། ངེས་འབྱུང་གི་བློ་དང་ལྡན་ཡང་རང་ཉིད་ཞི་བདེ་ཙམ་ལས་སེམས་ཅན་གཞན་དོན་རླབས་པོ་ཆེ་འགྲུབ་པའི་ནུས་པ་དང་བྲལ་བ་ཉན་རང་གི་འབྲས་བུ་ཙམ་གཉེར་བྱའི་དོན་མ་ཡིན་ཏེ། འདིར་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་ལ། ཕ་མ་དེ་དག་རང་གི་རང་བཞིན་མ་རིག་པའི་ངོ་བོ་བདག་ཉིད་གཅིག་པས་རྒྱུ་བྱས། ཀུན་ཏུ་བརྟགས་པའི་མ་རིག་པས་རྐྱེན་སྦྱར་ཏེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་བདེ་འདོད་སྡུག་བསྔལ་སྒྲུབ་པའི་ཞེ་འདོད་ཕྱིན་ཅི་ལོག་ལ་རྣམ་པར་འཕྱན་ཞིང༌། བཟོད་དུ་མེད་པའི་སྡུག་བསྔལ་གྱི་རང་བཞིན་ལ་མཐོང་ཆོས་སུ་སྤྱོད་པས་ཤིན་ཏུ་ཉམ་ཐག་པ་འདི་རྣམས་ལ་སྙིང་རྗེ་དྲག་པོས་ཀུན་ནས་བསླངས་ཏེ། འདི་དག་གི་དོན་བྱ་བའི་ཕྱིར་མཁྱེན་བརྩེ་ནུས་གསུམ་གྱི་ཕྲིན་ལས་ཚད་མེད་ཅིང་དོན་གཉིས་ལྷུན་གྲུབ་ཀྱི་བརྟུལ་ཞུགས་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་མྱུར་ལམ་རྨད་དུ་བྱུང་བའི་དཀྱིལ་འཁོར་ཟབ་


JLAZ008_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འདིར་འཇུག་པར་བྱའོ་སྙམ་པའི་སེམས་བསྐྱེད་ཀྱི་འཕེན་པས་གཞི་བཟུང་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཅེས་གདམས་ལ་སློབ་མའི་སྙིམ་པ་མེ་ཏོག་དང་བཅས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་བོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་རྗེས། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པའི་རིམ་པ་སྤྱི་དང༌། ཁྱད་པར་ཐེག་ཆེན་གྱི་རིགས་ལ་ནུས་པ་སད་པ་དང་སྨོན་སེམས་བརྟན་ཞིང་སྤྱོད་པ་ལ་སློབ་པའི་དོན་དུ་སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། ཞེས་པ་ལ་སོགས་པ་འདིར་སྤྱིར་བཏང་གི་བྱང་སྡོམ་བཟུང་ཞིང་རྒྱུད་དག་པར་བྱས་ནས་དམིགས་བསལ་ནང་དབང་བསྐུར་བའི་དེ་མ་ཐག་པར་སྡོམ་པ་གསུམ་ཆིག་རྫོགས་སུ་འཛིན་པ་ཡིན་ལ། དེའི་སྦྱོར་བ་ནི། ཁྱེད་རང་རྣམས་ཐུན་མོང་དང་ཁྱད་པར་གྱི་སློབ་པའི་གནས་རྣམས་ཁས་བླང་ཞིང་གཟུང་བར་བྱ་བའི་གཞི་རྟེན་དུ་མདུན་གྱི་ནམ་མཁར་དཀོན་མཆོག་


JLAZ008_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གསལ་བར་དམིགས་ལ་ཚིག་དོན་ཡིད་ལ་འཇུག་པས་འདིའི་རྗེས་ཟློས་མཛད་པར་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །སོགས་ཚར་གསུམ་མོ། །དེ་ལྟར་རྡོ་རྗེའི་ཐེག་པ་ལ་རྣལ་འབྱོར་དུ་བྱེད་པ་རྣམས་ཀྱིས་དངོས་གྲུབ་ནི་རྩ་བ་གསུམ་ཁོ་ན་ལ་བརྟེན་ནས་ཐོབ་དགོས་ཤིང་དེའི་ཕྱིར་ཐུན་མོང་མ་ཡིན་པའི་ཞིང་ལ་ཁྱད་པར་གྱི་སྐྱབས་སུ་འཛིན་ཞིང་བྱང་སའི་ཐུན་མོང་པའི་སྟེང་དུ་སྒོ་གསུམ་ཐ་མལ་གྱི་སྣང་ཞེན་ལས་ལྡོག་པའི་ཉེས་སྤྱོད་སྡོམ་པ། བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་ལ་བསླབ་པའི་དགེ་བ་ཆོས་སྡུད། གཞན་དོན་དུ་ལས་བཞིའི་ཕྲིན་ལས་ལ་འཇུག་པའི་སེམས་ཅན་དོན་བྱེད་དེ་སྔགས་སྡོམ་གྱིས་བསྡམས་པའི་ཚུལ་ཁྲིམས་བྱེ་བྲག་པ་རྣམས་ལ་སློབ་བོ་སྙམ་པས་འདིའི་རྗེས་ཟློས་མཛོད། བླ་མ་རྩ་གསུམ་སྐྱབས་ཀྱི་མཆོག་ཏུ་འཛིན༔ འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་དེ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི༔ ཞེས་གསུམ། དེ་ལྟར་ཡང་སྡིག་པ་སྟོབས་ཆེན་གྱིས་རྒྱུད་མ་རུངས་པར་བྱས་ཤིང་བསོད་ནམས་ཆེན་པོ་དང་མི་ལྡན་པ་དག་ལ་སྡོམ་པའི་ཚོགས་རྣམས་སྐྱེ་དཀའ་བས། དེའི་ཕྱིར་ཚེགས་ཆུང་ངུས་དགེ་ཚོགས་རྒྱ་ཆེན་པོ་བསྡུས་ཏེ་ཚོགས་བསགས་པའི་ཆེད་དུ་ཡན་ལག་བཅུ་པའི་དོན་དྲན་པས་འདིའི་


JLAZ008_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཟློས་མཛོད། བླ་མ་ཡི་དམ་ཌཱཀྐིའི་ལྷ་ཚོགས་རྣམས༔ ཚོགས་གཉིས་བསག་ཕྱིར་རྟེན་གྱི་མཆོག་ཏུ་འཛིན༔ དགའ་མགུ་རངས་པའི་སེམས་ཀྱིས་གུས་ཕྱག་འཚལ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་མཆོད་པས་མཆོད༔ སྡིག་པའི་ཚོགས་དང་དམ་ཚིག་ཉམས་ཆག་བཤགས༔ དགེ་ཚོགས་མཛད་པ་ཀུན་ལ་ཡི་རང་ངོ་༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ འགྲོ་ལ་ཕན་མཛད་མྱ་ངན་མི་འདའ་བཞུགས༔ བདག་གཞན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ དེ་ལྟར་ཉམས་བླངས་དགེ་ཚོགས་ལ་བརྟེན་ནས༔ མཁའ་ཁྱབ་འཁྲུལ་པའི་སེམས་ཅན་ཐམས་ཅད་ལ༔ བྱམས་དང་སྙིང་རྗེ་དགའ་བ་ཚད་མེད་དང་༔ བཏང་སྙོམས་ལ་བརྟེན་མཉམ་ཉིད་ཆོས་ཀྱི་སྐུ༔ འགྲོ་བ་ཀུན་གྱི་ཡང་དག་གནས་ཐོབ་ཤོག༔ ཅེས་གསུམ་གྲུབ་རྗེས། རྒྱུད་དག་པར་བྱ་བའི་ཕྱིར་དམིགས་པ་འདི་བཞིན་མཛོད། འདི་ལ་ནང་དབང་སྐུར་བའང་ཟེར་ཏེ། དགོས་པ་ནི་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་ཚབ་ཏུ་དབང་བསྐུར་ལ་རང་རིགས་ཀྱི་སྲས་སུ་བསྐྲུན་པ་ཞིག་ངེས་པར་དགོས་པ་དང་འདྲ་བར་རྡོ་རྗེ་སློབ་དཔོན་ཆོས་སྲིད་ལ་དབང་བསྐུར་ཕྱིར་སློབ་མ་ཉིད་སློབ་དཔོན་གྱི་སྲས་སུ་བསྐྲུན་ནས་བུ་ཞེས་འབོད་པའི་རྒྱུ་མཚན་ནོ། །སློབ་དཔོན་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས། སློབ་མ་རྣམས་ཀྱི་ལུས་ལ་འཕོག་པས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་སྦྱངས། ཧཱུྃ་ཡིག་ཏུ་


JLAZ008_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དེ་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཕྱུང༌། ཡུམ་གྱི་པདྨར་བབས་པས་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྱུར། སླར་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས་ཡབ་ཀྱི་ཞལ་དུ་ཞུགས། རྗེས་སུ་ཆགས་པའི་མེས་ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་རྒྱུན་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཕྱུང༌། ཡུམ་གྱི་པདྨར་གནས་པའི་སློབ་མའི་སྤྱི་བོ་ནས་བྱང་ཆུབ་སེམས་ཀྱི་མངོན་པར་དབང་བསྐུར་ཏེ། ཡུམ་གྱི་པདྨ་ནས་ཕྱིར་ཕྱུང༌། རང་རང་གི་གདན་ལ་འཁོད་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པའི་མོས་པ་བྱེད་པའང་ཡོད། པར་བསམས་པའི་ངང་ནས་དམིགས་བསལ་གྱི་སྡོམ་པ་འཛིན་པ་དངོས་ཚོགས་ཞིང་གི་སྤྱན་སྔར་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་སྡོམ་པ་གསུམ་གྱི་སློབ་བྱའི་གནས་མཐའ་དག་བསྲུང་སྙམ་པའི་གདུང་ཤུགས་དྲག་པོས་ལམ་ལོག་པ་ལས་ཁྱད་པར་དུ་གྱུར་པ་སོ་སོ་ཐར་པ་རིགས་བདུན། ལམ་དམན་པ་ལས་ཁྱད་པར་དུ་གྱུར་པ་བྱང་ཆུབ་སེམས་དཔའི་བསླབ་པ། ལམ་རྫོགས་པ་ལས་བྱེ་བྲག་ཏུ་འཕགས་པ་རིག་པ་འཛིན་པ་སྔགས་ཀྱི་སྡོམ་པ་ནོད་པ་འདིའི་རྗེས་ཟློས་གནང་བར་ཞུ། རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས༔ ཡུད་ཙམ་བདག་ལ་རབ་དགོངས་ཤིག༔ རང་རང་གི་མིང་ནས་བརྗོད་ལ། བདག་ཉིད་རྡོ་རྗེ་


JLAZ008_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཆྒཻ་མོ༔ སོགས་ནས། དེ་དག་ཐམས་ཅད་བདག་གིས་གཟུང་༔ ཞེས་ལན་གསུམ་གྱིས་སྡོམ་པ་བཟུང་ཞིང༌། ཐོབ་པར་ཤེས་པའི་སྒོ་ནས་དགའ་བ་ལྷང་ལྷང་སྒོམ་པས་སྔར་སྡོམ་པ་མ་ཐོབ་པ་ལ་གསར་དུ་ཐོབ་ཅིང༌། ཐོབ་པ་ཉམས་པ་དག་ལ་སོར་ཆུད་པ་དང་མ་ཉམས་པར་གནས་པ་རྣམས་ལ་གོང་དུ་འཕེལ་ཞིང་དབང་གིས་འཛིན་པ་ཡིན་ནོ། །ཞེས་སྤྲོ་བ་བསྐྱེད། སྒོ་གསུམ་བྱིན་གྱིས་བརླབས་པ་ནི་ལས་ཆུ་འཐོར། དེ་ནས་སློབ་མའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་དང༌། སླར་ཡང་མས་ནས། ཧཱུྃ་ཨཱཿཨོཾ་གསུམ་གྱིས་དྲིའི་ཐིག་ལེ་བྱས་ཏེ། ཁྱེད་རང་སློབ་མ་རྣམས་ལྷར་གསལ་བ་ལ་སྐུ་གསུང་ཐུགས་རྡོ་རྗེའི་ཕྱག་རྒྱས་བསྲུངས་པས་མཆོད་པའི་གནས་སུ་གྱུར་ཅིང༌། དེང་ནས་བཟུང་འདོད་ཡོན་ལ་སྲེད་པས་སྤྱད་མི་དགོས་པར་བདེ་སྟོང་ཡེ་ཤེས་འབར་བའི་གྲོགས་སུ་ཉེ་བར་སྤྱོད་པ་མཚོན་ཕྱིར་ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་སོགས་ཉེར་སྤྱོད་ལྔས་མཆོད་པ་ནི་སྟ་གོན་གྱི་སྔོན་འགྲོའི་ཆོས་སོ། །གཉིས་པ་དངོས་གཞི་ལ་དྲུག་ལས། དང་པོ་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། རིགས་ལྔའི་ས་བོན་གྱི་ཙཀ་ལི་རྣམས་རིམ་པར་བསྐུར་བ་ལས། རིན་འབྱུང་གི་ས་བོན་རྣ་བར་བསྐུར་ཏེ། ཧཱུྃ། ཉན་བྱེད་རྣ་བའི་དབང་པོ་ནི། །རིན་ཆེན་འབྱུང་ལྡན་དེ་བཞིན་གཤེགས། །ཉན་པ་སངས་རྒྱས་ཐམས་ཅད་གསུང༌། །ཐོས་པ་རང་གྲོལ་མཉམ་ཉིད་


JLAZ008_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ངང༌། །ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། སྣང་མཐའི་ས་བོན་ལྕེ་ལ་བསྐུར་ཏེ། ཧཱུྃ་སྨྲ་བྱེད་ལྕེ་ཡི་དབང་པོ་ནི། །སྣང་བ་མཐའ་ཡས་དེ་བཞིན་གཤེགས། །བརྗོད་པ་ཐམས་ཅད་སངས་རྒྱས་སྒྲ། །བརྗོད་པ་རང་གྲོལ་སོར་རྟོག་ངང༌། །ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿམི་བསྐྱོད་པའི་ས་བོན་སྙིང་གར་བསྐུར་ཏེ། ཧཱུྃ་བསམ་པར་བྱེད་པ་སེམས་ཀྱི་རྟེན། །མི་བསྐྱོད་རྒྱལ་པོ་དེ་བཞིན་གཤེགས། །ཅིཏྟ་ཀུན་བཟང་རྡོ་རྗེ་འཛིན། །དྲན་པ་རང་གྲོལ་ཆོས་དབྱིངས་ངང༌། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། དོན་གྲུབ་ཀྱི་ས་བོན་ཡན་ལག་ལྔར་བསྐུར་ཏེ། ཧཱུྃ་བྱ་བ་བྱེད་པ་ཡན་ལག་ལྔ། །དོན་ཡོད་གྲུབ་པ་དེ་བཞིན་གཤེགས། །བྱ་སྤྱོད་སྤྱོད་པ་སངས་རྒྱས་མཛད། །འདུ་བྱེད་རང་གྲོལ་བྱ་གྲུབ་ངང༌། །ཧཱ་ཧཱ་ཧཱ་ཧཱ་ཧཱ། རྣམ་སྣང་གི་ས་བོན་སྙིང་གར་བསྐུར་ཏེ། ཧཱུྃ་རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །བདག་ཉིད་ཁྱབ་བདག་ཀུན་ཏུ་བཟང༌། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །འགུལ་བསྐྱོད་བདེ་བའི་ཕྱག་རྒྱ་ཆེ། །ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ། གཉིས་པ་སོ་ཤིང་དོར་བ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་ནས་རྡོ་རྗེ་འཆང་གི་ནི། །སོར་ནི་བཅུ་གཉིས་གཞལ་བ་ཡིས། །ཟུར་ནི་གསུམ་དུ་ཡོངས་སུ་བྱ། །ཞེས་བཤད་པ་ལྟར་ལས། ཨ་ཤྭཏྠ་དང་ཨུ་དུམ་ཝཱ་རའམ། འོ་མ་ཅན་གྱི་ཤིང་ལ་སོགས་བྱང་ཆུབ་ཀྱི་རིགས་དང་ལྡན་པ་བུ་ག་འཛེར་པ་ཡོ་འཁྱོག་ལ་སོགས་པའི་སྐྱོན་དང་བྲལ་


JLAZ008_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བརྡར་སོར་མོ་བཅུ་གཉིས་པའམ། ཡང་ན་རྣམ་ཤེས་ཚོགས་བརྒྱད་དང་སྦྱར་བའི་སོར་མོ་བརྒྱད་པ་སྟེ། ཇི་ལྟར་ཡང་རྩེ་མོར་མེ་ཏོག་གི་ཕྲེང་བ་བཅིངས་ཤིང༌། རྩ་བ་ཕུར་པའི་རྣམ་པ་ཅན་དྲི་བཟང་གིས་བྱུགས་ལ་སྲད་བུ་དམར་པོས་བཅིངས་པ། བདུད་རྩི་འཁྱིལ་པའི་སྔགས་ལན་བདུན་བཟླས་པས་ཆུས་བྱིན་གྱིས་བརླབས་པས། སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་ཅན་དུ་གྲུབ་པ་དེ་སྒྱུ་འཕྲུལ་ལས། ལག་མཐིལ་སོ་ཤིང་ཀུ་ཤ་སྦྱིན། །ཞེས་པ་ལྟར་སློབ་མའི་ལག་ཏུ་བྱིན། སྔར་ཉེར་བསྡོགས་བྱས་པའི་མཎྜལ་གྱི་རྭ་བ་རེ་ཁཱ་དཀར་པོས་བྲིས་པའི་པད་འདབ་བརྒྱད་མུ་ཁྱུད་ཀྱིས་བསྐོར་བའམ། ཡང་ན་ཁྲུ་གང་གྲུ་བཞི་པའི་མཎྜལ་ལ་དྲི་དང་བ་བྱུང་གིས་སྦགས་པའི་ཚོམ་བུ་དགུ་བཀོད་པ་མདུན་དུ་བརྡར་བའི་ཤར་མཚན་མ་ནོར་བར་བཀོད། ཧཱུྃ་ལས་བྱུང་བའི་སོ་ཤིང་སློབ་མའི་ལག་གཉིས་མཁའ་དབྱིངས་ཀྱི་རྒྱས་བཟུང་ཞིང༌། རྩེ་མོས་ལྗགས་བཞར། རྩ་བས་སོ་དྲུད་པས་ཚེ་རབས་སུ་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་པ་དང༌། རང་གི་དངོས་གྲུབ་ཇི་ལྟར་ཐོབ་པའི་མཚན་མ་གསལ་བར་བསྟན་དུ་གསོལ་སྙམ་པས། ཤར་རམ་བྱང་དུ་ཁ་བལྟས་ལ། ཧོ་བླ་མས་བསྒོ་བ་ཇི་བཞིན་སོ་ཤིང་དོར། །བླ་མ་


JLAZ008_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་སྐུ་གསུང་ཐུགས་མཆོག་གི །ཡེ་ཤེས་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །དབུས་ཕྱོགས་མེ་རི་འབར་བར་འབབ་པར་ཤོག །ཨོཾ་བཛྲ་ཧ་ས་ཧ། ཞེས་མིག་གཉིས་བཙུམ་ལ་ལྟོས་མེད་དུ་དོར་བས་དགེ་མི་དགེའི་མཚན་མ་དང༌། ངན་ན་བཟློག་ཐབས་ནི། ཇི་སྐད་དུ། ཕྱོགས་བཞི་དབུས་དང་ལྔར་བབས་ན། །རིགས་ལྔ་གང་ཡིན་དངོས་གྲུབ་ཐོབ། །མཚམས་སུ་ཕྲན་ཚེགས་སྟེང་མཁའ་སྤྱོད། །འོག་ཏུ་རྩེ་བསྟན་ས་སྤྱོད་དང༌། །རྩ་བ་རང་ལ་བསྟན་པ་ན། །ལན་གསུམ་སླར་ལ་བསྐྱང་ཞིང་འཕངས། །གཡས་སུ་ཡོ་ན་ཚེ་ཐར་གཏང༌། །གཡོན་དུ་ཡོ་ན་སྦྱིན་པ་བཀྱེ། །ཕྲེད་བསགས་མར་མེ་བརྒྱ་རྩ་སྦར། །ཀུན་ངན་སྒྲུབ་ལ་བར་ཆད་འབྱུང༌། །བསག་སྦྱང་དགེ་བ་རླབས་ཆེན་བྱ། །ཞེས་སོ། །གསུམ་པ་ཁྱོར་ཆུ་སྦྱིན་པ་ནི། དུང་ཞལ་གྱི་ཆུ་བཾ་ལས་བདུད་རྩིའི་རྒྱ་མཚོར་བསམ་ལ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པ་འཐུང་དུ་བཅུག་པས་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང༌། རྣམ་རྟོག་བག་ཆགས་དང་བཅས་པ་བཀྲུས་པའི་མོས་པ་བྱེད་དུ་གཞུག་ཅིང༌། སློབ་དཔོན་གྱིས་ཨོཾ་སྔགས་དོན་ཨོཾ་གྱིས་མགོ་དྲངས་གསུང་རྡོ་རྗེའི་ས་བོན་གྱི་འཕོས་ནས། ཆོས་ཐམས་ཅད་རྣམ་པར་དག་པ་ཡིན་པས་ཕུང་པོ་འདིའི་སྡིག་པ་རྣམ་པར་སྤྱོངས་ཤིག་རྣམ་པར་རྟོག་པ་ཐམས་ཅད་བསལ་བར་མཛོད་ཅེས་པ་ཡིན་ནོ། །ཧྲཱི༔ བི་ཤུདྡྷ་སརྦ་དྷརྨ་པཱ་བཾ་བི་ཤུདྡྷ་ནི་ཙཱསྱ་བི་ཤོ་དྷ་ཡ་སརྦ་


JLAZ008_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པིག་ལྤནྡ་ཨ་པ་ན་ཡ་ཧཱུྃ། ཞེས་ལག་པ་གཡས་སུ་ལན་གསུམ་བྱིན་ཞིང་བཏུང་བའི་ལྷག་མ་དཔུང་པ་གཡོན་གྱི་ཕྱོགས་ནས་རྒྱབ་ཏུ་དོར་བས་སྒོ་གསུམ་གྱི་དྲི་མ་དག་པར་བསམ་མོ། །བཞི་པ་བསྲུང་སྐུད་བཅིང་བ་ནི། སློབ་བུའི་ལུས་ཚད་དང་མཉམ་པའི་སྲད་བུ་དམར་པོའམ། ཁ་དོག་ལྔ་ལྡན་སུམ་བལྟབ་ཏུ་བྱས་པ་ཧཱུྃ་ལས་སྐྱེས་པའི་སྲད་བུར་མོས། སྒོ་གསུམ་བྱིན་གྱིས་རློབ་ཕྱིར་རྡོ་རྗེའི་མདུད་པ་གསུམ་དུ་བྱས་པ་ལས་ཆུས་བསངས་ཤིང་རྩ་སྔགས་ཀྱི་བྱིན་གྱིས་བརླབས་ལ། རྗེས་ཟློས་བྱ་བ་ནི། ཧོ་བླ་མས་གནང་བའི་བསྲུང་སྐུད་ལྔ་ལྡན་གྱི། །བསྲུངས་པས་བདག་ཉིད་ཁྲོ་རྒྱལ་སྐུར་གྱུར་ནས། །སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་ཐམས་ཅད་ཀྱང༌། །རྡུལ་ཕྲན་བཞིན་དུ་བཏུལ་ཞིང་བརླག་པར་ཤོག། ཅེས་གྲུབ་རྗེས་སློབ་དཔོན་གྱིས་སློབ་མའི་ཁམས་དཀར་དམར་གྱི་ཆའི་བར་ཆད་ཆེ་ཆུང་གི་སྒོ་ནས་སྐྱེས་པའི་དཔུང་པ་གཡོན་དང༌། བུད་མེད་ཀྱི་གཡས་སུ་བཅིངས་ཤིང༌། ཨོཾ་སརྦ་བུངྔྷ་མཻ་ཏྲི་རཀྵ་རཀྵ་སརྦཾ་སྭཱ་ཧཱ། ཞེས་བཟླས་ལ། དེ་ཡང་ཉིས་རིམ་དུ་འཆིང་པ་ནི་ཉིན་མཚན་ནམ་ཕྱི་ནང་གི་བར་ཆད་བསྲུང་བའི་རྟེན་འབྲེལ་ལོ། །སླར་ཡང་རྡོ་རྗེ་དང་བཅས་པའི་དྲིའི་ཆུས་མདུད་པ་ལ་རྒྱ་གྲམ་དུ་རེག་ཅིང༌། ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་བརྗོད་པས་ལུས་རྡོ་རྗེའི་གོ་ཆས་བཞུ་བླུགས་སུ་གཡོགས་པ་ལ་རྡོ་རྗེ་


JLAZ008_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གྲམ་གྱི་མདོ་འཛིན་རེས་མཚན་པར་སྒོམ་མོ། །ལྔ་པ་ཀུ་ཤ་བྱིན་པ་ནི། ཀུ་ཤ་བསངས་ཆུས་འཐོར་ཞིང༌། ཨོཾ་བཛྲ་ཏིཀྵྞ་དྷིཿཨོཾ་བཛྲ་རཀྵ་ཧཾ། ཀུ་ཤ་མི་དམིགས་པའི་ངང་ལས་ཆེ་བ་ཧཱུྃ་དང༌། ཆུང་བ་དྷི་ལས་བྱུང་བའི་ཀུ་ཤའི་ཆུན་པོ་སྔོ་ལྗང་རྩྭ་རྩེ་མ་ཉམས་པ་རྨི་ལམ་མི་འཕྱུགས་པའི་ནུས་པ་ཅན་དུ་གྱུར། ཅེས་བརྗོད་ཅིང་བསམས་ནས། ས་བོན་གཉིས་ལན་བདུན་བཟླས། སློབ་མས། ཧོཿ བླ་མས་གནང་བའི་རྩྭ་མཆོག་ཉལ་སྔས་ཀྱིས། །དཀྱིལ་འཁོར་ལྷ་ཚོགས་བདག་གི་ལུས་ཞུགས་ནས། །བླ་མ་རིག་འཛིན་འཁོར་དང་བཅས་པ་ཡིས། །གྲུབ་རྟགས་མཚན་མ་བདག་ལ་བསྟན་དུ་གསོལ། །ཞེས་པའི་མཐར་སློབ་དཔོན་གྱིས་ཕོན་ཆེ་བསྟན་གྱི་དོན་དུ་ལག་གཡོན་དང༌། ཆུང་བ་སྔས་ཀྱི་དོན་དུ་གཡས་པར་བཟུང་བསྣོལ་ནས་གཏོད་ཅིང༌། ཨོཾ་བཛྲ་ཏིཀྵྞ་བཾ། ཅེས་བརྗོད། སློབ་མས། ཨོཾ་བཛྲ་ཏིཀྵྞ་སིདྡྷི་ཧཱུྃ། ཞེས་བླང༌། དེ་ནས་སློབ་དཔོན་གྱིས། འོ་དོ་ནུབ་རང་རང་གི་གནས་སུ་བླ་མ་དང་དཀྱིལ་འཁོར་ལ་མོས་པ་རྩེ་གཅིག་པས་སེང་གེའི་ཉལ་སྟབས་ཀྱི་སྔས་བྱང་དུ་སྟོན་ལ། བདུད་རྩི་འཁྱིལ་པའི་སྔགས་བཟླ་བཞིན་པར་ཉལ་བར་བྱོས་ཤིག །དེ་ལྟར་ཉལ་ནས་ནངས་པར་དགེ་མི་དགེའི་རྨི་ལམ་ཐམས་ཅད་ལ་སྨྲོས་ཤིག །ཅེས་བསྒོ། དྲུག་པ་གསང་སྔགས་ལ་སྤྲོ་བ་བསྐྱེད་ཕྱིར་ཆོས་བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་


JLAZ008_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ལ་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་དེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བྱས་པར་གྱུར་པ་གང༌། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་པ་ནི། །གོ་འཕང་བླ་ན་མེད་པར་འགྱུར། །ཅེས་རྣམ་སྣང་མངོན་བྱང་ལས་བཤད་པ་སྟེ། དེའང་འདི་ལྟར་འཇིག་རྟེན་ན་དཀོན་པའི་དངོས་པོ་གང་ཞེ་ན་ཀུན་མཁྱེན་སྟོན་པ་རྫོགས་པའི་སངས་རྒྱས་ཏེ། དེ་འབྱུང་བར་དཀའ་བའི་དཔེ་ནི་ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་ཏེ། རྒྱུ་མཚན་ཅིའི་ཕྱིར་ན། ཨུ་དུམ་ཝཱ་རའི་མེ་ཏོག་དེ་ཡང་སངས་རྒྱས་འཇིག་རྟེན་ན་བྱོན་དུས་ལན་རེ་འབྱུང་བ་ལས་གཞན་དུ་ནི་འགའ་ཡང་མ་ཡིན་ནོ། །དེ་ཡང་འདི་ལྟ་སྟེ། གཟིགས་པ་རྣམ་པ་ལྔ་ལས་རྒྱལ་རིགས་དང༌། བྲམ་ཟེའི་རིགས་ཏེ་ཆེ་ཞིང་བཙུན་པའི་གཟིགས་པའི་རྒྱལ་རིགས་སུ་འབྱོན་ན་མེ་ཏོག་དཀར་པོ་དང་བྲམ་ཟེའི་རིགས་སུ་འབྱོན་ན་སེར་པོར་འབྱུང་བའོ། །དེའི་ཕྱིར་དང་པོ་ཐུགས་


JLAZ008_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ན་མེ་ཏོག་གི་རྒྱུའི་ས་བོན་འབྱུང་ངོ༌། །ཡུམ་གྱི་ལྷུམས་སུ་ཞུགས་པ་ན་ཁ་འབུས། བལྟམས་པ་ན་སྦལ་མིག་ཁ་བྱེ། གཞོན་ནུའི་རོལ་རྩེད་མཛད་པ་ན་ཆེས་ཆེར་རྒྱས། དཀའ་ཐུབ་ཀྱི་ཚེ་ཅུང་ཟད་རིད། སངས་རྒྱས་པ་ན་ལྷན་ནེར་འབར། ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ཤིན་ཏུ་རྒྱས། མྱ་ངན་ལས་འདས་པའི་ཚེ་མེ་ཏོག་དེ་བསྐམས་པར་གྱུར་ཏོ། །དེ་བས་ཀྱང་གསང་སྔགས་རྡོ་རྗེའི་ཐེག་པ་རྙེད་པར་དཀའ་སྟེ། ཅིའི་ཕྱིར་ན་ཐབས་དང་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་འཕྲུལ་གསང་ཆེན་པོའི་མིག་འཕྲུལ་ལྟ་བུར་གྲོལ་བའི་ལམ་ཡིན་པའི་ཕྱིར་ཏེ། འདི་ལྟར་དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བ་ཙམ་གྱིས་བསྐལ་པ་བྱེ་བ་དུ་མར་བསགས་པའི་སྡིག་པའི་ལས་ཇི་སྙེད་པ་ཟད་པར་འགྱུར་བ་དང༌། སྔགས་སྤྱོད་ཀྱི་བརྟུལ་ཞུགས་མཚན་ཉིད་པར་གནས་ན་ཚེ་གཅིག་ལུས་གཅིག་ལ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྦྱོར་བའི་ཕྱིར་ཁྱེད་ཅག་གིས་བསྐལ་པ་དཔག་ཏུ་མེད་པ་ནས་ཚོགས་རླབས་པོ་ཆེ་བསགས་ཤིང་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པ་ཆོས་ཅན། དེ་བས་ན་རིགས་ཀྱི་བུ་བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། དེ་རིང་རྙེད་པ་ཆེན་པོ་རྙེད་པའི་རྟེན་འབྲེལ་མངོན་དུ་གྱུར་པས་སྤྲོ་བར་གྱིས་ཤིག །སང་ནངས་པར་དཀྱིལ་འཁོར་ཆེན་པོར་རབ་ཏུ་ཞུགས་ནས། བདག་ཉིད་ཆེན་


JLAZ008_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་གོ་འཕང་རྒྱུད་ལ་བཞག་ནས་རང་བྱུང་གི་སྐལ་བ་ཆེན་པོ་ཐམས་ཅད་གཟིགས་ཤིང་ཐམས་ཅད་མཁྱེན་པའི་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་བར་གདོན་མི་ཟ་བས་དགའ་བ་དང་སྤྲོ་བའི་འདུ་ཤེས་ཡང་དག་པར་བསྐྱེད་པར་གྱིས་ཤིག །ཅེས་སྤྲོ་བ་བསྐྱེད་ཅིང་དགེ་བ་བསྔོས་ནས་གྲོལ་ལོ། །དེའི་ཚེ་རྨི་ལམ་བརྟག་པ་ནི། འཇམ་དཔལ་རྩ་རྒྱུད་ལས། དང་པོའི་ཐུན་གྱི་རྨི་ལམ་གང༌། །བད་ཀན་ལས་བྱུང་ཤེས་པར་བྱ། །གཉིས་པར་གང་བྱུང་མཁྲིས་པ་སྟེ། །འཇིག་རྟེན་ལ་ཡོད་སྨད་པ་ཡིན། །གསུམ་པ་རླུང་བྱུང་ཤེས་པར་བྱ། །བཞི་པ་བདེན་པར་འབྱུང་བ་ཡིན། །ཞེས་མཚན་མོའི་ཆ་ལ་ཐུན་བཞིར་བཅད་པའི་ཐ་མ་ཐོ་རེངས་ཀྱི་ཆ་ལ་བརྟག་པར་བྱ་ཞིང༌། དེའང་ཉང་གཏེར་འགྲོ་འདུལ་ལས། རྨི་ལམ་ན་ཉི་མ་ཤར་བ་དང་༔ གོས་གསར་པ་གྱོན་པ་དང་༔ མགོ་ལ་མེ་ཏོག་གི་ཐོད་བཅིངས་པ་དང་༔ སྐས་དང་གྱེན་ལ་འཛེགས་པ་ལ་སོགས་པ་བཟང་བས་ལེགས༔ ཞེས་དང༌། ངན་པ་ནི། ཐུར་ལ་འགྲོ་དང་གོས་ནག་གྱོན༔ ཐང་ལ་ཉལ་བ་ལ་སོགས་པ༔ ཞེས་བཤད་པས་མཚོན་ཏེ། རྡོ་རྗེ་སློབ་དཔོན་གྱིས་དགོངས་པས་དཔག་ཤེས་པར་བྱས་ལ། དགེ་ན་སྤྲོ་བ་བསྐྱེད་ཅིང་དགའ་སྤྲོའི་བདུད་མ་ཞུགས་པ་དང༌།


JLAZ008_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ན་ཚོགས་གཏོར་སྦྱིན་སྲེག་ལ་སོགས་པས་ཀུན་རྫོབ་ཏུ་བཟློག་ཅིང༌། དོན་དམ་པར་རྣམ་སྣང་མངོན་བྱང་ལས། ཡང་ན་དངོས་ཉམས་རྨི་ལམ་དང༌། །དྲི་ཟའི་གྲོང་ཁྱེར་བཞིན་ཤེས་ནས། །བློ་དང་ལྡན་པས་རྨི་ལམ་རྣམས། །སྙིང་པོ་མེད་པར་ཤེས་པར་བྱ། །ཞེས་པ་ལྟར་དགེ་མི་དགེའི་རྟོག་པ་འོད་གསལ་གཉུག་མའི་ཤེས་རིག་བརྗོད་དུ་མེད་པའི་ངང་དུ་ཟིལ་གྱིས་ནོན་པར་བྱའོ། །དེ་ལྟའི་ལས་རིམ་ལ་སོ་ཤིང་བྱང་ཆུབ་ཤིང་དྲུང་སངས་རྒྱས་པ་དང༌། ཁྱོར་ཆུ་བདུད་རྩི་མྱངས་པ། སྲུང་སྐུད་བྱང་སེམས་འཛག་མེད་དུ་བཅིང་བ། ཀུ་ཤ་སྟན་ལ་མཉམ་པར་གཞག་པའི་ཚུལ་དང་དག་པ་སྦྱོར་བའང་ཡོད་དོ། །གསུམ་པ་དཀྱིལ་འཁོར་བཞེང་པའི་བྱ་བ་ལ་གཉིས། དཀྱིལ་འཁོར་བྲི་བ་དང༌། རྒྱན་དགྲམ་པའོ། །དང་པོ་ལ་གཉིས། ཐིག་གདབ་པ། ཚོན་བཀྱེ་བའོ། །དང་པོ་ནི། སྒྱུ་འཕྲུལ་རྩ་རྒྱུད་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང༌། །བདུད་རྩི་ལྔ་ཉིད་རབ་བསྐམས་ལ། །ཞེས་པ་ལྟར་རྫས་ལྔ་ཚན་དྲུག་དང་བ་བྱུང་ལྔས་གང་དུ་དཀྱིལ་འཁོར་བྱ་བའི་གཞི་ལ་ཁྱེམ་མེད་པར་བྱུག་ཅིང་བསྐྱང་ནུལ་ལེགས་པར་བྱས་རྗེས། དཔའ་བོའི་བདག་བོས་ཇི་ལྟར་བརྩེགས་པ་འདོད་པ་བཞིན་སྤྲད་པ་ཡིན། རིན་གྱིས་ཉོས་པའི་རས་བལ་སོགས་ཀྱི་རྒྱུ་ལས་གཞོན་ནུ་མ་མཚན་ལྡན་གྱིས་


JLAZ008_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བཀལ་བའི་སྲད་བུ་ཁ་དོག་ལྔ་པའམ། ལྔ་ཚན་ལྔའི་བདག་ཉིད་ཅན་རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། སྦོམ་ཕྲ་སྒོའི་ཉི་ཤུ་ཆ་ཙམ་དུ་བྱས་པ་དཀྱིལ་འཁོར་གྱི་དབུས་སུ་གཞག །སློབ་དཔོན་དང་གཟུངས་མ་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་ལ་གནས་པས། ཐིག་སྐུད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡིག་འབྲུ་ལྔ་ལས་ཐིག་སྐུད་རིགས་ལྔ་ཡབ་ཡུམ་གྱི་ངོ་བོར་གྱུར་པ་བདག་ཉིད་ཀྱི་སྐུར་བསྡུས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཡུམ་གྱི་མཁའ་ལ་སྤྲོས། ཛཿཛཿཛཿ ཞེས་རླུང་གི་འགྲོ་ལྡོག་དང་སྦྱར་ནས་ཡུམ་ལ་གཏད། དེས་བླངས་ཏེ་གཅིག་ཏུ་དྲིལ་ནས་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས། སློབ་དཔོན་ཤར་དང་གཟུངས་མ་ནུབ་ཏུ་ཞལ་ཕྱོགས་པས། ཨེ་མ་རིགས་ལྔའི་སངས་རྒྱས་གཙོ། །བླ་མ་རིག་འཛིན་ལྷ་ཚོགས་རྣམས། །འགྲོ་དོན་མཛད་དུས་འདི་ལགས་པས། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཀུན་བཟང་ཐིག་མཆོག་གདབ་ཏུ་གསོལ། །བྷྲཱུྃ་ཛྙཱ་ན་མ་དྷ་ལ་ཧཱུྃ། ཞེས་ལན་གསུམ་བརྗོད་ཅིང་སེ་གོལ་གཏོག་པ་དང་སྦྲག་ནམ་མཁའི་དབྱིངས་ཕན་ཚུན་གཉིས་ཀའི་ལྟེ་བའི་ཐད་ཀའི་བར་སྣང་ལ་གཡས་པའི་མཐེབ་མཛུབ་ཀྱིས་བཟུང༌། གཡོན་པས་ཐིག་སྐུད་བརྐྱང་ངོ༌། །ལ་ཡེ་ཤེས་ཀྱི་ཐིག་བཞིའམ། བརྒྱད་དམ། བཅུ་དྲུག་ལ་སོགས་ཐིག་སྐོར་མ་འཁྲུལ་བར་གདབ་པས་ཐིག་སྒྲས་བསྐུལ་ཏེ་བླ་མ་རིག་འཛིན་ཀུན་འདུས་


JLAZ008_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྟེང་གི་ནམ་མཁའ་ལ་ཁྲ་ལམ་གྱིས་གསལ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱང་སྤྲིན་ཕུང་འཁྲིགས་པ་ལྟར་བྱོན་ཏེ་སྟེང་གི་ནམ་མཁར་བཞུགས་པར་བསམས་ལ་མཆོད་བསྟོད་ཅི་རིགས་སུ་བྱའོ། །གཞན་དུ་ལྷ་སྟ་གོན་ཚེ་ལས་ཐིག་རྫོགས་པར་གདབ་ནས། འདིར་ཡེ་ཐིག་ནི་ཚངས་ཐིག་གཉིས་ཙམ་ལས་མི་གདབ་ཅིང༌། དེ་ཡང་ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་བསྐུལ་ཏེ་ཐིག་སྐུད་ལ་ཐིམ། དེ་ལས་ཐིག་སྐུད་གཉིས་པ་ཞིག་ཆད་པར་བསམ་པ་དང་ལས་ཀྱི་ཐིག་གི་ཚངས་པ་གཉིས་པོའི་སྟེང་རེ་རེ་ནས་གདབ་ཅིང༌། དེ་རྗེས་ལས་ཐིག་ཐམས་ཅད་ཀྱི་སྟེང་དུ་ཡེ་ཐིག་རྫོགས་པར་གདབ་པ་ལས། ནམ་མཁར་བྲི་བྱའི་དཀྱིལ་འཁོར་གསལ་བ་སོགས་བླ་མེད་རྒྱ་གཞུང་གི་དགོངས་པ་མ་ཡིན་ཞེས་ཟེར་མོད། སློབ་དཔོན་སངས་རྒྱས་གསང་བས་སྦྱོང་རྒྱུད་ལ་དེ་ལས་ལྡོག་པར་བཤད་པས། དེ་ལྟ་ན་དཀྱིལ་འཁོར་གྱི་ལས་ལ་བྱ་བ་མང་བ་བཞིན་དུ་ཚོགས་གསོག་ཕུལ་ཆེ་བར་བཤད་པའང་ཡོད་པས་བླ་མེད་ལ་དེ་ལྟར་མི་རུང་བའི་དམ་བཞག་བྱེད་མི་དགོས་ཏེ། ཅིའི་ཕྱིར་ན་དགག་བྱ་དམིགས་བསལ་མེད་ལ་དགོས་སོ་ལྷག་པོར་ཡོད་པའི་ཕྱིར་རོ། །དེ་ནས་ལས་ཐིག་གདབ་པ་ནི། ཐིག་སྐུད་ཟུར་དུ་ཡོད་པའམ། མེད་ན་


JLAZ008_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཐིག་གདབ་མ་ཐག་པའི་ཐིག་སྐུད་ཀྱི་ཡེ་ཤེས་པ་བཛྲ་མུས་གཤེགས་སུ་གསོལ་བའི་སྲད་བུ་དེ་ཁས་ཀྱང་རུང་སྟེ། དེ་ཉིད་བདུད་རྩི་ལྔ་དང་དཀར་ཆལ་གྱིས་སྤགས་ལ་སྔ་མ་ལྟར་ཕྱོགས་མ་འཁྲུལ་བས་ཐིག་གདབ་པ་ནི། ཤར་ནུབ་ལྷོ་བྱང་ཚངས་ཐིག་གཉིས། །མེ་རླུང་སྲིན་དབང་ཟུར་ཐིག་གཉིས། །བྱ་རྗེས་བཙལ་ལ་ལག་ལེན་ལྟར། །གདབ་པས་ཐིག་ཆེན་བརྒྱད་ཀྱི་ཆ། །ལེགས་པར་དོད་པའི་གྲྭ་བཞིའི་ཁྱོན། །ཆ་ཆེན་བཅུ་དྲུག་དག་ཏུ་བགོ། །དེ་ནས་ཚངས་ཐིག་གཉིས་པོ་ཡི། །གཡས་གཡོན་ཆ་ཆེན་ནས་བརྩམས་ཏེ། །དང་པོ་ཕྱེད་གདབ་ཕྱི་མའང་གདབ། །གཉིས་པ་ཆ་བཞིར་བགོ་བར་བྱ། །གསུམ་བཞི་མིག་དང་ལྔ་དབུས་དོར། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་བཞིར་བགོ་བརྒྱད་དབུས་དོར། །ཕྱི་རིམ་པད་རྭ་ཆ་ཆེན་ཕྱེད། །འོད་ལྔའི་མུ་ཁྱུད་ཆ་ཕྲན་གཅིག །དེའི་ཕྱིར་དུར་ཁྲོད་ཆ་ཆེན་གཅིག །རྡོ་རྗེའི་རྭ་བ་ཆ་ཕྲན་གཉིས། །མེ་རི་ཆ་ཆེན་གཅིག་རྣམས་ཏེ། །དེ་དག་རྣམས་ནི་ཟླུམ་པོར་བསྐོར། །ལྟེ་བ་ཟླུམ་པོ་སྒོ་ཚད་ཕྱེད། །དེ་ཡི་མུ་ཁྱུད་ཆ་ཕྲན་གཅིག །འཁོར་ལོ་རྩིབས་བརྒྱད་ཆ་ཆེན་ཕྱེད། །དེའི་ཕྱི་པད་འདབ་ཉིས་རིམ་ལ། །སྒོ་ཚད་ཕྱེད་ཕྱེད་འདབ་མ་བརྒྱད། །མཐའ་ལ་འོད་ལྔའི་མུ་ཁྱུད་བསྐོར། །གསེར་ཁྱམས་ཁྲག་


JLAZ008_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱམས་གཉིས་པོ་ལ། །ཆ་ཕྲན་ཕྱེད་གསུམ་མ་འདྲེས་ཕྱེ། །སྒོ་བཞི་རྟ་བབས་རྣམ་བཞི་དང༌། །གླང་རྒྱབ་མིག་གསུམ་རྡོ་ར་སོགས། །དགོངས་འདུས་བཞིན་དུ་ཤེས་པར་བྱ། །དེའི་ཚེ་ཇི་སྐད་དུ། སྐུད་པ་ཆད་ན་སློབ་དཔོན་འཆི། །ཐིག་སྣ་ཤོར་ན་སློབ་བུ་འཆི། །ཕྱོགས་འཁྲུལ་པས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནོད་པར་འགྱུར། །དེ་ཕྱིར་མཁས་པས་སྒྲིམས་ཏེ་བྱ། །ཞེས་གསུངས་པས། །རང་བཞིན་བག་ལ་ཉལ་གྱི་བསམ་པས་མ་ཡིན་པར་སྤྱོད་ལམ་ཤིན་ཏུ་གཟབ་པ་དང་ཡིད་གྲིམས་པར་བྱ་ཞིང༌། འདིའི་ཚེ་ཐིག་ལ་འགོང་དགོས་ནི་ཧྲཱིཿའི་སྒྲས་ཐིག་མཁའ་ལ་བཏེག་པའི་འོག་ཏུ་འཛུལ་བར་བསམ་མོ། །གཉིས་པ་ཚོན་བཀྱེ་བ་ནི། རབ་རིན་པོ་ཆེ། འབྲིང་འབྲུ་སྨན། ཐ་མས་ཚོན་ཏེ་རང་གནས་ཀྱི་ཡེ་ཤེས་མཚོན་པའི་ཚོན་སྣ་ཁ་དོག་ལྔ་པ་སྣོད་སོ་སོར་ཕྱོགས་མ་འཁྲུལ་བར་བཀོད་ཅིང་རིགས་ལྔའི་ས་བོན་བྲིས་ལ་བཞག །ལས་ཆུས་འཐོར་ཞིང་བསང་སྦྱངས། སྟོང་པའི་ངང་ལས་ཚོན་སྣ་ལྔ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿལས་རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་དུ་གྱུར། སྤྲོ་ན་ཡེ་ཤེས་པ་སྤྱན་དྲངས། དབྱེར་མེད་དུ་གྱུར་པ་ལ་མཆོད་ཅིང་བསྟོད། བསྡུ་ན་འབྲུ་ལྔའི་བསྙེན་པ་བརྒྱ་རྩ་བརྒྱད་དུ་བཟླ་ཞིང༌། འབྲུ་ལྔ་འོད་དུ་ཞུ་བ་ལས་ཐིག་ཚོན་སོ་སོར་གྱུར་པར་དམིགས། མཐེབ་སྲིན་གཡས་ཀྱིས་ཚོན་ལ་


JLAZ008_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རེག་ཅིང༌། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཏྲ་མ་ཧཱུྃ་ཞེས་དང༌། མཐེབ་སྲིན་གཉིས་ཀས་རེག་ཅིང༌། ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཏྲ་མ་ཧཱུྃ་ཛཿཛཿཛཿ ཞེས་བརྗོད། དེ་ནས་ཐོག་མར་སློབ་དཔོན་གྱིས་ཚོན་ཐོགས་ཏེ། སངས་རྒྱས་རིགས་ལྔ་ཡེ་ཤེས་གཙོ། །བླ་མ་རིག་འཛིན་ལྷ་ཚོགས་རྣམས། །ཀུན་གྱི་དོན་རིག་བྱ་བའི་ཕྱིར། །ཡེ་ཤེས་ལྔ་ཡི་ཚོན་བཀྱེའོ། །ཞེས་བརྗོད་ལ་ཐོག་མར་དབུས་ཀྱི་ཕུར་ཁུང་དགང༌། དེ་ནས་དབང་ལྡན་དུ་ནང་ནས་རིམ་བཞིན་རྩིག་པ་རིམ་ལྔ་སྒོ་ཚད་ཙམ་དུ་དྲངས་པ་ལ་བྷནྡྷ་དགབ། དེ་ནས་སློབ་མ་རྣམས་ཀྱིས་བྲིས་ནས་རྩིག་པ་སྤྲེལ་རན་པ་ན་པྲ་བརྟག་པའི་ཕྱག་བཞེས་ཡོད་དོ། །ཇི་ལྟར་ན་ཀུ་ཀུ་རཱ་ཛས། རེ་ཁཱ་དམའ་བས་མི་འགྲུབ་ཅིང༌། ཡོན་པོས་གདུང་བ་སྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་དག །འཆིའམ་ན་བར་འགྱུར་བ་ཡིན། །ཆད་ལྷག་ལས་ནི་ནད་འབྱུང་ཞིང༌། །ཕྱོགས་འཁྲུལ་རྨོངས་པའི་ལས་སུ་འགྱུར། །ཞེས་གསུངས་ལ། དེ་ལྟ་བུའི་རྐྱེན་གྱིས་མི་འཕྲོགས་པར་བྲིས་ལ་ཚོན་ཐོབ་ནི། ལྟེ་བ་མཐིང་ག་འཁོར་ལོ་ཡི། །རྩིབས་བརྒྱད་མཐིང་ནག་རྩིབས་མཆན་དམར། །པད་འདབ་ཉིས་རིམ་ཕྱོགས་མདོག་དང༌། །མཚམས་ལ་མཛེས་མཚོན་དེ་རྣམས་ལའང༌། །འོད་ལྔའི་མུ་ཁྱུད་མཛེས་པར་བྱ། །གསེར་ཁྱམས་སེར་ལ་


JLAZ008_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཁྱམས་དམར། །སྒོ་བཞི་ཕྱོགས་མདོག་རྩིག་པ་ལྔ། །ནང་རིམ་མཐིང་ལྗང་དམར་སེར་དཀར། །ཡང་ན་ཐོད་པ་རིམ་གསུམ་མོ། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲ་ཕྱེད་བཞི་མཐིང་མདའ་ཡབ་དམར། །པུ་ཤུ་མཛེས་ཚོན་ཀ་བ་བརྒྱད། །ཕྱོགས་མདོག་ཀ་རྒྱན་མཛེས་པར་བྱ། །མུན་པ་ནག་པོ་མུ་ཁྱུད་དམར། །གུ་ཎ་ཏྭ་ར་ཕྱོགས་ཀྱི་མདོག །རྟ་བབས་མཛེས་ཚོན་ཆུ་སྲིན་དམར། །རྡོ་རྭ་ཕྱོགས་མདོག་ཞིང་ཁམས་ལྗང༌། །པད་གདན་མཛེས་ཚོན་ཆོས་འཁོར་དམར། །གདུགས་དཀར་ཉི་ཟླ་དམར་དང་དཀར། །པད་རྭ་སྣ་ཚོགས་མདོག་ལྡན་མཛེས། །དེའི་ཕྱི་འོད་ལྔའི་མུ་ཁྱུད་བསྐོར། །དུར་ཁྲོད་ས་གཞི་མཐིང་གའམ། །ཡང་ན་ལྗང་གུ་ནག་པོའོ། །རྡོ་རྭའི་གཞི་མཐིང་རྡོ་རྗེ་སེར། །མེ་རི་ཡེ་ཤེས་རྣམ་ལྔའི་མདོག །གཡས་སུ་འཁོར་བ་དང་བཅས་པ། །སྲབ་མཐུག་མེད་ཅིང་སྙོམས་པར་བྲི། །ལྷ་མཚན་སོ་སོའི་གནས་རྣམས་སུ། །སྐུ་ཡི་ཕྱག་མཚན་ས་བོན་ནམ། །ཡང་ན་མདོག་མཐུན་ཐིག་ལེ་ནི། །གསལ་ལ་མ་འདྲེས་མཛེས་པར་བཀོད། །ཅེས་སོ། །དེ་ལྟར་ལེགས་པར་གྲུབ་ནས་སློབ་དཔོན་གྱིས་ཐིག་ཚོན་དང་བཅས་པ་ལ་ལན་གསུམ་བསྐོར། ཡི་གེ་བརྒྱ་པས་ཉམས་ཆག་བཤགས། དཀྱིལ་འཁོར་ལ་ཉེས་སྐྱོན་བརྟག་ཅིང་ཆད་ན་གསོ། ལྷག་ན་དབྱི། སྐྱོན་དང་བྲལ་བར་མཐོང་


JLAZ008_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྟ་གོན་གྱི་དུས་ཀྱི་ནམ་མཁའི་ལྷ་ཚད་མེད་བཞིའི་སྔགས་རྒྱས་དལ་ལ་བསྟིམ་ཞིང༌། རྟེན་འབྲེལ་སྙིང་པོ་དང་ཤིས་པ་བརྗོད་ཅིང་མེ་ཏོག་གཏོར། ཐིག་ཚོན་གྱི་ཡེ་ཤེས་པ་བཛྲ་མུས་གཤེགས་ལ་མི་མངོན་པར་བསྡུ་བར་བྱའོ། །དེ་ལྟ་བུའི་དཀྱིལ་འཁོར་ཆེ་ཆུང་གི་ཚད་ནི། གསང་བ་སྙིང་པོ་ལས། ཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཡང་ན་ལུས་ཀྱི་གསུམ་གྱི་ཚད། །ཅེས་དང༌། ཡང་ན་ཁྲུ་ནི་བཅུ་དྲུག་དང༌། །ཉི་ཤུ་ངམ་ཉི་ཤུ་རྩ་ལྔར་བྱ། །ཞེས་སོ། །གཉིས་པ་རྒྱན་དགྲམ་པ་ནི། གནས་ཁང་བྱི་དོར་གྱིས་འཐད་པར་བྱས་པ་ལས་རྒྱན་གནམ་རྒྱན་ལ་སོགས་རྒྱན་ལ་སོགས་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་མཉྫིའམ་ཁྲིའུའི་ཁར་སྟ་གོན་ཇི་ལྟ་བའམ། སྔར་དཀྱིལ་འཁོར་ལྷག་གནས་བྱས་པའི་བུམ་པ་སྤྲོས་པ་ཆེ་སྐབས་སྤོས་རོལ་དང་བཅས་སྤྱན་དྲངས། །དཀྱིལ་འཁོར་ལ་གཡས་སུ་བསྐོར་བ་དང་བཅས་འགོད། དེའི་སྟེང་དུ་ཐོད་པ་མེ་ལོང་སོགས་སྟ་གོན་ཇི་ལྟ་བའམ། ཡང་ན་གཙོ་ཆེན་བུམ་པ་རང་གནས་ཁ་རྒྱན་དུང་ཆོས་སྐུ་རྟེན་ཙཀླི་གཟུངས་ཐག་དང་བཅས་པའི་གཡས་སུ་བཀའ་རབ་འབྱམས་ཀྱི་དོན་དུ་ལམ་རྒྱས་པའི་དབང་སྒྲུབ་གཏོར་མ་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་གི་ཙཀླི་དང་བཅས་པ། གཡོན་དུ་གསང་དབང་


JLAZ008_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གི་དོན་དུ་ཐོད་པ་རྫས་ལྡན་མ་དཱ་ན་དང་ཀར་བུར་བདུད་རྩིའི་ཕུར་མ་སོགས་ཀྱིས་བལྟམས་པ་དར་དམར་བརྒྱད་ལྟེབ་ཀྱིས་གཡོགས་པའི་ཁར་ཤེར་དབང་གི་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཅན་གྱི་སྟེང་དུ་དྲིལ་བུ་དང་ཤེར་ཙག །དབང་བཞི་པའི་དོན་དུ་རྡོ་རྗེ་སེམས་དཔའི་མེ་ལོང་ཞེས་རང་བྱུང་གི་ཤེལ་ཟུར་བརྒྱད་པ་ཨོ་རྒྱན་ཡབ་ཡུམ་གྱི་སྐུ་འབག་དང་བཅས་པ་ལ་དར་དམར་གྱི་གུར་ཕུབ། མདུན་དུ་དྲག་པོ་སྒྲོལ་དབང་གི་ལྕགས་ཕུར། མེ་མཚམས་སུ་ཁྲུས་བུམ། དབང་ལྡན་དུ་ལས་བུམ། ཕྱི་རོལ་དུ་ཁྲོ་བོ་བཅུའི་ཕུར་པ་རྣམས་འགོད་ཅིང༌། དེ་ཡང་སྟེང་ཤར་གྱི་ཤར་དང༌། འོག་ནུབ་ཀྱི་ནུབ་ཏུ་འགོད་པ་དཀྱིལ་འཁོར་ལ་བར་ཆད་བསྲུང་བའི་ཕྱིར་ཡིན་ལ། གཞན་དུ་དབང་རྫས་ལ་ཕུར་པ་འདི་དག་དམིགས་ཀྱིས་མ་བསལ་བས་མ་གྲུབ་ཀྱང་ཆོག་གོ། །འོན་ཏེ་སྒྲུབ་མཆོད་ཆེན་མོ་དང་སྨན་སྒྲུབ་ལ་སོགས་པའི་ཚེ་སྒྲུབ་རྫས་དམིགས་ཀྱིས་བསལ་བ་འགོད་དགོས་ཤིང༌། འགོད་ལུགས་ཀྱང་ལྡིང་ཁྲི་རིམ་པ་གསུམ་གྱི་རྩེ་མོར་དབང་རྫས་འདི་དག་བཤམས་པ་ཡིན་ལ། འདིར་དབང་ཁོ་ན་གཙོ་ཆེ་བར་བཤད་པས་གཞན་རྣམས་ཟུར་འདེབས་ལས་རྟོགས་པར་བྱའོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་མཐའ་སྐོར་ལས། ཤར་དུ་མཆོད་ཡོན། ཤར་ལྷོ་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ།


JLAZ008_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས། བྱང་ཤར་དུ་མཚམས་འཛིན་མེ་ཏོག །ཤར་ཕྱོགས་སུ་མཆོད་གཏོར་གང་རྒྱས་སྨན་རག་གིས་མཐའ་བརྟེན་པ་དང༌། ཅི་རིགས་པར་ཚོགས་མཆོད་ལ་སོགས་པ་བཤམ། དཀྱིལ་འཁོར་གྱི་ཕྱོགས་བཞིར་གྲི་བཞི། ཟུར་བཞིར་རྒྱ་མཚན་བཞི། དར་དང་མེ་ལོང་གིས་བརྒྱན་པའི་མདའ་བརྒྱད་ཕྱོགས་མཚམས་རྣམས་སུ་བཀོད་པ་ལ་ཚོན་སྐུད་ཀྱི་དྲྭ་བས་རྩིབས་བརྒྱད་རིས་སུ་སྦྲེལ། སྟེང་ནས་རྨ་བྱའི་གདུགས་དང་བླ་བྲེས་ཕུབ། སྟག་ལྤགས་སམ་ཞིང་ཆེན་གྱི་གབ་དཀྲིས་བྱ། དེའི་ཕྱི་དར་པང་ལ་སོགས་པའི་ཡོལ་བས་གྲུ་བཞིར་སྦྲེལ། མདོར་ན་དཀྱིལ་འཁོར་གྱི་རྒྱན་བཀོད་མཛེས་ཤིང་བྱིན་ཆགས་པར་བགྱིས་ལ་འབྱུང་བ་གསུམ་གྱིས་སྦྱང་བ་དང༌། ལས་ཆུས་ཀྱང་གཏོར། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ་པ་དང་ལྷན་ཅིག་སུམ་བྷ་ནིའི་སྔགས་ཀྱིས་བགེགས་བསྐྲད། དེ་མ་ཐག་ཏུ་མཆོད་པ་བྱིན་བརླབ་བསྡུས་ཙམ་དང་བྱིན་འབེབས་པའང་བྱ་ཞིང༌། སྐབས་འདིར་སྟ་གོན་གྱི་ཡེ་ཤེས་པ་དཀྱིལ་འཁོར་ལ་བསྟིམས་པའང་ཡོད། འདིར་གང་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་གྲུབ་མ་ཐག་བྱས་པས་བར་ཆད་མི་འཇུག་པའི་ཁྱད་པར་ཡོད་པའང་ཤེས་པར་བྱ་ལ། གཞན་ཡང་དཀྱིལ་འཁོར་གྱི་མདུན་དུ་དབང་གི་དངོས་གཞི་ལ་ཉེ་བར་མཁོ་བའི་མིག་དར།


JLAZ008_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐུར་མ། སོ་ཤིང་ཅོད་པན། བགྲང་ཕྲེང༌། ལིངྒ། ཕྱག་ཤིང༌། དུང་དཀར། གདན་འཁོར། སྒྲུབ་གཞུང་གི་པོ་ཏི་སོགས་གོ་རིམ་ལྟར་ཉེར་བསྡོག་བྱ་ཞིང༌། དེར་མ་ལྟོས་པ་གུ་གུལ། སྤོས་རོལ། འཐོར་ནས། བྱིན་འབེབས་ཀྱི་དུད་རྫས་སོགས་མངོན་པར་འདུ་བྱ་བ་གཅེས་སོ། །གཉིས་པ་དངོས་གཞིའི་བྱ་བ་ལ་གསུམ། དཀྱིལ་འཁོར་སྒྲུབ་པ། བདག་ཉིད་འཇུག་པ། གཞན་ལ་དབང་བསྐུར་བའོ། །དང་པོ་ནི། སྣོད་བཅུད་སྟོང་གསལ་ནས་བཟུང་བདག་མདུན་དབང་དོན་དེ་ཉིད་གསལ་བ་ལྟར་ལས་གཞུང་བསྲང་ཞིང༌། དེ་ཡང་སྒོམ་དོན་ནི། དཀྱིལ་འཁོར་གཞན་ལྟར་བློའི་འཇུག་པས་བདག་མདུན་ཆོ་ག་གཅིག་གིས་བསྐྱེད་པ་ཡང་མ་ཡིན། སྔགས་གསར་མ་ལྟར་དཀྱིལ་འཁོར་རེ་ལ་ཆོ་ག་ཆ་ལག་དང་བཅས་པས་མཐར་ཆགས་སུ་བསྐྱེད་པའང་མ་ཡིན་པར། ལུགས་སྲོལ་འདི་ལ་བདག་བསྐྱེད་ཟབ་མོ་ལུས་དཀྱིལ་ནང་ཨ་ནུ་ཡོ་ག་ལྟར་གསལ་བ་ལ། མདུན་བསྐྱེད་རྒྱ་ཆེན་ཕྱི་དཀྱིལ་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་གསལ་ཞིང༌། ཕྱི་མའི་ཚིག་དོན་གྱི་རྒྱུ་དུས་ཕྱི་ཡི་དཀྱིལ་འཁོར་རྣམ་ལྔ་ལས་དབྱིངས་སུ་དབང་ལྷ་དང༌། བུམ་པའི་བསྐྱེད་ཆོག་ཀྱང་གཟུགས་བརྙན་གཅིག་མེ་ལོང་ཐ་དད་པར་ཤར་བ་ལྟར་ཀ་དག་རང་བྱུང་གི་དབྱིངས་ལས་ལྷུན་གྲུབ་ཐུགས་རྗེའི་རང་རྩལ་འགོག་ཏུ་མེད་པའི་སྣང་ཆའི་རྟེན་འབྲེལ་


JLAZ008_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆབ་གཅིག་པར་བསྐྱེད་པ་ཡིན་ནོ། །གཞུང་གཞན་དུ་དབང་ལྷ་འདི་དབང་བསྐུར་དུ་ཉེ་བའི་ཚེ་དེ་མ་ཐག་པར་སྤྱན་འདྲེན་པ་ཡོད། དེ་ལྟ་ན་རྡུལ་ཚོན་ལ་སོགས་པར་སྒྲུབ་པའི་དཀྱིལ་འཁོར་གྱིས་དབང་བསྐུར་བའི་བྱ་བ་མི་མཛད་དམ་ཞེ་ན། བྱ་བ་དངོས་མི་མཛད་དེ་དགོངས་པ་གཏད་པའི་སྒོ་ནས་དབང་བསྐུར་བས་ན་དཀྱིལ་འཁོར་དེ་ལས་དབང་ཐོབ་པའི་སྒྲ་བཤད་བཞག་སྟེ། དོན་ལ་དབྱིངས་ཀྱི་དབང་ལྷ་དང་རྡོ་རྗེ་སློབ་དཔོན་གཉིས་སུ་མེད་པས་དབང་གི་བྱ་བ་མཛད་པའི་ཕྱིར་རོ། །དེ་ཅི་ཞེ་ན། རིག་པའི་མེ་ཏོག་ནམ་མཁར་འབུལ། །ཞེས་དང༌། དཀྱིལ་འཁོར་མ་བསྡུས་པའི་གོང་དུ། ཛཿཧཱུྃ་བྃ་ཧོཿས་དབང་ལྷ་རྣམས་དང་༔ ཡི་གེ་གསུམ་གྱི་རྣམ་པར་ཐིམ༔ ཞེས་པས་ཤིན་ཏུ་གསལ་བར་གོ་ནུས་སོ། །དེ་ལའང་བསྐྱེད་གཞིའི་དཀྱིལ་འཁོར་ལ་རྡོ་རྗེ་སློབ་དཔོན་གྱི་དགོངས་སྤྱོད་ཀྱི་བརྟུལ་ཞུགས་དང་སྦྱར་བའི་དབྱེ་བ་བཞིར་ཡོད་དེ། སློབ་དཔོན་རྫོགས་པའི་སངས་རྒྱས་ཀྱི་སློབ་མ་ས་བཅུ་རྒྱུན་མཐའ་ལ་ཞུགས་པའི་སེམས་དཔའ་ཆེན་པོ་དག་ལ་འབྲས་དུས་ཀྱི་དབང་འོད་ཟེར་ཆེན་པོའི་རང་བཞིན་དུ་བསྐུར་བའི་དག་ཆེན་ཡེ་ཤེས་ཀྱི་དཀྱིལ་འཁོར། སློབ་དཔོན་མཐར་ལམ་ལ་ཞུགས་པས་སློབ་མ་མཐོང་སྒོམ་གྱི་ས་ལ་ཞུགས་པའི་བྱང་སེམས་རྣམས་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནམ་མཁའ་


JLAZ008_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་པར་སྤྲུལ་ནས་བསྐུར་བ་དབྱིངས་རིག་གྲུབ་པའི་དཀྱིལ་འཁོར། སློབ་དཔོན་ས་ལ་བཞུགས་པའི་རིག་འཛིན་ཅན་གྱིས་སློབ་མ་ཚོགས་སྦྱོར་གྱི་ཡོན་ཏན་མཐར་ཕྱིན་པ་དག་ལ་ཉམས་སྣང་སྒྱུ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་རིག་པ་ཉམས་ཀྱི་དཀྱིལ་འཁོར། སློབ་དཔོན་གཡོ་ཐོབ་གོམས་བརྟན་གྱི་ཏིང་ངེ་འཛིན་ཚད་དུ་ཕྱིན་པ་དག་གིས་སློབ་བུ་དད་བརྩོན་དམ་ཚིག་ཅན་ཡང་རབ་ལ་ལུས་དཀྱིལ། རབ་ལ་ཚོམ་བུ། འབྲིང་ལ་རས་བྲིས་སམ་ཆུ་ཚོན། ཐ་མ་རྡུལ་ཚོན་ཏེ་བུམ་དབང་གི་དཀྱིལ་འཁོར་དང༌། མཆོག་དབང་གོང་མ་གསུམ་ལ། ཀུན་རྫོབ་བྱང་སེམས། ཕྱག་རྒྱའི་བྷ་ག །དོན་དམ་བྱང་སེམས་ཏེ་རང་བྱུང་གི་དཀྱིལ་འཁོར་གསུམ་ལ་བརྟེན་ནས་དབང་བསྐུར་བ་ནི་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཏེ། ཚུལ་འདི་ཡི་གནད་ཀྱིས་བླ་ན་མེད་པའི་རྒྱུད་སྡེའི་བཅུད་ཕུར་ཆེན་པོ་འདིར། དེ་ལྟར་བདག་ཉིད་གསལ་བའི་མདུན་དཀྱིལ་དུ༔ རྒྱུ་དུས་ཕྱི་ཡི་དཀྱིལ་འཁོར་རྣམ་ལྔ་ལ༔ ཞེས་པ་ལ་སོགས་པའི་རྡོ་རྗེའི་ཚིག་གིས་གོ་ཕྱེ་བ་ཡིན་ལ། སྔོན་ཆད་རྡོ་རྗེའི་ཚིག་རྐང་གི་མདུད་པ་འདི་དགོངས་པའི་རྩལ་གྱིས་འགྲོལ་ཤེས་པ་མ་བྱུང་བས་མོས་སྒོམ་པ་ཡིད་ཅུང་ཟད་གཞུངས་པ་རྣམས་སྐབས་འདིར་བཀའ་བརྒྱད་ཀྱི་བསྐྱེད་ཆོག་རིམ་པ་གཉིས་སུ་དོགས་ནས་འཕྱང་མོ་ཉུག་ཅིང༌། དཔྱོད་ལྡན་དག་


JLAZ008_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཀྱང་སྟ་གོན་གྱི་བུམ་པའི་བསྐྱེད་ཆོག་ལ་བདག་མདུན་གྱི་ཆོ་ག་ཡོངས་རྫོགས་བཅུག་པ་སོགས་ནོངས་པ་དུ་མ་མངོན་དུ་བསལ་བའི་ཕྱིར་བདག་ཅག་གིས་འཕྲུལ་གསང་ཆེན་མོ་འདི་རྟོགས་པའང་ཀུན་མཁྱེན་ཤཱནྟ་པུ་རི་བའི་བྱིན་རླབས་ཡིན་པར་བལྟའོ། །དེའི་ཕྱིར་མན་ངག་དེ་ལྟ་བུ་ཁོང་དུ་ཆུད་པས་གཟུ་ལུམས་དང་རས་ཆོད་སྤངས་ཏེ་དཀྱིལ་འཁོར་སྒྲུབ་པའི་རིམ་པ་ལ་འཇུག་ཅིང་བསྙེན་སྒྲུབ་ནན་ཏན་གྱི་རྗེས། འོད་ཟེར་ཕར་འཕྲོས་མགར་གྱི་སོལ་མལ་གྱི༔ ཞེས་སོགས་ཀྱིས་བདག་མདུན་གྱི་ཛ་པ་ལ་དག་པ་བརྗོད། དེ་ནས་བུམ་པ་ལ་དམིགས་ཕྱེད་པའི་བཟླས་པ་ནི། གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། ལྷ་རྣམས་བསྙེན་སྒྲུབ་སྔགས་མཇུག་ལ། །དབང་གི་གསང་སྔགས་འདི་བཏགས་བསྙེན། །ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾཿ འོད་ཟེར་སྤྲོ་བསྡུས་སྦྱོར་བ་ཡིས། །སྒྲུབ་རྫས་ལྷར་གསལ་བདུད་རྩིར་བསྒྱུར། །སློབ་བུའི་སྒོ་གསུམ་སྒྲིབ་པ་སྦྱང༌། །ཞེས་པ་ལྟར་ཛཔ་དམིགས་ཀྱི་ཁྱད་པར་དེ་ལྟ་བུའི་སྔགས་ཀྱི་ལྡེ་ཐུང་གདགས་ལུགས་ཤེས་དགོས་ལ། དེ་ཡང་མན་ངག་སྙིང་གཟེར་ནག་པོར། བསྙེན་པ་བྷྱོ༔ ལ་སྒྲུབ་པ་ཕཊ། །ལས་སྦྱོར་དུས་སུ་སྭཱ་ཧཱ་དུག །ཅེས་སྔགས་ཀྱི་དུག་སྐྱོན་རྣམ་གསུམ་དབྱུང་དགོས་པའི་ཕྱིར་འདིའི་མཇུག་གི་ལས་སྔགས་མེ་དཔུང་མ་དོར་བ་ལ་དབང་གི་ལས་ལ་སྦྱོར་བའི་ཤམ་


JLAZ008_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གདགས་པ་སྟེ། ཇི་ལྟར་ན། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སོགས་ནས། སརྦ་ཌཱཀྐི་ནི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛཿཀཱ་ཡ་ཝཱ་ཀྐ་ཙིཏྟ་ས་བྷི་ཥིཉྩ་ཨོཾ། ཞེས་གཟུངས་ཐག་ལ་འཇུས་ནས་ཅི་ནུས་བཟླ། དེའི་ཚེ་གསང་རྫས་ཐོད་པའི་དཀྱིལ་འཁོར་དུའང་ཨོ་རྒྱན་ཡབ་ཡུམ་མཉམ་པར་རོལ་པའི་ཐུགས་བདེ་སྟོང་ཆེན་པོའི་རོས་ཚིམས་པས་ཐུགས་བརྒྱུད་བསྐུལ། སློབ་མའི་སྒོ་གསུམ་གྱི་དྲི་མ་སྦྱང༌། སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་དཔག་ཏུ་མེད་པ་བྱུང་བས་བྷནྡྷའི་ནང་ཁེངས་པར་བསམ། དེ་བཞིན་དུ་གཡས་ཀྱི་ཁྲུས་བུམ་ནང་དུ་རྡོ་རྗེ་སེམས་དཔའ་དཀྲོང་བསྐྱེད་ལ་དམིགས་ནས་ཡིག་བརྒྱ་ཅི་ནུས་དང༌། གཡོན་གྱི་ལས་བུམ་དུ་བདུད་རྩི་འཁྱིལ་པ་དམིགས་པ་ལ་ཀུཎྜ་ལི་ཅི་མང་བཟླས་རྗེས། བུམ་པ་གསུམ་གའི་ལྷ་ལ་དམིགས་ནས་མཆོད་བསྟོད་མདོར་བསྡུས་མཐར། བུམ་པ་གསུམ་གྱི་ལྷ་རྣམས་བདེ་སྟོང་ཆེན་པོའི་རྣམ་རོལ་དུ་འོད་དུ་ཞུ་ནས་རང་རང་གི་བྱེད་ལས་འགྲུབ་པའི་ནུས་པ་ཅན་དུ་གྱུར། ཞེས་བརྗོད་ཅིང་དུང་ཆོས་ཀྱི་ཆུ་ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་དུ་ཕུལ། དེ་རྗེས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པ་དང་དག་པ་བརྗོད་པ་ནི། ཧཱུྃ༔ ཆོས་དབྱིངས་མ་བཅོས་སྐྱེ་བ་མེད་པའི་ངང་༔ སོགས་བརྗོད། གཙོ་བུམ་ནས་ལས་བུམ་ལ་ཅུང་ཟད་ལྡུག་པར་བྱའོ། །གཉིས་པ་བདག་འཇུག་བླང་


JLAZ008_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། སྤྱིར་གསང་སྔགས་སྔ་འགྱུར་གྱི་ཕྱོགས་ལ་བདག་ཉིད་དཀྱིལ་འཁོར་བའི་ལྷ་དང་རང་བཞིན་དབྱེར་མེད་དུ་རྟོགས་པའི་བདེན་པས་བཟླས་པའི་ཚེ་ཏིང་ངེ་འཛིན་གྱིས་དབང་བླང་བའམ། སྒོ་ཕྱེ་ནས་རིག་པའི་མེ་ཏོག་དོར་པ་ཙམ་གྱིས་ཀྱང་དགོས་པ་འགྲུབ་པའི་ལུགས་ཡོད་དེ། འདིར་ནི་བསོད་ནམས་ཀྱི་ཚོགས་སྤེལ་བ་དང༌། རང་རྒྱུད་ཀྱི་སྔགས་སྡོམ་རྣམ་པར་དག་ཅིང་ཇེ་བཟང་དུ་འགྱུར་བ་དང༌། ལམ་དང་འབྲས་བུའི་དབང་གི་ཐོབ་བྱའི་རྟེན་འབྲེལ་ཁྱད་པར་ཅན་རྣམས་ཤེས་རྒྱུད་ལ་འཇོག་པའི་ཕྱིར་བདག་འཇུག་དམིགས་ཀྱིས་བསལ་བ་ཡིན་ཏེ། སྒྱུ་འཕྲུལ་རྩ་རྒྱུད་ལས། ཀུན་བྱས་དབང་ཕྱུག་རིམ་པས་འཇུག །དེ་ནས་སློབ་མ་འཇུག་པར་བྱ། །ཞེས་བཤད་པ་དང་དོན་འབྱོར་ལ། དེའང་བདག་ཉིད་ཀྱི་རིག་པ་གདོད་ནས་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པ་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པ་དེ་དབང་ལེན་བྱའི་ཡུལ་རྡོ་རྗེ་སློབ་དཔོན་གྱི་ངོ་བོར་བྱས་པ་ལ། སྲིད་པའི་རྣམ་འགྱུར་བདག་འཛིན་ལས་བྱུང་བའི་གློ་བུར་བག་ཆགས་ཀྱི་རྟེན་དབང་ནོད་པའི་སློབ་བུར་བྱས་པས། ཁྲུས་ནས་དབྱུང་བ་དང༌། བགེགས་གཏོར་བསྔོ་བ། མཎྜལ་འབུལ་བ། མིག་དར་འཆིང་བ་སོགས་སྔོན་དུ་སོང་ནས། རྡོ་རྗེ་སློབ་དཔོན་དགོངས་


JLAZ008_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། ཞེས་སྙིམ་པ་མེ་ཏོག་དང་བཅས་གསོལ་བ་གདབ་པ་ནས་བཟུང་དབང་གི་བྱ་བ་ཡོངས་སུ་རྫོགས་པའི་བར་ཚིག་དོན་ཡིད་ལ་བརྣག་པས་འཇུག་པར་བྱ་ཞིང༌། མཇུག་ཏུ་བདག་གི་ལུས་དང་ལོངས་སྤྱོད་ཀུན༔ ཞེས་པ་ནས་ཚེ་གཅིག་གྲོལ་འགྱུར་གདམས་མཆོག་སྩོལ༔ ཞེས་པ་ཡན་ལས་མི་བརྗོད་དེ། འདི་བདག་འཇུག་རྐྱང་པའི་སྐབས་མ་ཡིན་པར་སློབ་མ་དབང་གདོད་ཀྱི་བསྐུར་དགོས་པའི་ཕྱིར། །ཕྱག་རྒྱ་བཞིའི་སྔགས་ཀྱིས་དབང་ལྷ་མི་བསྟིམ་པ་ཁོ་བོའི་མན་ངག་གོ། དེ་ནས་སློབ་བུ་འཇུག་པར་གནང་བ་ཞུ་བ་ནི། བཅོམ་ལྡན་འདས་བདེ་བར་གཤེགས་པ་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་ཆེན་པོར་བདག་གིས་སློབ་མ་རྣམས་འཇུག་པར་འཚལ་བས་ཐུགས་རྗེ་ཆེན་པོས་གནང་བར་མཛད་དུ་གསོལ། ཞེས་བརྗོད་པས་ལྷ་ཚོགས་རྣམས་ཀྱི་དེ་དེ་བཞིན་དུ་གནང་པ་བྱིན་པར་བསམ་མོ། །གསུམ་པ་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་ལ་གཉིས། འཇུག་པ་དང༌། དབང་གིས་སྨིན་པར་བྱ་བའོ། །དང་པོ་ལའང་གཉིས། ཕྱི་འཇུག་དང་ནང་འཇུག་གོ། །དང་པོ་ནི། སྒྲུབ་ཁང་གི་ཕྱི་རོལ་དུ་རྡོ་རྗེ་རྒྱལ་ཐེབས་ཀྱིས་སློབ་མ་ལས་བུམ་གྱི་ཆུས་དག་པར་བཀྲུ་ཞིང་བདུད་རྩི་འཁྱིལ་པའི་སྔགས་བརྗོད། སྔོན་ཆད་གཉིས་སུ་འཛིན་པ་དང་མ་རིག་པའི་ལེང་ཏོག་གིས་ལྡོངས་ཏེ་དཀྱིལ་


JLAZ008_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ལྷ་ཚོགས་མ་མཇལ་བའི་བརྡར། བཛྲ་ཙཀྵུ་བྷནྡྷ་ཝཱ་ར་མ་ན་ཡེ་སྭཱ་ཧཱ༔ སྔགས་དོན་ཡིད་ལ་མཆོག་ཏུ་བྱ་བའི་ཕྱིར་མིག་དར་འཆིང་ཞེས་པའོ། །ཞེས་མིག་དར་དམར་པོ་འཆིང༌། གདོད་དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ལག་སྟོང་དུ་མཇལ་ན་མི་རུང་བས་སྐབས་དེར་འབུལ་བའི་ཕྱག་རྟེན་ཨུ་དུམ་ཝཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་དམར་པོ་རེ་བྱིན་པར་མོས་ལ། ཧཱུྃ་ལས་བྱུང་བའི་མེ་ཏོག་འདི༔ ཨུ་དུམ་ཝཱ་ར་མནྡཱ་ར༔ ཡོངས་འདུ་དང་ནི་མ་ལི་ཀཱ༔ ཀ་ར་ཝཱི་རའི་མེ་ཏོག་ཕྲེང་༔ ལེགས་པར་མནོས་ཏེ་བུ་ཁྱོད་ཟུང་༔ ཨ་ཁཾ་ཝཱི་ར་ཧཱུྃ། ཨ་སྣང་མཐའ། ཁཾ་དོན་གྲུབ། ཝཱི་རྣམ་སྣང༌། ར་རིན་འབྱུང༌། ཧཱུྃ་མི་བསྐྱོད་པའི་ས་བོན་ཏེ། ཡིག་འབྲུ་རང་རང་ལས་སྐྱེས་པའི་མེ་ཏོག་གི་ཕྲེང་བ་རང་རང་སྐྱེད་བྱེད་ཀྱི་ཡི་གེས་མཚན་པར་སྒོམ་ལ། སྔགས་དོན་ནམ་མཁའི་དཔའ་བོ་ཞེས་པར་བཤད་དོ། །ཞེས་གཏད། དེ་ནས་སློབ་བུ་རྣམས་ལག་པ་སྦྲེལ། ལས་ཀྱི་རྡོ་རྗེས་རྡོར་དྲིལ་བཟུང་ནས་གཟུངས་ཐག་ལ་སྤྲེལ་ཞིང་ཚོགས་ཁང་ངམ། ཡང་ན་ཕྱི་རོལ་དུ་མོས་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ་ཞིང་སྒོ་དྲུང་ནས། ཀྱེ་སྒོ་བ་གིང་ཆེན་དགོངས་སུ་གསོལ། །ཁྱོད་ནི་ཁྲོ་བོ་ཆེན་པོའི་ཚུལ། །མཚོན་ཆ་སྣ་ཚོགས་འཛིན་པའི་སྐུ། །བདག་ནི་འཁོར་བ་ལས་སྒྲོལ་ཕྱིར། །ཁྱེད་ཀྱིས་གནང་ཞིང་གཏང་དུ་གསོལ། །སྒོ་བས་ལན་དུ། བདག་ནི་ལས་ཀྱི་སྒོ་བ་སྟེ། །བཀའ་ཉན་


JLAZ008_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་སྡོམ་ལས་མཁན་ཡིན། །གསང་སྔགས་དཀྱིལ་འཁོར་འཇུག་པ་ན། །ལས་དང་སྐལ་བར་ལྡན་ ནམ་ཅི། །ཞེས་པའི་ལན་དུ། །ཀྱེ་སྒོ་བ་གིང་ཆེན་དགོངས་སུ་གསོལ། །བདག་ཅག་ལས་དང་སྐལ་བ་ཅན། །དམ་ཚིག་དང་ནི་སྡོམ་པར་ལྡན། །དཀྱིལ་འཁོར་གཞུག་ཅིང་དབང་ནོད་འཚལ། །ཞེས་ལན་བཏབ། ནང་ནས། ཧཱུྃ་སྐལ་ལྡན་ལས་ཅན་དམ་ཚིག་ལྡན་པའི་བུ། །སྟོན་པའི་བཀའ་བསྒྲུབ་དམ་ལ་གནས་བྱེད་ན། །དངོས་གྲུབ་འདོད་པས་ཐེ་ཚོམ་ལོག་ལྟ་སྤོངས། །མོས་གུས་སྤྲོ་བ་བསྐྱེད་ལ་ནང་དུ་ཤོག །བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཤེས་བརྗོད་ལ་སྒོ་ཕྱེ། སློབ་བུར་ཆགས་ཤིང་དངོས་གྲུབ་ཟབ་མོ་བསྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ལ་གཏོར་མ་བྱིན་ཞིང་བཀའ་བསྒོ་དྲག་སྔགས་དང་རོལ་མོ་དྲག་ཏུ་སྒྲོག །སྒོ་ནང་ན་གནས་པའི་ཆས་ཞུགས་གིང་པས་ཐུན་བརྡེག་ཅིང༌། ཁྲོ་བོའི་ང་རྒྱལ་གྱིས་གཟིར། གུ་གུལ་གྱི་བདུག་པ་དང་ཆབ་གཅིག་སློབ་བུ་ནང་དུ་བཏང༌། སྒོ་བཅད་ལ་སྲུང་བའི་འཁོར་ལོ་སྒོམ། དེ་ནས་སློབ་བུ་རྣམས་ཡོལ་བའི་ཕྱིར་འཁོད། ཕྱག་བྱ། གྲལ་མི་འཕྱུགས་པར་འདུག་ལ། སློབ་དཔོན་གྱིས་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་གྱི་དགོངས་པ་མི་གཡེལ་ཞིང་མཐོང་ན་མི་མཐུན་པ་མེད་པའི་བཞུགས་སྟངས་དང༌། སྒོམ་དོན་དཀྱིལ་འཁོར་གྱི་ཤར་སྒོའི་མདུན་སྣ་ཚོགས་རྡོ་རྗེའི་དབུས་རྭའི་ཐད་ཙམ་དུ་ཡོད་པའི་མོས་པ་བྱ།


JLAZ008_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་ལ་བསྙེངས་པ་བྲལ་ཞིང་ངག་རྟབ་པ་དང༌། བརྗོད་པ་ཟུར་ཆག་པ་ལ་སོགས་པའི་སྐྱོན་གྱིས་མ་གོས་པར་འཇམ་པའི་གཞོན་ནུ་ལྟ་བུའི་ངག་གིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཀུན་གྱི་མཆོག་ལྡན་ཟུང་འཇུག་བླ་ན་མེད་པའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འགོག་ལམ་གྱི་བདེན་པའི་མཐུ་ཅན་དམ་པའི་ཆོས་ཟབ་མོ་ལེགས་པར་གསན་སྙམ་པའི་མོས་པ་མི་ཕྱེད་པ་ལ་ཡིད་གཞུངས་པ་ཞུ། དེ་ཡང་དང་པོར་ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་ལ་སྤང་བྱ་དང༌། བསྒྲུབ་བྱ་གཉིས་སུ་ཡོད་པ་ལས་སྤང་བྱ་ནི། སྣོད་ཁ་སྦུབ་པ་ལ་བཅུད་བཟང་པོ་ཆགས་པའི་གོ་སྐབས་མེད་པ་ལྟ་བུ་སེམས་གཞན་དུ་ཡེངས་པ་དང༌། སྣོད་ཞབས་རྡོལ་དུ་བཅུད་བླུགས་ཀྱང་རང་སར་ཟགས་ཏེ་མི་གནས་པ་ལྟ་བུ་ཉན་ཡང་ཚིག་དོན་ཡིད་ལ་མི་གཟུང་བ་དང༌། སྣོད་དུག་ཅན་ལ་བཅུད་བཟང་པོ་བླུགས་ཀྱང་དུག་དང་འདྲེས་པས་བཟར་མི་རུང་བ་ལྟར་བླ་མ་དང་ཆོས་ལ་ལོག་པར་རྟོག་ཅིང༌། མཉམ་འགྲོགས་དང་ཐོས་པའི་ང་རྒྱལ་སོགས་ཆོས་ཉོན་མོངས་པའི་གྲོགས་སུ་སོང་བ་སྟེ་སྣོད་ཀྱི་སྐྱོན་གསུམ། དེ་བཞིན་དུ་དྲི་མ་དྲུག་ནི། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བ་ཉན་པའི་དྲི་མ་ཡིན། །


JLAZ008_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྣམ་བཤད་རིག་པ་ལས་བཤད་པ་བཞིན་ཆོས་ཐོས་པའི་ཆ་ནས་ཁོང་བས་ང་ལྷག་སྙམ་པའི་ང་རྒྱལ། འཆད་ཉན་གྱི་ནུས་པ་བདག་ལའང་ཡོད་སྙམ་པའི་མ་དད་པ། ཕྱི་བཤོལ་དང་ལེ་ལོའི་དབང་གིས་དོན་དུ་མི་གཉེར་བ། ཚོགས་དྲུག་ཐ་མལ་དུ་གོལ་ནས་རྣམ་པར་གཡེང་བ། ཉན་པའི་ཚེ་གཉིད་རྨུགས་སུ་གྱུར་པ་དང༌། ཅི་མི་སྙམ་པས་བསམ་གཏན་གྱི་ངང་དུ་ཡིད་སྡུད་པ། ཆོས་ཐུན་ཡུན་རིང་དང༌། མ་གོ་བས་སྐྱོ་བར་གྱུར་པ་རྣམས་ཀྱི་གཉེན་པོར། མདོ་ལས། དགེ་སློང་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག །ཅེས་པས་སྤང་བྱ་ཟིལ་གྱིས་ནོན་པ་དང༌། བསྒྲུབ་བྱ་ནི་འདུ་ཤེས་བཞི་དང་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟེན་པ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་དང༌། ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་དབུལ་ཞིང༌། །ས་ཕྱོགས་སྤྱོད་ལམ་བསྡམ་པ་དང༌། །སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་


JLAZ008_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན། །རྟོག་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་གསུངས་པ་རྣམས་ཀྱི་དོན་ལ་ལེགས་པར་དཔྱད་དེ་གསན་པར་ཞུ། དེ་ཅིའི་ཕྱིར་སྙམ་ན་དམ་པའི་ཆོས་ཀྱི་ཚིག་གཅིག་ཙམ་ཐ་ན་དུད་འགྲོའི་རྣ་བར་ཐོས་ཀྱང་ངན་སོང་ལས་གྲོལ་བའི་ནུས་པ་ཅན་ཡིན་པར་མདོ་རྒྱུད་རྒྱ་མཚོ་ནས་བཤད་ཅིང༌། དེ་སྐད་དུ། ཤིང་རྟ་ཆེན་པོ་ཀློང་ཆེན་པས་ཀྱང༌། ཆོས་རྔ་སྒྲོག་པའི་སྒྲ་ཐོས་སེམས་ཅན་ཡང༌། །ངན་སོང་རྣམ་གྲོལ་ཉན་རྣམས་སྨོས་ཅི་དགོས། །ཞེས་གསུངས་པ་ཡིན་ལ། །དེའི་ཕྱིར་ན་རང་ཅག་རྣམས་ཆོས་ཕྱིར་འཇུག་པ་ལ་ཕྱོགས་ཐམས་ཅད་ནས་ཕྱན་སྙམ་ཚོགས་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་བསྒྲུབ་པའི་སྐལ་བ་ཅན་འདི་ལྟ་བུ་ཐོབ་པའི་ཚེ་གཏན་གྱི་མདུན་མ་བསྒྲུབ་པའི་རྟེན་འབྲེལ་དུས་ལ་བབས་པ་ཡིན་ཏེ་སློབ་དཔོན་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ༌། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པའོ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱི་ནས་ཡང་དག་འབྱོར་བ་ག་ལ་འགྱུར། །ཅེས་གདམས་པའི་ཕྱིར་དམ་པའི་ཆོས་ཀྱི་བདུད་རྩི་ཟབ་མོ་བཏུངས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་པའི་ཐབས་ལ་བརྩོན་པ་ལྷུར་ལེན་དགོས། དེ་ལྟར་ལེན་པ་ལ་དུས་


JLAZ008_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སངས་རྒྱས་རྣམས་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེ་བས་གདུལ་བྱའི་བློ་རིགས་མ་ཟད་པར་ལ་འདུལ་བྱེད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱང་དེ་སྙེད་དུ་བསྟན་པ་ཐམས་ཅད་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་སྟེ། དེའང་ནང་གསེས་ཀྱིས་དབྱེ་ན་ལང་ཀར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང༌། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་ཐ་དད་པ་བཤད་དོ། །ཞེས་མངོན་མཐོའི་ཐེག་པ་གཉིས། ངེས་པར་ལེགས་པའི་ཐེག་པ་གསུམ་དང་རྣམ་གྲངས་ལྔར་དབྱེ་བ་སོགས་ཡོད་དེ། བགྲོད་བྱའི་དབང་གིས་རྣམ་པར་གྲོལ་བའི་ཐེག་པ་ལ་རྡོ་རྗེའི་ཐེག་པ། སྔ་འགྱུར་གྱི་དབང་དུ་ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང༌། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་འཁོར་ལོ་གསུམ་གྱི་རིམ་པ་ལ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། རྒྱུད་སྡེ་བཞིའམ་དྲུག་གི་ངེས་འབྱེད་ལ་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ཞེས་གྲགས་ཏེ། དེ་ཉིད་ལས་གསང་སྔགས་ཁྱད་ཆོས་དུ་མའི་སྒོ་ནས་འཕགས་པ་ནི། ར་ལིའི་རྒྱུད་ལས། ལྟ་བ་སྤྱོད་པ་སེམས་བཟུང་དང༌། །རྒྱུད་དང་ལམ་དང་འབྲས་བུ་དང༌། །དུས་དང་ལོངས་སྤྱོད་རྣལ་འབྱོར་དང༌། །བདག་གཞན་དུས་དང་དགོས་པ་དང༌། །ངལ་དུབ་མཐའ་སྤངས་


JLAZ008_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཚེགས་ཆུང་དང༌། །ཚོགས་བསགས་པ་ཡི་ཁྱད་པར་ཏེ། །ཁྱད་པར་རྣམ་པ་བཅོ་ལྔ་ཡིས། །རིག་འཛིན་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་ལ། གང་གི་ཕྱིར་འབྲས་བུའི་ཐེག་པ་བྱ་ཞེ་ན་སམ་བུ་ཊི་ལས། བསྐལ་བ་བྱེ་བ་དུ་མ་རུ། །འགྲུབ་པར་དཀའ་བའི་སངས་རྒྱས་ཀྱང༌། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་བཤད་ལ། དེ་ལྟ་བུའི་འཕགས་ཆོས་ཅན་འབྲས་བུའི་ཐེག་པ་ལ་འཕགས་པའི་ཡུལ་དུ་གསར་རྙིང་གིས་དབྱེ་བ་མེད་ཀྱང༌། ལྗོངས་འདིར་སྒྱུར་བྱེད་ཀྱི་ལོ་ཙཱ་བ་ལ་ལྟོས་ནས་གསང་སྔགས་གསར་རྙིང་དུ་གྲགས་ཤིང༌། དེའི་ཕྱིར་སྔགས་གསར་མ་ལྟར་ན་མི་རིགས་བཞི་ལ་དགོངས་པ་དང༌། བློ་རིགས་བཞི་ལ་དགོངས་པ་དང༌། དུས་ཚོད་བཞི་ལ་དགོངས་པ་དང༌། སྦྱང་བྱ་བཞི་ལ་དགོངས་པ་དང༌། ཕྱིན་ཅི་ལོག་བཞིའི་རྗེས་སུ་འཇུག་པ་དྲང་ཕྱིར་རྒྱུད་སྡེ་བཞིར་གསུངས་པ་ཡོད་དེ་སྤྱིའི་དབང་དུ་བྱས་ན་རྡོ་རྗེ་སྙིང་པོ་བཀོད་པའི་རྒྱུད་ལས། བདེ་བར་གཤེགས་པས་དགོངས་པའི་རྒྱུད། །རྣམ་པ་བཞི་རུ་ཡང་དག་བཤད། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་སོ། །འདིར་དེ་དག་ལས་ཁྱད་པར་དུ་གྱུར་པ་གསང་སྔགས་རྙིང་མ་སྟེ། དེ་ཡང་ལོ་ཙཱ་བ་ཆེན་པོ་རོང་ཟོམ་པ་སོགས་ཁྱད་པར་དུ་


JLAZ008_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ཆེ་བ་དྲུག་འདྲེན་པའི་ལུགས་སྣང་མོད། །འདིར་འགྱུར་ཁྱད་ཀྱི་སྒོ་ནས་འཇོག་པའི་ཚེ་གདོད་མའི་མགོན་པོ་ཀློང་ཆེན་པས། དེའང་རྒྱ་གར་ན་གསང་སྔགས་ཞེས་པ་ཙམ་ལས། འདི་ནི་གསར་མའོ། །འདི་ནི་རྙིང་མའོ། །ཞེས་སོ་སོར་དབྱེ་བ་མེད་ནའང༌། བོད་འདིར་འགྱུར་སྔ་ཕྱིས་སོ་སོར་གྲགས་པ་སྟེ། ལོ་ཙྭ་བ་ཆེན་པོ་བཻ་རོ་ཙ་ན་ལ་སོགས་པ་རྒྱལ་བློན་སྔ་དར་གྱི་དུས་སུ་བསྒྱུར་བ་ནས་བཟུང་སྟེ་པཎྜི་ཏ་སྨྲྀ་ཏིའི་བར་དུ་བསྒྱུར་བའི་རྒྱུད་ལ་རྙིང་མ་ཞེས་འདོད་ལ། ལོ་ཙྭ་བ་རིན་ཆེན་བཟང་པོ་མན་ཆོད་བསྒྱུར་བའི་རྒྱུད་རྣམས་ལ་གསར་མ་ཞེས་གྲགས་སོ། །འདི་གཉིས་ལ་གོ་དཀའ་སླ་དང༌། དབྱིངས་མཇལ་བ་རླབས་ཆེ་ཆུང་ལྟར་འདུག་པ་ནི། སྔོན་གྱི་ལོ་ཙཱ་བ་རྣམས་སངས་རྒྱས་ཀྱི་སྤྲུལ་བ་ཡིན་པས་རང་དབང་བསྒྱུར་ནུས་པའི་ཕྱིར་བྱིན་རླབས་ཆེ་བར་མངོན་ནོ། །དུས་ཕྱིས་ཀྱི་ལོ་ཙཱ་བ་རྣམས་གང་ཟག་ཕལ་པའི་ལུགས་ཀྱི་མཁས་པ་རྣམས་བྱོན་པས། ཚིག་གྲིམས་ལ་གོ་དཀའ་བ་སྟེ། རྒྱ་དཔེའི་ཚིག་གི་རིམ་པ་ཙམ་ལས་དོན་འགྱུར་མ་ནུས་པས་དེ་ལྟར་དུ་བྱུང་བའོ། །ཞེས་གསུངས་པ་ལྟར་ཡིན་ལ། ཤེས་བྱེད་ཀྱི་རྒྱུད་སྡེའི་རང་ངོ་ནས་བརྗོད་ན། འདིར་མདོ་སྔགས་ཀྱི་ཆོས་འཁོར་མཐའ་དག་སྔགས་ལམ་དུ་རྩལ་རྫོགས་པར་འཆད་ནུས་པས་རིམ་པ་དགུར་འཇོག་པའང་བཤད་རྒྱུད་དགོངས་བ་འདུས་པ་ལས།


JLAZ008_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་དོན་དམ་པར་མདོའི་ཕྱོགས་ལའང་འོད་ཟེར་ཆེན་པོ་ལ་སོགས་པའི་དབང་བསྐུར་གྱི་རྣམ་གཞག་ཡོད་པ་འདིར་མངོན་དུ་ཕྱུང་ནས་བསྟན་པ་ཡོངས་རྫོགས་ཀྱི་ཚུལ་དུ་སྨིན་པར་ནུས་པ་དང༌། ཁྱད་པར་དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ་ནང་རྒྱུད་སྡེ་གསུམ་ལ་ཁམས་ཀྱི་དྲི་མ་བླང་དོར་གྱི་ངལ་དུབ་ཆེན་པོས་སྦྱོང་མི་དགོས་པར་གཞི་རྫོགས་འཕོ་མེད་ཀྱི་དབྱིངས་ལས་ཆོས་ཐམས་ཅད་རིག་པའི་ཆོ་འཕྲུལ་དུ་གདོད་ནས་མངོན་བྱང་ཆུབ་པ་བསྐྱེད་པ་མ་ཧཱ་ཡོ་ག །དྲན་རིག་ཐམས་ཅད་འོད་གསལ་ཡངས་པ་ཆེན་པོའི་ཀློང་དུ་དབྱིངས་ནས་སངས་རྒྱས་པ་ལུང་ཨ་ནུ་ཡོ་ག །རྒྱུ་རྐྱེན་རྩོལ་སྒྲུབ་ལ་མ་ལྟོས་པར་ད་ལྟའི་རིག་པ་ལ་སྐུ་གསུམ་རང་ཆས་སུ་ཚང་བའི་གནད་ཤེས་པས་འཁོར་བ་མིང་མེད་དུ་སངས་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ། དེ་དག་གི་འཕགས་ཆོས་རྒྱས་པ་ནི་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་པ་ལྟ་བུ་ཡོད་ཅིང༌། རྒྱུད་སྡེ་ཆེན་པོ་དེ་དག་འཕགས་པའི་ཡུལ་དུའང་གསང་སྔགས་ཐུན་མོང་བ་ལྟར་ཡོངས་སུ་གྲགས་པ་མ་ཡིན་ཏེ་རྒྱུད་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང༌། གྲུབ་པ་མཆོག་དང༌། རིག་པ་འཛིན་པ་དང༌། མཁའ་འགྲོ་མ་རྣམས་ཀྱིས་བཟུང་སྟེ་རང་རང་གི་གནས་དང༌། འོག་མིན།


JLAZ008_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བཙུན་མོའི་བྷ་ག་ལ་སོགས་པ་དག་པའི་ཞིང་འཛམ་བུའི་གླིང་གི་ཆ་ཤས། ཨོ་རྒྱན་དང༌། ཤ་མ་བྷ་ལ་དང༌། སིངྒ་ལ་དང༌། མ་ལ་ཡ་སོགས་ནས་རིག་འཛིན་ཆེན་པོ་བརྒྱད་དང༌། དེའི་ནང་ཚན་ལས་ཀྱང༌། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་དང༌། པདྨ་འབྱུང་གནས་དང༌། བི་མ་ལ་སོགས་ཀྱིས་མཁའ་འགྲོའི་གསང་མཛོད་བརྟོལ་ཞིང་རྫུ་འཕྲུལ་གྱི་བཀོད་པས་བླངས་ནས་བསྒྱུར་བས་རྒྱ་གར་གྱི་སློབ་དཔོན་རྣམས་ལའང་ཡོངས་སུ་མ་གྲགས་ཤིང་གནད་ཟབ་པས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱི་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཅེས་གསུངས་པས་དེ་ལྟ་བུའི་གསང་སྔགས་ལ་ཡིད་ཆེས་ཤིང་ཁུངས་བཙུན་པའི་འཐད་པ་འཇོག་ཕྱིར་བརྒྱུད་པའི་ལོ་རྒྱུས་ཅུང་ཟད་གླེང་ན། ཆོས་ཀྱི་དབྱིངས་འོད་གསལ་སྤྲོས་པ་དང་བྲལ་བའི་ཀློང༌། རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཞིང་ཁམས་ན་གདོད་ནས་མངོན་སངས་རྒྱས་པའི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ནང་གསལ་ཐིམ་ལ་མ་རྨུགས་པའི་ངོ་བོ་ཅིར་ཡང་མ་གྲུབ་ལ་སྐུ་གསུམ་ངོ་བོ་ཉིད་ཀྱི་རྣམ་རོལ་ཆེན་པོར་རྟག་ཏུ་བཞུགས་པའི་ཐུགས་རྗེ་འདུས་མ་བྱས་པའི་རང་གདངས་ལས། རྡོ་རྗེ་འཆང༌། རྡོ་རྗེ་སེམས་དཔའ།


JLAZ008_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་སངས་རྒྱས་ལ་སོགས་པའི་རྣམ་པར་འཕྲུལ་ཏེ། འོག་མིན་ལ་སོགས་པའི་ཞིང་ཁམས་ཆེན་པོར་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་ནས། ཉིད་ལས་མི་གཞན་པའི་འཁོར་རང་སྣང་ཡེ་ཤེས་ཀྱི་སྐུ་ཅན་ཞི་ཁྲོ་རབ་འབྱམས་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་རྣམ་འགྱུར་ཆ་ལུགས་དུ་མར་སྣང་ཞིང༌། མཚན་དང་དཔེ་བྱད་ཀྱི་མངའ་བདག་ཆེན་པོ། ཐུགས་ཀྱི་གསང་བ་འཛིན་པ་རྣམས་ལ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། མན་ངག་ཐམས་ཅད་ཀྱི་ཡང་ཞུན། དགོངས་པ་ཐམས་ཅད་ཀྱི་མཐར་ཐུག །ཡང་ཟབ་རྫོགས་པ་ཆེན་པོའི་རྒྱུད་ཤློཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ་སོགས་པ་དང༌། རྫོགས་པ་ཨ་ནུ་ཡོ་ག །བསྐྱེད་པ་མ་ཧྭ་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་གྱི་དཀྱིལ་འཁོར་རྒྱ་མཚོའི་སྤྲིན་རྣམ་པར་བཀོད། ཡེ་ཤེས་ལྔའི་དགོངས་པས་སྒྲ་ཚིག་བརྗོད་པ་ལས་འདས་པའི་རིག་པའི་རྩལ་དབང་བསྐུར་ཏེ་རྒྱལ་བ་དགོངས་པའི་བརྒྱུད་པར་བྱིན་གྱིས་བརླབས། དེ་ལྟ་བུའི་ལོངས་སྐུའི་སངས་རྒྱས་རྣམས་ཀྱི་དགོངས་པའང་ཆོས་དབྱིངས་མཉམ་གནས་ཆེན་པོའི་ངང་དུ་བཞུགས་ཀྱང་ཡེ་ཤེས་ཐུགས་རྗེའི་མཁྱེན་པས་འགྲོ་བའི་དོན་རྗེས་སུ་བསྒྲུབ་པར་དགོངས་ཏེ་འཇིག་རྟེན་གྱི་ཁམས་སུ་ཐུགས་རྗེའི་སྤྲུལ་བ་ཚད་མེད་པར་བགྱི་བ་ལས། མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ།


JLAZ008_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་རིགས་གསུམ་མགོན་པོ། རིགས་ཅན་དྲ་མ་ལྔ། སྐལ་ལྡན་གྱི་རྒྱལ་པོ་ལུང་བསྟན་རྡོ་རྗེ་ལ་སོགས་པར་བརྡ་ཐབས་རྟེན་འབྲེལ་གྱི་སྒོ་ནས་རྒྱུད་སྡེ་རབ་འབྱམས་ཀྱི་དབང་བསྐུར་ཞིང༌། རྒྱུད་དོན་བདེ་བླག་ཏུ་རྟོགས་པའི་དོན་བརྒྱུད་ཕྱིན་པས་རིག་འཛིན་བརྡ་བརྒྱུད་དུ་གྲགས་ཤིང་དེ་ནས་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་ཧཱུྃ་ཆེན་ཀཱ་ར། འཇམ་དཔལ་བཤེས་གཉེན། ནཱ་ག་རྫུ་ན། པྲ་བྷ་ཧ་སྟི། དྷ་ན་སངྐྲི། བི་མ་མི་ཏྲ། གུཧྱ་ཙནྡྲ། ཤཱིནྟཾ་གརྦྷ་སྟེ། ཞི་ཁྲོ་རབ་འབྱམས་མ་ལུས་པའི་དཀྱིལ་འཁོར་གྱི་འབྱུང་ཁུངས་རྣམ་པ་བརྒྱད་ཀྱི་བར་དུ་རིམ་པར་དར་བ་ལས། རེ་ཞིག་གི་ཚེ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་གཅིག་ཏུ་བསྡུས་པ་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་མཚོ་གླིང་གི་མེ་ཏོག་པདྨའི་སྦུབས་སུ་རིག་འཛིན་གྱི་སློབ་དཔོན་པདྨ་འབྱུང་གནས་སུ་སྤྲུལ་པ་ལས། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷོ་དྷིས་སྤྱན་དྲངས་ཏེ་རང་གིས་སྲས་སུ་མངའ་གསོལ། རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས། མཐར་འདོད་པའི་ཡོན་ཏན་ལ་ཞེན་པ་སྤོང་བའི་ཕྱིར་རྒྱལ་སྲིད་སྤངས་ནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ལ་སོགས་པར་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས། མ་མོ་དང་མཁའ་འགྲོའི་ཚོགས་རྗེ་མཛད། དུར་ཁྲོད་ཆེན་པོ་མེ་རི་འབར་བ་དང༌། སོ་ས་གླིང༌།


JLAZ008_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་ཆེན་བརྡལ་བ་ལ་སོགས་དཔའ་བོ་དང་མཁའ་འགྲོ་རང་བཞིན་གྱི་འདུ་བའི་གནས་རྣམས་སུ་མཆོག་གི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་རིག་འཛིན་ཤྲཱི་སིངྷ། སློབ་དཔོན་འཇམ་དཔལ་བཤེས་གཉེན་སོགས་མདོར་ན་རིག་འཛིན་གྱི་ས་ལ་བཞུགས་པའི་པཎ་གྲུབ་མང་པོ་དང༌། ལྷ་དང་མཁའ་འགྲོ་གྲུབ་པ་ཅན་མཐའ་དག་ལས་རིག་པའི་གནས་ལྔ་དང་རྒྱུ་འབྲས་ཀྱི་ཐེག་པ་མཐའ་ཡས་པ་གསན། ཐམས་ཅད་མཁྱེན་པའི་བརྟུལ་ཞུགས་དང་རྫུ་འཕྲུལ་ཡ་མ་ཟུང་གིས་ལོག་པར་སྨྲ་བའི་མུ་སྟེགས་རྣམས་ཚར་བཅད། བྲག་ཕུག་མ་ར་ཏི་ཀར་མནྡ་ར་བས་སྒྲུབ་སྡེ་མོ་བྱས་ཏེ་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་ཚེ་དབང་རིགས་འཛིན་གྱི་གོ་འཕང་བརྙེས། བལ་ཡུལ་ཡང་ལེ་ཤོད་དུ་ཡང་དག་ལྷ་དགུའི་དཀྱིལ་འཁོར་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། ཁྱད་པར་དུ་མཆོད་རྟེན་བདེ་བྱེད་བརྩེགས་པ་རིག་འཛིན་ཆེན་པོ་རྣམ་པ་བརྒྱད་དང་གདན་འཛོམ་ཞིང༌། སྒྲུབ་སྡེ་བཀའ་བརྒྱད་བཀའ་སོ་སོ་བ་དགུ་དང༌། ཡོངས་སྒྲིལ་གྱི་སྒྲོམ་བུ་གཅིག་ལ་སོགས་པའི་རྒྱུད་ལུང་མན་ངག་ལ་རང་དབང་བསྒྱུར། མདོར་ན་སུམ་སྟོང་དྲུག་བརྒྱའི་བར་དུ་རྒྱ་གར་འཕགས་པའི་ཡུལ་གྱི་ནོར་འཛིན་མ་ལུས་པ་ཞབས་ཀྱིས་བཅགས། གུ་རུ་མཚན་བརྒྱད་ལ་སོགས་ཏེ་མཚན་དོན་ཐ་


JLAZ008_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་སྒོ་ནས་རྒྱལ་པོ་ལ་སོགས་པར་ང་རྒྱལ་གྱི་དྲེགས་པས་རྒྱགས་པ་དང༌། ཕྱི་རོལ་པ་ལ་སོགས་ཏེ་ལྟ་སྤྱོད་ཕྱིན་ཅི་ལོག་གི་གཡང་སར་ལྷུང་བ་དང༌། བར་མའི་འགྲོ་བ་ལས་དང་ཉོན་མོངས་པས་དཀྲིས་པ་མཐའ་དག་ཕྲིན་ལས་རྣམ་པ་བཞིའི་བརྟུལ་ཞུགས་རླབས་ཆེན་པོས་ཡང་དག་པའི་ལམ་ལ་གཟུད་ཅིང༌། འགྲོ་བའི་བླ་མ་ཤཱཀྱ་སེང་གེའི་བསྟན་པའི་སྒྲོན་མེ། སྟོན་པའི་ཞལ་སྐྱིན། གྲུབ་པའི་གཙུག་རྒྱན་མཚུངས་ཟླར་འོས་པ་འགའ་ཡང་མ་ཡིན་པ་གཅིག་ཏུ་གྱུར་པའི་སྐབས་དེར། འཇམ་པའི་དབྱངས་མིའི་རྫུ་ལ་ཞུགས་པ་ལྷ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་པ་ལ། མཐའ་འཁོབ་བོད་ཀྱི་ཡུལ་གདོང་དམར་མུན་པའི་གླིང་དུ་བསྟན་པའི་སྒྲོན་མེ་སྤར་བའི་སླད་དུ་བྱོན་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐུ་སྟོབས་ནུས་པའི་མེ་ལྕེ་སྦར་བའི་ཚ་དབལ་རྣོན་པོས་ལྷ་སྲིན་གདུག་པའི་ཚང་ཚིང་བསྲེགས་ཏེ་མིང་གི་ལྷག་མར་བྱས། མགུར་ལྷ་དགེ་བརྙེན་རྣམས་བཀའ་རྟགས་ཕྱག་རྒྱ་གཉེན་པོའི་ཟིལ་འོག་ཏུ་སྤ་བཀོངས་ནས་བསྟན་པ་བསྲུང་བའི་གཉེར་དུ་བསྐོས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་འགྲོ་བའི་མཆོད་སྡོང་གཅིག་ཏུ་བཞེངས་ནས་རབ་གནས་དང་མངའ་གསོལ་མཛད། པཎ་ཆེན་བི་མ་ལ་


JLAZ008_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཏེ་སངས་རྒྱས་ཀྱི་ས་ལ་བཞུགས་པའི་པཎྜི་ཏ་ཆེན་པོ་རྣམས་དང༌། བཻ་རོ་ཙ་ན་ལ་སོགས་ཏེ་དག་ས་ཆེན་པོ་ལ་གནས་པའི་ལོ་ཙཱ་བ་མང་པོ་ལུང་བསྟན་ཅིང་མདོ་སྔགས་ཀྱི་བསྟན་པ་དར་བའི་ཞལ་བཀོད་མཛད། ས་གཞི་དང་གངས་བྲག་ཐམས་ཅད་དབེན་རི་དང་སྒྲུབ་གནས་སུ་བྱིན་གྱིས་བརླབས། མངའ་བདག་རྒྱལ་པོའི་དགོངས་པ་མཐའ་རུ་བསྐྱོལ་ཞིང་བོད་འབངས་ལ་བཀའ་དྲིན་འགྲན་ཟླ་མེད་པར་མཛད། དུས་དེའི་ཚེ་རྒྱ་གར་རྡོ་རྗེ་གདན་དང་གཉིས་སུ་མ་ཡིན་པའི་གཙུག་ལག་ཁང་རྣམ་པ་གསུམ་དང༌། དབེན་གནས་སྒྲུབ་རིའི་རྒྱལ་པོ་མཐའ་ཡས་པ་རྣམས་ལས་ཁྱད་པར་གྱུར་པ་འོག་མིན་དཔལ་གྱི་ཆོས་འཁོར་ཆེན་པོ་དབུ་རྩེ་རིགས་གསུམ། རྒྱ་གར་གྱི་དུར་ཁྲོད་བསིལ་བ་ཚལ་དང་མཚུངས་པར་བསྔགས་པ་མཆིམས་ཕུའི་བྲེ་གུ་གོང་འོག་རྣམས་སུ་རྗེ་འབངས་སྐལ་བ་དང་ལྡན་པ་རྣམས་ལ་གསང་སྔགས་རྡོ་རྗེའི་ཐེག་པའི་ཆོས་ཆར་ཕབ་པའི་ཚེ། ལས་ཅན་རྗེ་འབངས་ཉི་ཤུ་རྩ་ལྔས་དགོངས་པ་ཀློང་དུ་གྱུར་ནས་རིག་འཛིན་གྱི་ས་ལ་གཤེགས་ཤིང་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པའི་གྲུབ་ཐོབ་ཀྱི་དངོས་པོར་གྱུར། དེ་དག་གི་ཚེ་གསང་སྔགས་ཐུན་མོང་ལས་ཁྱད་པར་དུ་གྱུར་པ་ནང་རྒྱུད་ཡོ་ག་གསུམ་གྱི་དགོངས་པའི་བཅུད་ཕྱུང་བ་ལྟ་བུའི་མན་ངག་ཟབ་


JLAZ008_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རྒྱ་ཆེ་བ་ཇི་སྙེད་ཅིག་རྗེ་བཙུན་གུ་རུ་ཉིད་ཀྱི་དགོངས་པའི་ཀློང་ནས་ཕྱུང༌། མགུལ་གྱི་བུམ་པ་ནས་དྲངས། རྡོ་རྗེའི་ལྗགས་ལ་བཀྲམ། དུང་གི་ཚེམས་པར་བཤར་ཏེ་རྒྱུད་ལས་སྒྲུབ་ཐབས། སྒྲུབ་ཐབས་མན་ངག །མན་ངག་ལག་ལེན་དུ་བསྡེབས་ཏེ་གདམས་པ་སྣ་རེས་ཀྱང་གང་ཟག་གཅིག་ཆོ་ག་གཞན་ལ་མི་ལྟོས་པར་སངས་རྒྱ་བའི་ཟབ་གནད་ཅན་དུ་བསྟན་པ་རྗེ་འབངས་སོ་སོ་ལ་བཀའ་བབས་ཀྱི་ངེས་པ་ལྟར་བཤད་པ་ལས། ཕལ་ཆེར་ཇོ་མོ་འཚོ་རྒྱལ་གྱིས་ཀློང་གསལ་རིག་པ་རྗེད་ངས་དང་བྲལ་བའི་གཟུངས་ཀྱིས་བཟུང་ཞིང༌། ཌཱཀྐིའི་བརྡ་རིས་རྣམ་གྲངས་མཐའ་ཡས་པར་བཏབ་ནས་སྦ་བའི་གཉེར་ག་མཛད། དེར་མ་ལྟོས་པ་ཡི་གེ་མཁས་པའི་མཆོག་ལེགས་བྱིན་ཉི་མ། སྐྱེན་པའི་ཕུལ་ལྡན་མ་རྩེ་མང༌། དག་པའི་རབ་ཨ་ཙ་ར་ཡེ་ཤེས་དབྱིངས་ལ་སོགས་པས་བྲི་གཞི་ངོ་མཚར་གྱི་བཀོད་པ་དུ་མས་ཁྱད་དུ་འཕགས་པར་བཀོད་ནས་སློབ་དཔོན་ཉིད་ཀྱིས་རབ་ཏུ་གནས་ཤིང་མཐོང་གྲོལ་གྱི་བདེན་པ་ཅན་དུ་བྱིན་གྱིས་བརླབས། མ་འོངས་པའི་དུས་ན་རང་རང་གི་ལས་འཕྲོ་སྐལ་བ་དང་འཚམས་པར་འདོན་པར་དབང་བའི་སྐྱེས་བུ་དེ་ལ་སྨོན་ལམ་དབང་བསྐུར་གཏད་རྒྱ་ལུང་བསྟན་ཡོངས་སུ་རྫོགས་པས་འགྲོ་བའི་དོན་རླབས་པོ་ཆེ་འགྲུབ་པའི་ཐུགས་བསྐྱེད་སྨོན་པའི་མཚམས་སྦྱོར་དང་བཅས་ཏེ། དམ་པའི་ཆོས་མི་


JLAZ008_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་པ་དང༌། གདམས་ངག་མི་འཕྱུགས་པ་དང༌། བྱིན་རླབས་མི་ཡལ་བ་དང༌། བརྒྱུད་ཐག་ཉེ་བ་སྟེ་དགོས་པ་རྣམ་པ་བཞི་དང་ལྡན་པར་དགོངས་ནས་སྔོན་གྱི་ཚེ་རྒྱལ་བ་རྣམས་ཀྱི་ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས་པ་དང༌། མཁའ་འགྲོ་མས་དགོངས་པའི་རྩལ་གྱི་ནམ་མཁའི་གཏེར་དུ་སྦས་པ་དང༌། རིག་འཛིན་རྣམས་ཀྱིས་སྒྲོམ་བུ་ལ་བརྟེན་ཏེ་སའི་གཏེར་དུ་སྦས་པ་དང་རྗེས་སུ་མཐུན་པར། མཚོན་བྱ་དོན་གྱི་མན་ངག་སྐུ་གསུམ་རང་བྱུང་གི་སྒྲོམ། མཚོན་བྱེད་ཚིག་གི་དཔེ་རྒྱུད་དང༌། མྱོང་གྲོལ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ས་རྡོ་རི་བྲག་ཆུ་ཤིང་ལ་སོགས་པའི་གནས་ཐ་དད་པར་འབྱུང་བ་ལྔའི་རྒྱས་བསྡམས་ཏེ་སྦས་པ་གཏེར་སྟོན་སངས་རྒྱས་བླ་མ་དང༌། མངའ་བདག་ཉང་ཡབ་སྲས་ནས་བཟུང་རིམ་པར་དུས་རྟགས་དང་མཚུངས་པར་མངོན་དུ་ཕྱུང་བའི་ནང་ཚན་ལས་ཁྱད་པར་དུ་གྱུར་པ་འདིའི་ལོ་རྒྱུས་ཅུང་ཟད་ཞུ་ན། སྤྱི་ཆིངས་ལས། པདྨ་འབྱུང་གནས་བདག་གིས་ཀྱང་༔ སྔོན་གྱི་སྨོན་ལམ་འཕྲོ་མཐུད་ནས༔ བོད་ཡུལ་སེམས་ཅན་དོན་ལ་དགོངས༔ ས་འོག་ས་སྟེང་ཆོས་ཀྱིས་བཀང་༔ དེ་ལྟའི་ལོ་ཙ་ཉིད་ཀྱང་༔ བསྐལ་པ་དུམ་བུར་སྤྱོད་པའི་དུས༔ སྟེང་ཁང་སྙིང་མཛོད་སྨུག་པོ་སོགས༔ གཏེར་སྒོ་བཅུ་བཞིར་སྤྱོད་པའི་དུས༔ རྩ་གསུམ་


JLAZ008_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་རང་གྲོལ་གྱི༔ བླ་རྫོགས་ཐུགས་གསུམ་དྲིལ་བའི་སྐོར༔ མཆོག་དང་ཐུན་མོང་ཀུན་འགྲུབ་པའི༔ བསྐྱེད་རྫོགས་ཉེར་ལྔ་སྦས་པ་ལས༔ པདྨ་ཐོད་ཕྲེང་རྩལ་ཉིད་ལ༔ རིག་འཛིན་བརྒྱད་ཀྱིས་བསྐོར་བ་དང་༔ བླ་མ་དབང་གི་རྒྱལ་པོ་ལ༔ བདེ་གཤེགས་ཡོངས་རྫོགས་བརྒྱད་ཀྱིས་བསྐོར༔ ཐུགས་སྒྲུབ་སེམས་ཉིད་ངལ་བསོ་ལ༔ སེམས་དཔའ་བརྒྱད་ཀྱིས་བསྐོར་བ་དང༌། གསང་བ་ཡེ་ཤེས་ཌཱཀྐི་ལ༔ བཅུ་གསུམ་མཁའ་འགྲོའི་སྤྲུལ་པར་བཅས༔ བྱང་ཁོག་ལུས་དང་སེམས་མཐུན་པའི༔ སྐུ་གསུང་ཐུགས་ཀྱི་གནད་བསྡུས་སྐོར༔ ཙིཏྟ་སྙིང་དང་འདྲ་བ་ཡི༔ བླ་མའི་རྫོགས་རིམ་རྣམ་པ་གསུམ༔ ཡི་གེ་མེད་པའི་གནད་ཏིག་འདི༔ ལུས་བརྒྱའི་ནང་གི་མགོ་བོ་སྟེ༔ གཅེས་ཚད་མིག་ལ་ཕོངས་ཚད་སྙིང་༔ མདོ་རྒྱུད་ཀུན་གྱི་ཡང་ཏིག་ཡིན༔ ཞེས་གསུངས་པ་ལྟར་རབ་བཏགས་དང་ཕུལ་བྱུང་གིས་བསྔགས་པ་ཙམ་མ་ཡིན་པར་བསྐྱེད་རྫོགས་རྫོགས་ཆེན་གསུམ་ཀའི་སྙིང་ཁྲག་གཏིབས་པ་ལྟ་བུ་བླ་རྫོགས་ཐུགས་གསུམ་ཡོངས་རྫོགས་དང་བཅས་པའི་ཆ་ལག་ཆོས་སྐོར་གཅིག་ཏུ་བསྡུས་པ་པདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་གྲོལ་དུ་གྲགས་པའི་ཌཱཀྐིའི་སྙིང་ཁྲག་ཏུ་གཅེས་པ་འདི་ཡིན་ཏེ། ཇི་སྐད་དུ། སྣང་བ་མཐའ་ཡས་ཐུགས་རྗེའི་འོད༔ བདག་འདྲ་པདྨ་འབྱུང་གནས་


JLAZ008_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས༔ ཨོ་རྒྱན་རྒྱ་གར་ཤར་ནུབ་དང་༔ ལི་དང་བལ་པོའི་ཡུལ་རྣམས་སུ༔ ཐུགས་རྗེའི་སྟོབས་ཀྱིས་འགྲོ་དོན་བྱས༔ ཁྱད་པར་གངས་ཅན་བོད་ཡུལ་དུ༔ ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཀྱིས༔ དགོངས་པའི་གཙུག་ལག་ཁང་རྣམས་བཞེངས༔ ས་བཏུལ་ཕྱི་ནང་ཆོས་རྣམས་བསྟན༔ གྲུབ་ཐོབ་བརྒྱུད་འཛིན་མང་ཞིག་ཡོད༔ འོན་ཀྱང་དུས་ཀྱི་མཐའ་མ་རུ༔ ཆོས་ཀྱི་རོ་ཉམས་གྲུབ་མཐར་རྩོད༔ འགོང་པོ་སྦུན་དགུས་ས་སྟེང་ཁྱབ༔ དེ་དུས་ཆོས་བྱེད་སྐྱོབ་པའི་ཐབས༔ འདུས་པ་དགུ་སྐོར་སྙིང་པོའི་ལམ༔ བླ་རྫོགས་ཐུགས་གསུམ་སྙིང་གི་ཁྲག༔ རྩ་གསུམ་མཐོང་བ་རང་གྲོལ་གྱི༔ ཆོས་རྣམས་ཀུན་གྱི་སྙིང་པོ་བསྡུས༔ ཟབ་ལ་རྒྱ་ཆེའི་ཆོས་མང་ཡང་༔ དེ་དུས་འགྲུབ་པ་ཤིན་ཏུ་དཀའ༔ འདི་ནི་གདམས་པ་སྣ་རེས་ཀྱང་༔ བསྐྱེད་རྫོགས་སྙིང་པོ་གཅིག་ཏུ་བསྡུས༔ ཚུལ་བཞིན་ཉམས་སུ་བླངས་གྱུར་ན༔ ཉམ་རྟགས་མ་བྱུང་ང་ཡིས་བསླུས༔ ཞེས་ཟབ་པའི་མཐར་ཐུག་པར་ཆད་ལ་བོར་ནས་རྗེ་འབངས་གྲོགས་གསུམ་ལ་ལྐོག་ཆོས་སུ་གདམས་པ་སྟེ་ཐེམ་བྱང་ལས། རིན་ཆེན་སྤུངས་དང་ཀླུ་བདུད་ནག་པོའི་བྲང་༔ ཁྱུང་འདྲའི་བྲག་དང་ཞམ་པའི་གཙུག་ལག་ཁང་༔ དཔལ་གྱི་བསམ་ཡས་ལྷ་ས་དྲུག་ཡིན་ནོ༔ ཞེས་པ་ལྟར་གྲོགས་རི་རིན་ཆེན་སྤུངས་པ་ལ་སོགས་ཏེ་ཟབ་མོའི་གཏེར་


JLAZ008_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དྲུག་ཏུ་རྒྱས་བཏབ་པ་ལས། བཞི་བཅུ་ཁ་རལ་གྱི་དུས་ན་རྣམ་པར་སྣང་མཛད་གང་ཆེན་མཚོ་ཞིང་འདིར་རིག་གྲོལ་སྤྲུལ་པའི་གར་གྱི་སྒྱུ་འཕྲུལ་ལ་ཆགས་པ་འཕགས་པ་ཀུན་དགའ་བོ། ལོ་ཆེན་བཻ་རོ་ཙ་ན། རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ལ་སོགས་ཏེ་ཐུགས་རྗེ་ཡས་སྤྲུལ་གྱི་སྐྱེས་རབས་མནྡཱ་རའི་ཕྲེང་བར་བསྟན་པ་དང་སེམས་ཅན་ལ་ཕན་པ་རླབས་པོ་ཆེ་གདགས་པ་ལས། སྐབས་འདིར་བྱང་རྒྱུད་ནོར་འཛིན་གྱི་སའི་ཐིག་ལེར་སྤྲུལ་པའི་ཟློས་གར་བསྒྱུར་ནས་སྟོན་པ་བདེ་བར་གཤེགས་པ་བསྐལ་བཟང་རྣམ་འདྲེན་བཞི་པའི་ཆོས་ཀྱི་འཁོར་ལོ་གསུམ་གྱི་དཀའ་བའི་གནས་འགྲེལ་པ་ལ་རྒྱ་གར་གྱི་ཤིང་རྟ་ཆེན་པོ་རྣམ་གཉིས་དང་དབྱེར་མི་ཕྱེད་ལ། ཆོས་ཐམས་ཅད་དགོངས་པའི་ཀློང་ནས་རང་དབང་བསྒྱུར་བའི་བརྟུལ་ཞུགས་ལ་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་རིག་འཛིན་དགའ་རབ་རྡོ་རྗེ་དང་མི་གཉིས་ཤིང་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་ཟབ་རྒྱ་མཁའ་འགྲོའི་གསང་མཛོད་ལ་དབང་སྒྱུར་བ་དང་ཆབ་གཅིག་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་རྒྱལ་མཚན་སྒྲེང་བ་ལ་དོན་དམ་པའི་རྒྱལ་ཚབ་ཏུ་དབང་བསྐུར་བ་དོན་གྱི་སླད་དུ་མཚན་སྨོས་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གླིང་པའམ། མཚན་གཞན་ཐམས་ཅད་མཁྱེན་པ་པྲ་ཛྙཱ་རསྨི་ཞེས་ཡོངས་སུ་གྲགས་ལ་རྩོད་པ་དང་བྲལ་བའི་སྐྱེས་བུ་དམ་པ་


JLAZ008_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་སྐད་དུ་མངའ་རིས་པཎ་ཆེན་པདྨ་དབང་གིས་རྒྱལ་པོའི་རིག་འཛིན་ཡོངས་འདུས་ལས། མདོ་སྔགས་བསྟན་པ་ཉམས་པའི་ཚེ༔ དེ་ཚེ་བསྟན་གཞུག་སྐྱོང་བྱེད་པའི༔ འོད་ཟེར་མིང་དེ་རྒྱལ་བའི་སྲས༔ གཏེར་གསར་འདོན་ཞིང་གཏེར་རྙིང་སྐྱོང་༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན༔ ཞེས་དང། ཆོས་དབང་རིན་པོ་ཆེའི་གནད་བྱང་གསལ་བཀོད་ལས། འདི་ནས་ནུབ་ཕྱོགས་བྱང་ནུབ་ཏུ༔ ཤེས་རབ་འོད་ཅེས་བྱ་བ་ནི༔ རིགས་གསུམ་སྤྲུལ་བས་འགྲོ་བ་འདུལ༔ ཞེས་པ་དང་མཚུངས་པར་སངས་རྒྱས་གླིང་པའི་ལུང་བསྟན་བཀའ་རྒྱ་མ་ཞིག་པོ་གླིང་པའི་བར་ཆད་ཀུན་སེལ་སོགས་ལས་བཻ་རོ་ཙ་ནའི་ཐུགས་ཀྱི་སྤྲུལ་པར་ལུང་བསྟན་ཅིང༌། རང་གཏེར་ལས་ཀྱང༌། འདི་ཉིད་འདོན་པའི་ལས་ལྡན་སྐྱེས་བུ་དེ༔ པདྨ་བདག་དང་ཁྱད་པར་ཡོད་རེ་ཀན༔ འདི་ལ་འབྲེལ་པ་ཅུང་ཟད་སུས་ཐོགས་པ༔ སྡུག་བསྔལ་སྣང་བ་རྩད་ནས་བཅད་ནས་ནི༔ བདེ་ཆེན་དག་པའི་ས་ལ་འགོད་པར་བྱེད༔ འདི་ལ་ལུས་ཀྱི་འབྲེལ་བ་སུས་ཐོགས་པ༔ ཨོ་རྒྱན་མཁའ་སྤྱོད་གནས་སུ་སྐྱེ་བར་ངེས༔ འདི་ཉིད་ཤའམ་དྲི་ཆུ་ལྟོར་སོང་ན༔ ལས་ངན་མཚམས་མེད་སྤྱོད་ཀྱང་ངན་སོང་ཁེགས༔ སྐྱེ་བ་གཅིག་གིས་བདེན་པ་མཐོང་བར་འགྱུར༔ དེ་ཕྱིར་སྐྱེ་བདུན་ཕལ་གྱིས་དོ་ཟླ་མིན༔ ཞེས་འབྲེལ་ཚད་དོན་ལྡན་དུ་


JLAZ008_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་དབྱུང་ཞིང་འགྲན་ཟླ་དང་བྲལ་བའི་སྤྲུལ་པའི་སྐྱེས་མཆོག་དེ་ཉིད་ཇི་སྐད་དུ་ཨོ་རྒྱན་རིན་པོ་ཆེས༔ ཁྱད་པར་ལྷ་སྲས་འགྲོ་འདུལ་ཉིད་ཀྱིས་རྗེས་སུ་འཛིན༔ ཞེས་པའི་ལུང་བསྟན་མངོན་དུ་གྱུར་ཏེ་མགོན་པོ་འབྲི་གུང་བ་ཆེན་པོ་རྒྱལ་བའི་དབང་པོ་རིན་ཆེན་ཕུན་ཚོགས་ཀྱི་སྲས་ཀྱི་ཐུ་བོར་གྱུར་ནས་དམ་པ་དེ་ཉིད་ཀྱི་བཀའ་བཞིན་རེ་ཞིག་དབེན་པ་བསྟེན་པའི་ཚེ་བསྟན་སྐྱོང་མ་བུད་མེད་མོན་མོའི་ཆ་ལུགས་རས་ཟུང་དཀར་པོ་གྱོན་པ་ཞིག་ཏུ་སྤྲུལ་ནས། ཁྱོད་ཀྱིས་བསླབས་པས་བཅིངས་པའི་བྱ་བཏང་འདི་ཉམས་རེ་དགའ། འདི་འཐུང་དང་ཟེར་ཆང་བསེ་ཕོར་གང་མནལ་ལམ་དུ་བྱིན་ནས་གསང་སྔགས་ཀྱི་རྟེན་འབྲེལ་བསྒྲིགས་པའི་ཐོག །དགུང་ལོ་སུམ་ཅུར་ལོན་པ་མེ་མོ་ལུག་གི་ལོ་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཞོགས་པ། ཤར་ཕྱོགས་ཀྱི་ནམ་མཁའ་ལས་འོད་ཟེར་དཀར་པོ་དུང་ཆེན་གྱི་དབྱིབས་འདྲ་བ་ཞིག་གི་ཁ་སྒོར་ཤིན་ཏུ་ཡངས་པའི་མཐར་འཇའ་ཚོན་གྱི་དྲ་བས་བསྐོར་བའི་དབུས་ནས་ཨོ་རྒྱན་ཆེན་པོ་པདྨ་རྒྱལ་པོའི་ཆ་ལུགས་བལྟ་བས་ཆོག་མི་ཤེས་པ་ཞིག་མཇལ་ནས། ཁྱོད་ཀྱི་སྨོན་ལམ་གྱི་ཆོས་འདི་ཕྱིའི་ལུང་བསྟན་བྱིན་རླབས་དང་བཅས་པ་གྲོགས་རི་རིན་ཆེན་སྤུངས་པ་ན་ཡོད་པས་ལོངས་ལ་ལོངས་སྤྱོད་གསུང་བའི་མུར་གཏད་མེད་ལ་ཡལ་བས་སྐུ་དྲུང་ན་གྲོགས་ལས་དག་པ་འཚོ་བྱེད་དུ་གྲགས་པ་ཡོད་པས་ཀྱང་


JLAZ008_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཀར་ཙམ་མཐོང༌། དེ་མ་ཐག་དཔོན་སློབ་གཉིས་ཀྱི་གྲོགས་རི་རིན་ཆེན་སྤུངས་པར་ཕེབས་པ་ལས། ས་དམིགས་མ་རྙེད་པ་ཐོ་རེངས་བྱུང་བའི་བུད་མེད་དེས་མཛུབ་མོའི་བརྡས་བསྟན་པ་དང༌། འོད་དཀར་པོ་བཀྲག་དང་ལྡན་པ་ཞིག་ཀྱང་ཁྱེར་མེར་འདུག་པ་དེར་གཟིགས་པས། བྲག་སྦྲུལ་ཐུར་དུ་རྒྱུག་པ་འདྲ་བ་ཞིག་གི་སྣ་ཟུར། ས་དང་ཆིལ་ཆིལ་བ་ཆུ་དང་བཅས་པ་ལྷུད་ཀྱིས་རྒྱུག་པའི་སྣ་དེ་ནས། སྐུ་རྟེན་རྡོ་སྐུ་རང་བྱོན་མཐོང་བ་དོན་ལྡན། གསུང་རྟེན་རྡོའི་དུང་དཀར་གཡས་འཁྱིལ། ཐུགས་རྟེན་རྡོའི་དབང་ཕྱུག་ཆེན་པོ། ཤེལ་གྱི་གའུའི་ནང་ནས་ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར། འཛམ་བུའི་ཤིང་ཤུན་ཁ་དོག་ལྗང་སེར་གྱི་རྣམ་པ་ལ་ཨོ་རྒྱན་རིན་པོ་ཆེའི་ཕྱག་བྲིས་སུ་བྱས་པའི་ཤོག་དྲིལ་གྲིས་མི་ཕྱེད་པ་བདུན་བཅས་བྱུང་བ་ལས། ཤོག་དྲིལ་དང་པོ་ཁ་བྱང་གི་སྐོར་ལ། འཁོར་འདས་བདག་པོ་པདྨ་རྒྱལ་པོ་ང་༔ ལྷོ་ནུབ་ཕྱོགས་སུ་སྲིན་པོ་འདུལ་ཕྱིར་འགྲོ༔ རྗེ་འབངས་སྨོན་ལམ་ལྷན་ཅིག་བཏབ་པ་རྣམས༔ ང་དང་མི་འབྲལ་གསོལ་བ་རྒྱུན་དུ་ཐོབ༔ ཅེས་པ་ལ་སོགས་པའི་གནད་བྱང་ལུང་བསྟན་སྣང་ཞིང་དེར་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ་དངོས་གནས་སྙན་དུ་སྒྲོན་པས་ཤིན་ཏུ་དགྱེས་པ་འཁྲུངས་པ་དང་བཅས་དཔོན་སློབ་


JLAZ008_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་པར་ཤོག་སེར་ལས་ཕབ་པ་ནས་བཟུང་རིམ་པར་གཏེར་མཛོད་དུ་མ་ལ་དབང་བསྒྱུར་ཞིང༌། ཁྱད་པར་གུ་རུ་རིན་པོ་ཆེས། རྗེ་འབངས་རྣམས་ཀྱི་ནང་ནས་ཀྱང༌། །ང་དང་དགོངས་པ་མཉམ་པ་བཻ་རོ་ཡིན། །ཞེས་པ་ལྟར། བཻ་རོ་ལ་ཐུགས་ཤིན་ཏུ་བརྩེ་བས། བར་ཆད་བསྲུང་བའི་གནམ་ལྕགས་རྡོ་རྩེ་དགུ་པ། ཨོ་རྒྱན་གྱི་ཕྱག་དྲིལ། མ་ན་ཧོའི་ཕྱག་ཕྲེང༌། མཁའ་སྤྱོད་རིལ་བུ། འཕོ་བ་རིལ་བུ། སྨོན་ལམ་རིལ་བུ་སོགས་གཏེར་སྟོན་གཞན་ལ་མ་གྲགས་པའི་རྫས་གཏེར་མཐའ་ཡས་པ་ཞིག་སྤྱན་དྲངས་པ་ལོ་རྒྱུས་སུ་གསལ་ལ། དེ་ལས་ད་ལམ་འཆད་པ་སྐབས་སུ་བབས་པ་ཡོངས་རྫོགས་རིག་འཛིན་གྱི་རྩལ་དབང་ཆེན་མོའི་སྐོར་ལ་གཏེར་ཤོག་ཚན་པ་གཉིས་སུ་བྱས་ཏེ། སྟེང་ཁང་སྙིང་མཛོད་སྨུག་པོར་བཞུགས་པ་མ་འོངས་པ་ན་གཏེར་ཚན་གཉིས་སུ་འབྱོན་པ་ནི་ཆོས་བདག་སྤྱི་གཏེར་གྱི་ལུང་བྱང་ལས། བསམ་ཡས་མཆིམས་ཕུར་བཞུགས་དུས་སུ༔ ཆོས་རྒྱལ་དང་བཻ་རོས་གུ་རུ་ཉིད་ལ་ཕྱག་དང་མཆོད་པ་ཕུལ་ཏེ་ཞུས་པ༔ ཀྱཻ༔ ཁམས་གསུམ་གྱི་སེམས་ཅན་རྣམས་གྲོལ་བའི་དུས་མཆིས་སམ༔ མ་མཆིས༔ སྒོས་བདག་ཅག་རྗེ་འབངས་རྣམས་གུ་རུའི་ཐུགས་རྗེས་ཇི་ལྟར་གྲོལ༔ དུས་ནམ་གྲོལ༔ གྲོལ་ཚུལ་ཇི་ལྟར་ལགས༔ གྲོལ་བའི་ཐབས་ཅི་ཞིག་མཆིས༔


JLAZ008_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྒྱན་རིན་ཆེན་སྤུངས་པ་ཕུལ་ཏེ་གསོལ་བ་བཏབ་པས༔ གུ་རུ་ཉིད་ཅང་མི་གསུང་བ་སྤྱན་བར་སྣང་དང་རྒྱལ་པོ་བཻ་རོ་ལ་ཅེ་རེ་གཟིགས་སོ༔ ཡང་འཚོ་རྒྱལ་གྱིས་ཞུས་པ༔ ཀྱེ་མ་གུ་རུ་རིན་པོ་ཆེ༔ བདག་ཅག་མ་རིག་གདུལ་དཀའ་བ༔ ཐུགས་རྗེས་ཇི་ལྟར་འདུལ་བ་ལགས༔ ད་ལྟ་གནམ་ས་བར་སྣང་དང་༔ རྒྱལ་བོ་དང་ནི་བཻ་རོ་ལ༔ གཟིགས་པ་མཛད་པ་གང་ལྟར་ལགས༔ ཅི་ཡང་བཀའ་ལུང་མི་མཛད་པ༔ དེ་ལྟ་བུ་ཉིད་ཅི་ལ་དགོངས༔ བདག་གི་ཞུ་དོན་གསུང་དུ་གསོལ༔ ཞེས་ཕྱག་བཙལ་ནས་གསེར་སྐྱོགས་རྒུན་ཆང་གིས་བཀང་ནས་ཞུས་པས༔ གུ་རུས་བཀའ་སྩལ་པ༔ ཉོན་ཅིག་རྒྱལ་པོ་བཻ་རོ་འཚོ་རྒྱལ་རྣམས༔ བདག་ནི་སངས་རྒྱས་སྣང་མཐའི་སྤྲུལ་པ་སྟེ༔ དུས་གསུམ་མ་འགགས་དུས་གཅིག་ས་ལེར་སྐྱོང་༔ དེ་ཕྱིར་ཁྱེད་རྣམས་རྩེ་གཅིག་ཡིད་ལ་བཟུང་༔ སྨྲ་བསམ་བརྗོད་འདས་ཡེ་ཤེས་སྙིང་པོའི་དོན༔ སེམས་ཅན་སངས་རྒྱས་མཉམ་པའི་ཁྱབ་གདལ་ཡང་༔ ཁམས་གསུམ་སེམས་ཅན་གློ་བུར་ལས་ཉོན་གྱིས༔ སྒོ་གསུམ་གནད་པས་དུས་གསུམ་ངོ་མ་ཤེས༔ མི་གསུང་ཅེ་རེ་གཟིགས་པ་དེ་དོན་མོད༔ འཚོ་རྒྱལ་ཁྱོད་ནི་ཡེ་ཤེས་ཌཱཀྐི་ཡིས༔ བྱིན་གྱིས་བརླབས་པས་སྟོང་ཉིད་སྙིང་རྗེར་ལྡན༔ ཐུགས་རྗེའི་སྤྲུལ་པ་སྣ་ཚོགས་ཅིར་ཡང་སྟོན༔ བདག་ལ་བསྐྱར་ནས་


JLAZ008_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ་ཤིན་ཏུ་ལེགས༔ ཁམས་གསུམ་སེམས་ཅན་རང་རང་ལས་ཀྱི་མཐའ༔ མ་ཟད་བར་དུ་གྲོལ་བའི་དུས་མིན་ཏེ༔ དུས་གསུམ་རྒྱལ་བའི་སྨོན་ལམ་ཐུགས་རྗེ་དང་༔ རང་རང་གློ་བུར་ལས་ཀྱི་འཕྲོ་སད་ཚེ༔ གྲོལ་མགོ་བརྩམས་ཏེ་སྟོང་ཉིད་རྟོགས་ཚེ་གྲོལ༔ འཁོར་བའི་མཐའ་ནི་རང་ཤེས་འཁྲུལ་སངས་ཡིན༔ དེ་ཉིད་བར་དུ་གྲོལ་བ་ངས་མ་མཐོང་༔ རྗེ་འབངས་རྣམས་ནི་སྔོན་གྱི་ལས་འཕྲོ་ཡིས༔ ང་དང་མཇལ་ནས་གདམས་པའི་གནད་ཐིག་ཐོབ༔ བརྩོན་འགྲུས་ལྡན་པ་ཟླ་གཅིག་དྲུག་ན་གྲོལ༔ དེ་འོག་དད་ལྡན་ཆོས་ཀྱི་གོས་འཆང་བ༔ ལོ་གཅིག་དྲུག་དང་བཅུ་གཉིས་དག་ན་གྲོལ༔ ཁ་ཅིག་ལས་འཕྲོ་སྐྱེ་བ་ལེན་ཚུལ་སྟོན༔ ཞེས་པ་ལ་སོགས་པའི་མཐར། དེ་ཕྱིར་ད་ལྟའི་རྗེ་འབངས་འདི་རྣམས་ཀྱང་༔ མ་འོངས་བཞི་བཅུ་ཁ་རལ་དུས་ཀྱི་ཚེ༔ འདུས་པ་དགུ་སྐོར་སྙིང་པོའི་བཅུད་འདུས་པ༔ བླ་མའི་སྒྲུབ་པ་རབ་དབྱེ་རྣམ་གསུམ་གྱི༔ དགོངས་པ་རང་གྲོལ་ཆོས་ཀྱི་བདག་པོ་སྟེ༔ འགའ་ཞིག་བླ་ཆེན་རྒྱལ་པོའི་ཚུལ་འཛིན་ཅིང་༔ ལ་ལ་དམངས་དང་ཐ་ཤལ་སྤྱོད་པའི་ཚུལ༔ ཞེས་པ་རྣམས་གབ་རྒྱ་ཅན་ནས་ལུང་བསྟན་ཅིང༌། དེ་ལས་ཟབ་གཏེར་ལ་དབང་བའི་སྐྱེས་བུ་ནི༔ མ་འོངས་དུས་སུ་འགྲོ་བའི་དོན་ཉིད་དུ་༔ ཟབ་མོའི་གཏེར་ཤོག་ཟུང་དུ་འབྲེལ་བ་གཉིས༔ སྟེང་ཁང་སྙིང་སྒྲོམ་དབུས་སུ་


JLAZ008_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཡིས་སྡོམ༔ ཕྱི་མའང་ཆོས་རྒྱལ་སྟོབས་ལྡན་བརྟུལ་ཞུགས་ཅན༔ གནོད་སྦྱིན་དྲག་པོ་ཤིང་བྱ་ཅན་གྱིས་ཀྱང་༔ དེ་ཡི་བཀའ་ལས་འདའ་བར་མི་ནུས་པས༔ པདྨ་དབང་རྒྱལ་རོལ་པ་རྩལ་གྱིས་ཀྱང་༔ ལོ་ཀི་ཤྭ་རའི་ཕོ་བྲང་དང་ཉེ་བའི༔ རྣམ་ཤེས་མཚོན་པའི་ཕུག་པར་དག་པར་ཕོབ༔ དེ་ཚེ་བཻ་རོ་འོད་ཟེར་མིང་ཅན་ཡང་༔ ས་གཞི་སྒྲ་སྙན་གཟུགས་འདྲ་ཕན་ཚུན་རི༔ བཀྲ་ཤིས་རྟགས་ལྡན་མཚོན་ཆ་གཟིངས་འདྲའི་སར༔ ཆོས་སྒོ་འབྱེད་ཅིང་གསང་བའི་ལུང་བསྟན་སྤེལ༔ ཞེས་མངའ་བདག་ཁྲི་སྲོང་གི་ཡང་སྲིད་མངའ་རིས་རིག་འཛིན་ཆེན་པོ་པདྨ་དབང་རྒྱལ་དང་༔ ལོ་ཆེན་བཻ་རོའི་རྣམ་འཕྲུལ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཤེས་རབ་འོད་ཟེར་སོ་སོས་སྟེང་ཀང་སྙིང་མཛོད་སྨུག་པོ་ནས་སྔ་མས་རིག་འཛིན་བཀའ་བརྒྱད་ཡོངས་འདུས་དང༌། ཕྱི་མས་གྲོལ་ཐིག་རིག་འཛིན་བདེ་གཤེགས་ཀུན་འདུས་སྤྱན་དྲངས་པའི་འདི་གཉིས་ཚིག་དོན་ཞུས་དག་ཕེར་ཞིང་རྨད་བྱུང་བཀའ་བརྒྱད་དང་དབང་གི་ཆུ་བོ་གཅིག་ཏུ་འདྲེས་པ་ནི་བླ་མའི་རྫོགས་རིམ་གྲོལ་ཐིག་དགོངས་པ་རང་གྲོལ་ལས། རྒྱལ་བ་ཀུན་གྱི་དགོངས་པའི་བཅུད་བསྡུས་པ༔ སངས་རྒྱས་ལག་བཅངས་ཁམས་གསུམ་ཅེར་གྲོལ་ཏེ༔ འདི་འདྲའི་གདམས་པ་འཛམ་བུའི་གླིང་ན་མེད༔ ཀུན་བཟང་རྡོར་སེམས་དགའ་རབ་རྡོ་རྗེ་ཡི༔ པདྨ་ང་


JLAZ008_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སུ་ལའང་མི་བསྟན་པར༔ ཙིཏྟའི་ཀློང་དུ་རྒྱ་ཡིས་རབ་བཏབ་ཀྱང་༔ བཻ་རོ་ཆོས་རྒྱལ་གཉིས་ལ་སྙིང་ཁྲག་ཕོ༔ ད་ལྟ་ཉམས་ལོངས་གསང་བའི་ཤོག་དྲིལ་རྣམས༔ སྙིང་མཛོད་སྨུག་པོའི་ནང་དུ་གཏེར་དུ་སྦེད༔ འདི་དང་སུ་ཕྲད་མངོན་སངས་རྒྱས་བར་ངེས༔ ང་དང་དགོངས་པ་མཉམ་པ་བཻ་རོ་ཡིན༔ མ་འོངས་བཞི་བཅུ་ཁ་རལ་དུས་ཀྱི་ཚེ༔ ལམ་ཟབ་བསྟན་པའི་སྙིང་པོ་མངོན་སུམ་གྱི༔ ལམ་གྱི་གནད་བྲལ་མུ་ཅོར་སྟོན་པའི་དུས༔ ལས་ལྡན་སྐྱེས་བུ་གཉིས་དང་ཕྲད་པར་འགྱུར༔ གསང་བའི་ལུང་བསྟན་མ་གཏོགས་ཞུ་དག་ཕེར༔ གཅིག་ལ་གཅིག་ཡིད་ཆེས་པས་འཁྲུལ་པ་བྲལ༔ ཞེས་གསུངས་པ་ལྟར་ཤིན་ཏུ་ཡིད་ཆེས་ཤིང་ངོ་མཚར་བའི་གནས་སུ་གྱུར་བ་ལས༔ འདིར་བཻ་རོ་ལ་བཀའ་བབས་པའི་ཆོས་སྐལ་སྙིང་མཛོད་ནས་ཕྱུང་བའི་ལོ་རྒྱུས་ཅུང་ཟད་གླེང་ན་གཏེར་ཆེན་ཐམས་ཅད་མཁྱེན་པ་ཉིད་དགུང་ལོ་སུམ་ཅུ་སོ་གསུམ་པར་ཕེབས་པའི་ཚེ༔ ཆོས་རྒྱལ་འབྲི་གུང་བ་རིན་ཆེན་ཕུན་ཚོགས་བསམ་ཡས་སུ་ཕྱགས་ཕེབས་པའི་རྗེ་ཉིད་ཅོག་གྲ་ལ་བཞུགས་དུས༔ ཧོར་ཟླ་ལྔ་པའི་ཚེས་བརྒྱད་ཀྱི་ཐོ་རངས་ཁ་ན་ཛོ་གི་རས་ཁྲ་པོའི་ཨང་རག་གྱོན་པ་ཟུང་ཅིག་ཡོང་ནས། ཁྱེད་རང་གི་ཆོས་སྐལ་སློབ་དཔོན་ཆེན་པོས་བདག་ལ་བཅོལ་པ་རྣམས་འདོན་པའི་དུས་ལ་བབས་པས་གནངས་ཚེས་བཅུ་ལ་ཐེ་ཚོམ་


JLAZ008_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཐོན་ཅིག་ཅེས་གཏེར་བདག་གནོད་སྤྱིན་གྱིས་བསྐུལ་བ་ལས། མགོན་པོ་འབྲི་གུང་པ་དང་བཅས་སྟེང་ཁང་དུ་ཕེབས། དེ་ནས་དབྱིངས་དམངས་སྐུ་གཉེར་དང་བཅས་ཕྱིར་བསྐྲད། བླ་མ་གཙང་ནས་ངེད་དཔོན་སློབ་གསུམ་ལས་མེད་པའི་ཐོག་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་འདིས་རྣམ་སྣང་བཞི་སྒྲོམ་གྱི་སྙིང་མཛོད་དུ་ཕེབས། མུན་པ་ཤིན་ཏུ་གནག་པ་ལ་ཆབ་རིལ་གྱི་ནང་ནས་ཆབ་འཐོར་བས་དེའི་གཤེར་གང་ཕོག་ལས་མེ་རང་བྱུང་དུ་འབར་བས་གསལ་བའི་གཏེར་ཁ་ཤིན་ཏུ་མང་བར་བཞུགས་པ་ལས། ཀེ་ཚང་ཞིག་ན་ཐང་ཀ་ཆེན་པོ་ཞིག་དང་རྒྱལ་པོའི་བླ་དཔེ་ཞིག་འདུག་པ་གང་ཡིན་གཟིགས་པའི་ཆེད་དུ་བསྣམས་ནས་འབྲི་གུང་རིན་པོ་ཆེ་ལ་གཟིགས་ཕུལ་བས། ཐང་ཀ་བཀའ་འདུས་ཀྱི་དཀྱིལ་ཐང་དང༌། དཔེ་ཆ་ཆོས་འབྱུང་རྒྱས་པ་ཞིག་འདུག་ཕེབས། དེ་མ་ཐག་རང་གནས་སུ་བསྐྱལ་ནས་རང་ལ་དབང་བའི་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་གཏེར་ཤོག་ལེ་ཚན་གཉིས། འབྲི་གུང་གི་ནང་རྟེན་ལ་བཞུགས་པའི་ཀླུ་བདུད་ཀྱི་ཁ་གནོན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ། མངའ་བདག་རྒྱལ་པོའི་དབུ་ལོ། བདུད་རྩི་ཆོས་སྨན། ཆོས་རྒྱལ་གྱི་བླ་རྡོ་ནག་པོ་ལུག་གི་མཁལ་མ་ཙམ་ལ། ཤིང་སྡོང་དང་སྤྲེའིའུ་རི་མོ་གསལ་བ་ལ་སོགས་པ་སྤྱན་དྲངས་ཤིང་དཔོན་སློབ་གཉིས་


JLAZ008_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་པར་ཤོག་སེར་ལས་ཕབ་པའི་མཐར། ཟིང་བ་སྟག་མགོར་ཟབ་མོ་གཏེར་གྱི་སྒྲུབ་པ་གུ་རུ་བདེ་བ་ཆེན་པོའི་ལྷ་སྔགས་ཏིང་ངེ་འཛིན་གྱི་རོལ་མོར་འབྱམ་ཀླས་པའི་ཚེ། ཚེས་བཅུ་ཞིག་གི་ནུབ་འོད་གསལ་དག་པའི་སྣང་བ་ལ་བུད་མེད་ཅིག་ན་རེ། ཆང་ཀ་པཱ་ལི་གང་དང༌། ཤ་དམར་ཙ་རི་བ་ཏིག་གཅིག་བྱིན་ནས། དོ་ནུབ་སློབ་དཔོན་ཆེན་པོས་ཚེས་བཅུ་གནང་གིན་ཡོད་པས་ཚོགས་ཆང་འདི་འཐུང༌། ཤ་འདི་ནལ་བྱིའི་དུར་ཁྲོད་ན་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་འདུག་པ་དེ་ཚོགས་ཤར་བླངས་པ་ཡིན། གསོལ་དང་ནུས་པ་ཚད་མེད་ནམ་མཁའ་ལ་འཕུར་ཡང་ཐུབ་ཟེར་བས་ཆང་དེ་འཐུངས། ཤ་དེ་ལ་ཐུགས་འཕྲིག་པ་ཙམ་གྱི་ངང་ནས་གསོལ་བས་བུད་མེད་དེ་ན་རེ་ཁྱོད་རྣལ་འབྱོར་པ་འདྲ་པོ་མིན། ད་སྟེ་སློབ་དཔོན་མཇལ་དུ་འདེང་ཟེར་བར་སྣང་ལ་འཕུར་བས། རྗེ་བཙུན་ཉིད་ཀྱང་ཤའི་ནུས་པས་འཕུར་ཐུབ་སྟེ་ཟངས་མདོག་དཔལ་རི་ལ་ཕེབས་ཤིང་ཡུལ་བཀོད་དང་གནས་ཚུལ་ངོ་མཚར་བ་གཟིགས་ཚུལ་ནི་རྣམ་ཐར་ན་གསལ་ཞིང༌། དུས་དེའི་ཚེ་ཨོ་རྒྱན་ཆེན་པོ་གུ་རུ་བདེ་བ་ཆེན་པོ་ཡབ་ཡུམ་གྱི་སྐུར་བཞེངས་པ་ལ་དབུ་ལ་ལྭ་ཐོད་ཀྱིས་གདེངས་ཀས་མཛེས་པ་ཞིག་ཏུ་བསྟན་ནས་ཤིན་ཏུ་དགྱེས་པ་ཆེན་པོ་དང་བཅས། རྩ་གསུམ་མཐོང་བ་རང་གྲོལ་གྱི་དབང་ལུང་གདམས་པ་དང་བཅས་བུམ་པ་གང་བྱོར་


JLAZ008_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ཞིང༌། བོད་ཡུལ་བསྟན་པའི་རྒྱལ་ཚབ་ཏུ་དབང་བསྐུར་བ་ལྟར་སྐལ་ལྡན་གྱི་ཆོས་བདག་རྣམས་ལ་རིམ་པར་བསྟན་ཏེ་བརྒྱུད་པ་ལས། འདིར་ནི་ཐུན་མོང་མ་ཡིན་པ་བྱིན་རླབས་དོན་རྒྱུད་ལྟར་ཡིན་ཏེ། དེ་ཡང་སྤྱི་ཆིངས་ལས། རྟེན་འབྲེལ་དུས་གནད་འཕྱུགས་པ་ན༔ ཆོས་རྒྱལ་གསུང་གི་སྤྲུལ་པ་དང་༔ མེས་དང་མི་འབྲེལ་རང་སར་ཡལ༔ ཞེས་པ་ལྟར་བཀའ་བཙན་པར་གྱུར་ནའང༌། སྔོན་གྱི་ཐུགས་བསྐྱེད་སྨོན་པའི་རི་མོ་བསུབ་ཏུ་མེད་པས་རེ་ཞིག་གི་ཚེ་རིག་འཛིན་དྷརྨ་སོ་མིའི་གཏེར་ལུང་ལས། དབུས་གཡོར་གཞུང་དུ་བྱང་སེམས་པདྨའི་མིང་༔ བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལ༔ ཞེས་པ་དང་ཆོས་མཚུངས་པ་ལས་ཁྱད་པར་མིང་འདྲ་དང་རུས་འདྲའི་ནེམ་ནུར་སྤངས་པ་དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་མ་ལས། ལུས་ལ་ལྟེ་སྨེ་སྙིང་གར་ཤ་མཚན་ཏེ༔ ངག་ནི་སྙན་མགུར་སྔགས་ཚིག་རྩོལ་བ་ཅན༔ པདྨ་ལས་བྱུང་པདྨའི་མིང་ལྡན་གཉིས༔ ཡིད་ནི་རྩེ་གཅིག་གདུང་ཤུགས་ང་ཉིད་དྲན༔ ཞེས་འགྱུར་མེད་ངེས་པའི་བརྡ་རྟགས་གསུམ་གྱིས་རྣམ་པར་བཀྲ་ཞིང་རྗེ་འབངས་གྲོགས་གསུམ་གྱི་སྨོན་ལམ་གྱི་ཐུགས་རྗེས་ཉེ་བར་བསྐྱངས་པའི་མངའ་རིས་པཎ་ཆེན་སྤྲུལ་པའི་སྒྱུ་འཕྲུལ་ལ་ཆགས་པ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེའི་འོད་གསལ་དག་པའི་


JLAZ008_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་གཙང་མའི་ངོས་དྭངས་པར༌། སྔོན་རྒྱལ་སྲས་ལྷ་རྗེ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེ་བའི་གནས་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་གི་སྣང་ཆར་བཀོད་པའི་གཞལ་མེད་ཁང་བློ་ལས་འདས་པ་ཞིག་ཏུ། ཨོ་རྒྱན་ཆེན་པོ་པདྨ་གུ་རུའི་རྣམ་པས་རྩ་གསུམ་མཐོང་བ་རང་གྲོལ་གྱི་གདམས་སྐོར་བརྡ་ཆོས་ཀྱིས་སྩལ་བའི་མཐར་གཏེར་ལུང་ལས། རྒྱལ་བའི་དགོངས་པ་ཉིད་ཀྱི་ཚུལ༔ དགོངས་པ་བབས་པ་དབང་གི་མཆོག༔ ཅེས་པ་ལྟར། གང་གི་ཚེ་ང་དང་ང་ཡིར་འཛིན་པའི་ཀུན་རྟོག་ཨོ་རྒྱན་ཆེན་པོའི་ཐུགས་ཀར་ཐིམ་པ་ལས། དུས་གསུམ་གྱི་རྟོག་པ་མཐའ་དག་དབྱིངས་སུ་དག་སྟེ་ཡེ་ཤེས་བརྗོད་བྲལ་བདེ་བ་ཆེན་པོའི་རོས་གང་ནས་ཞག་གཅིག་འདས་པའི་ཉམས་སྣང་ལས་སད་དོ། །དེར་རིག་པ་རྩལ་གྱིས་དབང་ཐོབ་པས་གདམས་ངག་ཡོངས་སུ་རྫོགས་པའི་ཚིག་དོན་ལ་རང་དབང་སྒྱུར་བའི་ནུས་པ་མངོན་དུ་གྱུར་ཅིང༌། གཟུང་འཛིན་རོ་རྐྱང་གི་རྒྱུ་བ་དབུ་མ་ཡེ་ཤེས་ཀྱི་ཁང་བཟང་དུ་ཆུད་དེ་སྙན་བརྒྱུད་ཡི་གེ་མེད་པའི་ལམ་རྟགས་དབང་པོའི་སྤྱོད་ཡུལ་དུ་མངོན་པའི་བྱིན་རླབས་བུམ་པ་གང་བྱོར་ཐོབ་པ་ལས་སྨིན་གྲོལ་གྱི་གདམས་པ་མྱོང་ཆོས་སུ་གཏན་ལ་ཕབ་པའི་ལུགས་སུ་ལམ་རྒྱས་པ་རིག་འཛིན་བཀའ་བརྒྱད་ཀྱི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་སྐུར་བར་བྱེད་པ་ལ་བདག་རྡོ་རྗེ་སློབ་དཔོན་གྱིས་བགྱི་བ་


JLAZ008_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་དགོས་པ་ཐམས་ཅད་ཆང་བ་ཡིན་ལ། སློབ་མས་བྱ་བའི་རིམ་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་ཡོན་གྱི་མཎྜལ་ཐུགས་གཏད་པར་ཞུ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སྔོན་ཆད་ལམ་ལོག་འཁོར་བར་འཁྱམས༔ སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར༔ བླ་མ་རྩ་གསུམ་དཀྱིལ་འཁོར་དུ༔ བདག་ཉིད་འཇུག་པས་སྩལ་བར་བགྱི༔ ལན་དུ་བླ་མས་དམ་བསྒྲག་ཅིང་གནང་བ་བྱིན་པ་ནི༔ ཧོཿ བུ་ཁྱོད་ང་ལ་ལེགས་པར་ཉོན༔ གསང་བ་སྔགས་ཀྱི་དཀྱིལ་འཁོར་འདིར༔ འཇུག་པར་དཀའ་ལ་ཉེས་དམིགས་ཆེ༔ དམ་ཚིག་ཉམས་ན་བརླག་པར་འགྱུར༔ དམ་ཚིག་བསྲུངས་ན་དབང་བསྐུར་སྦྱིན༔ ལན་དུ་སློབ་བུས་ཁས་བླང་བ་ནི་རྗེས་ཟློས་བྱར་གཞུག་ཅིང༌། ཧོཿ གསང་སྔགས་མཆོག་གི་དཀྱིལ་འཁོར་འདིར༔ སྔོན་ནས་དད་པའི་སྐལ་ལྡན་བདག༔ ལུས་དང་སྲོག་ལ་མི་ལྟོས་པར༔ དམ་ཚིག་མཆོག་བསྲུང་དབང་བསྐུར་སྩོལ༔ འོ་དེ་ལྟར་ཡིན་ན་འཇུག་པ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད༔ སྟོན་པ་ཁྱེད་ནི་དགའ་ཆེན་ཏེ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ༔ བྱང་ཆུབ་སེམས་ཀྱང་བདག་


JLAZ008_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུཿ མགོན་པོས་བདག་ནི་གཞུག་ཏུ་གསོལ༔ སློབ་དཔོན་གྱིས། འོ་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བཞི་རྫོགས་པར་ནོད་པ་ལ་དེའི་གཞི་རྟེན་དུ་ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་བཟུང་བ་སྔོན་དུ་གལ་ཆེ་ཞིང༌། དེ་ཡང་ལམ་གྱི་རྨང་རྡོ་སྐྱབས་སུ་འགྲོ་བ་ནི་ཉན་རང་ཐུན་མོང་ཡིན་ལ། ཐེག་ཆེན་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་རྡོ་རྗེ་ཐེག་པའི་ཁྱད་ཆོས་གཉིས་ཀའི་སྡོམ་པ་ཐུན་མོང་བ་གཟུང་ཕྱིར༔ བདུན་གྱི་ནམ་མཁར་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ། འཁོར་བའི་སྡུག་བསྔལ་ལ་འཇིགས་པ། སྡུག་བསྔལ་དེ་སྐྱོབ་པའི་ནུས་པ་སྐྱབས་གསུམ་དེ་དག་ལ་ཡོད་པས་དད་པ། རང་དང་འདྲ་བའི་སེམས་ཅན་ལ་སྙིང་རྗེ་བ་གསུམ་ཀུན་སློང་དྲན་པས། ཡིད་ཁྱེད་ཤེས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་ཞིང༌། སྐྱབས་གསུམ་རྣམས་དཔང་པོར་བྱས་པ་ལ་རྒྱལ་སྲས་ཀྱི་སྡོམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བཞིན་དུ་ནོད་པར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་ལན་གསུམ་གྱི་རྗེས། སློབ་བུའི་སྙིང་གར་རྡོ་རྗེ་བཞག་


JLAZ008_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡ་མི༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་དེ་ཉིད། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དེའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ལྔ་ཀུན་ནས་འཕྲོ་བ་དང་བཅས་པ་གཅིག་ཏུ་གྱུར་པ་ཁྱོད་རང་རྣམས་ཀྱི་སྙིང་གར་བསྒོམ་ལ། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པར་བགྱིའོ། །ཞེས་པའི་སྒྲ་དོན་ཅན་གྱི་གསང་སྔགས་འདིའི་རྗེས་ཟློས་མཛོད། ཅེས་སྔགས་གོང་མའི་རྗེས་ཟློས་ལན་གསུམ་བྱར་གཞུག་པས་ཐུན་མོང་མ་ཡིན་པའི་སེམས་བསྐྱེད། དེ་ནས་རྡོ་རྗེ་ལག་ཏུ་གཏད་ཅིང༌། ཨོཾ་སུ་ར་ཏེ། སྔགས་དོན་ཤིན་ཏུ་དགའ་བའི་དམ་ཚིག་དང་ལྡན་པ་ཁྱེད་ཀྱིས་ཇི་ལྟར་བདེ་བར་བསྒྲུབ་པར་བྱའོ། །ས་མ་ཡ་སྟྭཾ༔ ཧེ་སིདྡྷྱ་ཡ་ཐ་སུ་ཁཾཿ ཞེས་བརྗོད། རྡོ་རྗེ་སྤྱི་བོར་བཞག་ལ། ཧོཿབླ་མ་ཡིད་དམ་ཌཱཀྐི་རྣམས༔ ཡེ་ནས་རང་བྱུང་ཁྱེད་ལ་རྫོགས༔ དམ་ཚིག་དཀྱིལ་འཁོར་དུ་ཞུགས་ཀྱང་སྔགས་ལ་མི་དད་ཅིང་དེའི་སྦྱོད་ཡུལ་ལ་སྐྲག་པ་སྐྱེ་བ་རྣམས་ལ་གསང་བ་གདམས་པའི་དམ་ཚིག་ཁྱད་པར་བ་རྩ་ལྟུང་བདུན་པ་ལ་དམིགས་ཀྱི་བཀར་བའོ། །ཉམས་ན་དེ་ལ་བསྒྲིབ༔ དེ་བས་དམ་ཚིག་གཅེས་པར་སྲུངས༔ ཞེས་དང༌། བདུད་རྩི་བྱིན་ལ། ཧོཿའདི་ནི་དམ་ཚིག་བདུད་རྩིའི་ཆུ༔ བུ་ཁྱོད་ལ་ནི་སྦྱིན་པར་བྱ༔ དམ་བསྲུངས་


JLAZ008_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྣ་ཚོགས་ཐོབ༔ ས་མ་ཡ་ཨི་དན་ན་རཀྐན༔ རིགས་ཀྱི་བུ་འདི་ལྟར་ཤེས་པར་བྱོས་ཤིག །ཁྱོད་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོ་འདིར་གཞུག་སྟེ་མཆོག་ཏུ་གསང་བའི་རང་བྱུང་གི་ཡེ་ཤེས༔ འདི་རྩ་ལྟུང་ཐམས་ཅད་ཀྱི་དམ་བཞག་ཡིན། བསྐྱེད་པར་བྱ་བ་ལ། དེའི་སྲོག་ཏུ་གྱུར་པའི་དམ་ཚིག་ཉམས་ན་དངོས་གྲུབ་ཆེན་པོ་ཐོབ་པའི་གོ་སྐབས་མེད་ཅིང༌། ཁྱད་པར་དུ་དམ་ཚིག་བདུད་རྩི་རྡོ་རྗེ་དམྱལ་མ་ཉམས་ན་རྗེས་སུ་འཛིན་པའི་ཆ་ནས་བདུད་རྩི་དང༌། ཉམས་ན་ཚར་གཅོད་བའི་ཆ་ནས་རྡོ་རྗེ་ཤིན་ཏུ་བརྒལ་བར་དཀའ་བས་དམྱལ་བའི་ཆུ་ཞེས་སྒྲ་བཤད་བཞག་པའོ། །བའི་ཆུ་བཞག་པ་ལྕེ་ཐོག་ཏུ་བཞག་ཀྱང་བབས་པ་སྙིང་དབུས་སུ་འབབ་པ་སྟེ། དེའང་འདི་ལྟར་ཁེ་ཉེན་ཆེན་པོ་གཉིས་སུ་ཡོད་པའི་གལ་ཏེ་འདས་ཤིང་ཉམས་པར་གྱུར་ན། བཛྲ་ཡཀྴ་གྲོ་དྷ་ཞེས་བྱ་བའི་སྡིག་པ་མགོ་དགུ་པར་གྱུར་ནས་ཁྱོད་ཀྱི་སྙིང་ཁྲག་འཇིབ་ཅིང༌། མཐོང་ཆོས་སུའང་ཚེ་ཐུང་ནད་མང་ལ། ཕྱི་མའི་ཚེ་རྡོ་རྗེ་དམྱལ་བར་བསྲེག་པར་བྱེད་དོ། །དམ་ཚིག་བསྲུངས་ན་ཡེ་ཤེས་སེམས་དཔར་གྱུར་ནས་རྟག་པར་རྒྱུན་དུ་བྱིན་གྱིས་རློབ་ཅིང་འདི་ཕྱིའི་ཕན་བདེ་མ་ལུས་པའི་འབྱུང་གནས་ཆེན་པོར་འགྱུར་བ་སྟེ། དེ་བས་ན་བླང་དོར་སྲོག་ལ་བབ་ཀྱང་འབད་པར་རིགས་སོ། །ཞེས་གདམས། དེ་ནས་ཁྱད་པར་གྱི་གདམས་པ་འབོག་པ་ནི། འོ་ཤེས་པར་བྱོས་ཤིག །འདི་ལྟར་དབང་བསྐུར་བ་དེའི་ཐོབ་བྱ་དཀྱིལ་འཁོར་གྱི་བྱ་བ་ལ་བརྟེན་


JLAZ008_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐོབ་ནའང༌། དབང་འཛིན་པ་དེ་དམ་ཚིག་དང་སྡོམ་པ་ཁོ་ན་ལ་བརྟེན་ནས་འཛིན་པ་ཡིན་པས་སྨིན་བྱེད་ཀྱི་སྡོམ་ལྡན་དུ་བསྒྲུབ་པ་གལ་ཆེ་སྟེ། རྩེ་མོ་ལས། སྡོམ་པ་གསུམ་ལ་བཀོད་ནས་ནི། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ཞེས་གསུངས་ལ། དེའི་སྔོན་དུ་འགྲོ་བ་ལ་ཁྱད་པར་ཅན་གྱི་ཚོགས་བསག་དགོས་པའི་གནད་ཐམས་ཅད་ཡན་ལག་བཅུ་པར་འདུ་བ་ཡིན་པས་མདུན་མཁར་རྒྱལ་བ་སྲས་དང་བཅས་པ་ཉི་ཟེར་གྱི་རྡུལ་ཕྲན་བཞིན་དུ་བྱོན་པར་མོས་ནས་སྦྱང་གཞི་དང་སྦྱོང་བྱེད་ཀྱི་དོན་ཡིད་ལ་དྲན་པའི་ངང་ནས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ རྣམ་དག་མཉམ་པའི་ངང་ཉིད་ལས༔ བླ་མ་རྩ་གསུམ་ལྷ་ཚོགས་གཤེགས༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ བཞུགས་གསོལ་འདེབས་སོ་དགེ་རྩ་བསྔོ༔ ཡང་དག་རྡོ་རྗེ་འཆང་ཐོབ་ཤོག༔ དེ་ལྟར་བསགས་སྦྱངས་སྔོན་དུ་སོང་ནས་ཚོགས་ཞིང་རྣམས་དཔང་པོར་བྱས་ལ་ཕྱིའི་སོ་སོར་ཐར་པ་ནས་བཟུང་སྟེ་གསང་བ་རིག་པ་འཛིན་པའི་བར་གྱི་སྡོམ་པ་རྣམ་པ་གསུམ། སྡོམ་པ་དེ་དག་གིས་མཚམས་དང་རྣམ་པར་དབྱེ་བ་ཡང་བདེ་བར་གཤེགས་པའི་གསུང་རབ་ཀྱི་དགོངས་དོན་འཛམ་བུའི་གླིང་གི་རྒྱན་དྲུག་མཆོག་གཉིས་དང༌། ཤིང་རྟ་ཆེན་པོ་ཀློང་ཆེན་


JLAZ008_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཇི་ལྟར་བཀྲལ་བ་བཞིན་ལས་དེ་དག་གི་སྙིང་པོ་མདོར་ཧྲིལ་གྱིས་བསྡུ་ན། སྡིག་པ་མི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་དེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་པ་ལ་ཚང་ཞིང་སྡོམ་པ་དེ་དག་གཞིར་བཞག་པ་ལ་སེམས་བསྐྱེད་ཀྱི་འཕེན་པའི་བྱེ་བྲག་དང་ལམ་སློང་གི་སྒོ་ནས་དབྱེ་བསལ་དུ་ཕྱེ་བས་ཕྱི་དོན་དང་སྦས་དོན་ལྟར་སྣང་བའི། རིགས་ལྔའི་སྡོམ་པ་དང་དམ་ཚིག །ཡན་ལག་གི་དམ་ཚིག་ལྔ་ཚན་ལྔ། །དེ་དག་ཐམས་ཅད་ཀྱི་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། མདོར་ན་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གསུམ་གྱི་མིང་གིས་བསྡུས་པའི་བསྲུངས་མཚམས་མཐའ་དག་སྲོག་ལ་བབ་ཀྱང་མི་གཏོང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས༔ ཡུད་ཙམ་བདག་ལ་རབ་དགོངས་ཤིག༔ བདག་ཉིད་རྡོ་རྗེ་ཆེ་གེ་རང་རང་གི་མིང་ནས་བརྗོད་མོ༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ ཁྱེད་དང་གཉིས་མེད་སྐྱབས་སུ་མཆི༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ གསུམ། ཨེ་མ་ཧོཿ


JLAZ008_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་ཡང་རིགས་ལྔ་ཡི༔ དམ་ཚིག་སྡོམ་པ་བདག་གིས་བཟུང་༔ འགྲོ་བ་མ་བསྒྲལ་བ་རྣམས་ཉོན་སྒྲིབ་སྤངས་ཀྱང་ཤེས་སྒྲིབ་ལས་མ་བསྒྲལ་བ་ཉན་རང་དགྲ་བཅོམ་པ་སོགས། བསྒྲལ༔ མ་གྲོལ་བ་རྣམས་དགྲོལ་བར་སྒྲིབ་གཉིས་ཀྱི་འཆིང་བ་ལས་ཤིན་ཏུ་གྲོལ་བའི་ཚངས་པ་སོགས་སོ་སྐྱེ་ནས་སློབ་པ་འཕགས་པའི་བར་བགྱི༔ དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང༔ དམྱལ་བ་སོགས་སྡུག་བསྔལ་གྱིས་གདུངས་པ་བདེ་བར་དབུགས་མ་ཕྱིན་པ། སེམས་ཅན་མྱ་ངན་འདས་ལ་འགོད༔ མདོར་ན་སེམས་ཅན་ཐམས་ཅད་མི་གནས་པའི་མྱང་འདས་ལ་འགོད་པ་སོགས་རིགས་ལྔའི་དམ་ཚིག་དོན་བསྡུས་པ་ཡིན། ཕྱག་རྒྱ་བཞོན་པ་ཡན་ལག་གི་དམ་ཚིག་ཆོས་རྒྱ། ལས་རྒྱ། དམ་རྒྱ། ཕྱག་རྒྱ་ཆེན་པོ་སྟེ་བཞི་ལས། འདིར་དངོས་བསྟན་ལག་གི་འདུ་བྱེད་པའི་ཕྱག་རྒྱ་དང༌། རྡོར་དྲིལ་ལ་སོགས་ཏེ་ལྷའི་སྐུ་གསུང་ཐུགས་མཚན་གྱི་རིགས། བཞོན་པ་སྟེ་ལྷ་དང་བླ་མའི་ཆིབས་དང༌། སྟན་ལ་སོགས་པར་འགོམ་ཡུག་སྤང་པ་དང༌། དངོས་བསྟན་གཉིས་དང༌། གསང་བ་པ་གནོད་སྦྱིན་ཏེ་སྟོན་པའི་དམ་ཚིག་ལ་གནས་པའི་བསྟན་པ་སྐྱོང་བའི་ཚོགས་ལ་བརྙས་མི་བྱ་ཞིང་ཐུགས་དམ་སྐོང་བ་དང༌། བརྟན་གཡོ་མ་ལུས་པ་ལྷ་སྔགས་གཞལ་ཡས་ཁང་གི་རང་བཞིན་དུ་གདོད་ནས་གྲུབ་པ། བསྐྱེད་རྫོགས་ཟབ་མོ་ལ་རྣལ་དུ་འབྱོར་པས་མཉམ་པར་སྦྱོར་ཞིང༌། རྗེས་ཐོབ་ཏུ་རྒྱུད་ལས། རྣལ་འབྱོར་དབང་པོས་སྐྱེ་བོ་ནི། །གང་ལའང་བརྙས་པར་མི་བྱ་སྟེ། །ཞེས་པས་འདོམས་ལ། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་རྡོ་རྗེ་སློབ་དཔོན་དང༌། དེའི་རང་བཞིན་དུས་གསུམ་གྱི་སངས་རྒྱས་མ་ལུས་པ་ཡིད་ལ་དྲན་པ་དང༌། སྐུ་བལྟམས་པ་ལ་སོགས་ཏེ་མཛད་པ་བཅུ་


JLAZ008_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དེ་དང་རྗེས་སུ་མཐུན་པའི་མཛད་པ་རླབས་པོ་ཆེའི་དུས་མཆོད་མ་ཆགས་པ་སོགས་མདོར་ན་རྒྱལ་བས་བསྒྲགས་པ་ཞེས་ཐ་ཚིག་ཏུ་འདོམས་པའོ། །མི་སྨད་ཅིང་༔ ལྷ་དང་ལྷ་མིན་གསང་བ་པ༔ ལྷ་དང་མཉམ་སྦྱོར་བརྙས་པ་སྤང་༔ བླ་མ་སངས་རྒྱས་དྲན་དུས་མཆོད༔ རྒྱལ་བས་བསྒྲགས་པ་གང་ཡིན་པ༔ དེ་དག་ཐམས་ཅད་བདག་གིས་བཟུང་༔ འོ། དེ་ལྟར་བཟུང་བའི་སྡོམ་པ་གསུམ་གྱི་གནས་རྣམས་ཁས་བླངས་པ་ཙམ་གྱིས་ཆོག་པ་བསྲུང་བ་ལ་མ་འབད་ན་དམྱལ་བ་ལ་སོགས་པའི་གནས་འོག་མར་ལྷུང་བར་མ་ཟད་བཤགས་སྡོམ་གྱི་སྒོ་ནས་རྣམ་སྨིན་གྱི་ཆ་སྦྱོང་ནུས་པར་སྲིད་ཀྱང་ཡོན་ཏན་ཐོབ་པ་ལ་བར་དུ་གཅོད་པ་ནི་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཉན་ཐོས་ཐེག་པ་ཅན་ལ་རྩ་བའི་ལྟུང་བ་བྱུང་ན་ཕུང་པོ་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་བ་མེད་དོ། །ཞེས་ཚེ་དེ་ལ་དགྲ་བཅོམ་ཐོབ་མི་ནུས་པ་དང༌། དེ་བཞིན་དུ་བྱང་ས་ལས་བྱང་སེམས་ཀྱི་རྩ་ལྟུང་བྱུང་ན་ཚེ་དེ་ལ་ས་དང་པོ་ཐོབ་མི་སྲིད་པར་གསུངས་ཤིང༌། བྱེ་བྲག་ཏུ་སྔགས་ཀྱི་སྡོམ་པ་དང༌། དམ་ཚིག་ཁྱད་པར་བ་རྣམས་ལ་འགལ་བ་དང༌། ཉམས་པ་དང༌། འདས་པ་དང༌། རལ་བ་ཞེས་བྱ་བའི་བྱེ་བྲག་ཡོད་དེ་རྡོ་རྗེ་ཉི་མ་རྣམ་པར་བཀོད་པའི་རྒྱུད་ལས། སྤྱིར་ན་དམ་ཚིག་ཁྱད་པར་ལས། །དུས་ལ་ཁྱད་པར་ངེས་ཕྱེ་བ། །དམ་ལས་འགལ་ཞེས་ཉེས་བྱས་གང༌། །


JLAZ008_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གིས་བར་མ་ཆོད་པར་ནི། དམིགས་པའི་ཡུལ་ལ་བཤགས་བྱས་ན། །དེ་ནས་སོར་ཡང་ཆུད་པའོ། །ཉམས་ཞེས་ཟླ་བས་མ་ཆོད་པར། །འགྱོད་པ་དྲག་པོས་བཤགས་པས་གསོས། །དམ་ལས་འདས་ན་ལོ་དག་གི །བར་དུ་མ་ཆོད་བཤགས་པས་སོ། །ལོ་ནི་གཉིས་དང་གསུམ་དག་ནས། །དམ་ཚིག་རལ་བ་ཞེས་བྱ་བ། །མཆོག་ཏུ་དྲག་ན་གསོ་རུ་རུང༌། །ལོ་གསུམ་དག་ལས་འདས་པ་ནི། །ནམ་ཡང་གསོ་རུ་མི་རུང་སྟེ། །གལ་ཏེ་བླངས་ན་གཉིས་ཀ་འཚིག །ཀུན་ཏུ་སྤྱོད་པ་ཁོ་ནའོ། །ཞེས་པའི་འགྲེལ་པར་ཀུན་མཁྱེན་གྱིས། དམ་ཚིག་དེ་དག་ལས་ཉམས་ནས་ཞག་གིས་བར་མ་ཆོད་ན་དམ་ལས་འགལ་བ་ཞེས་བྱ་བས་དེ་མ་ཐག་པར་བཤགས་པས་འདག །ཞག་གིས་བར་ཆོད་ལ་ཟླ་བས་བར་མ་ཆོད་ན་ཉམས་པ་ཞེས་བྱ་བའི་སྐོང་བཤགས་ལན་བདུན་སོགས་ཀྱིས་འདག །ཟླ་བས་ཆོད་ལ་ལོས་བར་མ་ཆོད་ན་འདས་པ་ཞེས་བྱ་སྟེ། དེ་ལ་ཚོགས་བརྒྱ་ཞུ་བ་དང༌། རང་གི་བུ་ནོར་ལོངས་སྤྱོད་ཐམས་ཅད་ཕུལ་ན་འདག །ལོས་ཆོད་ལ་ལོ་གསུམ་མ་ལོན་ན་རལ་བ་ཞེས་བྱ་སྟེ། རང་གི་སྲོག་གིས་བསྐངས་ན་གསོས་ལ། ལོ་གསུམ་གྱི་བར་མ་བཤགས་པར་དེ་ལས་འདས་ན། དེ་ནས་དམ་ཚིག་གསོར་མི་རུང་སྟེ། ཞེས་གསུངས་པ་ལྟར་ཉམས་པ་རྒྱུད་ལ་གནས་པ་དེ་འཕེལ་བས་ནད་


JLAZ008_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རོས་པ་གཉེན་པོའི་སྨན་གྱིས་མི་གསོས་པ་ལྟར་གསོ་བའི་གོ་སྐབས་ལས་འདས་ཤིང༌། སྡོམ་པ་འོག་མ་གཉིས་ལས་ཆེས་ཕྲ་ཞིང་བསྲུང་དཀའ་བ་ཡིན་པས་གཉེན་པོས་གཅུན་ཏེ་ནམ་ཡང་ཉམས་པ་མེད་པར་བསྲུང་ཞིང༌། གལ་ཏེ་ཉམས་པའི་མགོ་རྩོམ་པ་ནའང་དེ་མ་ཐག་ཏུ་བཤགས་ཐབས་ལ་འབད་པ་ཡང་ཤིན་ཏུ་གཅེས་སོ། །དེ་ལྟར་བཤད་མ་ཐག་པ་དང༌། གོང་དུ་སྟ་གོན་གྱི་སྐབས་སྡོམ་པ་བཟུང་བས། དངོས་གཞི་ལ་ལྟོས་ནས་བསྲུང་བར་དབང་ཞིང༌། དངོས་བསྟན་བསྐྱེད་རྫོགས་ཐུན་མོང་པའི་བྱེ་བྲག་གི་དམ་ཚིག་རྣམས་རིགས་ངེས་པ་ཁས་བླངས་ཀྱི་ཆོ་གས་ཐོབ་པ་ཞེས་བརྗོད་ལ། ཁྱད་པར་རིམ་པ་གཉིས་སོ་སོའི་སྔགས་སྡོམ་རྣམས་དབང་བཞི་རང་རང་གི་རྗེས་ཐོག་ཏུ་དབང་སོ་སོའི་ས་བོན་རྒྱུད་ལ་ཐེབས་པ་དང་ལྷན་ཅིག་ཏུ་ཐོབ་པ་ཡིན་ཕྱིར་སྔགས་སྡོམ་རྫོགས་པར་ཐོབ་པའི་དུས་ནི་དབང་བཞི་པའི་མཐར་ཐུག་ཁོ་ན་ལ་ལྟོས་དགོས་པ་ཡིན་ནོ། །དེ་ལྟ་ནའང་ཁས་བླངས་ཀྱི་ཆོ་གས་ཐོབ་བའི་རྣམ་གཞག་ཡོད་པར་མ་ཟད། མཚུངས་ལྡན་གྱི་སྡོམ་པ་ལ་གནས་དགོས་ཕྱིར། དེའི་དམ་སྡོམ་བསྲུངས་མཚམས་མ་མཆིས་པའི་སྐྱེ་བོ་རང་ཁ་དང་ནད་གདོན་གྱིས་མནར་བའི་རྐྱེན་སེལ་ལྟ་བུའམ། སྒྲིབ་སྦྱོང་སོགས་ལ་བསྐུར་དགོས་པའི་རིགས་ལ་སྡོམ་པ་ཁྱད་པར་བ་འདི་དག་མི་འབོགས་ཤིང༌། མཆོག་དབང་གོང་མ་རྣམས་ཀྱང་མི་


JLAZ008_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་གསར་རྙིང་གི་རྒྱུད་སྡེ་དམ་ཚིག་དང་སྡོམ་པའི་ཁྱད་པར་ནི་ཤཱནྟི་བས། དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །སྡོམ་པ་ནི་བྱ་བ་དང་མི་བྱ་བའི་ངེས་པའོ། །ཞེས་ངོ་བོ་གཅིག་ལ་ལྡོག་ཆས་མི་འདྲ་བར་འཇོག་ཅིང༌། དེ་ཡང་སྔགས་སྡོམ་ཡིན་ན་སྡོམ་པ་དམ་ཚིག་གཉིས་ཀ་ཡིན་པས་ཁྱབ་ལ། དམ་ཚིག་ཡིན་ན་སྡོམ་པ་ཡིན་པས་མ་ཁྱབ་སྟེ། བྱ་སྤྱོད་གཉིས་ཀྱི་དམ་ཚིག་སྡོམ་པ་མ་ཡིན་པའི་ངེས་བཟུང་གི ། སྔགས་སྡོམ་ཉམས་པའི་གང་ཟག་གི་རྒྱུད་ལ་དམ་ཚིག་ཡོད་པར་བལྟ་བའང་ཡོད་དོ། །ཆེན་པོ་དང༌། མཁས་གྲུབ་ཆེན་པོ་རྣམས་ཀྱི་དགོངས་པ་ཕྱིན་ཅི་མ་ལོགས་པ་ཡིན་ལ། དེ་ལྟ་ནའང་དེང་སང་སྙིགས་མའི་དུས་ཁྲོམ་ལ་དབང་སྐུར་བྱེད་པས་མཚོན་ཏེ་སྨིན་སློབ་དང་མོས་སློབ་གཉིས་ལ་དབང་བསྐུར་ཡུལ་གྱི་ཁྱད་པར་མི་འབྱེད་པའི་རྡོ་རྗེ་སློབ་དཔོན་དུ་རློམ་པ་དག་གི་སྙིང་ལ་འདོད་པའི་ལྷས་གནས་མལ་བཅས་པར་གདོན་མི་ཟ་བས་སོ་མཚམས་ཕྱེད་པ་ཤིན་ཏུ་གལ་ཆེའོ། །དེ་ནས་བྱ་བའི་ལས་ཀྱི་སྒོ་ནས་དངོས་སུ་འཇུག་ཅིང་ཕྱག་བྱ་བ་ནི། དཀྱིལ་འཁོར་གྱི་ཁང་བའམ་ཡོལ་ཡོལ་བ་བསལ་ཀྱང་དོན་གཅིག །བའི་ནང་དུ་འཇུག་ཅིང༌། འོ་ཁྱེད་ཅག་རྣམས་དཀྱིལ་འཁོར་དམ་པར་འཇུག་པའི་སླད་དུ་ངེད་ཀྱི་སྔགས་དང་ཕྱག་རྒྱའི་སྒོ་ནས་དཀྱིལ་འཁོར་ཆེན་པོའི་ཚད་མེད་རྣམ་བཞིའི་སྒོ་ཕྱེ་བར་གྱུར་པ་ལས། གཙོ་བོའི་ཐུགས་ཀ་ནས་བྱུང་བའི་ལས་ཀྱི་རྡོ་རྗེའི་ཕྱག་ལ་འཇུས་ཏེ་ཤར་སྒོ་ནས་བཟུང་རིམ་པར་གཡས་སྐོར་གྱིས་སྒོ་བཞིར་འཇུག་པའི་མོས་པ་མཛོད། ཨེ་མ་ཧོཿརང་བྱུང་ཡེ་ཤེས་ཕྱི་ནང་མཆོད་


JLAZ008_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚོགས༔ མ་ལུས་མངོན་བྱས་རྩ་བ་གསུམ་ལ་འབུལ༔ ཨོཾ་བཛྲ་ཨུཏྤ་ཏ་ཡ༔ ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ༔ ཞེས་ཚད་མེད་བཞིའི་ཕྱག་རྒྱ་བཅའ་ཞིང་སྒོ་དབྱེ། དེ་ནས་གོ་ཡུལ་གྱིས་བདེ་ན་སློབ་བུ་རྣམས་ཤར་སྒོ་ནས་རིམ་པར་སྔགས་ཚན་གསུམ་བརྗོད་པ་དང་སྤྲག་སྤྱི་མགྲིན་སྙིང་གའི་གནས་གསུམ་དུ་ཐལ་མོ་རིམ་བཞིན་སྦྱར་བ་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་ཕྱག་ལན་གསུམ་རེ་སྒོ་བཞི་ཀར་བྱར་འཇུག་ལ། མ་བདེ་ན་དམིགས་པ་སྔགས་ཀྱི་རྗེས་ཟློས་བྱར་གཞུག་ཅིང༌། ཨོཾ་ན་མ་ཏེ་ཧཱུྃ༔ ཨོཾ་ན་མ་མེ་ཧཱུྃ༔ ཨོཾ་ན་མོ་ན་མ་ཧཱུྃ༔ ཞེས་ཕྱག་བྱ་བ་ཡན་ཕྱི་འཇུག་གོ། །དེ་ཡང་འདུས་པར། དེ་ལ་འདི་ནི་དཀྱིལ་འཁོར་ཆེན་པོར་འཇུག་པའི་རྡོ་རྗེའི་དམ་ཚིག་གོ། ཨ་ཁཾ་བི་ར་ཧཱུྃ༔ ཞེས་དཀྱིལ་འཁོར་དུ་འཇུག་པའི་ཚེ་བླ་མས་བརྗོད་པའི་སྔགས་སུ་བཤད་ལ། དེ་ལྟ་བུས་འཇུག་པ་ནི་དབང་གི་སྔོན་དུ་ངེས་པར་དགོས་ཏེ། ཅིའི་ཕྱིར་ན་ལྷ་དང་སྐལ་བ་མཉམ་པར་འགྱུར་བ་དང༌། མ་འོངས་པའི་ཚེ་ལྷའི་གཞལ་ཡས་ཁང་ལ་དངོས་སུ་ལོངས་སྤྱོད་པའི་རྟེན་འབྲེལ་འགྲིག་པ་ཡིན་པས་བརྡ་འཕྲོད་པ་གལ་ཆེའོ། །གཉིས་པ་ནང་འཇུག་ནི། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོའི་སྟེགས་བུའི་གདན་ལ་འཁོད་པས་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་བྱུང༌། རང་གི་རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ཧཱུྃ་མཐིང་གར་གྱུར་པ་ཡབ་ཀྱི་ཞལ་ནས་


JLAZ008_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། སྐུའི་དབྱིབས་བརྒྱུད་ཡུམ་གྱི་པདྨར་བབས། ཕྱིར་བྱུང་ནས་རང་གི་གདན་ལ་འཁོད་པར་སྒོམ། དེ་ལས་དབང་བཞིའི་སྣོད་དུ་རུང་ཕྱིར་ཐ་མལ་གྱི་ཕུང་ཁམས་སྐྱེ་མཆེད་སྐད་ཅིག་གིས་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གསལ་བའི་གནས་གསུམ་ལས། སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱ༔ས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་རྣམས་ལས་འོད་ཟེར་འཕྲོས། སློབ་དཔོན་དང་གཉིས་སུ་མེད་པའི་མདུན་དཀྱིལ་མཁའ་ཁྱབ་ཀྱི་འཁོར་ལོར་རྫོགས་པ་ལས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་བྱོན་ནས། རང་ཉིད་དམ་ཚིག་སེམས་དཔར་གྱུར་པ་ལ་ཡེ་ཤེས་ཀྱི་འཁོར་ལོར་བྱེ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་དམིགས་ཤིང༌། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་གཡུང་དྲུང་དམར་པོ་ཆི་ལི་ལི་འཁོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏོད་ཅིག་ཅེས་བརྡ་སྦྱར་ལ། བདུད་རྩི་ལྔས་སྦགས་པའི་གཞོན་ནུ་མའི་རཀྟ། ཤ་ཆེན། གུ་གུལ། བྱི་ལ་ནག་པོའི་བྲུན། ཀླད་ཆེན། རའི་ཉ་བཞིའི་ཤ །རང་གི་སྐྲ་རྣམས་ཐོད་པའི་སྣོད་དུ་སོལ་ཆེན་གྱི་མེལ་བསྲེག་ཅིང༌། ཐོད་རྔ་དང་དྲིལ་བུའི་སྒྲ་མྱུར་དལ་སྤེལ་བ་ལ་སྔོན་བསྐལ་མས་སྣ་


JLAZ008_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པའི་དབྱངས་སྙན་པོས། ཧཱུྃ། ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས༔ མཁའ་ལ་ཆར་ལྟར་བབས་ནས་ཀྱང་༔ རྣལ་འབྱོར་སྒོ་གསུམ་རྡོ་རྗེར་མཛོད༔ བླ་མ་རིག་འཛིན་ལྷ་ཚོགས་རྣམས༔ བར་སྣང་གློག་ལྟར་འཁྱུག་ནས་ཀྱང་༔ རྩ་ཁམས་རླུང་ལ་ཡེ་ཤེས་སྦོར༔ ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས༔ ས་ནས་རླངས་ལྟར་རྡོལ་ནས་ཀྱང་༔ རིག་པའི་རྩལ་ཆེན་རང་ལ་སྦོར། ཧཱུྃཧཱུྃཧཱུྃ༔ ཧཱུྃཧཱུྃཧཱུྃ༔ ཧཱུྃཧཱུྃཧཱུྃ༔ གུ་རུ་དེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ༔ ཨ་ར་ལི་ཕཻཾ་ཕཻྃ༔ སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱཿཨཱ༔ ཞེས་འབེབས་སྔགས་ལན་མང་དུ་བརྗོད་ཅིང་དགོངས་པ་གཏད་མེད་ཀྱི་ངང་ནས་དབབ་པས་ཕེབ་པའི་རྟགས་ནི། ལུས་ལ་ཕེབས་ན་འདར་ཞིང་འཕར༔ ངག་ལ་ཕེབས་ན་སང་སྐྲི་ཏའི༔ སྐད་དང་བརྡ་སྔགས་གླུ་ལེན་དུ༔ སེམས་ལ་ཕེབས་ན་བག་དྲོ་ཞིང་༔ ཉམས་དགའ་བདེ་གསལ་མི་རྟོག་སྐྱེ༔ ཞེས་པ་ལྟར་ཡིན་ལ་གལ་ཏེ་མ་ཕེབས་ན་སྤོབས་པའི་ཆོ་ག་ནི། སྙིང་གའི་གཡུང་དྲུང་དམར་པོའི་ལྟེ་བར་བྃ་དང་༔ ཡན་ལག་བཞིར་ཧ་རི་ནི་ས་ལས་མཁའ་འགྲོ་སྡེ་ལྔ་གསལ་བས་ཤེས་པ་དྲག་ཏུ་བསྐུལ་ཞིང༌། རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་དང་བཅས་པར་རླུང་ལྟེ་བར་བསྐྱིལ་ལ། སློབ་དཔོན་གྱིས། ཨོཾ་བཛྲ་ལི་ཧཱུྃ་ཛཿ མ་ཧཱ་སུ་ཁ་ནི་ཧཱུྃ༔ བྷེ་ཝ་ཏད་ཐ་ཧཱུྃ༔


JLAZ008_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དྲག་ཏུ་བཟླས་ནས་ཕེབས་ངེས་སོ། །དེ་ལྟར་ཡེ་ཤེས་འབེབས་པ་ནི་དབང་དོན་རྒྱུད་ལ་འཇོག་པའི་རྟེན་འབྲེལ་གྱི་རྩ་བ་ལྟ་བུ་ཡིན་པས་ནན་ཏན་དུ་གཅེས་སོ༔ ཕེབས་རྟགས་བྱུང་མ་ཐག་ཏུ་བརྟན་པར་བྱ་བ་ནི། བྱིན་ཕེབས་པའི་ཡེ་ཤེས་པ་རྣམས་རྡོ་རྗེའི་ཆོས་བདུན་ལྡན་གྱི་རྣམ་རོལ་དུ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ ཞེས་བརྗོད་ཅིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་འཇོག །དེ་ནས་མདུན་དུ་མཎྜལ་གྱི་རབ་ཉེར་བསྡོགས་བྱ་ཞིང༌། སྔར་སྤྲད་པའི་མེ་ཏོག་གི་ཚོམ་བུ་བཟུང་ལ། འོ་ལྷག་པའི་ལྷ་དང་ལས་འབྲེལ་གྱི་རིགས་བརྟག་པའི་ཕྱིར་རིག་པའི་མེ་ཏོག་དཀྱིལ་འཁོར་ལ་དངོས་སུ་དོར་བ་ཡིན་ཡང༌། འཇུག་པ་མི་བདེ་ཅིས་མི་བདེ་ན་དྲི་མེད་འོད་ལས། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མེ་ཏོག་དོར་ན་རྡུལ་ཚོམ་ཉམས་པའི་ཕྱིར་བསོད་ནམས་མ་ཡིན་པར་འགྱུར་རོ། །ཞེས་གསུངས་ལ། ཡང་སེམས་དགེ་བ་ལ་ཉེས་པ་མེད། །ཅེས་པའི་རྗེས་སུ་འབྲངས་ནས་དེར་མ་ལྟོས་པའང་ཡོད་མོད་ཀྱི་དོན་ལ་སློབ་མའི་མོས་པ་དང་བློའི་ནུས་པ་ཆེ་ཆུང་ཡིན་པར་ཤེས་དགོས་སོ། །བས་མཎྜལ་གྱི་ར་བ་ཚོམ་བུ་ལྔ་པ་ལ་དོར་བའི་ཕྱག་ལེན་དར་བ་སྟེ། དེའི་ཕྱིར་རིགས་ལྔ་ལ་བཟང་ངན་གྱི་དབྱེ་བསལ་མ་མཆིས་ནའང༌། རང་དང་ལས་ཀྱི་འབྲེལ་པ་གང་ལ་ཡོད་པའི་ལྷག་པའི་ལྷ་མཆོག་དེས་བདག་གི་རིག་པའི་མེ་ཏོག་འདི་བཞེས་སུ་གསོལ་སྙམ་པ་འདིའི་རྗེས་ཟློས་དང་ལྷན་ཅིག་མེ་ཏོག་དོར་བར་ཞུ། རིག་པའི་


JLAZ008_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ནམ་མཁར་འབུལ༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་དོར་ནས་གང་ལ་བབས་པའི་རིགས་ངོས་བཟུང་ཞིང་རིགས་མཐུན་གྱི་དངོས་གྲུབ་ཐོབ་ཚུལ་དང༌། ཕྱི་རོལ་ཏུ་ལྷུང་ན་བསྐྱར་བ་སོགས་སྟ་གོན་ལྟར་ཤེས་པར་བྱ། འོ་སླར་ཡང་གང་ལ་མེ་ཏོག་ཕོག་པའི་ལྷ་དེར་སློབ་མ་གཏོད་པའི་ཕྱིར་དུ། སེམས་དཔའ་སྟོབས་པོ་ཆེ་འདི་བརྟན་པར་རབ་ཏུ་ཟུང་ཞིག་ཅེས་པའི་སྔགས་ཀྱིས་མེ་ཏོག་རང་གི་སྤྱི་བོར་བཅིང་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ནས། ཀུན་བཟང་ཐུགས་ནས་སྤྱི་བོར་ཐིམ༔ པྲ་ཏི་གྷྲི་ཧྞ་ཨི་མཾ་ས་ཏྭ་མ་ཧཱ་བྷ་ལཿཞེས་སྤྱི་བོར་བཅིང༌། དེ་ལྟར་མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས་པའི་དབང་གི་ལྷག་པའི་ལྷས་བྱང་ཆུབ་བར་དུ་རྗེས་སུ་འཛིན་པའི་རྟེན་འབྲེལ་འགྲིག་པ་ཡིན་ལ་ཕྲེང་བའི་དབང་གི་ངོ་བོ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་བརྟན་པོ་མཛོད། ཅེས་བརྡ་འཕྲོད་པར་བྱ། དེ་ནས་སློབ་དཔོན་གྱིས་རྡོར་དྲིལ་སློབ་མའི་སྤྱི་བོར་བཟུང་སྟེ། འོ་དཀྱིལ་འཁོར་གྱི་ལྷ་དང་རྡོ་རྗེ་སློབ་དཔོན་གཉིས་སུ་མེད་པའི་མཉམ་གཞག་གི་རོལ་པ་ཆེན་པོའི་ངང་ལས་རིགས་དང་མཐུན་པའི་གསང་མཚན་བཏགས་ཏེ་རྡོ་རྗེ་མིང་གི་དབང་མཆོག་བསྐུར་བ་དང་དུས་མཚུངས་པར། ཇི་ལྟར་བཏགས་པའི་གསང་མཚན་དེ་ཉིད་ནམ་མཁའ་གང་བའི་ཕྱོགས་བཅུའི་སྲས་དང་བཅས་པ་རྣམས་ཀྱིས་ཀྱང་མགྲིན་གཅིག་དབྱངས་


JLAZ008_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བཏགས་པས། མ་འོངས་པ་ན་དེ་དང་དེའི་མཚན་ཅན་གྱི་རྫོགས་པའི་སངས་རྒྱས་སུ་མངའ་དབང་བསྒྱུར་བའི་མོས་པ་མཛོད། ཅེས་བརྗོད་ལ་རྡོར་དྲིལ་ལག་པ་གཡས་པས་སློབ་མའི་མགོ་ཐོག་ཏུ་དཀྲོལ་ཞིང༌། ལྷ་དང་གཉིས་མེད་མཉམ་པར་གཞགཿམཉམ་ཉིད་ཆོས་སྐུའི་ངང་ཉིད་ལས༔ ཀུན་བཟང་ཐུགས་མཆོག་རྡོ་རྗེ་རྩལ༔ ཞེས་དབུས་དང༌། དེ་བཞིན་དུ། ཐུགས་མཆོག་ཤར་མི་བསྐྱོད། རིན་ཆེན་ལྷོ། བཞད་པ་ནུབ། ཡོངས་འདུས་བྱང་ལ་སོགས་ཏེ་རིགས་མཐུན་པར་བཏགས་རྗེས། ནམ་མཁའི་ལྷ་ཚོགས་ཐམས་ཅད་ཀྱང་༔ མགྲིན་གཅིག་དབྱངས་གཅིག་དག་ཏུ་ཡང༔ བརྗོད་པར་བསམས་ཤིང་དེ་ལྟ་བུར༔ བདག་ཉིད་གྱུར་པར་སྒོམ་པར་བྱོས༔ རྡོ་རྗེ་མིང་གི་དབང་མཆོག་ཐོབ༔ སངས་རྒྱས་དང་ཡང་མཉམ་པར་སྦྱོར༔ ཞེས་བརྗོད། དེ་ནས་མིག་དབྱེ་བ་ནི། སློབ་དཔོན་གྱིས་གསེར་གྱི་ཐུར་མ་མིག་སྨན་གྱིས་བསྐུས་པ་རྡོ་རྗེ་དང་བཅས་ཐོགས་ལ། རིགས་ཀྱི་བུ་མཚོན་པ་བརྡའི་སྒོ་ནས་མིག་དབྱེ་བས་མ་རིག་པའི་ལིང་ཏོག་བསལ་ཏེ་དག་པ་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པའི་མོས་པ་མཛོད། ཧོཿ ལེགས་འོངས་བུ་ཁྱོད་སྐལ་བ་བཟང་༔ མ་རིག་ལིང་ཏོག་ང་ཡིས་བསལ༔ བླ་མ་རྩ་གསུམ་དཀྱིལ་འཁོར་བསྟན༔ དགའ་དང་འདུན་དང་སྤྲོ་སེམས་ཀྱིས༔


JLAZ008_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་འདིར་ལྟོས་དམ་ཚིག་སྲུངས༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ་ནས། དཀྱིལ་འཁོར་བསྟན་པ་ནི། ཨེ་མ་ཧོ། ལེགས་པར་ལྟོས་ཤིག །མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་རྡུལ་ཚོན་དང་རྫས་ལ་བརྟེན་པ་རྣམ་དག་སྤྲུལ་སྐུའི་དཀྱིལ་འཁོར་རང་ལུས་ལས་གཞན་དུ་མེད་པར་ཤེས་པར་བྱོས་ཤིག །མཚོན་བྱ་ཡེ་ཤེས་ཀྱི་དཀྱིལ་འཁོར་བརྡ་རྟགས་བྷཉྫ་ལ་བརྟེན་ནས་རྣམ་གྲོལ་ལོངས་སྐུའི་དཀྱིལ་འཁོར་སྒྲ་ཚིག་གྲག་སྟོང་ལ་བརྟེན་ནས་ཤེས་པར་བྱོས་ཤིག །ཡིན་ཚུལ་གཤིས་ཀྱི་དཀྱིལ་འཁོར་དྭངས་གསལ་མེ་ལོང་ལ་བརྟེན་ནས་རྣམ་མཁྱེན་ཆོས་སྐུའི་དཀྱིལ་འཁོར་མི་རྟོག་རང་བྱུང་གི་ཡེ་ཤེས་སུ་ངོ་ཤེས་པར་བྱོས་ཤིག །བཞུགས་ཚུལ་དོན་གྱི་དཀྱིལ་འཁོར་ཤེལ་འོད་ནང་དུ་ནུབ་པ་ལྟར་ནང་གསལ་ཐིམ་ལ་མ་རྨུགས་པ་རྣམ་བྱང་རིག་པའི་ཡེ་ཤེས་སུ་ངོ་ཤེས་པར་བྱོས་ཤིག །ཧོཿ སྒྱུ་མ་ལུས་འདི་རང་བྱུང་ཡང་༔ འཁྲུལ་རྟོག་རྩ་ཡིས་ཀུན་ནས་བཅིངས༔ རྣམ་དག་སྤྲུལ་སྐུའི་དཀྱིལ་འཁོར་ནི༔ བདེ་བ་ཆེན་པོའི་ཡེ་ཤེས་ཏེ༔ རྡུལ་ཚོན་རྫས་དང་བུམ་པའི་ལྷ༔ རྣམ་དག་ཡེ་ཤེས་ངང་དུ་ལྟོས༔ ཧོཿ གྲག་སྟོང་ངག་འདི་རང་བྱུང་ཡང་༔ འཁྲུལ་རྟོག་རླུང་གིས་ཀུན་ནས་བཅིངས༔ རྣམ་དག་ལོངས་སྐུའི་དཀྱིལ་འཁོར་ནི༔ གསལ་བ་ཆེན་པོའི་ཡེ་ཤེས་ཏེ༔ རང་བྱུང་ཐོད་པ་རྫས་


JLAZ008_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ༔ རྣམ་གྲོལ་ཡེ་ཤེས་ངང་དུ་ལྟོས༔ ཧོཿབདེ་སྟོང་ཁམས་འདི་རང་བྱུང་ཡང་༔ འཁྲུལ་རྟོག་ཡིད་ཀྱིས་ཀུན་ནས་བཅིངས༔ རྣམ་དག་ཆོས་སྐུའི་དཀྱིལ་འཁོར་ནི༔ མི་རྟོག་ཆེན་པོའི་ཡེ་ཤེས་ཏེ༔ དྭངས་གསལ་མེ་ལོང་སིནྡྷུ་ལྟར༔ རྣམ་མཁྱེན་ཡེ་ཤེས་ངང་དུ་ལྟོས༔ ཧོཿ རིག་སྟོང་སྐྱོན་བྲལ་རང་བྱུང་ཡང་༔ གློ་བུར་ལས་དང་བག་ཆགས་བཅིངས༔ རྣམ་མཁྱེན་རིག་པའི་དཀྱིལ་འཁོར་ནི༔ གདོད་ནས་ལྷུན་གྲུབ་དཀྱིལ་འཁོར་ཏེ༔ ཤེལ་དང་ལྷ་སྐུ་གཏོར་མ་དང་༔ རང་རིག་བླ་མ་རྩ་གསུམ་ལྷ༔ སངས་རྒྱས་སྐུ་ལྔའི་བདག་ཉིད་ལྟོས༔ བལྟས་པའི་ཕྱི་རོལ་བརྡ་མཚོན་ལ༔ དོན་གྱི་ཡེ་ཤེས་རང་ལས་མཐོང་༔ རྟག་ཏུ་ཉིད་ལ་བལྟ་བར་བྱོས༔ ཞེས་བརྗོད་ཅིང་སྤྲོ་ན་ཕྱི་ནང་གསང་གསུམ་དང་སྦྱར་བའི་དལ་གྱི་རྣམ་གཞག་འགག་ཆེས་པར་བརྗོད། དེ་ཡན་ཆད་ནི་འཇུག་པའི་ཆོ་གའོ། །སྤྱི་དོན་གཉིས་པ་ཞུགས་པ་ལ་ཇི་ལྟར་དབང་བསྐུར་བའི་རིམ་པ་ལ་གསུམ། དག་པ་སྦྱོར་བ། དབང་དངོས་ལ་འཇུག་པ། དམ་ཚིག་བསྒྲག་པའོ། །དང་པོ་ནི། རིགས་ཀྱི་བུ་སྦྱོར་བ་དེ་ལྟ་བུས་ཕྱི་ནང་གི་དཀྱིལ་འཁོར་དུ་འཇུག་པའི་ཆོས་སྔོན་དུ་སོང་ནས་ད་དབང་བསྐུར་བ་དངོས་ཀྱི་བྱ་བའི་རིམ་པ་དེ་སྐབས་སུ་བབས་པ་ཡིན། དེ་ལ་དབང་གི་ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ལ་གདོད་མའི་གནས་ལུགས་ཡེ་རྫོགས་སུ་


JLAZ008_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་རླུང་སེམས་རྩ་དང་ཐིག་ལེའི་རང་བཞིན་རྣམས་པའང་དབང་རྣམས་རང་ཆས་སུ་གནས་ཏེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པ་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཡང༌། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་མཚུངས་ལྡན་གྱི་རྒྱུ་ལས་འབྲས་བུ་འགྲུབ་པའི་ཆོས་ཉིད་དུ་བསྟན་པ་དང༌། དེའང་བྱེད་ལས་ཀྱི་རྟེན་འབྲེལ་དབང་རྫས་རྣམས་ལྷག་པར་གནས་པའི་ཆོ་གས་མཚུངས་ལྡན་གྱི་རྒྱུ་ཀུན་རྟོག་ཏུ་སྣང་བའི་ཆོས་ཅན་ལ། ཆོས་ཉིད་ཡེ་གྲོལ་གྱི་བདེན་པས་དབང་བསྒྱུར་ཏེ། དེ་དང་དེའི་ནུས་གཟུགས་ཅན་དུ་བྱིན་གྱིས་བརླབ་པ་ནི་ལྷན་ཅིག་བྱེད་པའི་རྒྱུས་དབང་རྫས་རབ་ཏུ་གནས་པར་བྱའོ། །དེའི་ཚེ་དབང་བསྐུར་བྱའི་སྣོད་དུ་རུང་བ་སློབ་བུ་རྒྱུའི་རྐྱེན། སྐུར་བྱེད་ཀྱི་སློབ་དཔོན་དགོངས་སྤྱོད་ཏིང་ངེ་འཛིན་གྱི་རྩལ་རྫོགས་པ་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་གྱི་ནུས་པའི་ཆོ་ག་མཁྱེན་པ་དམིགས་པའི་རྐྱེན། བུམ་དབང་ལ་སོགས་ཏེ་དབང་སྔ་མས་གོ་ཕྱེ་ནས་ཕྱི་མ་རིམ་པ་འབྱུང་བ་དེ་མ་ཐག་པའི་རྐྱེན་ཏེ། དེ་ལྟར་རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས། ལམ་དང་འབྲས་བུའི་གོ་འཕང་གི་ཆོས་མཐའ་ཡས་པ་རྒྱུད་ལ་འཇོག་ཅིང༌། བདེ་སྟོང་ལྟན་ཅིག་སྐྱེས་པའི་ཡེ་ཤེས་མཆོག་གི་གོ་འཕང་ལ་སྦྱོར་བ་སྟེ།


JLAZ008_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་པྲཛྙཱ་རསྨིས། ཕྱི་སྒྲོ་འདོགས་གཅོད་པར་བྱེད་པའི་བླ་མ་ལ་བརྟེན་ནས་བརྗོད་བྱ་བསླབ་པ་གསུམ་དང༌། རྗོད་བྱེད་མདོ་རྒྱུད་ཀྱི་ཚིག་ལ་འདྲིས་པར་བྱས་ནས། བུམ་དབང་ཐོབ། ལམ་བསྐྱེད་རིམ། ལྟ་བ་ངོ་བོ་ཉིད་གསུམ། གྲུབ་མཐའ་འཁོར་འདས་དབྱེར་མེད། འདའ་ཀ་མ་འོད་ཀྱི་གོང་བུ་སྒྲ་ཡིས་འཕོ་བ། འབྲས་བུ་མཁའ་ཁྱབ་ཀྱི་སྐུ་རྡོ་རྗེ་སྟེ། དྲི་མེད་བཤགས་རྒྱུད་ལས། རྩ་རྣམས་འགྲོས་ཐིམ་དབྱིངས་ཀྱི་ལམ་དག་པ། །ལུས་ཀྱི་སྒྲིབ་སྦྱངས་བསྐྱེད་རིམ་སྦྲུལ་པའི་སྐུ། །ཞེས་སོ། །ནང་རང་བྱུང་གི་ཡེ་ཤེས་སྟོན་པའི་བླ་མས། གསང་དབང་ལ་བརྟེན་ནས་ངག་གི་དྲི་མ་སྦྱངས། བདག་བྱིན་གྱིས་བརླབས་པ་གཏུམ་མོ་རྣམ་གསུམ་སྒོམ་པ་ལ་དབང༌། ལྟ་བ་རང་བྱུང་གི་ཡེ་ཤེས། དེ་ཉིད་མངོན་དུ་གྱུར་པ་གྲུབ་མཐའ་མ་འདྲེས་པ་ཡོངས་རྫོགས། འདའ་ཀ་མ་དཔེའི་འོད་གསལ། བོགས་འདོན་ལམ་གྱི་ཆ་ལག་རྣམ་གསུམ། འབྲས་བུ་མཁའ་ཁྱབ་ཀྱི་གསུང་རྡོ་རྗེ། སྔ་མ་ལས། ཡི་གེའི་འགྲོས་ཐིམ་སྔགས་ཀྱི་ལམ་དག་པ། །ངག་གི་སྒྲིབ་སྦྱངས་རྫོགས་རིམ་ལོངས་སྤྱོད་རྫོགས། །ཞེས་སོ། །གསང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོན་པའི་བླ་མས། ཤེར་དབང་བསྐུར་ཏེ། ཡིད་ཀྱི་དྲི་མ་སྦྱངས། གཞན་ལུས་ཐབས་ལྡན་གྱི་སྐོར་ཉམས་སུ་ལེན་པར་དབང༌། ལྟ་བ་


JLAZ008_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་ཡེ་ཤེས། གྲུབ་མཐའ་བདེ་སྟོང་དབྱེར་མེད། འདའ་ཀ་མ་དོན་གྱི་རྡོ་རྗེ་སེམས་དཔའ། འབྲས་བུ་མཁའ་ཁྱབ་ཐུགས་རྡོ་རྗེ་སྟེ། སྔ་མ་ལས། བདུད་རྩི་ཁམས་ཀྱི་དྭངས་མ་བཅུད་ཀྱི་ལམ། །སེམས་ཀྱི་སྒྲིབ་སྦྱངས་དྭངས་མ་ཆོས་ཀྱི་སྐུ། །ཞེས་སོ། །མཐར་ཐུག་དེ་ཁོ་ན་ཉིད་སྟོན་པའི་བླ་མས། དབང་བཞི་པ་བསྐུར་ནས། སྒོ་གསུམ་གྱི་དྲི་མ་སྦྱངས། གནས་ལུགས་ཕྱག་རྒྱ་ཆེན་པོ་དང༌། ཐོད་རྒལ་སྟོང་པ་རིག་པའི་སྙིང་པོ་ཅན་ཉམས་སུ་ལེན་པར་དབང༌། ལྟ་བ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས། གྲུབ་མཐའ་བསམ་གྱིས་མི་ཁྱབ་པའི་ཟུང་འཇུག །འདའ་ཀ་མ་གསང་ཆེན་ཕྱག་རྒྱ་ཆེན་པོ། འབྲས་བུ་མཁའ་ཁྱབ་ཀྱི་ངོ་བོ་ཉིད་སྐུ་མཆོག་ཏུ་མི་འགྱུར་བའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ། ཡེ་ཤེས་ཀྱི་རླུང་རིག་ལས་གྲུབ་པའི་མཚན་དཔེས་སྤྲས་པ་རང་སྣང་གི་བཞིན་ལག་ཅན། ཁ་སྦྱོར་ཡན་ལག་བདུན་ལྡན་གདོད་ནས་ལྷུན་གྱིས་གྲུབ་པའི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་སྟེ། སྔ་མ་ལས། རླུང་གི་འགྲོས་ཐིམ་མི་བཤིགས་རྡོ་རྗེའི་སྐུ། །ལུས་ངག་ཡིད་དག་ངོ་བོ་ཉིད་ཀྱི་སྐུ། །ཞེས་སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་ཀྱི་གནད་ཐམས་ཅད་ཟབ་མོའི་ལུང་གིས་རྒྱབ་སྐྱོར་ནས་བསྟན་ཅིང༌། དེའང་ཚད་མ་བཞི་དང༌། རྟེན་འབྲེལ་བཞི་ལ་བརྟེན་གསང་སྔགས་ཀྱི་གནས་མ་འཁྲུལ་པར་གཅེས་པ་ནི། དེ་ཉིད་ཀྱིས།


JLAZ008_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པའི་བཀའ་ཚད་མ། རྡོ་རྗེ་སློབ་དཔོན་གྱི་མན་ངག་ཚད་མ། རྣལ་འབྱོར་དབང་ཕྱུག་གི་ཉམས་མྱོང་རྗེས་སུ་དྲན་པའི་ཚད་མ། རྟེན་ཅིང་འབྲེལ་བར་འབྱུང་བའི་ལོ་རྒྱུས་ཚད་མའོ། །དེ་དག་མྱུར་དུ་རྟོགས་བྱའི་ཕྱིར། །དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། མན་ངག་གི་སྣ་ཁ་མ་ལོག་པ། མོས་གུས་ཀྱི་བསམ་པ་ཚིམས་པ་སོགས་ཕྱི་ནང་གསང་བ་མཐར་ཐུག་གི་རྟེན་འབྲེལ་འགྲིག་ནས། ལྟ་བའི་དུག་དབྱུང༌། སྒོམ་པའི་བདུད་རྩི་བསྟེན། སྤྱོད་པ་ལ་དོར་ནས་གསང་སྔགས་གསང་བའི་ལམ་ལ་ཞུགས་པ་རྣམས་ཀྱིས། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་བྱེད་པ་སྟེ། དེ་ཡང་གཞི་ལ་ཞུགས་པ་ལམ་གོམས་པས། འབྲས་བུ་མངོན་དུ་གྱུར་པ་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་དེང་འདིར་མཚན་ཉིད་དེ་ལྡན་གཞིར་བཞག་ནས་ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ཏེ་མངོན་པར་གཏོར་བའི་ངེས་ཚིག་གིས་སྒོ་གསུམ་གྱི་དྲི་མ་གཏོར་བ་དང༌། དེ་སྐད་དུ་བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་པ་ལྟར་བླུགས་པ་ཞེས་བྱ་བའི་སྒྲས་ལམ་སྒོམ་རུང་དང༌། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་རྒྱུད་ལ་སྤྱི་བླུགས་སུ་འཇོག་པའི་སྨིན་བྱེད་ཀྱི་དབང་


JLAZ008_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་དངོས་གཞི་ཞུ་བའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་ཚིག་དོན། བྱང་ཆུབ་རྡོ་རྗེ་སྟེ་རྡོ་རྗེ་འཆང་གིས་སངས་རྒྱས་མི་བསྐྱོད་པ་སོགས་ལ་མཆོད་པ་ཆེན་པོ་སྟེ་དབང་བསྐུར་བ་ཇི་ལྟར་སྩལ་བ་དེ་བཞིན་དུ། བདག་ཀྱང་འཁོར་བ་ལས་ཡོངས་སུ་སྐྱོབས་པའི་ཕྱིར་དུ་ནམ་མཁའི་རྡོ་རྗེ་ཞེས་བླ་མ་ལ་རྡོ་རྗེ་འཆང་དང་མཉམ་པར་བོས་ནས་དེང་སྟེ་ད་ལྟ་ཉིད་དུ་དབང་བསྐུར་བ་རྣམས་སྩལ་དུ་གསོལ་ཞེས་པའོ། །རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོད་ཆེན་སྩལ་བ་ལྟར༔ བདག་ཀྱང་ཡོངས་སུ་སྐྱོབ་པའི་ཕྱིར༔ ནམ་མཁའི་རྡོ་རྗེས་དེང་བདག་སྩོལ༔ ཞེས་གསོལ་བ་བཏབ་བོ། །གཉིས་པ་ལ་དྲུག་ལས། དང་པོ་བུམ་པའི་དབང་མཐའ་རྟེན་དང་བཅས་པ་ནི། རྡོ་རྗེ་སློབ་དཔོན་དང་ཐ་མི་དད་པའི་མདུན་བསྐྱེད་ཀྱི་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་དབང་རྫས་རྣམས་བྱུང༌། ཁྱེད་རང་ལྷར་གསལ་བ་ལ་མངོན་པར་དབང་བསྐུར་བའི་མོས་པ་མཛོད། ཅེས་བརྡ་སྦྱར་ནས་རྣམ་རྒྱལ་བུམ་པའི་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་བུམ་པའི་ཁ་རྒྱན་གྱིས་བླངས་པ་སློབ་མའི་སྤྱི་བོར་འཐོར་བ་ནི་རྡོ་རྗེ་མི་བསྐྱོད་པའི་ཆུ་དབང་ཡིན་ལ། སྒོམ་དོན་ནི་རིགས་པའི་དབང་ལྔ་སོ་སོར་སློབ་མ་དང་དབང་རྫས་གཉིས་ཀ་རིགས་ལྔ་སོ་སོའི་རྣམ་འགྱུར་དུ་ཕྲལ་ཕྲལ་གོ་འཕོ་བའི་བསྒོམ་ཚུལ་ཉིད་རྒྱ་གཞུང་མང་པོར་སྣང་བ་དཔྱད་བཟོད་པ་ཡིན་ནོ། །དེ་ཡང་དབང་རྫས་ལྔ་པོ་གནས་སུ་གཏུགས་པ་ནི་དབང་


JLAZ008_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱུད་ཡིན་ལ། སློབ་དཔོན་གྱི་སྒོམ་དོན་དང་སློབ་མའི་མོས་བྱེད་ལས་དངོས་གྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ནི་ངོ་བོ་ཡིན་ནོ། །ཤླཽཀ་དང་པོ་འདི་རྒྱུད་ཀྱི་ཚིག་དངོས་བསྟན་ཡིན་པས་གཞན་དུ་རིགས་དབང་ལྔ་ཀའི་མགོར་ཚིག་འདི་འཁྱེར་བའང་ཡོད་པ་འཐད་པ་དང་བཅས་པ་ཡིན་ཏེ། ཅིའི་ཕྱིར་ན་ཚིག་དོན། དབང་བསྐུར་བ་ནི་འདོར་དུ་མི་རུང་བས་རྡོ་རྗེ་ཆེན་པོ་ཡིན་ཏེ། དེ་འཇིག་རྟེན་མ་ལུས་པ་ལས་མཆོག་ཏུ་གྱུར་པའི་གནས་ཡིན་པས་ན་ཁམས་གསུམ་ཀུན་གྱིས་ཕྱག་རྒྱ་བྱས་པའི་སྒྲ་བསྟན་ལ། དེའི་འོས་སུ་གྱུར་པ་གང་ཡིན་པ་ནི་སངས་རྒྱས་ཀུན་གྱི་གསང་གསུམ་དབྱེར་མི་ཕྱེད་པའི་ངོ་བོ་རྡོ་རྗེ་འཆང་གི་གནས་ལས་བྱུང་བ་འདི་ངས་དེང་ཁྱོད་ལ་སྦྱིན་པར་བྱ་ཡི། ཁྱོད་ཀྱིས་ཀྱང་འདི་ལ་ནན་ཏན་དུ་གྱིས་ཤིག །ཅེས་སློབ་མ་ལ་དབུགས་འབྱིན་པ་ཡིན་ནོ། །ཧཱུྃ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། བུམ་པ་སྤྱི་བོར་བསྐུར་ཏེ། རྟེན་སྣོད་ཀྱི་འཇིག་རྟེན་ཕྱི་བུམ་པའི་རྣམ་པ་འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་སུ་རྫོགས་པ་ལ། ནང་རང་བྱུང་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་བཀོད་པ་ཚད་མེད་པའི་དབུས་སུ། རྟེན་པ་བཅུད་ཀྱི་


JLAZ008_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རིག་འཛིན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པའི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆི་ལི་ལི་འབབ་པ་སྦྱི་བོར་བསྐུར་ཞིང་ལྕེ་ཐོག་ཏུ་བླུད་པས་ལུས་ཐམས་ཅད་བདེ་སྟོང་གི་བདུད་རྩིས་གང༌། ཞེ་སྡང་གི་འཆིང་བ་དག །རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ། སྣོད་བཅུད་རབ་འབྱམས་བུམ་པའི་དབང་༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་ཤོག༔ ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ༔ རིགས་ལྔ་མགོ་བོར་བསྐོན་ཞིང༌། རིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་དབུ་རྒྱན་གྱིས་དབང་བསྐུར་བས་ང་རྒྱལ་གྱི་འཆིང་བ་དག །ཚོར་བའི་ཕུང་པོ་གནས་འགྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ། རིན་ཆེན་དབུ་རྒྱན་རིགས་ལྔའི་དབང་༔ དུག་ལྔ་རྣམ་དག་ཡོངས་རྫོགས་ཤོག༔ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱཿ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་རྩེ་ལྔ་པ་སློབ་མའི་ལག་གཡས་སུ་གཏད་ཅིང༌། རིགས་ཀྱི་བུ་ཁྱོད་ལ་སྣང་མཐའི་ངོ་བོ་རྡོ་རྗེས་དབང་བསྐུར་བས་འདོད་ཆགས་ཀྱི་འཆིང་བ་དག །འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ༔ ཐབས་ཀྱི་རྡོ་རྗེས་ཕྱག་རྒྱའི་དབང་༔ ཡེ་ཤེས་ལྔ་ལྡན་ཡོངས་རྫོགས་ཤོག༔ མ་ཧཱ་བཛྲ་ཨ་བྷི་ཤ་ཨ་བྷི་ཥིཉྩ་ཧཱུྃ༔


JLAZ008_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་ལག་གཡོན་དུ་བསྐུར་ཞིང༌། རིགས་ཀྱི་བུ་ཁྱོད་ལ་དོན་ཡོད་གྲུབ་པའི་ངོ་བོ་ཤེས་རབ་དྲིལ་བུས་དབང་བསྐུར་བས་ཕྲག་དོག་གི་འཆིང་བ་དག །འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ༔ ཤེས་རབ་དབྱིངས་ཀྱི་རྗེས་འགྲོའི་དབང་༔ ཡན་ལག་དྲུག་ཅུའི་དོན་རྟོགས་ཤོག༔ ཨོཾ་བཛྲ་གཎྜ་ཨ་བྷི་ཥིཉྩ་ཧཱུྃཿལག་པ་གཡས་པས་རྡོར་དྲིལ་སློབ་མའི་མགོ་ཐོག་ཏུ་འཁྲོལ་ཞིང་རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་ཀྱི་རྣམ་སྣང་མིང་དབང་འདི་རིགས་ལ་བརྗེད་ངས་སྤང་པའི་ཕྱིར་མེ་ཏོག་བཅིངས་བའི་དེ་མ་ཐག་བར་གཞུང་གི་དགོངས་པས་བསྟན་པ་དོན་ལ་མི་གནས་པ་མ་ཡིན་ཡང༌། རྣམ་པར་རིགས་གཞན་བཞིའི་དཀྱུས་སུ་སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་བདེ་བ་དང༌། དཀྱིལ་འཁོར་དུ་ཞུགས་ཟིན་པ་ལ་དབང་བསྐུར་བའི་ངེས་པ་སྟོན་ཕྱིར། སྐབས་འདིར་རིགས་དབང་ལྔའི་ས་བཅད་ལྟར་བྱས་ཤིང༌། དེ་ཡང་དཱ་རི་ཀ་བས། དཔལ་དང་རྡོ་རྗེའི་སྒྲ་ལྡན་པར། །སློབ་དཔོན་གྱིས་ནི་ལན་གསུམ་འབོད། །ཅེས་བཤད་པ་ལྟར། མིང་གི་མགོར་དཔལ་དང༌། ཐ་མར་རྡོ་རྗེ་ཞེས་འབོད་པ་ཡིན་ནོ། །ངོ་བོ་བརྡ་རྟགས་མིང་གིས་དབང་བསྐུར་གཏི་མུག་གི་འཆིང་བ་དག །གཟུགས་ཀྱི་ཕུང་པོ་གནས་འགྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཅེས་བརྗོད་ལ། སྔར་གྱི་གསང་མིང་དྲན་པར་བྱ་ཞིང་སློབ་དཔོན་གྱིས་དངོས་སུ་བོས་ནས། བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ཡང་ཡེ་ཤེས་ཐིག་ལེ་ལས།


JLAZ008_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་ལ་གསལ་བར་བྱས། །ཞེས་པ་ལ་སོགས་པས་བསྟན་པ་ལྟར། བསྐུར་མ་ཐག་པའི་ཐུན་མོང་རིག་པའི་དབང་ལྔ་པོ་རྣལ་འབྱོར་བླ་ན་མེད་པ་འདིའི་སྐབས་སུ་སྤྲོས་བཅས་བུམ་པའི་དབང་གིས་མཐའ་བརྟེན་གྱི་ཚུལ་དུ་རྫོགས་པ་སྟེ། དེའང་སྤང་བྱ་གློ་བུར་བའི་ཆོས་མ་རིག་པའི་དྲི་མ་ལྔ་དག་ཅིང༌། ཐོབ་བྱ་རིག་པའི་ཡེ་ཤེས་ལྔ་རང་ངོ་འཕྲོད་ཅིང་མངོན་དུ་གྱུར་པའི་ཆ་ནས་རིག་པའི་དབང་ལྔར་གྲགས་པ་ནི། རྡོ་རྗེ་ཕྲེང་བ་ལས། སངས་རྒྱས་ལྔར་ནི་རྣམ་དག་པའི། །དབང་བསྐུར་ལྔ་ཐོབ་རྒྱུ་ལས་ནི། །མ་རིག་པ་དང་བྲལ་བས་ན། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཅེས་པ་སྟེ། དེས་ན་སྐབས་འདིར་ཕན་པའི་དབང་ལྔར་གྲགས་པ་འདི་ཁོ་ན་ཙམ་གྱིས་ཀྱང་ཕྱི་དཀྱིལ་དུ་དྲང་དོན་གྱི་བསྐྱེད་རིམ་རྣམས་ཉན་དུ་རུང་བ་ཡིན་ནོ། །ཞེས་རྟོག་པ་བསྐྱེད། མཐའ་བརྟེན་འདོད་ཡོན་མ་སྤངས་རྒྱན་དུ་རོལ་པའི་ཆས་དབང་ནི། དར་དབྱངས་དང་དུར་ཁྲོ་ཆས་རྣམས་གཏད་ལ། ཧཱུྃ༔ རིན་ཆེན་དར་དབྱངས་དུར་ཁྲོད་དབང་༔ ཕྱི་ནང་བརྡ་རྟགས་དོན་རྟོགས་ཤོགཿ བུདྡྷ་རཏྣ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃཿ སྨན་རཀ་གཏོར་སྣོད་གཅིག་ཏུ་ཐོགས་ནས། སྨན་རཀ་གཏོར་མ་བསྙེན་སྒྲུབ་རྟེནཿ ལྷ་


JLAZ008_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཁའ་འགྲོའི་རྟེན་དབང་བསྐུརཿ པཉྩ་རཀྟ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལག་ཏུ་གཏད་ཅིང་རས་མ་བྱིན། ཡེ་དྷརྨ་སོགས་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་ཤིང༌། སྣོད་བཅུད་དག་པ་རྩ་བ་གསུམ༔ རང་དང་གཉིས་མེད་རྟག་ཏུ་སྒོམསཿ ཞེས་བརྗོད་ལ་རོལ་མོས་བྱིན་དབབ་པོ། །དེ་ནས་ནང་ནུས་པ་འཇུག་པའི་དབང་ནི། སླཽབ་དཔོན་གྱི། འོ། དེ་ལྟར་སྤྲོས་བཅས་བུམ་པའི་དབང་དང་མངོན་དུ་འབྲེལ་བར་ཕྱི་ཕན་པའི་དབང་ལྔ། སྐལ་བ་སྟེར་བྱེད་དམ་རྫས་དངོས་གྲུབ་ཀྱི་རྫས་དབང་དང་བཅས་པ་སྔོན་དུ་སོང་ནས་ནང་ནུས་པ་འཇུག་པ་ཁྱེད་རང་སློབ་མ་རྣམས་ཀྱི་སྒོ་གསུམ་ལ་བསྐུར་བ་སྐབས་སུ་བབས་པ་ཡིན་ལ། དེའི་ཕྱིར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ རང་བྱུང་རྩ་གསུམ་དཔལ་ཆེན་པོ༔ མཐུ་རྩལ་ཡོངས་རྫོགས་ཡེ་ཤེས་ལྷ༔ སྐུ་གསུང་ཐུགས་སུ་བྱིན་དབང་བསྐུར༔ ཡེ་ཤེས་ལྔ་རྫོགས་རང་གནས་སྟོན༔ ཞེས་པའི་རྗེས་རིགས་ཀྱི་བུ་དེ་ལྟར་ན་སྐུ་ཕྱག་རྒྱའི་དབང་ཁྱེད་རང་རྣམས་གཞི་ལུས་ཀྱི་ལྷ་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གསལ་བའི་སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས། དཔྲལ་བ་བརླ་གཡས་གཡོན་རྣམས་སུ་ལུས་དཀྱིལ་གྱི་རྣམ་པ་རྗེས་སུ་དྲན་པའི་ལྷ་གནས་ཀྱི་པད་ཉིའི་གདན་རེ་རེ་གསལ་བ་ལ། ལྷ་དབང་རྣམས་རིམ་པར་བསྐུར་བའི་ཚེ་དེ་དང་དེ་འདྲ་བ་དཔག་


JLAZ008_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པའི་ཐུགས་ཀ་ནས་བྱུང་སྟེ་གནས་སོ་སོར་ཐིམ་པའི་མོས་པ་མཛོད། ཅེས་གསང་བ་མན་ངག་གི་ལུགས་སུ་བརྡ་སྦྱར་ལ། རིགས་ལྔ་ཡབ་ཡུམ་གྱི་ཙཀླི་སྤྱི་བོར་བསྐུར་ལ། ཧཱུྃཿ དུག་ལྔ་དག་པ་ཞི་བའི་སྐུཿ བཞི་བཅུ་རྩ་གཉིས་དབང་ཐོབ་ཤོགཿ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾཿ དེ་ནས་རྒྱལ་བ་རིགས་བཞིའི་ཕྱི་མཐའི་སློབ་དཔོན་རྣམས་ལ་རྒྱལ་བ་རིགས་བཞིའི་ངོས་འཛིན་མི་འདུག་པས་རྡོར་དྲིལ་ཉུག་ཉུག་ཙམ་ལས་མ་བྱུང༌། གསང་རྫོགས་ཀྱི་རྒྱུད་པས། སྤྱི་བོར་འཇམ་དཔལ་ཡེ་ཤེས་སེམས། །མགྲིན་པར་སྦྱན་རས་གཟིགས་དབང་ཕྱུག །ཐུགས་ཀར་གསང་བདག་རྡོ་རྗེ་སེམས། །ལྟེ་བར་དྲུག་པ་རྡོ་རྗེ་འཆང༌། །ཞེས་བཤད་པའི་ཙཀླི་གསར་དུ་སྤྲོས་པ་ལྟར་བྱའོ། །ཙཀླི་གནས་སུ་བསྐུར་ཞིང་༔ ཧཱུྃཿ འཁོར་ལོའི་གནས་བཞིར་བདེ་གཤེགས་བཞི༔ བདུད་བཞི་འཇོམས་པའི་དབང་ཐོབ་ཤོག༔ མཱུཾ་ཧྲཱི་ཧཱུྃ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དཔལ་ཆེན་ཁྲག་འཐུང་དགུའི། དབང་བསྐུར་ནི། སློབ་བུའི་སྤྱི་བོར་ཆེ་མཆོག་བསྟིམ་ཞིང༌། ཧཱུྃཿ ཆོས་དབྱིངས་ཡེ་ཤེས་ཡོངས་རྫོགས་ལྷ༔ ཆེ་མཆོག་ཡོངས་རྫོགས་དབང་བསྐུར་རོཿ ཧཱུྃ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃཿ དཔྲལ་བར་གཤིན་རྗེ་བསྐུར་ལ། ཧཱུྃཿ མཉམ་ཉིད་ཡེ་ཤེས་ཡོངས་རྫོགས་ལྷ༔ འཇམ་དཔལ་ཡོངས་རྫོགས་དབང་བསྐུར་རོཿ ཨོཾ་ཧྲཱིཿཥྚི་ཝི་ཀྲི་ཏཱ་ན་ན་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་རྟ་མགྲིན་བསྐུར་ལ།


JLAZ008_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃཿ སོར་རྟོག་ཡེ་ཤེས་ཡོངས་རྫོགས་ལྷ༔ རྟ་མགྲིན་ཡོངས་རྫོགས་དབང་བསྐུར་རོཿཨོཾ་ཧྱ་གྷྲི་ཝ་སརྦ་ས་མ་ཡ་ཨ་བྷི་ཥི་ཉྩ་ཧཱུྃ༔ སྙིང་གར་ཡང་དག་བསྐུར་ཞིང༌། ཧཱུྃཿ མེ་ལོང་ཡེ་ཤེས་ཡོགས་རྫོགས་ལྷཿ ཡང་དག་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་རྡོ་རྗེ་གཞོན་ནུ་བསྐུར་ལ། ཧཱུྃཿ བྱ་གྲུབ་ཡེ་ཤེས་ཡོངས་རྫོགས་ལྷ༔ ཕུར་པ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃཿ གསང་གནས་སུ་མ་མོ་བསྐུར་ཞིང༌། ཧཱུྃཿ དབྱིངས་གྲོལ་ཡེ་ཤེས་ཡོངས་རྫོགས་ལྷ༔ མ་མོ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་རིག་འཛིན་བསྐུར་ཞིང་། ཧཱུྃཿ འདའ་ཀ་ཡེ་ཤེས་ཡོངས་རྫོགས་ལྷཿ རིག་འཛིན་ཡོངས་རྫོགས་དབང་བསྐུར་རོཿ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བརླ་གཡས་སུ་འཇིག་རྟེན་མཆོད་བསྟོད་བསྐུར་ཞིང༌། ཧཱུྃ༔ ཀློང་གྱུར་ཡེ་ཤེས་ཡོངས་རྫོགས་ལྷ༔ འཇིག་རྟེན་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྟཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བརླ་གཡོན་དུ་སྟོབས་ལྡན་ནག་པོ་བསྐུར་ཞིང༌། ཧཱུྃ༔ ལྷུན་གྲུབ་ཡེ་ཤེས་ཡོངས་རྫོགས་ལྷ༔ དྲག་སྔགས་ཡོངས་རྫོགས་དབང་བསྐུར་རོཿ ཨོཾ་བཛྲ་སརྦ་དུཥྟཾ་ཨེ་ཛ་བྷྱོཿ


JLAZ008_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྱ་ཁྱུང་དཔུང་པ་གཡས་གཡོན་དུ་བསྐུར་ཞིང༌། ཧཱུྃ༔ མཁའ་ཀློང་དབྱིངས་གྲོལ་ཡོངས་རྫོགས་ལྷ༔ མཁའ་ལྡིང་མཁའ་འགྲོའི་དབང་བསྐུར་རོཿ ཁྲོཾ་ག་རུ་ཌ་སརྦ་ཌཱཀྐི་ནི་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་ཁམས་རྩ་གསུམ་ཡོངས་རྫོགས་སྐུཿ ཡེ་ཤེས་ཆེན་པོར་རྟག་ཏུ་སྒོམཿ ཞེས་བརྗོད་པ་རོལ་མོས་བྱིན་དབབ། དེས་སྣང་སྟོང་ཕྱག་རྒྱའི་དཀྱིལ་འཁོར་དུ་སྐུའི་བྱིན་རླབས་འཇུག་པ་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་དབང་ཡོངས་རྫོགས་པ་ཐོབ་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལྷའི་འཁོར་ལོར་དག་པ་ཡིན་ལ། དེ་གྲག་སྟོང་གསུམ་གི་བྱིན་རླབས་ངག་གི་རང་བཞིན་དུ་འཇུག་པའི་སླད་དུ་ཁྱེད་རང་སློབ་མ་རྣམས་གཞི་ལུས་ཀྱི་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ། གནས་སོ་སོར་རིགས་ལྔ་ཞི་ཁྲོ་བཀའ་བརྒྱད་རྣམས་ཀྱང་རང་རང་གི་ཡུམ་དང་སྙོམས་པར་ཞུགས་པའི་འཁོར་ལོ་བཞིར་པད་ཉི་ཟླ་བའི་གདན་ལ་ལྷ་སོ་སོའི་ས་བོན་གྱི་མཐར་རང་སྔགས་ཀྱིས་བསྐོར་བར་མོས་པ་ལས། སློབ་དཔོན་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མི་ཕྱེད་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང་བ་ཁྱེད་རང་རྣམས་ཀྱི་མགྲིན་པའི་ལམ་ནས་ཞུགས། འཁོར་ལོ་བཞིའི་སྔགས་འཁོར་ལ་ཐིམ་པས་སྔགས་ཕྲེང་རྣམས་མགལ་མེའི་འཁོར་ལོ་ལྟར་དྲག་ཏུ་འཁོར་བའི་


JLAZ008_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གྱིས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་ཆོས་སྒྲ་ཆེན་པོ། གསུང་དབྱངས་ཡན་ལག་དྲུག་ཅུའི་གདངས་སུ་ཤར་བས་དེ་བཞིན་གཤེགས་པའི་གསུང་གི་གསང་བ་ཆེན་པོ་ལྟར་གདུལ་བྱའི་བློ་དང་འཚམས་པར་དུ་མ་ཉིད་དུ་ཐོས་པའི་བདག་ཉིད་ཅན་དུ་གྱུར་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་ཕྲེང་བ་མགྲིན་པར་འཇོག་ཅིང༌། ཧཱུྃ༔ བདེ་གཤེགས་ཀུན་གྱི་རྩ་བའི་སྔགས༔ རྐྱེན་དང་སྦྱར་ཞིང་འཁོར་ལོ་བཞིར༔ བསྐོར་ཞིང་དྲག་ཏུ་བཟླས་པའི་འགྲུབ༔ ཅེས་བརྗོད་ལ་བསྙེན་སྒྲུབ་ཡོངས་རྫོགས་ཀྱི་བཟླས་ལུང་བྱིན། རྟོག་པ་བསྐྱེད་པ་ནི། ལུས་ཀྱི་སྒྲིབ་དག་ཀུན་ཏུ་འོད༔ ས་ནོན་ཞི་བའི་ལས་རྣམས་འགྲུབ༔ སྤྲུལ་སྐུ་མངོན་དུ་བྱས་པའོ༔ བུམ་དབང་དང་འབྲེལ་བའི་ལྷ་དབང་མངོན་དུ་ཐོབ་པས། བདུད་རྩི་འོད་ཟེར་དང་བཅས་པ་སྤྱི་བོ་ནས་ཞུགས་ལུས་གང་བས། གཙོ་བོར་ལུས་རགས་པ་རིལ་པོར་འཛིན་པ་དང་༔ ཕྲ་བ་ལུས་གནས་ཀྱི་རྩ་རྣམས་སྦྱངས། ལས་བསྐྱེད་པའི་རིམ་པ་དང་དགའ་བའི་ཡེ་ཤེས་ལ་བརྟེན་པའི། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །དེ་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་སྤྲོས་བཅས་བུམ་པའི་དབང་རྗེས་འབྲངས་དང་བཅས་པ་བསྐུར་བའི་རིམ་པའོ། །གཉིས་པ་གསང་དབང་ནི། དེ་ཡང་སྤྲོས་མེད་ཀྱི་མཆོག་དབང་གོང་མ་གསུམ་ནི་འཁོར་བ་ལས་རྒྱབ་


JLAZ008_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྱོགས་ཤིང་ཟབ་མོའི་མན་ངག་དོན་དུ་གཉེར་བའི་སློབ་མ་བདུན་ལས་མི་མང་བ་ལ་བསྐུར་བྱའི་ཡུལ་ཡིན་ལ། ཇི་ལྟར་བསྐུར་ཚུལ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཕྱག་རྒྱའི་བྷ་ག་དོན་དམ་བྱང་སེམས་རྣམས་ཀྱི་དཀྱིལ་འཁོར་དང་མ་མཇལ་བའི་བརྡར་འབྲུ་གསུམ་གྱི་མིག་དར་འཆིང་བ་དང༌། ཁྱད་པར་ཅན་གྱི་བྱིན་འབེབབ་པ་སོགས་ཀྱི་རྣམ་གཞག་ཡོད་ཀྱང༌། འདིར་གཞུང་གི་ངེས་པས་ཇི་ལྟར་འཆད་པ་རྩ་བར་བཟུང་ནས་བསྐུར་བ་སྟེ། བུམ་དབང་གི་གཏང་རག་དང་གསང་དབང་ཟབ་མོ་ཞུ་བའི་ཡོན་དུ་ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སླར་ཡང་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ བདེ་གཤེགས་བླ་མ་ལོངས་སྦྱོད་རྫོགས༔ གསང་དབང་རང་བྱུང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ། གསུང་རྡོ་རྗེའི་སྦྱོར་བ་བདུན་པ་ལས། དེའི་རང་གི་ངོ་བོ་ནི་གསུང་གི་རྡོ་རྗེའི་རང་བཞིན་ནོ། །ཞེས་སློབ་མའི་དག་བྱ་ངག་གི་རྩ་བ་རླུང་ལ་གསང་རྫས་ཁྱད་པར་ཅན་འདྲེས་པའི་སྒོ་ནས། དག་པའི་ངོ་བོ་གསུང་རྡོ་རྗེའི་རང་བཞིན་ཡིན་པའི་རྒྱུ་མཚན་གྱིས་སོ། །ངོ་བོ་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པའི་བླ་མ་ཡབ་ཡུམ་གྱི་ལུས་ཀྱི་དཀྱིལ་འཁོར་ལ་ཞི་ཁྲོའི་ལྷ་ཚོགས་ཡབ་ཡུམ་ཏིལ་གྱི་གོང་བུ་གང་བ་ལྟར་རྫོགས་པའི་ཡབ་ཀྱི་གསང་གནས་ཧཱུྃ་ལས། རྡོ་རྗེ་ནོར་བུའི་རྩེ་མོར་ཟླ་བ་ལ་གནས་པའི་ཨོཾ༔ ཡུམ་གྱི་མཁའ་གསང་ཨཱཿལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མ་ལ་གནས་


JLAZ008_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཱུཾ་ཡིག་གིས་མཚན་པ་ལས། ས་མ་ཡ་ཧོཿསོགས་པའི་བརྡ་དང་བརྡ་ལེན་གྱིས་བསྐུལ་ཏེ་ཕྱག་རྒྱ་བཞིའི་སྒོ་ནས་སྙོམས་པར་ཞུགས་པས། མཁའ་ཁྱབ་ཀྱི་བདེ་བར་གཤེགས་པ་ཐམས་ཅད་དང་གཉིས་སུ་མེད་པའི་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་ལྷ་ཚོགས་ཐམས་ཅད་ཀྱང་བདེ་སྟོང་གཉིས་སུ་མེད་པའི་འདོད་ཆགས་རྡོ་རྗེའི་རོས་ཚིམ་ཞིང༌། རྗེས་སུ་ཆགས་པའི་མེས་ཡབ་ཡུམ་སོ་སོའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཞུ་བ་ལས་ཡས་བབས་དགའ་བ་བཞིའི་འགྲོས་ཀྱིས་ལུགས་འབྱུང་དུ་བབས་པ་དེ། སློབ་མ་རྗེས་སུ་འཛིན་པའི་སླད་དུ། མས་བརྟན་ལུགས་ལྡོག་གི་རྟེན་འབྲེལ་སྤངས་ཏེ་ཟང་ཐལ་དུ་ཕྱིར་ཕྱུང་བའི་བདུད་རྩི་ཆེན་པོ་ནི་སྐལ་མེད་ཀྱིས་མཐོང་བ་ནི་ལྟ་ཅི། ཐོས་པ་ཡང་མི་རུང་བས་གསང་ཞེས་བྱ་ལ། དེ་ཉིད་སྐལ་ལྡན་གྱི་སློབ་བུའི་ལྕེ་ཐོག་ཏུ་སྦྱིན་པས་དབང་ཞེས་བྱའོ། །དེའང་དབང་མཛོད་ལས། བ་དང་བེ་འུའི་ཚུལ་དག་གམ། །དེ་བཞིན་བུང་བ་སྦྲང་རྩིའི་ཚུལ། །ཡང་ན་བྱ་དང་བྱིའུའི་ཚུལ། །ཞེས་སློབ་དཔོན་གྱི་རྡོ་རྗེ་ནོར་བུའི་རྩེ་མོ་ནས་སློབ་བུས་ཁས་བླང་བ་ཐབས་བདེ་བ་ཆེན་པོའི་གསང་དབང༌། ཡུམ་གྱི་པདྨའི་སྣ་རྩེ་ནས་བླང་བ་ཤེས་རབ་སྟོང་པ་ཉིད་ཀྱི་གསང་དབང༌། གཉིས་ཀའི་བྱང་སེམས་ཡུམ་གྱི་མཁར་བསྐྱིལ་བ་ལས་ཡབ་ཀྱིས་ལྕེས་བླངས་ཏེ་སློབ་བུའི་ཁར་སྦྱིན་པ་གཉིས་


JLAZ008_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདེ་བ་ཆེན་པོའི་གསང་དབང་སྟེ། དེ་ལྟར་མི་ནུས་ན་མེ་ལོང་ཡུ་བ་ཅན་གྱིས་བླངས་པ་བདུད་རྩི་ལྔ་དང་སྦྱར་ཏེ་སྟེར་རོ། །དེ་ཙམ་གྱི་སྐལ་བ་དང་མི་ལྡན་པ་དག་ལས་གསང་དབང་ཙམ་པོ་ནི། བླ་མ་ཡབ་ཡུམ་དང་གཉིས་སུ་མེད་པའི་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་བདེ་བ་ཆེན་པོའི་ངང་དུ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་རྗེས་སུ་ཆགས་པའི་མེས་བཞུ་བ་སོ་སོའི་མཁའ་གསང་ནས་ཐོན། ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པ་འདི་ཉིད་ཁྱེད་རང་སློབ་མ་རྣམས་ལ་སྦྱིན་པའི་མོས་པ་མཛོད། ཧཱུྃ༔ ནམ་མཁར་བཞུགས་པའི་བདེ་གཤེགས་རྣམས༔ མཁའ་གསང་སྦྱར་བའི་སྒྲས་བསྐུལ་ཏེ༔ ཇི་ལྟར་སྔོན་གྱི་སངས་རྒྱས་ཀྱིས༔ དབང་བསྐུར་སྲས་ལ་སྦྱིན་པ་ལྟར༔ གཉིས་མེད་སྦྱར་བའི་བདུད་རྩིའི་ཆུ༔ གདན་གསུམ་ངོ་བོ་ཁྱོད་དབང་བསྐུར༔ ཨོཾ་ཧེ་རུ་ཀ་ས་མ་ཡ་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ ཞེས་མགྲིན་པར་བསྐུར་ཞིང་ལྕེ་ཐོག་ཏུ་སྦྱིན། མགྲིན་པ་ནས་བརྒྱུད་རྩ་ཁམས་གངཿ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ རྒྱས་པའི་ལས་འགྲུབ་པད་ཅན་ནོན༔ རང་བྱུང་རྣམ་བཞི་མངོན་དུ་གྱུརཿ ཅེས་དག་པ་བརྗོད་ཅིང༌། སློབ་མ་རྣམས་ལུས་དྲང་པོར་བསྲངས་པའི་དབུས་སུ་རྩ་གསུམ་སྙན་བརྒྱུད་ལྟར་གསལ་གདབ། སྦྱོར་བ་བཞི་དང་ལྡན་པའི་སྒོ་ནས་སྲོག་རྩོལ་གྱི་གནད་ལ་དྲན་པ་མངོན་དུ་བཞག་ནས་རླུང་


JLAZ008_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མར་འཆིང་དུ་གཞུག་པ་སྟེ་གཞུང་ལས། སྐྱོན་ཅན་རླུང་ནི་ཕྱི་ལ་འབུད༔ ཡོན་ཏན་རླུང་ནི་ནང་ལ་རྔུབ༔ རོ་རྐྱང་དབུ་མར་ཡང་དག་གདབ༔ དེ་ལྟར་རྩ་ལམ་སྦྱངས་ནས་ལྟེ་འོག་ཏུ་དབུ་མའི་མར་སྣར་གནམ་ཞལ་མའི་ངོ་བོ་ཨ་ཤད་དམར་པོ་གསལ་ལ་ངར་བ་ཞིག་བསྒོམས་པས་མེའི་རང་བཞིན་དུ་འབར། འཁོར་ལོ་བཞི་སོ་སོར་གཡས་སྐོར་གཡོན་སྐོར་དང་བཅས་འབར། དྷཱུ་ཏིའི་ཡར་སྣར་ཧེ་རུ་ཀའི་ངོ་བོ་ཧཾ་ཡིག་དང་གཉིས་སུ་མེད་པར་སྦྱར་བས་སྒྲོན་མེ་ལས་ཞུན་མར་འཐིགས་པ་བཞིན་དུ་བྱང་སེམས་དཀར་དམར་གྱི་ངོ་བོ་མེ་དང་བདུད་རྩི་གཉིས་མེད་དུ་འཛག་པས་བདེ་དྲོད་གློ་བུར་དུ་སྐྱེད་པར་བསམ་ཞིང༌། ལྟེ་བར་གནམ་ཞལ་འབར་བ་ཡིས༔ འཁོར་ལོ་བཞི་བཏེག་སླས་གཡོས་ཏེ༔ སྦྱི་བོར་ཧེ་རུ་ཀ་དང་སྦྱོར༔ འབར་འཛག་དྲོད་ཀྱི་ཡེ་ཤེས་སྒོམ༔ ཞེས་བརྗོད་ཅིང་དམིགས་པ་རྣམས་རྫོགས་པ་དང་གཞུང་ལས། གཡས་སུ་བསྐོར་ཞིང་གཡོན་དུ་གཅུ༔ འོག་ནས་དྲང་ཞིང་སྟེང་ནས་བརྡེགཿ དེ་བཞིན་གོ་ལྡོག་སྦྱོར་བ་དང་༔ སྤྲུག་པ་དགུ་དང་བརྡེག་པ་དགུ༔ བསྐོར་བ་དགུ་དང་འབུད་པ་དགུཿ རྔུབ་པ་དགུ་དང་དགང་གཞིལ་དགུ༔ བསྒོམས་པའི་འགྲུབ་པ་ལོངས་སྤྱོད་རྫོགསཿ ཞེས་བཤད་པའི་ལུས་སྦྱོང་དང་གེགས་སེལ་ཧ་སྤྲུགས་ལ་སོགས་པའང་ལག་ལེན་མན་ངག་ལྟར་བྱའོ། །དེ་ནས་རྟོག་པ་བསྐྱེད་པ་ནི། དེ་ལྟར་ཐོད་


JLAZ008_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས་གསང་དབང་བསྐུར་བ་ལ་བརྟེན་ནས་ཞུ་བདེ་མགྲིན་པ་ནས་བརྒྱུད། ཕྲ་བ་རླུང་དང་རགས་པ་ངག་གི་སྒྲིབ་པ་སྦྱངས། ཤ་ལྔ་བདུད་རྩི་ལྔ་བསྟེན་ཞིང་ལམ་རླུང་སྔགས་སྒོམ་པ་ལ་དབང༌། མཆོག་དགའི་ཡེ་ཤེས་ལ་བརྟེན་པའི་འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་བྱས་སོ། །ཞེས་བརྗོད། གསུམ་པ་ཤེར་དབང་ནི། གསང་དབང་གི་གཏང་རག་དང་ཤེར་དབང་ཟབ་མོ་ཞུ་བའི་ཡོན་དུ་ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་གདབ་ནི། ཧཱུྃ༔ བདེ་གཤེགས་བླ་མ་ཆོས་ཀྱི་སྐུ༔ ཤེས་རབ་ཡེ་ཤེས་བདག་ལ་སྩོལ༔ ཞེས་གསོལ་བ་བཏབ་ལ། རྒྱུད་ལས། མཚན་ལྡན་བཀྲ་ཤིས་ཡིད་འོང་མ། །པད་དུང་གླང་སྣ་གང་རུང་ལྡན། །བཅུ་དྲུག་ལྡན་པའི་མུ་ཏྲ་དེ། །གདན་ཁར་རིགས་ཀྱི་ཡུམ་དུ་བསྐྱེད། །རང་ཉིད་རིགས་ཀྱི་ཡབ་ཏུ་གསལ། །ཞེས་པ་ལྟར་མཚན་ཉིད་ཚང་བའི་མུ་ཏྲ་དངོས་སམ། སིནྡྷུ་རའི་དཀྱིལ་འཁོར་ཤེར་ཙག་དྲིལ་བུ་དང་བཅས་པ་རིགས་ཀྱི་ཡུམ་ལྷ་ལྕམ་མ་མནྡཱ་ར་བར་གསལ་བའི་ལག་པ་གཡས་ནས་བཟུང་སྟེ། སློབ་མ་གུ་རུ་བདེ་བ་ཆེན་པོར་གསལ་བའི་ལག་གཡོན་དུ་སྦྱིན་པར་མོས་ལ། ཧཱུྃཿ ཐོད་ཕྲེང་ཐུགས་ཀ་ནས་བྱུང་བའི༔ ལྷ་མོ་དགའ་སྟེར་གནས་སྟེར་མ༔ གཟུགས་དང་ལང་ཚོ་ཀུན་ལྡན་ཞིང་༔ འདི་ཁྱེར་རྟག་ཏུ་མཆོད་པར་གྱིས༔ ཞེས་གཏད་པ་ན། ལྷ་མོ་དེས་ཀྱང་སློབ་བུའི་རྒྱུད་ལ་ཡེ་


JLAZ008_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བསྐྱེད་པའི་ཕྱིར་ལུས་གཅེར་བུར་བྱས་ཏེ། གུར་གུམ་ལ་སོགས་པའི་དྲི་བཟང་པོས་བྱུགས། རྒྱན་གྱིས་བརྒྱན། ལང་ཚོ་ཤིན་ཏུ་བརྡོ་བའི་རྣམ་འགྱུར་སྟོན་ཅིང་བདེ་བ་ཆེན་པོའི་དཀྱིལ་འཁོར་ངོམ་པ་བཅས། ལྷ་མོ་ང་ནི་བདེ་ཆེན་མཿ ཆོ་གས་ཚུལ་བཞིན་བསྟེན་ནུས་སམ། ཞེས་དྲིས་པ་ལ། སློབ་མས་ཕྱག་འཚལ་ཞིང་མེ་ཏོག་འཐོར་བ་དང་བཅས། ཇི་ལྟར་གསུངས་པའི་ཆོ་གས་བསྒྲུབ༔ སྤྲོ་བས་བརྟེན་ནོ་མཛེས་ལྡན་མ༔ ཞེས་གསང་བའི་སྤྱོད་པ་རྨད་དུ་བྱུང་བའི་དམ་ཚིག་རྣམས། ཆོ་ག་བཞིན་བསྒྲུབས་ནས་བརྟེན་ནུས་ཞེས་ལན་བཏབ་པ་ན། ཡབ་ལྷ་མོས་སློབ་བུ་ལ་ཐ་མལ་གྱི་རྣམ་རྟོག་མེད་པར་མཐོང་ནས་དགྱེས་ཏེ་དངོས་གྲུབ་ཆེན་པོའི་འབྱུང་གནས་ཡིན་པར་ངོ་སྤྲད་ནས་རྟོག་པ་བསྐྱེད་པ་ནི། ང་ཡི་བྷ་ག་ཆོས་ཀྱི་དབྱིངས༔ འདི་བསྟེན་བདེ་བ་མ་ལུས་ཐོབ༔ མ་སྤངས་སྤོང་ན་མཆོག་མེད་དོ༔ འདིར་ཞུགས་འདིར་ལྟོས་འདི་དོན་སྤྱོད༔ པདྨ་བྷཉྫ་མོ་ཀྵ་ཧོཿ ཛཿཧཱུྃ་བྃ་ཧོཿ དཔལ་དང་ལྡན༔ སྣང་སྟོང་རྡོ་རྗེ་པདྨ་ལས༔ བྱུང་བའི་ཡིད་ཀྱི་བདུད་རྩིའི་ཆུ༔ འཁོར་ལོ་བཞིར་འབབ་བཟློག་ཁྱབ་ཀྱི༔ སྲིད་པ་ངོ་བོ་ཉིད་ཀྱི་ངངཿ འཐུངས་ཤིག་འཐུངས་ཤིག་དཔའ་བོ་ཆེ༔ བདེ་མཆོག་བདེ་བའི་དོན་སྡོམས་ཤིགཿ ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿ


JLAZ008_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཧ་ཧཱུྃཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་པདྨ་བྷཉྫ་ལ་སོགས་པའི་སྒྲས་ཐར་པ་བརྟེན་པར་གྱིས་ཤིག་པར་བསྐུལ་ཞིང༌། ཛཿཧཱུྃ་བྃ་ཧོཿལ་སོགས་པའི་དོན་གྱིས་པང་དུ་བྱོན་ནས་རྟོག་པ་མེད་པར་འཁྱུད། ཧཱུྃ་ཧཱུྃ་ལ་སོགས་པས་དབུ་མའི་མར་སྣར་བདེ་བ་རྒྱུ་བའི་རྩ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཙལ་བ་དང་ཡང་དག་པར་བསྐུལ་ནས། ཨ་ནུ་རཱ་གའི་སྔགས་དོན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ་སྙམ་པའི་རྗེས་ཆགས་ཀྱི་ང་རྒྱལ་ལ་གནས་པས། ཡབ་ཡུམ་གཉིས་ཀའི་ལུས་ཀྱི་དབུས་དྲང་པོར་རྩ་གསུམ་དང་འཁོར་ལོ་དྲུག་གསལ་བཏབ་ཅིང་སྦྱོར་བ་ཐ་མལ་དུ་མི་གོལ་བའི་ཕྱིར་ལྷར་འདུ་ཤེས་པ་དང༌། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ནོར་བུའི་རྩེ་མོར་ཨོཾ། ཡུམ་གྱི་མཁའ་གནས་ཨཱཿལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཧྲཱིཿཡི་གེར་མཚན་པ་འདུ་ཤེས་པ་དང༌། ཐབས་མཆོག་འདི་ལ་བརྟེན་ནས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་སུམ་ལྡན་གྱི་སྒོ་ནས་ཡུམ་གྱི་དབུ་མའི་མར་སྣར་ཟུག་པའི་རྩ་བྱ་རོག་གདོང་སྤྲད་ཏེ་སྙོམས་པར་ཞུགས་པ་ལས། རྗེས་སུ་ཆགས་པའི་རླུང་གཡོས། དེས་གཏུམ་མོའི་མེ་སྦར་བས་སྤྱི་བོའི་ཧཾ་ཡིག་ཞུ། བདེ་ཆེན་བྱང་ཆུབ་


JLAZ008_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རྡུལ་མགྲིན་པར་བབས་པ་དགའ་བ། སྙིང་གར་བབས་པ་མཆོག་དགའ། ལྟེ་བར་བབས་པ་ཁྱད་པར་གྱི་དགའ་བ། གསང་གནས་སུ་བབས་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བྱ་ལ། འདི་ནི་དགའ་བ་བཞི་གནས་ཀྱི་སྒོ་ནས་ངོས་བཟུང་བ་ཞེས་བྱ་ཞིང༌། རྫོགས་རིམ་ལ་གོམས་པ་བརྟས་པ་དག་ལ་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པའི་རིམ་པ་དང་བསྟུན་ནས་ངོས་འཛིན་པའང་ཡོད་དོ། །དབང་བཞི་དང་སྦྱར་ན། སྔ་མ་གསུམ་རྟོག་བཅས་ཀྱི་དགའ་བས་བུམ་གསང་ཤེས་རབ་ཡེ་ཤེས་དང༌། ཕྱི་མ་རྟོག་མེད་ལྷན་ཅིག་སྐྱེས་པའི་དགའ་བས་དབང་བཞི་པ་ཆོས་ཀྱི་དབྱིངས་རང་བཞིན་བརྡལ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་ལ། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་ནུབ། དེའི་ཚེ་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་འཛག་མེད་དུ་བཅིངས་པ་སླར་ཡང་ཧཱུྃ་ཞེས་མྱོས་བྱེད་བླུད་ལ་ཐུར་སེལ་གྱི་སྦྱོར་བས་གྱེན་དུ་བཟློག་པའི་ཤུགས་ཀྱིས་དྲངས་པ་ལས། གསང་གནས་ནས་སྤྱི་བོའི་བར་གྱི་འཁོར་ལོ་སོ་སོར་ཁྱབ་པས་དབང་བཞི་རིག་པའི་རྩལ་དབང་དང་བཅས་ལུགས་ལྡོག་གི་ཚུལ་དུ་རྫོགས་པའི་ཚེ། རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་དག་ཅིང་སྣང་མཆེད་མཆེད་པ་ལ་བདེ་བ་ཤས་ཆེ་བས་ཆགས་པ། ཉེར་ཐོབ་ལ་བདེ་སྟོང་ཆ་མཉམ་པས་ཆགས་པ་བར་མ། སྣང་བ་ལ་སྟོང་པ་ཤས་ཆེ་བས་ཆགས་བྲལ་ཞེས་གོ་རིམ་མ་ངེས་པ་འཆད་ལ། ཐུན་མོང་གི་གསང་བ་དང་སྦྱར་ན། སྣང་


JLAZ008_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་རང་བཞིན་བརྒྱད་ཅུའི་ཀུན་རྟོག་གཡོ་བྱེད་ཀྱི་རླུང་དང་བཅས་དག་པས་སྟོང་པ། མཆེད་པའི་ཚེ་སྣང་བ་གཡོ་བྱེད་ཀྱི་རླུང་དང་བཅས་པས་སྟོང་པས་ན་ཤིན་ཏུ་སྟོང་པ། ཉེར་ཐོབ་ཀྱི་ཚེ་མཆེད་པ་རླུང་དང་བཅས་པས་སྟོང་པས་ན་སྟོང་པ་ཆེན་པོ། རགས་པའི་རླུང་སེམས་ཀྱིས་བསླད་པ་ཐམས་ཅད་ཀྱིས་སྟོང་པ་འོད་གསལ་ཞེས་བྱ་སྟེ་བདེ་སྟོང་གི་ཡེ་ཤེས་དེ་སྙིང་གའི་རྩ་མདུད་གྲོལ་བ་ལས་བྱུང་བ་ནི་དབང་གསུམ་པའི་ངོ་བོ་ཡིན་ལ། ཐབས་དེ་ལྟ་བུས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མཚོན་པ་བྱ་དགོས་པས། གསུམ་པའི་ཉམས་མྱོང་དྲན་བྱས་ཏེ། །ཞེས་དབང་བཞི་པའི་མཚན་དོན་ལའང་བྱུང་བ་ཡིན་པ་ཤེས་དགོས་སོ། །ཐོབ་གསུམ་གྱིས་བསྡུས་པའི་སྣང་བ་གསུམ་དང༌། དགའ་བ་དང་པོ་གསུམ་རིམ་གྱིས་མྱོང་ནས། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ཆེན་པོའི་འོད་གསལ་ཆགས་འཛིན་གྱི་དྲི་མས་མ་གོས་པའི་སྤྲོས་བྲལ་ཆེན་པོར་བརྟན་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་སྟེ་དེའི་ངང་ལ་མཉམ་པར་འཇོག་ཚུལ་ངོ་སྤྲད། དེ་ལྟ་བའི་མྱུར་ལམ་ལ་རྒྱུ་འབྲས་ཀྱི་ལམ་ཇི་ལྟར་རྫོགས་ཚུལ་ནི། འོ་འགྲོ་བའི་ཁམས་ལ་མ་དག་པ་རིགས་དྲུག་གི་ས་བོན་སྦྱང་གཞིར་གནས་པས། སྦྱོང་བྱེད་རྒྱལ་བ་དྲུག་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་འཁོར་ལོ་དྲུག་གི་རྟེན་འབྲེལ་དུ་ཤར་ཞིང༌། དེར་ཐ་དད་པའི་ཡེ་ཤེས་ལྔ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་དྲུག་གི་སྦྱངས་འབྲས་མངོན་དུ་འགྱུར་ཕྱིར། དེ་ཉིད་རྣམ་པ་བཅུ་དྲུག་གི་རང་བཞིན་ཐིག་ལེ་བཅུ་དྲུག་དང་དགའ་བ་བཅུ་དྲུག་ཏུ་ཤར་བ་དེ་རྡོ་


JLAZ008_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ལུས་ལ་གནས་པའི་ཡུལ་ཉི་ཤུ་རྩ་བཞི་ལ་འཇུག་པའི་ཆ་དེ་སྲོག་རྩོལ་གྱི་ནུས་པས་མངོན་དུ་བཅིངས་པ་ལས། ཏིང་ངེ་འཛིན་གྱི་སྟོབས་ཀྱི་འཁོར་ལོ་གསུམ་ལས་གྱེས་པའི་རྩ་ཕྲན་བདུན་ཁྲི་ཉིས་སྟོང་རྣམས་སུ་རླུང་ཟིན་པས་དྭངས་མ་ཟིན། དྭངས་མ་ཟིན་པས་བདེ་བ་ཟིན་ཏེ་རིམ་གྱིས་འཁོར་ལོ་རྣམས་སུ་འཕེལ་ཞིང་གང་བས་ལམ་རྟགས་ཀྱི་ཡོན་ཏན་མངོན་དུ་གྱུར་པ་ནི་རྒྱུད་ལས། བྱེད་བཅིངས་ཉིན་མཚན་རྣལ་འབྱོར་སོ་ནམ་བྱས༔ རྩ་ནི་ཡུར་བ་འདྲ་སྟེ་བྱང་བར་དགོས༔ བྱང་སེམས་ཆུ་འདྲ་ཁྲིད་སར་ཡོང་བ་དགོས༔ རླུང་ནི་ཁྲོན་སྐྱོགས་འདྲ་སྟེ་སྐྱོན་མེད་དགོས༔ དེ་ལྟར་རྩ་རླུང་འབྱོངས་ནས་རྗེས་ཆགས་སུ༔ འདོད་ཆགས་ཆེན་པོ་བདེ་ཆེན་ནམ་མཁའ་གང་༔ ཁུ་བ་ཐུར་བབས་རྡོ་རྗེ་ནོར་བུར་བརྟེན༔ རྡུལ་ནི་གྱེན་སོང་གཙུག་གཏོར་འཁོར་ལོར་བརྟེན༔ དེ་ལྟར་ལོ་གསུམ་དག་ཏུ་འབད་པ་ན༔ ཁུ་བ་རྡོ་རྗེ་ནོར་བུ་ཡར་འཕེལ་བས༔ གསང་གནས་རྩ་འདབ་རྣམས་ནི་ཕྱེད་གང་ཞིང་༔ ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཅིག་འགགས་པས༔ དབང་བཅུ་ལ་སོགས་ཐོབ་པའི་སེམས་དཔར་འགྱུརཿ ས་ནི་དང་པོ་རབ་དུ་དགའ་བ་རྫོགསཿ ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་བཅུ་གཉིས་ཐོབ༔ ཐུར་དུ་རྡུལ་འཕེལ་གཙུག་གཏོར་དཔྲལ་བ་ཡི༔ རྩ་འདབ་


JLAZ008_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་གང་ཟླ་བ་ཧཾ་ཡིག་ཞུ༔ བདུད་རྩི་ཐིག་ལེའི་རྒྱུན་ཆར་ཕྱིར་ལ་བབ༔ དེ་བཞིན་ཁུ་བ་གསང་གནས་རྩ་འདབ་ཀྱི༔ ཕྱེད་པོ་ལྷག་མ་མ་ལུས་གང་བ་ཡི། ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཉིས་འགགས་པས༔ ས་ནི་གཉིས་པ་དྲི་མ་མེད་པ་རྫོགས༔ ཡོན་ཏན་དེ་ཉིད་ནམ་མཁའ་གང་བ་ཐོབ༔ རྡུལ་གྱི་དཔྲལ་བའི་རྩ་འདབ་ཕྱེད་འཕྲོ་གང་༔ དེ་ནས་ཁུ་བ་ལྟེ་བར་ཡར་སླེབ་ཅིང་༔ རྡུལ་གྱི་མགྲིན་པར་ཕྱིར་སླེབ་རྩ་འདབ་གང་༔ ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཉིས་འགགས་པས༔ ས་ནི་གསུམ་པ་འོང་རབ་འགྱེད་པ་དང་༔ བཞི་པ་འོད་འཕྲོ་གཉིས་པོ་རྫོགས་པ་ཡིན༔ ཁུ་རྡུལ་གཉིས་ཀ་སྙིང་གར་སླེབས་ནས་ནི༔ སྙིང་གའི་རྩ་འདབ་ཐམས་ཅད་གང་བ་ཡིན༔ ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཉིས་འགགས་པས༔ ས་ནི་ལྔ་པ་སྦྱང་བར་དཀའ་བ་དང་༔ དྲུག་པ་མངོན་དུ་གྱུར་པ་གཉིས་པོ་རྫོགས༔ ཁུ་བ་ཡར་སོང་མགྲིན་པའི་འཁོར་ལོར་སླེབ༔ རྡུལ་ནི་ལྟེ་བའི་འཁོར་ལོར་ཕྱིར་སླེབས་ནས༔ ལས་རླུང་དུས་སྦྱོར་གཉིས་པོ་རབ་འགགས་པས༔ ས་ནི་བདུན་པ་རིང་དུ་སོང་བ་དང་༔ བརྒྱད་པ་མི་གཡོ་བ་གཉིས་རྫོགས་པ་ཡིན༔ ཁུ་བ་ཡར་སོང་དཔྲལ་བའི་འཁོར་ལོར་སླེབ༔ རྡུལ་ནི་གསང་བའི་འཁོར་ལོར་ཕྱིར་སླེབས་ནས༔ ལས་རླུང་དུས་སྦྱོར་གཉིས་པོ་རབ་རྫོགས་པསཿ ས་ནི་དགུ་པ་


JLAZ008_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པའི་བློ་གྲོས་དང་༔ བཅུ་པ་ཆོས་ཀྱི་སྤྲིན་གཉིས་རྫོགས་པ་ཡིན༔ དེ་ནས་ཁུ་བ་གཙུག་གཏོར་ཡར་སླེབ་ཅིང་༔ རྡུལ་གྱི་རྡོ་རྗེ་ནོར་བུ་ཕྱིར་སླེབས་ནས༔ ལས་རླུང་དུས་སྦྱོར་གཉིས་པོ་རབ་འགགས་པས༔ ས་ནི་བཅུ་གཅིག་ཀུན་ཏུ་འོད་དང་ནི༔ བཅུ་གསུམ་རྡོ་རྗེ་འཛིན་པ་རྫོགས་པ་ཡིན༔ ཞེས་མ་རིག་པའི་རྩ་བ་འཛག་བདེའི་ངོ་བོ་རྣམ་ཤེས་བཞོན་པ་ལས་རླུང་འབྲས་བུ་འཁོར་བ་བཞིས་བསྐྱེད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས་ནས། ནོར་བུ་རིན་པོ་ཆེའི་གཙུག་ཏོར་ཅན་ས་བཅུ་གསུམ་པ་རྫོགས་པའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོར་འགྱུར་བ་ཡིན་ནོ། །ཞེས་སྤྲོ་བ་བསྐྱེད་ལ་མཐར། ལྷ་མོ་རྡོ་རྗེའི་ལམ་དུ་ཞུགས༔ སྙིང་ག་བརྒྱུད་དེ་སྤྱི་བོར་ཐིམ༔ མས་བརྟན་དགའ་བཞིའི་མཐར་བསྐྱལ་ལོ༔ ཤེར་དབང་ཐོབ་ནས་ཡིད་སྒྲིབ་དག༔ དབང་གི་ལས་འགྲུབ་ཚོགས་ཆེན་ནོན༔ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར༔ དངོས་སམ་ཡིད་ཀྱིས་བརྟེན་བྱ་བ༔ སྣ་ཚོགས་གཟུགས་ཅན་ཡིད་ལ་སྒོམ༔ དེ་ལྟར་མེ་ལོང་སིནྡྷུར་ལ་བརྟེན་པའམཿ རིག་མ་ལས་རྙེད་པའི་ཤེས་དབང་གིས༔ ཁྱད་པར་གྱི་དགའ་བ་དང་༔ ལྷན་སྐྱེས་ཡེ་ཤེས་ཀྱིས༔ རགས་པ་ཚོགས་བདུན་གྱི་བག་ཆགས་དང་༔ ཕྲ་བ་ཡིད་ཀྱི་དྲི་མ་སྦྱངས༔ དེ་ཉིད་རྣམ་པ་བཅུ་དྲུག་ལ་བརྟེན་ནས་དོན་


JLAZ008_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འོད་གསལ་ལ་གོམས་པས་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་བྱས་སོ༔ ཞེས་རྟོག་པ་བསྐྱེད། སྐབས་འདིར་དབང་རྣམས་གཉིས་པོ་འདི་ཚངས་སྦྱོད་རྟེན་ལྡན་ལ་སྒྲ་ཇི་བཞིན་པར་མི་རུང་བར་བཤད་ནས་འགོག་པ་དང་ཡེ་ཤེས་ཀྱི་ལམ་ནས་ངེས་པར་དྲངས་ཏེ་འགལ་པ་མེད་པར་སྒྲུབ་པ་སོགས་ཇི་སྙེད་ཅིག་འཆད་སྣང་སྟེ། གཉིས་ཀ་དགོངས་གཞི་དང་དགོས་པ་ཁྱད་པར་ཅན་དང་འབྲེལ་བས་འདིར་དབུ་མར་བཞག་ནས་གླེང་བྱའི་ངོ་བོ་ནི། དོན་ལ་རྣམ་གྲོལ་དོན་གཉེར་གྱི་བསམ་པས་ལམ་འདི་ལ་ཞུགས་ཕྱིན་ཆད་རྟེན་ཁྱིམ་པ་ཡིན་ཡང་ཐབས་ཀྱིས་མ་ཟིན་པའི་ཉོན་མོངས་པ་རང་གར་སྤྱད་པས་གྲོལ་བ་མི་འགྲུབ་ཀྱི་སྟེང་དུ། འོག་མའི་སྡོམ་པ་གོང་མར་འདུ་བ་མ་ཟད་དབང་གི་སྔོན་འགྲོར་དོན་གྱི་སྡོམ་པ་སུམ་ལྡན་དུ་བསྒྲུབས་པས་དེ་དག་གི་རང་བཞིན་ཡེ་ཉམས་སུ་འགྱུར་ལ། གལ་ཏེ་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་མཐའ་གྲོལ་མཉམ་ཉིད་དུ་ཤེས་པའི་ལྟ་བས་ཐག་ཆོད་ལ། འདུ་ཤེས་སུམ་ལྡན་གྱི་སྒོམ་པའི་ཡིན་ཚུལ་གནད་ཐོག་ཏུ་ཕེབས་ཤིང༌། ཐབས་མཆོག་རྨད་དུ་བྱུང་བའི་སྤྱོད་པ་ལམ་དུ་ལོངས་པ་དག་ལ་ནི་ཕྱི་རོལ་རྟགས་ཀྱི་རྟེན་ཙམ་ལ་ལྟོས་ནས་ཟབ་ལམ་གྱི་སྣོད་དུ་མི་རུང་བའི་ཤེས་བྱེད་གཞག་ཏུ་མེད་དེ། ཅིའི་ཕྱིར་ན་ཉན་ཐོས་ཐེག་པ་ནས་གསང་བ་བླ་ན་མེད་པའི་བར་གྱི་ཆོས་ཐམས་ཅད་ཉོན་མོངས་པའི་རྩ་བ་དྲུངས་ནས་འབྱིན་པའི་ཐབས་ལས་དོན་གཞན་འགའ་ཡང་མེད་པའི་ཕྱིར་རོ། །དེས་ན་འོག་མ་ནས་འགགས་པ་ལྟར་སྣང་བ་གོང་མ་ནས་ལམ་དུ་ལྷོངས་པས་ཐབས་ཀྱི་མཐར་ཕྱིན་པའི་ཚངས་སྤྱོད་ཀྱི་རྒྱལ་པོ་ཡིན་ཏེ། སྒྱུ་འཕྲུལ་རྩ་རྒྱུད་ལས། མ་ཆགས་པ་ལ་ཆགས་པ་དང༌། །ཆགས་པ་ཉིད་ན་ཆགས་པ་མེད། །དེ་ནི་ཚངས་སྤྱོད་རྒྱལ་པོ་


JLAZ008_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་བཤད་པའི་ཕྱིར་རོ། །ཚུལ་དེས་སྡོམ་པ་གསུམ་གྱི་ངོ་བོ་ཆུང་མ་མེད་པ་ཙམ་ལ་རྫོགས་པར་ཡང་མི་འཛིན་ལ་ལྟ་བ་ལ་ཟློས་པའི་གྲུབ་ཐོབ་ཀྱི་རྗེས་སུ་ལད་མོ་བྱེད་པའི་རྩིང་པོའང་མི་བྱ་བར་དོན་གྱིས་མཚམས་ཤེས་པ་ཞིག་གཅེས་སོ། །དབང་བཞི་པ་ནི། ཤེར་དབང་གི་གཏང་རག་དང་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་འཇུག །གསོལ་གདབ་ནི། ཧཱུྃཿབདེ་གཤེགས་བླ་མ་ངོ་བོ་ཉིད༔ བཞི་བའི་དབང་མཆོག་བདག་ལ་སྩོལ༔ ཞེས་གསོལ་བ་བཏབ་པ་ལ་འདི་སྐད་དུ་གསང་རྫོགས་ཀྱི་རྒྱུད་ལས། དེ་ནས་རིག་པའི་དབང་བསྐུར་ནི༔ ལག་ཏུ་རྡོ་རྗེ་དྲིལ་བུ་གཏད༔ མེ་ལོང་ཤེལ་བཅས་བརྡ་རུ་ཕྱར༔ ཚིག་གིས་མཚོན་པའི་དོན་ངོ་སྤྲད༔ ཅེས་པས་དེ་བཞིན་དུ་བགྱིས་ཏེ་ངོ་སྤྲད་པ་ནི། འོ་རིགས་ཀྱི་བུ་དབང་བཞི་པའི་ངོ་བོ་ནི་རང་གི་སེམས་ཉིད་ངོས་བཟུང་དང་བྲལ་བ་ཉིད་ཐབས་ལ་བརྟེན་པའི་ཤེས་རབ་ཀྱིས་ངོ་སྤྲད་ནས་བསྐུར་བ་སྟེ། དེའང་འདིར་བསྐུར་མ་ཐག་པའི་དབང་གསུམ་པའི་ཡེ་ཤེས་དགའ་བྲལ་ལྷན་ཅིག་སྐྱེས་པའི་དཔེས་ཆོས་ཀྱི་དབྱིངས་སྤང་བླང་ལས་འདས་པའི་བརྡལ་བ་ཆེན་པོའི་ཡེ་ཤེས་ཀྱི་ཉམས་མྱོང་དྲན་པར་ཏེ། བརྡའི་ངོ་སྤྲོད་སྟོང་ལ་གོ་འབྱེད་པ་ནམ་མཁའི་དབྱིངས་མཐའ་དབུས་མེད་པ་དང༌། དེའི་རང་བཞིན་གང་དུའང་མི་འགྱུར་བས་རྡོ་རྗེ་ནང་གསལ་


JLAZ008_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་ལམ་རྨུགས་པས་སེམས་དཔའ། ཡེ་ཤེས་གསལ་འགྲིབ་མེད་པའི་མེ་ལོང་སྟེ། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་ངམ་མན་ཤེལ་ཟུར་བརྒྱད་པ། འཁོར་འདས་ཐམས་ཅད་ཀྱི་གཟུགས་བརྙན་འཆར་གཞིར་གྱུར་པ་ལ་རྟོག་པས་མ་གོས་པ་མེ་ལོང༌། སྣང་བ་དང་སྟོང་པ་གཉིས་མེད་ཟུང་དུ་འཇུག་པའི་རྡོར་དྲིལ་རྣམས་ཀྱི་མཚོན་པ་བརྡའི་ངོ་སྤྲོད་དུ་ཤེས་པའི་ངང་ལ་དུས་གསུམ་གྱི་རྟོག་པ་གང་ལའང་མ་ཆགས་མ་ཞེན་པར་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས་མིག་བར་སྣང་ལ་རྟེན་མེད་དུ་ཞོག་ལ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ལྟོས་ཤིག །གསུམ་པའི་ཉམས་མྱོང་དྲན་བྱས་ཏེ༔ མཁའ་དབྱིངས་རྡོ་རྗེ་རྡོ་རྗེ་ཞེས་པ་རྡོ་རྗེ་སེམས་དཔའི་མེ་ལོང་སྟེ་རང་བྱུང་གི་ཤེལ་རྡོ་ཟུར་བརྒྱད་པའོ། །མེ་ལོང་དང་༔ རྡོ་རྗེ་དྲིལ་བུ་དྲན་པར་གྱིས༔ ཧཱུྃ༔ བདེ་ལ་སེམས་བཟུང་སྟོང་ཉིད་དང་༔ སྲིད་པ་ངོ་བོ་ཉིད་དག་པ༔ སྣང་སྟོང་ཟུང་འཇུག་མཐའ་ལས་འདས༔ རང་བཞིན་དག་པའི་དོན་བསྒོམ་བྱ༔ ཞེས་ངོ་སྤྲད་ལ་བྱིན་རླབས་འཕོ་བའི་སླད་དུ་ཤེལ་རྡོ་དང་བླ་ནའི་སྐུ་འབག་སྤྱི་བོར་བཞག༔ ཨ་ཏི་ཧོ་བྷེརྻ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཀཱ་ཡ་ཝཱཀྐ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་བརྗོད། སྨིན་སློབ་ཀྱི་ཚེ་དེ་ལྟར་བདེ་བས་ཐོབ་བྱས་པའི་གསུམ་པའི་ཉམས་མྱོང་འདིར་དབང་གསུམ་པའི་ལྷན་


JLAZ008_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་དེས་ནི་རྒྱལ་བའི་ཡེ་ཤེས་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པའི་མཐིལ་ལོངས་པར་མི་བཞེད་པར་གསུམ་པའི་འདྲ་ཆོས་དཔེ་དོན་དང་བཅས་པས་བརྡ་སྤྲད་དེ་བཞི་པའི་ཡེ་ཤེས་དག་བྱ་མཐའ་དག་ལས་གྲོལ་བའི་མི་སློབ་པའི་ཟུང་འཇུག་གི་ངོ་བོར་བསྐུར་ཚུལ་འདི་ནི་རྒྱུད་སྡེ་ཆེན་པོའི་གཞུང་ལུགས་རྟོགས་པར་དཀའ་བའི་གནས་ཡིན་ནོ། །དེའི་གནས་ལུགས་ཀྱི་ངོ་བོ་ཇི་ལྟར་བཟང་ཡང་རིག་སེམས་ཤན་མ་ཕྱེད་པའི་འདྲ་ཆོས་མྱོང་ཞེན་དང་ཤེས་བྱའི་སྒྲིབ་པས་རང་བཞིན་རྣམ་དག་པའི་དོན་ལ་བསྒྲིབས་པ་ཞིག་འཆར་ཉེ་ན། དེའི་གཉེན་པོར་སློབ་མ་རྣམས་རྟོག་མེད་དུ་གནས་པའི་ངང་དེ་ཁར་ཕཊ་དྲག་པོ་ཞིག་བརྗོད་པས། སྔོན་གྱི་གནས་ལུགས་ཐོམ་མེ་བུན་ནེ་ཡོར་རེ་བའི་ཉམས་བརྗོད་མི་ཤེས་པ་དེ་རང་སར་ཞིག །དྲན་འཛིན་གྱི་གཉེན་པོ་ཁུངས་སྟོར། བྱུང་ཚོར་གྱི་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཉིད་རྒྱ་ཡན་སྤྲོས་བྲལ་གྱི་རིག་པ་བསམ་དུ་མེད་པའི་གུ་ཡངས་ཆེན་པོ་ཞིག་མི་འཆར་བའི་དབང་མེད་པ་དེ་ཉིད་སེམས་ལས་འདས་པའི་རིག་པ་ཡིན་པར་རང་ངོ་སྤྲོད་པར་བྱ་བ་ནི་ལྟ་བ་སྤྱི་འབྱམས་ཀྱི་དབང་ཡང་ཡིན་ལ། དེ་ཅིའི་ཕྱིར་སྙམ་ན་སེམས་རྟོག་མེད་དང་རིག་པ་རྟོག་མེད་གཉིས་མི་རྟོག་པ་ཙམ་དུ་འདྲ་བར་སྣང་ཡང༌། རིག་པ་ཟང་ཐལ་སྤྲོས་པ་དང་བྲལ་བར་འཆར་ལ། སེམས་ལྷན་ནེར་གནས་ཤིང་འཁྱིལ་པའི་ཁྱད་ཡོད་དོ། །དེ་བཞིན་དུ་རིག་པ་གཏིང་གསལ་ཡུལ་ལ་མ་ཤར་བ་དང༌།


JLAZ008_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རང་གནས་ལྷན་ནེར་གནས་པ་གཉིས་འདྲ་བར་སྣང་ཡང༌། རིག་པ་ལ་བྱིང་རྒོད་ཀྱི་མི་བརྫི་བར་ཤིན་ཏུ་དྭངས་ལ་ཡུལ་མེད། སེམས་ཡུལ་ཅན་འཛིན་པས་བཅིངས་པའི་ཁྱད་ཡོད་པས་ཕྱི་མཐའི་རྫོགས་ཆེན་པ་རྣམས་ཀྱི་གནད་འདི་ཤེས་དགོས་པ་ཡོད་དོ། །དེ་ནས་རྟོག་པ་བསྐྱེད་པ་ནི། བཞི་པའི་དབང་ཐོབ་དབའ་རླབས་དང་༔ དྲག་པོའི་ལས་འགྲུབ་བླ་མའི་ས༔ ནོན་ཞིང་སྒོ་གསུམ་དམ་ཚིག་འཛིན༔ ངོ་བོ་ཉིད་སྐུ་ཧེ་རུ་ཀཿ མ་བཅོས་རྫོགས་པ་ཆེན་པོར་འགྲུབ༔ དེ་ལྟར་བརྡའི་དབང་བཞི་བསྐུར་བས། ལམ་ཟུང་འཇུག་ལ་བརྟེན་ནས་ཤིན་ཏུ་ཕྲ་བའི་ལུས་ངག་ཡིད་གསུམ་སྐྱེད་བྱེད་ཀྱི་རྩ་ཐིག་རླུང་ཕྲ་བ་དྲི་བཅས་སྦྱངས། ཀུན་གཞི་ཤེས་བྱའི་དྲི་མ་དང་བཅས་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང༌། བདག་ལུས་རྡུལ་དང་བྲལ་བའི་དྭངས་མ་སུམ་ལྡན་གཅིག་ཏུ་འདྲེས། ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ནོན། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་བྱས་པའོ། །ཞེས་བརྗོད། ལྔ་པ་དེ་ལྟར་དབང་བཞི་ཡོངས་སུ་རྫོགས་པའི་མཐའ་བརྟེན་དྲག་པོ་སྒྲོལ་དབང་ནི་གཞུང་ལས། མཐའ་བརྟེན་ལྕགས་ཀྱི་ཕུར་པ་ལཿ བརྟེན་ནས་དྲག་སྔགས་སོ་ལྔ་བཟླས༔ ཞེས་པ་ཙམ་ལས་གབ་སྟེ་གསལ་བར་མ་བྱུང༌། གསང་རྫོགས་རྩ་རྒྱུད་ལས། དེ་རྗེས་སྣང་སྲིད་དྲེགས་


JLAZ008_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིསཿ སྲོག་དབང་མཐུ་རྩལ་དབང་བསྐུར་བ༔ སློབ་བུ་མཐུ་སྟོབས་བདག་པོར་བསྐྱེདཿ སྒྲུབ་ཕུར་བསྡུས་ལ་ལག་ཏུ་གཏད༔ ཅེས་པ་ལྟར་ན་དྲེགས་པའི་སྲོག་དབང་ངམ། སྒྲོལ་དབང་གང་ཡིན་ཐེ་ཚོམ་གྱི་གཞིར་སྣང་ཡང༌། ཆོས་རྗེ་ཀུན་བཟང་པའི་ཟིན་ཐོར་བསྒྲལ་དབང་ལྟར་བཤད་པ་རྗེ་བླ་མ་གཏེར་ཆེན་འགྲོ་འདུལ་གླིང་པའི་དངོས་སློབ་ཏུ་འདུག་པས་རང་སོར་བཞག་སྟེ་ཕྱི་མ་ལྟར་བྱ་བ་ལ། ཉ་བོར་རཀྟ་བྲན། དྲག་པོ་མངོན་སྤྱོད་ཀྱི་ལས་ལ་བསྔགས་པའི་ཐུན་མོང་མ་ཡིན་པའི་ཚད་མེད་བཞིའི་བརྟུལ་ཞུགས་བསྐྱེད་དེ། ཨེ་ལས་གནས་ལྕགས་འབར་བའི་ཁང་སྒྲོམ་ནང་༔ ཞེས་སོགས་ཀྱིས་བཙོན་དམིགས་བསྐྱེད། ན་མོཿ རྩ་བརྒྱུད་བླ་མ་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ སོགས་ཀྱི་འགུགས་འདྲེན་དྲག་པོ་ལན་གསུམ་གྱི་མཐར། ལས་ཕུར་ཐོགས་ཏེ། ཧཱུྃ༔ བདེ་གཤེགས་ཡོངས་རྫོགས་འདུས་པའི་སྐུ༔ ཕུར་པ་སྒྲིལ་ཞིང་འདེབས་པར་བྱེད༔ ཡུལ་གསུམ་གསལ་བ་དང་བཅས་པས༔ དགྲ་གསུམ་སྐུ་གསུམ་ཀློང་དུ་སོད༔ བདུད་བཞི་སྐྱེ་མེད་ངང་དུ་བསྒྲལ༔ ཕྲང་གསུམ་དཔལ་ཆེན་རང་ངོར་བསྐུར༔ དེ་ལྟར་རང་གི་དབང་བསྐུར་བའི༔ བླ་མ་དཔལ་ཆེན་ཡོངས་རྫོགས་ལྷ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ ཅེས་དང་དྲག་སྔགས་སོ་ལྔ་པ་བཟླ་བཞིན་པར་ཕུར་བུ་སྐེད་ལ་


JLAZ008_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཞིང་སྒྲིལ་སྟབས་དང་བཅས་སློབ་མ་ལ་གཏད་ཅིང་སྤྲོ་ན་ཚེ་ལུང་ཁྲུས་གསུམ་གྱི་དག་སྦྱོར་བཤད། རིགས་ཀྱི་བུ་མཉམ་གཞག་ཆོས་སྐུའི་ངང་དུ་རྟོགས་པས་བདག་སྔོན་དུ་བསྒྲལ་ནས། རྗེས་ཐོབ་སྙིང་རྗེའི་རྩལ་གྱི་ཐུགས་རྗེས་གཞན་སྒྲོལ་བ་རྡོ་རྗེ་ཐེག་པའི་སྒྲོལ་བའི་དགོངས་པ་ཡིན་ལ། དེའང་མི་འབྱམ་པའི་ཕྱིར་དུ་ཕྱི་ཡུལ་སྣང་བ་རཱུ་ཏྲར་གསལ་བ། མི་རྡུགས་པའི་ཕྱིར་དུ་ནང་ཡུལ་ཕུར་པ་བདེ་གཤེགས་འདུས་པའི་ངོ་བོར་གསལ་བ། མི་ལྡོག་པའི་ཕྱིར་དུ་གསང་ཡུལ་རྣམ་རྟོག་ལྷའི་ཕྱག་རྒྱར་གསལ་བ་སྟེ་ཐུན་མོང་མ་ཡིན་པའི་ཡུལ་གསུམ་གསལ་བའི་ངང་ལས། ཕྱི་དགྲ་གཟུང་འཛིན་གྱི་དགྲ་བོ་ཚད་མེད་སྙིང་རྗེའི་ཕུར་པས་སྤྲུལ་སྐུའི་དབྱིངས་སུ་གསད། ནང་དགྲ་དུག་གསུམ་གྱི་ངོ་བོ་བྱང་ཆུབ་སེམས་ཀྱི་ཕུར་པས་ལོངས་སྐུའི་དབྱིངས་སུ་གསད། གསང་དགྲ་བདག་འཛིན་གྱི་རྣམ་རྟོག་རིག་པ་ཡེ་ཤེས་ཀྱི་ཕུར་པས་ཆོས་སྐུའི་དབྱིངས་སུ་གསད། དེའི་ཚེ་ཕུང་པོ་དུར་ཁྲོད་དུ་བསྒྲལ་བས་ལྔ་ཕུང་དབྱིངས་སུ་ཞིག་སྟེ་རེག་བྱ་ཕུང་པོའི་བདུད་ཆོམས། ཡུམ་གྱི་མཁའ་ལ་བསྒྲལ་བས་ཆགས་རྟོག་ཡེ་ཤེས་སུ་དག་སྟེ་ཉོན་མོངས་པའི་བདུད་ཆོམས། རྡོར་སེམས་མཚན་རྫོགས་ཀྱི་ས་ལ་བསྒྲལ་བས་སྣང་ཆ་ལྷ་སྐུར་གྲོལ་ཏེ་ལྷའི་བུའི་བདུད་ཆོམས། རྣམ་ཤེས་འོག་མིན་དུ་བསྒྲལ་བས་སྐྱེ་ཤིའི་ཁུངས་སྟོར་ཏེ་འཆི་བདག་


JLAZ008_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གི་བདུད་ཆོམས། ལྟ་བ་ལ་ཕྱོགས་རིས་མེད་པས་ཐེ་ཚོམ་གྱི་ཕྲང་ལས་གྲོལ་བ། སྒོམ་པ་ལ་བསལ་གཞག་མེད་པས་བྱིངས་རྒོད་ཀྱི་ཕྲང་ལས་གྲོལ་བ། སྤྱོད་པ་ལ་གཟའ་གཏད་མེད་པས་ཚུལ་ཆོས་ཀྱི་ཕྲང་ལས་གྲོལ་བ་སྟེ། ཡུལ་གསུམ་གསལ་བ། དགྲ་གསུམ་གསད་པ། བདུད་བཞི་སྒྲོལ་བ། ཕྲང་གསུམ་བསལ་བ་དེ་ལྟ་བུའི་གཤིས་ལུགས་མངོན་དུ་གྱུར་པ་དེ་བསྒྲལ་དབང་གི་ངོ་བོ་ཡིན་པས་ཤེས་པར་བྱོས་ཤིག །ཅེས་རྟོག་པ་བསྐྱེད་ལ་ཉ་བོ་ལ་ཕུར་པ་བརྡེག་ཏུ་བཅུག་པའི་མཐར། སློབ་དཔོན་གྱི་ཕུར་པའི་ལས་སྦྱོར་དང་བཅས་ཚེ་ཁྲུས་གནས་གསུམ་གྱི་དགོངས་པས་ཚར་བཅད་ནས་སློབ་བུས་ལིང་རོ་དཀྱིལ་འཁོར་ལ་བསྟབ་ཅིང༌། ཧཱུྃ༔ དགྲ་བགེགས་གདུག་པ་བསྒྲལ་བའི་ཤ་ཁྲག་རུས༔ སོགས་བརྗོད། དེ་ལྟ་བུའི་བསྒྲལ་དབང་ལ་ཁྱད་པར་གྱི་ལག་ལེན་དང་མན་ངག་གི་དག་སྦྱོར་ཚུལ་བཞིན་དུ་སྦྱོར་ཤེས་པ་སྔོན་ཆད་མ་བྱུང་བས་དྲི་མེད་དགོངས་པའི་རྩལ་གྱིས་ཤིན་ཏུ་གསལ་བར་བགྱིས་པ་ཡིན་ལ། དེ་དག་གི་བརྗོད་དོན་ཇི་བཞིན་མ་ལྷོངས་ན་མཁྱེན་བརྩེའི་མེ་ལོང་གི་ཚོགས་ཐ་མའི་གདབ་ལས་སྐོར་ལ་དཔྱད་པར་བྱ་བ་ཁོ་ནའོ། །དྲུག་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ནི། གསང་བ་ཡོངས་རྫོགས་ཀྱི་རྒྱུད་ལས། དེ་རྗེས་སློབ་བུ་ཁྲི་ལ་གཞག །རབ་


JLAZ008_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་བཀའ་ཡི་དབང་བསྐུར་ཏེ། །རྡོ་རྗེ་སློབ་དཔོན་ནུས་པའི་དབང༌། །སློབ་དཔོན་བཀའ་རྟགས་རྫས་གཏད་ཅིང༌། །ངག་གི་རྗེས་གནང་ལེགས་པར་སྦྱིན། །ཞེས་པ་ལྟར་ལས། བསྐུར་བའི་ཡུལ་རྒྱལ་ཚབ་ཏུ་འོས་པའི་སློབ་མ་ལ་རྒྱལ་བུ་རྒྱལ་སར་དབང་བསྐུར་བ་ལྟ་བུའི་མངའ་དབང་བསྐུར་བ་ཡིན་ལ། དེའི་ཕྱིར་གཙོ་བོའི་མདུན་གྱི་དཀྱིལ་འཁོར་གྱི་ཐད་དྲང་པོར་སེང་གེའི་ཁྲི་ལ་སློབ་མ་གནས་པའི་སྟེང་ནས་གདུགས་ཕུབ། རྐང་འོག་ཏུ་འཁོར་ལོ་དགོད། དུང་དཀར་དང༌། ཕྱག་ཤིང༌། པོ་ཏི་ལ་སོགས་ཏེ་བརྡའི་རྟེན་འབྲེལ་གྱི་རྫས་ཀྱང་འདུ་བྱ་ཞིང༌། ཚོགས་ཀྱི་འཁོར་ལོ་ལ་སོགས་ཞལ་བསྲོའི་ཚུལ་གྱི་མཆོད་པས་མཐའ་བསྐོར། དེ་ནས་སློབ་བུས་གསོལ་བ་གདབ་པ་ནི། ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་དགོངས་མཛོད་དང་༔ བླ་མེད་གསང་སྔགས་བཀའ་གསང་ཟབ་མོའི་ཆོས༔ དབང་དང་ཆོས་བཀའ་གང་ཐོབ་བགྱིས་པ་རྣམས༔ སྤྲོས་མེད་དོན་གྱི་སྙིང་པོ་ཐོབ་བྱའི་ཕྱིར༔ སྲོག་གི་ཕྱིར་ཡང་མི་གཏང་བསྒྲུབ་པར་བྱ༔ བདག་ཅག་མཆེད་ལྕམ་མ་ལུས་ཐམས་ཅད་ལ༔ རྡོ་རྗེ་སློབ་དཔོན་བྱིན་གྱིས་བརླབ་ཏུ་གསོལ༔ སྙིགས་མ་ལྔ་བདོའི་དུས་ཀྱི་བསྟན་པའི་མཐར༔ རྒྱལ་བ་རྣམས་ཀྱི་མཛད་པ་བདག་གིས་བསྒྲུབ༔ དམ་ཚིག་གཅིག་ཏུ་འབྲེལ་བའི་ཕྲེང་བ་ལ༔ མཆེད་ལྕམ་ཟུང་དུ་


JLAZ008_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ལུ་གུ་རྒྱུད༔ བླ་མེད་སངས་རྒྱས་མ་ཐོབ་འདི་ཡི་བར༔ ལུས་དང་སྲོག་གི་ཕྱིར་ཡང་མི་གཏོང་ངོ་༔ ཞེས་གསོལ་བ་བཏབ་སྟེ་གནས་པ་ལ་དམ་ཚིག་གསུམ་སྦྱིན་པར་བྱ་སྟེ། གང་ཞེ་ན། གཙོ་བོ་ཡབ་ཡུམ་གྱི་ངོ་བོ་ཅན་གྱི་རྡོར་དྲིལ་སློབ་མའི་ལག་ཏུ་སྦྱིན་ཏེ། རྡོ་རྗེ་ཐུགས་ཀྱི་དམ་ཚིག་གསོར་བ་དང༌། དྲིལ་བུ་གསུང་གི་དམ་ཚིག་འཁྲོལ་བ་དང༌། གཉིས་ཀ་ཐབས་ཤེས་ཀྱི་ཚུལ་དུ་བསྣོལ་ནས་འཁྱུད་རྒྱ་བྱེད་དུ་འཇུག་པ་ཕྱག་རྒྱ་སྐུའི་དམ་ཚིག་གི་ཚུལ་དུ་ངོ་སྤྲད། དེ་ནས་སློབ་དཔོན་གྱིས། རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བྱིན་པའི་ཕྱིར་དུ་དམ་ཚིག་གསུམ་བྱིན་ཏེ་རྡོར་དྲིལ་ཐུགས་ཀར་བསྣོལ་ནས་འཁྱུད་རྒྱ་བྱས་པའི་ཚེ་རང་ཉིད་ཀུན་ཏུ་བཟང་པོ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ངོ་བོར་མོས་པ་ལ། པང་དུ་ཡེ་ཤེས་ཀྱི་རིག་མ་འཚོ་རྒྱལ་བཅུ་དྲུག་ལོན་པའི་ན་ཚོད་ཅན་གྱིས་འཁྱུད་དེ་བདེ་བ་ཆེན་པོའི་ངང་དུ་སྙོམས་པར་ཞུགས་པ་ལས་བྱུང་པའི་འཛག་མེད་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་ཞིང༌། ཐབས་ལ་བརྟེན་ནས་རྒྱུ་དུས་ཀྱི་ཡན་ལག་བདུན་ལ་གོམས་པས། འབྲས་བུའི་དུས་སུ་སྐུ་གསུམ་ཡན་ལག་བདུན་ལྡན་ཁ་སྦྱོར་ལོངས་སྤྱོད་རྫོགས་པའི་གོ་འཕང་མངོན་དུ་སྣང་བའི་རྟེན་འབྲེལ་ཟབ་མོ་སྒྲིག་པ་ནི་རྡོ་རྗེ་


JLAZ008_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱི་དབང་སྟེ། དགྱེས་རྡོར་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱིས་ནི་དབང་དུ་འདོད། །ཅེས་བཤད་པ་ཡིན་ལ་དེ་ལྟ་བུའི་དབང་བསྐུར་བའི་བྱེད་ལས་སུ་གནས་སྐབས་སུ་གཞན་དོན་བསྒྲུབ་པར་རྗེས་སུ་གནང་བའི་རྟེན་འབྲེལ་ཟབ་མོའི་སྒོ་འབྱེད་ཕྱིར། རྐང་འོག་ཏུ་གསེར་གྱི་འཁོར་ལོ་དགོད་པས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བ་དང༌། འཁོར་ལོས་སྒྱུར་བའི་རྒྱལ་བོ་གང་ཞིག་སྔོན་གྱི་བསོད་ནམས་ཀྱི་མཐུས་ནམ་མཁའི་དབྱིངས་ལས་བྱུང་བའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དེའི་རྟེན་འབྲེལ་དང་ནུས་པའི་བདེན་པས་གླིང་བཞིའི་སྐྱེ་འགྲོ་ཐམས་ཅད་ལ་དབང་བསྒྱུར་ཞིང་ཆབ་འབངས་སུ་བསྡུ་བ་ལྟར། སྐལ་ལྡན་གྱི་གདུལ་བྱ་རྣམས་སློབ་མར་བསྡུས་ལ་ཟབ་མོའི་མན་ངག་འདིའི་སྒོ་ནས་འགྲོ་དོན་རྒྱ་ཆེན་པོ་གྱིས་ཤིག །དེ་ལྟར་ཆོས་བསྟན་པ་དེ་ཡང་ནམ་མཁའི་དབྱིངས་ལས་དུང་བུས་པ་ལྟར་གྲགས་སྟོང་སྐྱེ་བ་མེད་པའི་སྒྲར་གྲགས་ཏེ་གཞན་གྱི་རྣམ་རིག་ལས་བྱུང་བ་དེ་བཞིན་གཤེགས་པའི་གསུང་ལྟར་གཅིག་ལས་དུ་མར་འཆར་བའི་རྟེན་འབྲེལ་དུ་ཤེས་པར་གྱིས་ཤིག །ཆོས་ཀྱི་རྔ་བོ་ཆེ་གཎྜི་བརྡུངས་པ་བཞིན་དུ་མི་གནས་མྱ་ངན་ལས་འདས་པའི་གོ་འཕང་ལ་


JLAZ008_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་གྱིས་ཤིག །ཅེས་པོ་ཏི་དང༌། དུང་དཀར། ཕྱག་ཤིང་སྟེ་གཎྜི་རྣམས་ལག་ཏུ་གཏད། དེ་ནས་དབང་རྫས་རྣམས་ཕྱོགས་གཅིག་ཏུ་བྱས་པའི་དབུས་སུ་ལམ་རྒྱས་པའི་གཏོར་མ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ངོ་བོ་བཀོད་པ་ལ་གུ་རུ་བདེ་བ་ཆེན་པོ་ཡབ་ཡུམ་གྱི་ཙཀླི་བཙུགས་པ་རྣམས་སློབ་མའི་སྤྱི་བོར་བཞག་ལ་སྣང་བ་འགྱུར་བའི་དབྱངས་དང་བཅས། ཧཱུྃ༔ མཉམ་མེད་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ལྷ་ལྕམ་ཡུམ་དང་གཉིས་མེད་བདེ་ཆེན་རོལ༔ རིག་འཛིན་བརྒྱད་དང་སྒྲུབ་སྡེ་མཚན་བརྒྱད་དང་༔ སྤྲུལ་དང་ཡང་སྤྲུལ་རིག་འཛིན་དུ་མར་བཅས༔ དཔའ་བོ་མཁའ་འགྲོ་སྒོ་སྐྱོང་ལྷ་མོའི་ཚོགས༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་ཆེན་པོ་ཡི༔ མོས་པའི་བུ་ལ་རབ་འབྱམས་བཀའ་ཡི་དབང༔ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པའི་ཕྱིར༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང་༔ རྫས་ཀྱི་དབང་མཆོག་དམ་པ་འདི་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཀཱ་ཡ་ཝཱཀྐ་ཙིཏྟ་ཛྙཱ་ན་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་ཆུ་ལ་སོགས་སྒྲུབ་རྫས་རྣམས་མྱོང་ཞིང་བུམ་ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་པར་བསམས་ལ། ཛ༔ ཧཱུྃ་བྃ་ཧོཿས་དབང་ལྷ་རྣམས༔ ཡི་གེ་


JLAZ008_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རྣམ་པར་བསྟིམ༔ ཞེས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཐིམ་པར་བསམ་ཞིང༌། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་བས་བརྟན་པར་བྱས། སློབ་མ་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་མཆོག་ཏུ་མངའ་གསོལ་བ་ལ་ཞལ་བསྲོའི་ཚུལ་དུ་མེ་ཏོག་ལ་སོགས་པས་རྒྱ་ཆེར་མཆོད་དོ། །གསུམ་པ་དམ་ཚིག་བསྒྲག་པ་ནི། འོ་དེས་རྩ་གསུམ་མཐོང་བ་རང་གྲོལ་གྱི་དཀྱིལ་འཁོར་ཆེན་པོར་དབང་བཞི་མཐའ་བརྟེན་དང་བཅས་པའི་བྱ་བ་ཡོངས་སུ་རྫོགས་པ་ཡིན་ལ། དེ་ལྟར་ནོད་པའི་ཡོན་ཏན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་ཅིང༌། གསང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་དབང་ལས་བྱུང་བ་ནི་རྒྱུད་ལས། དེ་ལྟར་དབང་རྣམས་ཡོངས་རྫོགས་པར། །བསྐུར་བའི་ཡོན་ཏན་བསམ་མི་ཁྱབ། །གསང་སྔགས་དངོས་གྲུབ་དབང་ལས་བྱུང༌། །ཞེས་དང༌། དབང་མ་ཐོབ་པའི་ཉེས་པ་ནི། ཤེས་རབ་གསུམ་རློམ་ལ་སོགས་ཡང༌། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་དབང་མ་ཐོབ་ན་ཐོས་བསམ་སྒོམ་པའི་བྱ་བ་ལ་འབད་ཀྱང་འབྲས་བུ་མེད་པར་གསུངས་ཤིང༌། ཐོབ་པའི་གནས་སྐབས་སུ་འདི་ལྟས་ཕུན་སུམ་ཚོགས་པས་སྣ་དྲངས་ཏེ་མངོན་པར་མཐོ་བའི་དཔལ་བཅུའི་གོ་འཕང་ལ་སྦྱོར་ཞིང༌། མཐར་ཐུག་ངེས་པར་ལེགས་པའི་ས་ལ་དབུགས་དབྱུང་བ་ནི་རྒྱུད་


JLAZ008_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཐོབ་རྟགས་མཁའ་འགྲོས་ལུང་སྟོན་ཞིང༌། །བལྟས་ན་ཡིད་བཞིན་གཙུག་ན་འཆང༌། །མགོ་ལ་ཉི་ཤར་དམག་དཔོན་བྱེད། །མགོ་དང་རོ་སྟོད་ཡང་ལ་བདེ། །བུམ་བཅུད་འཐུང་དང་ཟས་བཅུད་ཟོས། །རང་རིག་རྩལ་ལ་དབང་བསྒྱུར་ནུས། །ཞེས་སོ། །དེའི་ཕྱིར་ནུས་པ་དེ་ལྟ་བུ་བསྐྱེད་པའི་ས་བོན་ཅན་དབང་དེ་དག་གི་སྲོག་ནི་དམ་ཚིག་དང་སྡོམ་པ་ཁོ་ན་ལ་བརྟེན་ནས་འཛིན་དགོས་ཏེ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེས། མཆོག་ཐུན་དངོས་གྲུབ་རྩ་བ་དབང་ལ་ཐུག །དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་སྟེ། །ཉམས་ན་ས་བོན་མེ་ཡིས་ཚིག་པ་བཞིན། །དཀའ་སྤྱད་བསྒྲུབས་ཀྱང་འབྲས་བུ་མེད་ཅིང་བརླག །ཅེས་གསུངས་པ་ལྟར་ལས་བསྲུང་བྱའི་རྣམ་གྲངས་ལ་དབྱེ་ན། ཉན་རང་ལ་ཉིས་བརྒྱ་ལྔ་བཅུའི་ཁྲིམས། །བྱང་སེམས་ལ་བརྒྱད་ཅུ་རྩ་ལྔ། བྱ་རྒྱུད་ལ་ཉི་ཤུ། སྤྱོད་རྒྱུད་ལ་ཉི་ཤུ། རྣལ་འབྱོར་ལ་ཉི་ཤུ་རྩ་གཅིག །མ་ཧཱ་ལ་བརྒྱ་རྩ། ཨ་ནུ་ལ་སྐུ་གསུང་ཐུགས། ཨ་ཏི་ལ་ཡེ་བསྲུངས་ལ་སོགས་ཏེ་ས་མ་ཡ་འབུམ་སྡེའི་བར་དབྱེ་ཡང་ཀུན་གྱི་རྩ་བ་སྐུ་གསུང་ཐུགས་དང༌། ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་ལ་གནས་པས་དེའི་རང་བཞིན་ལས་མི་འདའ་བ་སྟེ། གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། རྒྱུད་དོན་དམ་ཚིག་བསྲུང་བྱ་


JLAZ008_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བ། །རྩ་བ་སྐུ་གསུང་ཐུགས་དང་ནི། །ཡན་ལག་ཉི་ཤུ་རྩ་ལྔ་ལས། །སྤྲོས་ན་བསམ་གྱིས་མི་ཁྱབ་སྟེ། །རྩ་བ་ཡན་ལག་ཉམས་མི་བྱ། །ཡང་ན་མཉམ་རྫོགས་རྒྱལ་པོར་གནས། །ཞེས་དང་དེའི་རང་བཞིན་བཀྲལ་བ་ནི། དེ་ཉིད་ལས། སྐུ་ཡི་དམ་ཚིག་རྡོ་རྗེ་སྟེ། །སློབ་དཔོན་མཆེད་དང་ལྕམ་དྲལ་ལ། །བརྡེག་བཙོག་སྐུར་པ་ནམ་ཡང་མིན། །ངན་སེམས་དཔྱ་སེམས་གཅིག་མི་བྱ། །གསུང་གི་དམ་ཚིག་དབང་ཐོབ་ནས། །ཡི་དམ་དཀྱིལ་འཁོར་ལྷ་མཆོག་གི །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །བླ་མེད་ཐེག་མཆོག་མི་སྤང་ངོ༌། །ཐུགས་ཀྱི་དམ་ཚིག་གསང་བ་བཅུ། །སྒྲུབ་རྫས་ལག་ཆ་ཐམས་ཅད་གསང༌། །མ་གསང་མུ་སྟེགས་འཆལ་པར་འགྱུར། །སྨན་དང་གཏོར་མ་མཆོད་རྫས་གསང༌། །དེ་མ་གསང་ན་དངོས་གྲུབ་ཉམས། །སྤྱིར་ཛཔ྄་རྩ་བའི་སྙིང་པོ་གསང༌། །མ་གསང་མཐུ་དང་བྱིན་རླབས་ཉམས། །སྔགས་པས་སྔགས་དང་ཕྱག་རྒྱ་གསང༌། །དེ་མ་གསང་ན་སྨྱོན་པར་འགྱུར། །སྦྱོར་དང་སྒྲོལ་བའི་ལག་ལེན་གསང༌། །མ་གསང་སྐྱེ་བོའི་ཡ་གར་འགྱུར། །ཕྲིན་ལས་མཛད་སྤྱོད་ཀུན་ཀྱང་གསང༌། །དེ་མ་གསང་ན་རས་ཆོད་འགྱུར། །རྒྱུད་དང་སྒྲུབ་ཐབས་མན་ངག་གསང༌། །མ་གསང་མཁའ་འགྲོའི་བཀའ་ཆད་འོང༌། །མདོར་ན་གསང་བར་འོས་རིགས་


JLAZ008_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གསང༌། །དེ་མ་གསང་ན་ལྐུགས་པར་འགྱུར། །ཆེད་དུ་གཉེར་གཏད་མན་ངག་གསང༌། །མ་གསང་ཉམས་པ་ཆེན་པོར་འགྱུར། །སྐུ་གསུང་ཐུགས་ཀྱི་དམ་ཚིག་འདི། །ཉམས་ན་བསྐལ་པ་གཅིག་གཉིས་གསུམ། །རྡོ་རྗེའི་དམྱལ་བར་གདོན་མི་ཟ། །ཞེས་ཡན་ལག་གི་དམ་ཚིག་ལྔ་ཚན་ལྔར་བཤད་པའང་ཀུན་བྱེད་རྒྱལ་པོ་དང༌། དམ་ཚིག་གསུམ་བཀོད་པ་ལ་སོགས་ལས་ཇི་ལྟར་གསུངས་པ་ཤིན་ཏུ་གསལ་བར་བྱས་པ་ནི་དམ་ཚིག་གི་གནད་ཀྱི་མདོ་འགགས་ལས། དང་པོ་ཤེས་བྱའི་དམ་ཚིག་ལྔ༔ གསང་སྔགས་དབང་གི་སྒོར་ཞུགས་ནས༔ སྣང་སྲིད་རིགས་ལྔའི་དལ་དུ་སྒོམ༔ གཟུགས་ཀྱི་ཕུང་པོ་རྣམ་སྣང་མཛད༔ ཚོར་བའི་ཕུང་བོ་རིན་ཆེན་འབྱུང༌། །འདུ་ཤེས་ཕུང་པོ་སྣང་མཐའ་ཡས༔ འདུ་བྱེད་ཕུང་པོ་དོན་ཡོད་གྲུབ༔ རྣམ་ཤེས་ཕུང་པོ་རྡོ་རྗེ་སེམས༔ ས་ནི་ཡུམ་ཆེན་སངས་རྒྱས་སྤྱན༔ ཆུ་ནི་ཡུམ་ཆེན་མཱ་མ་ཀཱི༔ མེ་ནི་ཡུམ་ཆེན་གོས་དཀར་མོ༔ རླུང་ནི་ཡུམ་ཆེན་དམ་ཚིག་སྒྲོལ༔ ནམ་མཁའ་ཡུམ་ཆེན་དབྱིངས་ཕྱུག་མ༔ དེ་བཞིན་དཀར་སྔོ་སེར་དམར་ལྗང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ལྔ༔ རིགས་ཀྱི་ཡབ་ཡུམ་ལྔར་ཤེས་བྱ༔ མིག་དང་རྣ་བ་སྣ་དང་ལྕེ༔ གཟུགས་དང་རྣམ་ཤེས་རིགས་ལྔར་ཤེསཿ འབྲས་བུ་


JLAZ008_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་རུ་ཤེས༔ དེར་རྣམས་ཤེས་བྱའི་དམ་ཚིག་གོ༔ མི་སྤང་བ་ཡི་དམ་ཚིག་ནིཿ འདོད་ཆགས་ཞེ་སྡང་གཏི་མུག་དང་༔ ང་རྒྱལ་ཕྲག་དོག་རྣམ་པ་ལྔ༔ རིགས་ལྔའི་དམ་ཚིག་ཡིན་པའི་ཕྱིར༔ སྤངས་པས་མི་སྤང་གནས་པ་ཡིན༔ རྗེས་སུ་འབྲང་ན་ཉོན་མོངས་རྒྱུ༔ ཤར་ཚེ་རང་སར་གློད་པ་ཡིན༔ ཡེ་ཤེས་ལྔ་ཡི་ཀློང་དུ་གྲོལ༔ དེ་ཕྱིར་མི་སྤང་དམ་ཚིག་ལྔ༔ དང་དུ་བླང་བའི་དམ་ཚིག་ནི༔ དྲི་ཆེན་དྲི་ཆུ་མཱཾ་ས་དང་༔ རཀྟ་རྡོ་རྗེ་ཟིལ་པ་ལྔ༔ རིགས་ལྔ་བསྒྲུབ་པའི་རྫས་ཡིན་པས༔ གཙང་དམེའི་རྟོག་པ་མེད་པར་བླང་༔ བག་མེད་སྨྱོ་ཐབས་མི་བྱ་སྟེ༔ དམ་ཚིག་རྫས་སུ་བརྟེན་པར་བྱ༔ སྤྱད་བར་བྱ་བའི་དམ་ཚིག་ནི༔ སྦྱོར་བ་གཟུངས་མ་མཚན་ལྡན་ལ༔ རྩ་འབྱོངས་རླུང་འཆུན་ཐིག་ལེ་འདྲོངས༔ བདེ་བ་འཕེལ་བའི་དུས་སུ་སྦྱོར༔ སྒྲོལ་བ་ཞིང་བཅུའི་དགྲ་བགེགས་ནི༔ ཆོས་བྱེད་སྤྱི་དང་སློབ་དཔོན་གྱི༔ སྐུ་དགྲ་བྱེད་པའི་དགྲ་བོ་བསྒྲལ༔ དམ་ཉམས་དམ་ལོག་དམ་ལས་འཁུ༔ སེམས་ཅན་སྤྱི་ལ་གནོད་པ་བསྒྲལ༔ ངན་སོང་གསུམ་ཡང་ཐུགས་རྗེས་བསྒྲལ༔ མ་བྱིན་བླང་བའི་དམ་ཚིག་ནི༔ མཚན་ལྡན་གཟུངས་མ་སྐྱེ་བོས་སྤྱོད༔ གསང་སྔགས་ཟབ་མོ་སྣོད་མེད་འཆང་༔ བྷནྡྷ་བཟང་པོ་མཆོད་པའི་ཆས༔ དཔེ་ཟབ་བྱིན་རླབས་ཡོད་པའི་རྫས༔ སྣོད་མིན་


JLAZ008_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ན་བླང་བར་བྱ༔ ཕྱུག་ཅིང་སེར་སྣ་ཆེ་བའི་ནོར༔ ཐབས་ཀྱིས་བླངས་ཏེ་སྦྱིན་པར་གཏང་༔ སེམས་ཅན་དོན་དུ་འཕགས་པ་མཆོད༔ རྫུན་དུ་སྨྲ་བའི་དམ་ཚིག་ནི༔ གསང་བཅུའི་དམ་ཚིག་བསྲུང་བའི་ཕྱིར༔ བརྡ་དང་རྫུན་སྨྲས་རྣམ་སྨིན་མེད༔ འགྲོ་བ་སྐྱོབ་པའི་དོན་དུ་སྨྲ༔ ཚིག་བརླང་སྨྲ་བའི་དམ་ཚིག་ནི༔ ཞིང་བཅུ་སྒྲོལ་ན་དྲག་པོས་སྨྲ༔ སློབ་བུ་སྣོད་བརྟག་སྣ་ཚོགས་སྨྲ༔ གཟུངས་མ་མཚན་ལྡན་འདྲེན་པ་ན༔ ཐབས་ཀྱི་ཚིག་གིས་སྨྲ་བར་བྱ༔ དེ་རྣམས་སྤྱད་བྱའི་དམ་ཚིག་གོ༔ བསྒྲུབ་པར་བྱ་བའི་དམ་ཚིག་ནི༔ རྡོ་རྗེའི་རིགས་དང་དེ་བཞིན་རིགས༔ རིན་ཆེན་རིགས་དང་པདྨའི་རིགས༔ ཕྲིན་ལས་རིགས་སོགས་རྣམ་པ་ལྔ༔ ཡེ་ཤེས་ཡིན་པས་བསྒྲུབ་བྱར་བྱ༔ ལོག་པར་རིས་ཆད་བསྒྲུབ་མི་བྱ༔ རིགས་ལྔའི་ལྷ་རྣམས་མི་འབྲལ་བསྒྲུབ༔ ལེ་ལོ་གཡེང་བ་རབ་སྤངས་ལ༔ མི་འབྲལ་རྩེ་གཅིག་དུང་བས་བསྒྲུབ༔ དེ་རྣམས་བསྒྲུབ་བྱའི་དམ་ཚིག་སྟེ༔ ཡན་ལག་ཉི་ཤུ་རྩ་ལྔའོ༔ ཉམས་པ་བསྐང་ན་སྨན་རག་གཏོར༔ དག་པར་བཤམས་ལ་ཚོགས་ཀྱིས་མཆོད༔ བརྒྱ་རྩ་གཅིག་གིས་བསྐངས་པར་འགྱུར༔ ཅེས་དང༌། གཞན་ཡང་གསང་རྫོགས་དམ་ཚིག་ལེའུར། གཞན་ཡང་ཁྱད་པར་དམ་ཚིག་དང་༔ བླ་


JLAZ008_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཀུར་ཞིང་གསུང་མི་གཅག༔ ཐུན་བཞིའི་རྣལ་འབྱོར་ཡེངས་མི་བྱ༔ ལྷ་དང་སྔགས་ལ་ཐེ་ཚོམ་སྤང་༔ མཆེད་ལྕམ་རྣམས་ལ་གདུང་སེམས་བསྐྱེད༔ སེམས་ཅན་རྣམས་ལ་སྙིང་རྗེས་བསྐྱང་༔ ང་རྒྱལ་རློམ་སེམས་ཞེ་སྡང་དང་༔ འདོད་ཆགས་ཕྲག་དོག་ཁར་མི་གཏང་༔ གསང་སྔགས་ལྟ་སྤྱོད་ཟུང་དུ་སྦྲེལ༔ བསྐྱེད་རྫོགས་བསྙེན་སྒྲུབ་མཐའ་རུ་དབྱུང་༔ ལེ་ལོ་གཉིད་དང་ཆང་དབང་སྤང་༔ ཞེས་སོ། །དེ་ལྟར་མཚན་མའི་དམ་ཚིག་བསྲུངས་མཚམས་ཀྱི་དབྱེ་བསྡུའི་སྒོ་ནས་རྣམ་པར་གཞག་པ་ཐམས་ཅད་ཀྱང་དོན་ལ་མཉམ་རྫོགས་ཆེན་པོ་ལ་བཟློ་བ་ནི་དེ་ཉིད་ལས། ཡང་དག་དོན་གྱི་དམ་ཚིག་ཏུ༔ འཁོར་འདས་ཆོས་རྣམས་རང་གི་སེམས༔ གདོད་ནས་རང་བྱུང་ཆོས་སྐུའི་ངང་༔ དེ་ཉིད་ངེས་ན་སྲུང་ཉམས་ནི༔ མི་བསྲུང་བློ་ཡིས་དོར་དུ་མེད༔ ཉམས་སྐྱོན་ཐོབ་བྱའི་འབྲས་བུ་མེད༔ མ་སྤངས་མི་གནས་གཟུང་འཛིན་འདས༔ སྐྱེ་མེད་སྡིང་པོས་མི་བཤིགས་དམ༔ མུ་སྟེགས་བདག་ཏུ་འཛིན་པའི་ཚིག༔ སྔ་རབས་འདས་པའི་སངས་རྒྱས་ཀྱང་༔ དམ་ཚིག་དག་ལ་བརྟེན་དེ་རྒྱས༔ ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་༔ དམ་ཚིག་འདི་ལ་རབ་ཏུ་གནས༔ མ་འོངས་འབྱོན་པའི་སངས་རྒྱས་ཀྱང་༔ དམ་ཚིག་འདི་ལ་བརྟེན་དེ་རྒྱ༔ ཞེས་འགགས་


JLAZ008_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས་པ་ལྟར། གཞི་མ་སྨིན་པར་བྱེད་པ་ལ་དབང་བསྐུར་དགོས། དབང་བརྟན་པར་བྱེད་པ་ལ་དམ་ཚིག་བསྲུང་དགོས། དེའི་ཕྱིར་སྤྱིར་གསང་སྔགས་ནས་བཤད་པའི་དམ་ཚིག་མཐའ་དག་བསྲུང་ཞིང་ཁྱད་པར་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། བྱེ་བྲག་ཉི་ཤུ་ལ་སོགས་པ་མཐའ་དག་ཉམས་པ་མེད་པར་མ་བསྲུངས་ན་གནས་སྐབས་ཀྱི་བདེ་འབྲས་བརླག་ཅིང་མཐར་ཐུག་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམ་དུ་གྱུར་ཏེ་རྡོ་རྗེའི་དམྱལ་བ་ནས་ཐོན་པའི་གོ་སྐབས་མེད་པ་ཡིན་པས་བླང་དོར་ཚུལ་བཞིན་དུ་བྱའོ་སྙམ་པའི་འདིའི་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱིད༔ ཅེས་ལན་གསུམ། སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་བསྐུལ། དེ་ཡང་གསང་བ་ཡོངས་རྫོགས་གྱི་རྒྱུད་ལས། དབང་ཡོན་མ་ཕུལ་ཤིན་ཏུ་ཉམསཿ ཞེས་དབང་ཐོབ་ནས་རང་གི་འབྱོར་ཚོགས་ལ་དཔག་པའི་ཡོན་གྱིས་མཉེས་པར་བྱ་དགོས་ཤིང༌། ཁྱད་པར་སྐབས་འདིར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་དབང་གི་བྱ་བ་བྱེད་པར་འདུས་ཤིང༌། གནས་ཡུལ་ཁྱད་པར་ཅན་གྱི་དཔའ་བོ་དང་མཁའ་འགྲོ་རྣམས་ཀྱང་དབང་གྲལ་དུ་ཐུགས་རྗེ་དང་དམ་ཚིག་གིས་འཁོད་པར་ཡིན་ཕྱིར་དུས་


JLAZ008_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལས་འབུམ་འགྱུར་གྱི་འཕེལ་ཆེ་བར་བཤད་པས་གསང་སྔགས་ཀྱི་ཚོགས་བསག་པའི་གནས་སྐབས་འདི་ཁོ་ན་ཡིན་པ་ལ་དགོངས་ནས་སྔོན་གྱི་གྲུབ་པའི་འཁོར་ལོས་སྒྱུར་བ་རྣམས་ཀྱང་གདུལ་བྱ་ལ་ཐུགས་ཤིན་ཏུ་བརྩེ་བས་དབང་ཡོན་དང་ཆོས་ཁྲལ་སྡུད་པའི་དགོངས་པའང་འདི་ཙམ་དུ་ཤེས་པར་བྱའོ། །འོ་སླར་ཡང་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་གཉིས་སུ་མེད་པ་ལ་ལུས་ལོངས་སྤྱོད་བུ་ནོར་ཆུང་མ་དང་བཅས་པ་ཕངས་པ་མེད་པར་འབུལ་བའི་བརྟུལ་ཞུགས་ལ་ཡིད་གཞུངས་པ་ནི་དཀར་པོ་རྣམ་པར་འཕེལ་བའི་ས་བོན་ཡིན་ཏེ་རྒྱུད་ལས། བྱིན་རླབས་དབང་གི་བླ་མ་ལ། །རྒྱལ་སྲིད་ཡུལ་འཁོར་རང་གི་ལུས། །བུ་དང་ཆུང་མ་ནོར་དབྱིག་འབུལ། །ཞེས་བཀའ་སྩལ་པ་ལྟར་ལྟོས་པ་མེད་པར་འབུལ་ཞིང་བསྲུང་བྱའི་དམ་ཚིག་རྣམས་ལུས་དང་སྲོག་གི་ཕྱིར་ཡང་མི་གཏང་སྙམ་པས་འདིའི་རྗེས་ཟློས་མཛོད། བདག་གི་ལུས་དང་ལོངས་སྤྱོད་ཀུན༔ ཁྱེད་ལ་འབུལ་གྱིས་ཡོངས་སུ་བཞེས༔ ཁྱེད་ཀྱི་ཐུགས་རྗེས་བདག་ལ་ཟུང་༔ ཀུན་ཀྱང་ཡེ་ཤེས་མཆོག་ཐོབ་ཤོག༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ ལུས་དང་སྲོག་གི་ཕྱིར་མི་གཏང༔ རིན་ཆེན་གླང་པོ་ནོར་བུ་རྟ༔ བུ་དང་བུ་མོ་ཡོ་བྱད་རྣམས༔ ཡུལ་འཁོར་ལོངས་སྤྱོད་བཅས་ཀུན་འབུལ༔ ཚེ་གཅིག་གྲོལ་གྱུར་གདམས་མཆོག་སྩོལ༔ ཞེས་ལུས་


JLAZ008_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལོངས་སྤྱོད་བྲན་དུ་དབུལ་བ། དམ་ཚིག་ཁས་བླང་བ། གྲོལ་བྱེད་ཁྲིད་ཀྱི་སྙན་གསན་དབབས་རྣམས་ཀྱིས་མཐའ་བསྡུས་རྗེས། དེ་ལྟ་བུའི་དགེ་བ་མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་ནི་ནང་པ་སངས་རྒྱས་པའི་ཁྱད་ཆོས་ཡིན་ལ། དེའི་ཕྱིར་སྔོན་གཞོན་ནུ་དོན་གྲུབ་ཀྱིས་སྤྱོད་པ་ལ་སློབ་པའི་ཚེ། རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་ནས་གནོད་སྦྱིན་སྤུན་ལྔ་ལ་སྐུ་ལུས་གསོན་པོར་བྱིན་ཚེ་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་ལ་བསྔོ་སྨོན་ཟུང་འབྲེལ་གྱིས་རྒྱས་ཐེབ་པ་འདི་ཉིད་ལྷན་དུ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ཅིང་གྲོལ་ལོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ་དྲུག །ཚོགས་འཁོར་བསྐོར་བ། རྡོ་རྗེའི་གླུ་གར། གཏང་རག་དབུལ་བ། སྦྱིན་སྲེག་བྱ་བ། གཏོར་མ་བཏང་བ། དཀྱིལ་འཁོར་གྱི་རྗེས་ཆོག་གོ། །དང་པོ་ནི། རུས་སྦལ་ཁོག་པའི་སྣོད་ཡངས་ཞེས་པ་ནས་ལྷག་མའི་བར་རོ། །གཉིས་པ་རྡོ་རྗེའི་གླུ་གར་ནི། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ཕྱིར་རྡོ་རྗེའི་གླུ་ཉིད་བླངས། །ཚོགས་དང་དབང་བསྐུར་དཀྱིལ་འཁོར་འཇུག །དེ་དུས་གླུ་ལ་བརྩོན་པར་བྱ། །ཞེས་གསུངས་པ་ལྟར། ཞི་ཁྲོ་གང་རུང་གི་ཆས་དང་ལྡན་པས། ལུས་ལྷའི་ཕྱག་རྒྱ་དང་མཐུན་པའི་བྲོ་གར་རྩེ་ཞིང༌། ངག་དཀྱིལ་འཁོར་དང་


JLAZ008_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འབྲེལ་བའི་རྩ་སྔགས་བཟླ་བ་དང༌། སེམས་རིག་པ་ཆོས་ཉིད་ཁྱབ་གདལ་ཆེན་པོའི་བརྟུལ་ཞུགས་ལ་གནས་པའི་ངང་ནས་མཆེད་ལྕམ་རྣམས་ཀྱིས་ཌཱ་མ་རུ་དང༌། ཅང་ཏེའུ། དྲིལ་བུ། གླིང་བུ་ལ་སོགས་པའི་རོལ་མོའི་བྱེ་བྲག་འཁྲོལ་ཞིང༌། འབུད་པ་དང་བཅས། དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རིང་པོ་དང༌། ཐུང་ངུ་དང༌། འཁྱོག་པོ་ལ་སོགས་པའི་གདངས་ཀྱིས་སྙན་པར་བརྗོད་ཅིང༌། ཨོཾ་དང༌། ཨེ་དང༌། ཧཱུྃ་དང༌། ལྱཱཻ་ཤག་དང༌། ཧེ་ལ་སོགས་པས་སྣ་དྲངས་ཏེ། ཨེ་མ་ཀཱི་རི་ཀཱི་རི། མསྟ་བཱ་ལི་བཱ་ལི། ས་མི་ཏ་སུ་རུ་སུ་རུ། ཀུ་ཏ་ལི། མ་སུ་མ་སུ། ཨི་ཀ་རཱ་སུ་ལི་བྷ་ཏ་ཡཱེ། ཙ་ཀི་ར་བྷུ་ལི་པ་ལ་ཡེ། ས་མུ་ན་ཏ་ཙརྱ་སུ་གྷ་ཡཱཻ། བྷི་ཏ་ས་ན་བྷྱ་ཀུ་ལི་ཡཱེ། ས་ཀ་རི་དྷཱུ་ཀ་ན། མ་ཏ་རི་བཱཻ་ཏ་ན། བ་ར་ལ་ཧཱི་སཱ་ན། མ་ཁརྟ་ཀཱ་ལེ་ནཱཾ། སཾ་བྷུ་ར་ཏ་མེ་ཀཱ་ཙིདྷཾ་བ། སུརྱ་གྷ་ཏ་ར་ཨེ་བ་ཤ་ན་པ། ར་ན་བྷེ་ཏི་ས་གྷུ་ར་ལཱ་བ། མ་སྨིན་ས་གུ་ལི་ཏ་ཡ་པ། འགུ་ར་ལ་གཱུ་རཱ་ས་ག་ཁ་ར་ན་ལ། ན་ར་ན་རཱ། ཨི་ཐ་ར་པ་ཊཱ་ལཾ། སི་ར་ཎ་ས་ར་ཎ། བྷེ་ས་ར་ས་པ་ལཾ། བྷུན་དྷ་བྷུན་དྷ་ཚི་ཥ་ས་ཀེ་ལཾ། ས་སཱ། རི་རཱི། ལེ་ལཱེ། ཨི་ཨཱི། མི་མཱི། ར་ར་རཱ། མ་སྐྱེས་པས་ན་མི་འགགས་ཅིང༌། །འགྲོ་དང་འོངས་མེད་ཀུན་ཏུ་ཁྱབ། །བདེ་ཆེན་ཆོས་མཆོག་


JLAZ008_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོ་བ། །མཁའ་མཉམ་རྣམ་གྲོལ་གོས་པ་མེད། །རྩ་བ་མེད་ཅིང་རྟེན་མེད་ལ། །གནས་མེད་ལེན་མེད་ཆོས་ཆེན་པོ། །ཡེ་གྲོལ་ལྷུན་མཉམ་ཡངས་པ་ཆེ། །བཅིང་མེད་རྣམ་པར་བགྲོལ་མེད་པ། །ཁྱབ་གདལ་ཁང་བཟང་ཡེ་ཡོད་ཉིད། །ཁྱབ་མཉམ་པ་ལས་རྣམ་འདས་པ། །ཡངས་སོ་ཆེའོ་ནམ་མཁའི་དབྱིངས། །ཆོས་ཆེན་འབར་བ་ཉི་ཟླའི་དཀྱིལ། །ལྷུན་གྱིས་གྲུབ་དང་མངོན་སུམ་པ། །རྡོ་རྗེ་རི་བོ་པདྨ་ཆེ། །ཉི་མ་སེངྒེ་ཡེ་ཤེས་གླུ། །སྒྲ་ཆེན་རོལ་མོ་མཚུངས་པ་མེད། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པར། །སངས་རྒྱས་སངས་རྒྱས་ཀུན་མཉམ་ཞིང༌། །ཀུན་བཟང་ཡངས་པ་ཆོས་ཉིད་རྩེ། །མཁའ་དབྱིངས་བཟང་མོའི་དབྱིངས་རུམ་དུ། །ཀློང་གསལ་ལྷུན་གྲུབ་ཡེ་རྫོགས་ཆེ། །ཞེས་པའི་དོན་ཏེ། ཕན་ཡོན་ནི་དཔག་མེད་དེ་མདོར་བསྡུ་ན། རྒྱུད་དེ་ཉིད་ལས། རྡོ་རྗེ་གསང་བའི་གླུ་ཡིས་ནི། །དགོས་པས་ངན་སོང་སྒོ་དགག་ཕྱིར། །སངས་རྒྱས་ཉིད་ཀྱི་མཛད་སྤྱོད་ཡིན། །ཞེས་སོ། །གསུམ་པ་གཏང་རག་དབུལ་བ་ནི། མཆོད་པ་རྣམས་ཁ་གསོས། སྨན་རག་བྲན། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །སོགས་དང༌། ཡི་གེ་བརྒྱ་པས་ནོངས་བཤགས་ཀྱང་བྱའོ། །བཞི་པ་སྦྱིན་སྲེག་ནི། དངོས་གྲུབ་ཀྱི་རྫས་རྣམས་ཆ་གསུམ་


JLAZ008_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བགྱིས་པའི་ཆ་གཅིག་ཁྱད་པར་གྱི་རྫས་སུ་འདུ་བྱ་ཞིང༌། རྫས་གཞན་རྣམས་ལས་གཞུང་ལྟར་བགྱིས་ནས་ཞི་བའི་བསྲེག་བླུགས་རིག་འཛིན་གྱི་ལས་གཞུང་ནས་བཤད་པ་ལྟར་གྱི་འཇུག་བདེའམ། དངོས་གྲུབ་ཆེན་པོའི་དོན་དུ་མཆོག་གི་སྦྱིན་སྲེག་བྱའོ། །ལྔ་པ་གཏོར་མ་གཏང་བ་ནི། སྐབས་འདིར་ཆོས་སྐྱོང་སྲུང་མའི་གཏོར་བསྔོ་རྒྱས་པའི་མཐར། གཏོར་མ་རྣམས་ཆད་ཐོ་བསྟན་མའི་འགྲོས་ཀྱི་ཐོག་སྟེང་དུ་ཞལ་ནང་བསྟན་གྱིས་དབུལ་རྗེས་རྟ་བྲོ་བྱ་ཞིང༌། སྒྲུབ་ཆེན་ལ་སོགས་པའི་ལས་བྱེ་བྲག་པ་དང་འབྲེལ་བའི་ཚེ་རང་རང་ལ་དམིགས་ཀྱིས་བསལ་བ་ལྟར་བྱའོ། །དྲུག་པ་དཀྱིལ་འཁོར་རྗེས་ཆོག་ལ་ལྔ་སྟེ། དངོས་གྲུབ་བླང་བ། དཀྱིལ་འཁོར་བསྡུ་བ། ཕུར་བུ་དབྱུང་བ། རྡུལ་ཚོན་གཤེགས་པ། བསྔོ་སྨོན་གྱིས་མཐའ་བསྡུ་བའོ། །དང་པོ་ནི་སྒྲུབ་ཆེན་དང་འབྲེལ་བའི་ཚེ། དངོས་གྲུབ་ཀྱི་རྫས་མན་ངག་ལྟར་བཤམས་ཤིང་མཁྱེན་བརྩེའི་མེ་ལོང་དུ་བཤད་པ་ལྟར་དངོས་གྲུབ་ལེན་ཆོག་སྤྲོས་པ་ཅན་བྱ་བ་སྟེ། བྱ་བའི་དུས་ཚོད་ཀྱང་ཚོགས་ཐ་མའི་རྗེས་སུ་ཡིན་ཡང་འདིར་ནི་སྤྱི་འགྲོ་ཙམ་ལ། ཧཱུྃ༔ བདག་གཞན་གཉིས་བདག་དཀྱིལ་འཁོར་ཀུན་སྣང་དུ༔ སོགས་ཀྱིས་བླང་ཞིང་རྫས་རྣམས་གནས་སུ་གཏུགས་པ་དང་མྱོང་བ་ཙམ་མོ། །གཉིས་པ་དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ༔ རང་


JLAZ008_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ཐིག་ལེ་གཅིག་ཏུ་གསལ་བ་ལ༔ སོགས་ཀྱི་རྗེས་ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པའི་མཐར། ཨ་ཀཱ་རོ་བཟླ་སྔགས་འདི་བརྗོད་ཅིང་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་དྲན་པར་བྱས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་བཤིག་པའི་ཉེས་པ་ཁེག་པའི་ཕྱིར་རོ། །ཞིང་རྡོ་རྗེ་བཅས་པའི་ལག་གིས་དབང་ལྡན་ནས་བརྩམས་ཏེ་མཚན་མའི་དཀྱིལ་འཁོར་ལྟེ་བའི་བར་བསུབས་ཏེ་ལྷ་མཚན་རྣམས་ནས་ཅུང་ཟད་རེ་མགོ་བོར་བསྐུ་ཞིང་ཡོ་བྱད་གཞན་རྣམས་དབེན་པར་བསྡུ་རྡུལ་ཚོན་ཕྱགས་པ་རཏྣའི་བུམ་པར་བླུག །རས་བྲིས་ཡིན་ན་བརྟན་བཞུགས་བྱ། རས་བྲིས་ཀྱི་དཀྱིལ་འཁོར་དམ་ཡེར་ཡོད་པའི་ཐད་ལ་གཤེགས་བཞུགས་ཀྱི་རིག་པ་ཐད་དད་དུ་འདོད་པ་སོགས་རྣོན་པོའི་རིག་པ་ཕྱོགས་གང་ལའང་འཇུག་པས་དེ་དག་ལ་དགག་བསྒྲུབ་འདིར་དབུ་མར་བཞག་ནས། གོ་དོན་བློས་བླང་གི་རྣམ་ཆ་བརྟེན་པར་བཅས་པ་འོད་དུ་ཞུ་ནས་རས་བྲིས་ཀྱི་རྣམ་པར་ཤེས་པ་ཉིད་དཔྱད་བཟོད་པའི་ཕྱོགས་སུ་སྣང་ངོ༌། །ཇི་ལྟར་ཡང་བདག་ཉིད་རྩ་བའི་དཀྱིལ་འཁོར་ལ་རྟག་ཆད་ཀྱི་མཐའ་བསལ་བའི་རྫོགས་རིམ་བསྡུ་ལྡང་གཉིས་ཁ་ཚང་དགོས་ཕྱིར། ཧཱུྃ༔ རྟག་ཏུ་མི་འགྱུར་ཐིག་ལེ་ཆེན་པོའི་ངང་༔ ཞེས་པས་རྒྱུན་སྤྱོད་གཉུག་མའི་ལྷར་ལྡང་བའང་གཅེས་སོ། །གསུམ་པ་ཕུར་བུ་དབྱུང་བ་ནི། ཕྱོགས་མཚམས་ཀྱི་ཕུར་བུ་རྣམས་འོག་ནས་རིམ་པར་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་སུམྦྷ་ནིའི་སྔགས་ཀྱིས་དབྱུང་ཞིང༌། ཨོཾ་རུ་རུ་སྥུ་རུ་སྤྱན་མའི་སྔགས་འདིས་གེགས་རྣམས་ཉམས་པ་དང་འཆིང་བ་གསོ་བར་བསྟན་པས་


JLAZ008_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བཀྲུས་པའི་མཐུས་གེགས་རྣམས་གསོས་ཏེ་སངས་རྒྱས་པར་བསམ་མོ། །ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བཟླ་བཞིན་པར་ཕུར་རྩེ་འོ་མས་བཀྲུ་ཞིང་ཕུར་ཁུང་ལའང་འཐོར་ཞིང་སས་དགང༌། དེ་དག་རྣམས་རང་བཞིན་དམིགས་མེད་ཀྱི་ལྟ་བས་རྒྱས་བཏབ་སྟེ་བསྡུ་བ་ལས་གཤེགས་གསོལ་མི་བྱའོ། །བཞི་པ་རྡུལ་ཚོན་གཤེགས་པ་ནི། སྒྲུབ་དབང་ཆེན་མོ་དང་འབྲེལ་ཚེ་རྡུལ་ཚོན་ཆ་གསུམ་དུ་བགོས་ལ། ཆ་གཅིག་སྒྲུབ་རྫས་མ་ཚང་བ་མེད་པ་དང་བཅས་རིན་ཆེན་འབྲུ་སྨན་དར་ཟབ་ཀྱིས་བཀང་བའི་བུམ་པའི་བཅུད་དུ་བལྟམས་ལ་ཁ་བཅད་དེ། དཀྱིལ་འཁོར་གྱི་སྟེགས་བུ་འགྱུར་བ་མེད་པ་ལྟ་བུའི་ཞབས་དང༌། ཡང་ན་མཛོད་ཕུགས། ཡུལ་གྱི་དབུས། རྒྱབ་རི་སོགས་ལ་ལས་གཞུང་ལྟར་གྱི་ཆོ་གས་བུམ་པའི་གཏེར་དུ་སྦ། ཆ་གཅིག་རི་མཐོན་པོའི་རྩེ་ནས་རླུང་ལ་བསྐུར་ཞིང་བཏགས་གྲོལ་གྱི་རྒྱུད་ཅི་མང་བཀླག །ཆ་གཅིག་གམ། ཡང་ན་ཡོངས་རྫོགས་སྤོས་རོལ་སྤྱན་གཟིགས་ལ་སོགས་པས་སྣ་དྲངས་ཏེ་ཆུ་ཀླུང་དང༌། རྒྱུན་འབབ་མཚོ་དང་ཆུ་མིག་སོགས་ལ་གཤེགས་གསོལ་བྱ་ཞིང་སྤྲོ་ན་ཆོ་གའི་སྦྱོར་བའང་ཡོད་པ་གཞན་དུ་བལྟའོ། །ཆུ་འགྲམ་དུ་ཀླུའི་དཀྱིལ་འཁོར་བྱ་བ་དང༌། མཆོད་གཏོར་བསྔོས་ཏེ་རྡུལ་ཚོན་ཀླུ་ལ་གཏད་པ་དང༌། རྡུལ་ཚོན་ཁྱེར་བའི་བུམ་པ་ཆུས་བཀང་ནས་གནས་སུ་དངོས་གྲུབ་ཀྱི་ཚུལ་དུ་ཁྱེར་ནས་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་གཏོར་ཞིང་ཤེས་པ་དང་ཞི་བའི་ལས་བྱ་བ་ལ་སྩོགས་སོ། །ལྔ་པ་


JLAZ008_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་སྨོན་གྱི་མཐའ་བསྡུ་བ་ནི། གཞུང་གིས་ཁོག་བཟུངས་ལ་རྒྱས་པའི་ཡན་ལག་སྦྱར་བས་མཐའ་རྒྱས་སུ་བྱ་ཞིང་བཀྲ་ཤིས་ཀྱི་ཆར་དབབ་བ་སོགས་དཀྱུས་ལྟར་ཤེས་པར་བྱའོ། །འདིར་སྨྲས་པ། གསང་ཆེན་རྡོ་རྗེ་ཐེག་པའི་འཇུག་སྒོ་མཆོག །དབང་གི་ཆུ་བོ་ཆེན་པོ་འབབ་སྟེགས་ལས། །རྣམ་གྲོལ་རྒྱ་མཚོར་འཇུག་པའི་ཆོ་ག་མཁན། །ཀུན་གྱིས་རྟོགས་དཀའི་གནས་དེ་གསལ་བར་བྱས། ༡ །སྔོན་ཆད་རྡོ་རྗེའི་ཚིགས་གིས་ཉེར་བཅིངས་པའི། །བདག་འཇུག་རྐྱང་པའི་ཕྲིན་ལས་ལྷན་ཐབས་ཀྱིས། །ཕྱེ་ཡང་དངོས་དོན་ཇི་བཞིན་མ་ལྷོངས་པས། །བསྐུར་ཐོབ་འདུན་པས་བསྒྱུར་བ་ཙམ་ལས་མེད། ༢ །འདི་ན་རྒྱལ་དབང་མཚོ་སྐྱེས་རྡོ་རྗེས་དབང་བསྐུར་དོན་བརྒྱུད་སྤྲིན་ཕུང་ལྡན། །ངེས་པ་དོན་གྱི་སྙན་བརྒྱུད་སྙིང་པོ་བདག་ལ་བབས་པའི་བདེན་པ་ཡིས། །རང་ཉམས་ལོངས་ཤིང་གཞན་ལ་རྒྱ་ཆེར་འདོམས་པའི་ལུང་བསྟན་མངོན་གྱུར་པས། །ཤེས་རབ་གསུམ་གྱི་གློག་ཕྲེང་དབུས་ནས་བཤད་པའི་འབྲུག་སྒྲ་ལྡིར་བར་བྱས། ༣ །གང་ཚེ་རྔ་ཡབ་གླིང་གི་ངོགས། །ཞི་བའི་གྲོང་ཁྱེར་ཆེན་པོ་ནས། །རིག་འཛིན་ཐོད་པའི་དུམ་བུ་རྩལ། །དེ་ཡང་དགྱེས་པའི་སྤྱན་ཟུར་གཡོ། ༤། ལྷ་དང་ལྷ་མིན་གྲུབ་པ་ཅན། །མཁའ་འགྲོ་དམ་ཅན་གཏེར་བདག་ཀྱང༌། །པྲཛྙཱ་རསྨིའི་ལུང་རྟོགས་བསྟན། །དེང་སང་ཁྱོད་ཀྱིས་


JLAZ008_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཞེས་བསྔགས། ༥ །ཀྱེ་ཧོ་གསང་ཆེན་ལམ་གྱི་གནད་ཀུན་དབང་བཞིའི་ངེས་འབྱེད་དེ་ལ་གནས། །གང་གི་རང་བཞིན་རྒྱུད་ལུང་དཔང་བཞག་དགོངས་པའི་རྩལ་གྱིས་བཀྲལ་བ་འདིས། །སྐལ་ལྡན་མང་པོར་ཐམས་ཅད་གཟིགས་པའི་གོ་འཕང་སྟེར་ལ་ནེམ་ནུར་སྤངས། །དེ་ཕྱིར་འདི་ནི་པདྨའི་ཞལ་ལུང་མཁྱེན་བརྩེའི་དགོངས་རྒྱན་གསར་པ་ཡིན། ༦ །ལུང་དང་རིག་པའི་དབུགས་བྲལ་སེངྒེའི་གསོབ། །མདའ་ལྔ་སྙིང་ལ་བཀང་བའི་གྲོང་ཁྱེར་དུ། །ཞུགས་ཏེ་སྲིད་འབྱོར་གཡུ་རལ་རྔོམ་པ་དེར། །ཆོས་དང་གང་ཟག་བཟང་པོའི་ལས་འཕྲོ་བསྐལ། ༧ །རྨོངས་པའི་ཁ་འཛིན་མན་ངག་བྱུང་ཁུངས་སྦ། །ལྕེ་གཉིས་རྐྱོང་བའི་དུས་སྦྲུལ་ནག་པོ་ཡང༌། །ཁོ་བོའི་སྔོན་སྨོན་བརྫི་བར་མ་ནུས་ནས། །གཏི་མུག་མུན་པའི་ཁུང་བུར་བྲོས་ཞེས་གླེང༌། ༨ །འདི་ལ་འདྲ་མིན་བཅོས་མས་བསླད་པ་དང༌། །གཟུ་ལུམ་རས་ཆོད་བྱེད་པའི་རིགས་བྱུང་ན། །དེ་ཡི་སྙིང་ཁྲག་རྡོ་རྗེ་གཤོག་རྒོད་མས། །ཐང་ལ་ཕོས་ཤིག་བཛྲ་ས་མ་ཡ། ༩ །དགེ་ཚོགས་དེ་ཡིས་ཕན་བདེ་མ་ལུས་པའི། །འབྱུང་ཁུངས་རྒྱལ་བའི་བསྟན་པ་དར་བ་དང༌། །ཁྱད་པར་ཀུན་མཁྱེན་ཤནྟ་པུ་རི་བའི། །རིང་ལུགས་ཡར་ཟླའི་མཆེད་པོར་འགྲན་གྱུར་ཅིག ༡༠ །བདག་ཀྱང་རྣམ་ཀུན་རྒྱལ་བའི་བསྟན་ལ་རབ་ཞུགས་ནས། །ནགས་ཚལ་སྨན་ལྗོངས་


JLAZ008_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ར་སས་མཛེས་པ་དེར། །རང་དོན་ཞི་བའི་ཏིང་འཛིན་སྒོམ་དང་ཆབ་གཅིག་པར། །དཔག་ཡས་འགྲོ་ལ་ཆོས་ཀྱི་རྔ་ཆེན་བརྡུང་གྱུར་ཅིག ༡༡ །དེར་ཡང་སྨོན་དང་ལས་ཀྱིས་ཉེར་འབྲེལ་བའི། །སེམས་ཅན་མང་པོ་ངན་འགྲོའི་སྒོ་འགེགས་ཤིང༌། །ནང་དབྱིངས་གདོད་མའི་ཟད་ས་ཆེན་ པོ་རུ། །འཇུག་པའི་དེད་དཔོན་དམ་པར་འགྱུར་བར་ཤོག༡༢།གནས་སྐབས་ཟབ་ལམ་འདི་ཡི་ཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་རྔ་བོ་ཆེ། །སྲིད་རྩེའི་བར་དུ་འགོག་པ་མེད་པའི་རྟེན་འབྲེལ་དབྱུག་གུས་ལེགས་བརྡུངས་ཤིང༌། །ཕྱོགས་དུས་ཀུན་ཏུ་གྲོལ་བའི་ཐིག་ལེའི་སྙན་གྲགས་གོས་ཀྱིས་རབ་གཡོགས་པའི། །དགའ་སྟོན་གསར་པ་མིག་གི་བདུད་རྩིར་ཅིར་ཡང་བརྩེ་བའི་བཀྲ་ཤིས་ཤོག༡༣། ཅེས་པདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་ལམ་རྒྱས་པའི་རིག་འཛིན་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་དབང་ཆེན་མོའི་ཆོག་ཁྲིགས་བཀླགས་ཆོག་ཏུ་བཀོད་པ་མཁྱེན་བརྩེའི་དགོངས་རྒྱན་ཅེས་བྱ་བ་འདི་ནི་རྒྱལ་སྲས་ཤནྟ་པུ་རི་བས་ལམ་བསྡུས་པའི་ཚིག་འགྲེལ་ཐར་པའི་འཇུག་ངོགས་སུ། ཟབ་མོའི་ཆོས་ཚུལ་འདི་འདྲ་རང་སྟོབས་བློ་ཡིས་འཇུག་པ་ཞན་ཡང་པདྨ་འབྱུང་གནས་དྲི་མེད་མཁྱེན་བརྩེའི་སྨོན་ལམ་དབང་གི་སྣ་ཚོགས་རང་གྲོལ་བདག་གིས་ཉེ་བར་སྦྱར་བས་དགེ་ཞེས་


JLAZ008_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་གཏད་རྒྱ་ལུང་བསྟན་དང་བཅས་ཏེ་ཟབ་དོན་འདིའི་བདག་པོར་དབང་བསྐུར་བ་ལྟར། བཀླགས་ལུང་ཚིག་བརྒྱུད་ཙམ་ལས་རྩལ་འདོན་གྱི་འཆད་ཉན་ནུབ་ཅིང་དོན་བརྒྱུད་ནམ་མཁའི་པདྨོ་ལ་ཅོ་འདྲི་བའི་ཚེ་བདག་ཉིད་འོད་གསལ་དག་པའི་སྣང་ཆ་ལ་བྱིན་རླབས་ཉེ་བརྒྱུད་ཀྱི་ཚུལ་དུ་ཨོ་རྒྱན་ཆེན་པོས་སྩལ་ཞིང༌། རྗེ་བཙུན་པྲཛྙཱ་རསྨིའི་ཐུགས་རྗེ་དང་སྨོན་པའི་རང་གཟུགས་འགོག་ཏུ་མེད་པའི་མཐུ་ཆེན་པོས་ཉེ་བར་བསྐུལ་ཏེ། གང་གི་བསྟན་པའང་རི་མོའི་མར་མེ་ལྟ་བུར་ཉམས་དམས་པའི་ཚུལ་བློ་ལ་གདུང་བའི་ཁུར་དུ་ལྕི་བས། རང་སྟོབས་ཀྱི་ཤེད་བསྐྱེད་པ་དང་ཆབ་གཅིག་རིག་འཛིན་གྱི་སྤྲུལ་པའི་ཟློས་གར་པདྨ་ཆོས་འབྱོར་རྒྱ་མཚོ་ཕྲིན་ལས་གྲུབ་པའི་རྡོ་རྗེའི་བཀས་བསྐུལ་ཏེ་འོད་གསལ་གཉུག་མའི་ཕོ་བྲང་པདྨ་འོད་གླིང་དུ་ལམ་རྒྱས་བ་རིག་འཛིན་གྱི་དཀྱིལ་འཁོར་ཆེན་པོར། དམ་རྫས་བདུད་རྩིའི་སྒྲུབ་ཆེན་རྒྱ་གར་རིག་འཛིན་གྱི་ལུགས་སུ་བསྒྲུབས་པའི་རྗེས་འབྲེལ་དུ། དབང་ཆོག་འདིའི་སྒོ་ནས་རྟེན་འབྲེལ་གྱི་སྒོ་དང་པོར་བསྒྲིག་ཆོག་པ་ཞིག་དགོས་ཞེས་ནན་ཏན་ཆེན་པོས་ཕེབས་པ་ལས། རང་བཞིན་རྫོགས་པ་ཆེན་པོའི་ལམ་ནས་སྣང་བ་རྒྱ་ཡན་དུ་གྲོལ་བའི་རྣལ་འབྱོར་པ་མཁྱེན་བརྩེའི་འོད་ཟེར་གྱིས་གཏེར་ཆེན་བླ་མ་ཤབྟ་པུ་རི་ར་གཤེགས་ནས་བགྲང་བྱའི་འཁོར་ལོ་མིག་ཀླུ་རི་


JLAZ008_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བོང་གི་གྲངས་སུ་སླེབ་པ་ཆུ་མོ་ལུག་གི་ལོའི་ལྟད་མོའི་ཟླ་བྲལ་གནས་དེ་ཉིད་དུ་སྦྱར་བ་དཔལ་སྔགས་ཀྱི་སྲུང་མ་རྡོ་རྗེ་གཤོག་རྒོད་མས་གཉེར་ཁ་གྱིས་ཤིག །ས་མ་ཡ། སིདྡྷི་རསྟུ། མདོ་སྔགས་ཀྱི་ལམ་སྤྱི་དང་བྱེ་བྲག་པ་རྣམས་དབང་གིས་ལུས་ཡོངས་སུ་རྫོགས་པའི་ཁོག་ནས་འཚོལ་ཞིང་སྒྲ་ཇི་བཞིན་པར་རྟོགས་པའི་ཕྱིར་འདི་ནི་རྒྱུད་སྡེའི་ངེས་གསང་བླ་ན་མེད་པ་ཡིན་ལ། དེའི་ཕྱིར་དེང་སང་རྡོ་རྗེ་ཐེག་པའི་བསྟན་པ་ཤིན་ཏུ་ཉམས་དམས་པར་མཐོང་ནས་སླར་ཡང་ཚིག་གི་མདུད་པ་རྣམས་མཆན་བུས་གསལ་བར་བྱས་པ་ཡིན་པས་རྟོག་དཔྱོད་དང་ལྡན་པ་རྣམས་ཀྱིས་གོ་བའི་གཏིང་ཕྱིན་པར་བལྟ་བ་དང༌། འདྲི་བའི་ཚེ་མཆན་ཡིག་ལ་མ་དག་པ་རྒྱུན་འབྱམས་མི་འཚལ་ལོ།། །།


previousཔདྨའི་ཞལ་གདམས་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་དབང་གི་ཆོ་ག་གནད་རྣམ་པར་ཕྱེ་བ་མཁྱེན་བརྩེ་དགོངས་རྒྱན།next