Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  expand section
   
   
  expand section
   
   
   
   
   
བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཉང་ལུགས་ཀྱི་གཏོར་བཟློག་སྐོར་གྱི་དྲི་ལན་གཤིན་རྗེའི་གད་རྒྱངས། །
  expand section
   
   
   
  expand section
   
   
   
   
   
  expand section
   
   
   
   
  expand section


 
previousབདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཉང་ལུགས་ཀྱི་གཏོར་བཟློག་སྐོར་གྱི་དྲི་ལན་གཤིན་རྗེའི་གད་རྒྱངས། །next

བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཉང་ལུགས་ཀྱི་གཏོར་བཟློག་སྐོར་གྱི་དྲི་ལན་གཤིན་རྗེའི་གད་རྒྱངས། །


JLAZ008_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཉང་ལུགས་ཀྱི་གཏོར་བཟློག་སྐོར་གྱི་དྲི་ལན་གཤིན་རྗེའི་གད་རྒྱངས་བཞུགས། །


JLAZ008_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཀྱི་གཏོར་བཟློག་སྐོར་ལ་དྲི་བ་ཅུང་ཟད་མཛད་པའི་ལན། མ་ཊཾ་ལ་ལྷ་བསྐྱེད་པའི་འདུན་པ་ཇི་ལྟར་བྱ། གསུངས་པ་སྤྱིར་བཀའ་བརྒྱད་ཙམ་ལ་གཏེར་ཁ་བསམ་གྱིས་མི་ཁྱབ་མོད་ཀྱི། གཙོ་བོར་གྱུར་པ་ནི་གོང་འོག་གཉིས་ཁོ་ན་ཡིན། དེ་ཡང་རང་ལུགས་ལ་ནི་གོང་མའི་བདེ་གཤེགས་འདུས་པ་ཞེས་དུར་ཁྲོད་བསིལ་ཚལ་དུ་སློབ་དཔོན་ཆེན་པོར་རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲོམ་བུ་ཕྱག་ཏུ་འབྱོར་པའི་ནང་ནས་དཀྱིལ་འཁོར་དགུ་ཚོམ་བུ་གཅིག་ཏུ་སྒྲུབ་ཐབས་བྱུང་བ་བོད་དུ་མངའ་བདག་རྒྱལ་པོ་ལ་གཙོ་བོར་གསུངས་པ་དེ་ཡིན་དེ་ལ་དང་པོ་ནས་ཤོམ་གྱི་སྐབས་དཀྱིལ་འཁོར་རྒྱས་འབྲིང་གཉིས་སུ་ཡོད་པའི་བསྡུས་པ་ནི་སྒོ་མེད་མ་ཊཾ་ལ་གསུངས་ཏེ་བདེ་འདུས་ཀྱི་གཟེར་ཁའི་མན་ངག་གཏེར་བྱོན་རྩ་བར།


JLAZ008_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པར་བྱེད་ན། མ་ཊཾ་ཆེན་པོ་ཞིག་གི་ཁོག་པར། འཁོར་ལོ་རྩིབས་བརྒྱད་མཐིང་ག་ལ༔ ཟླ་གམ་དམར་པོ་གསུམ་དང་ལྡན་པ༔ མུ་ཁྱུད་དཀར་པོ་ཐོད་པའི་ཕྲེང་བས་བསྐོར་བའི༔ དབུས་དང་རྩིབས་རྣམས་ལ་ཧཱུྃ་རེ་རེ་བཀོད༔ ཅེས་པས་ཞིབ་འགྲེལ་ཟོར་ལས་གནམ་ལྕགས་ཐོག་མདའ་དང༌། དཔེ་རིས་བལྟས་ཆོག་མ་སོགས། ཆོས་ཀྱི་གྲགས་པས་མཛད། འོན་ཀྱང་དམིགས་པའི་བྱ་ཐབས་གུད་དུ་མ་བྱུང་སྒྲུབ་ཆེན་གྱིས་ཁོག་འབུབས་པའི་དབང་དུ་མཛད་ཀྱང༌། སྤྱིར་མ་ཊཾ་ཡོད་པ་འདི་སྔོན་དཔལ་ཆེན་པོས་རཱུ་ཏྲ་དུམ་བུ་བརྒྱད་དུ་མཛད་དེ་ཕྱོགས་མཚམས་བརྒྱད་དུ་གཏོར་བས་དུར་ཁྲོད་ཆེན་པོ་བརྒྱད་ཆགས་པའི་ཚུལ་ནི། ཆོས་དབང་གི་གསང་རྫོགས་བྱིན་འབེབས་ལས།


JLAZ008_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རཱུ་ཏྲའི་སྙིང་དང་སྟོབས་བཟང་ངོ༌། །ཤར་ཕྱོགས་དུར་ཁྲོད་བསིལ་བ་ཚལ། །ཞེས་སོགས་གསུངས་པ་ལྟར་དང༌། ཁོག་པ་རང་བྱུང་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་བྱིན་གྱིས་བརླབས་པ་བཞིན། འདིར་ཡང་རཱུ་ཏྲའི་ཁོག་པ་དཀྱིལ་འཁོར་གྱི་རང་བཞིན་དུ་མོས་དགོས། དེ་ཡང་ཨ་འཐས་དུད་འགྲོའི་ཁོག་པ་ལྟར་གསལ་རྒྱུ་མིན་ཏེ་ལས་བྱང་ནས་ཇི་ལྟར་བཤད་པའི་དཀྱིལ་འཁོར་སྒོ་རྫོགས་ཁོ་ན་གསལ་དགོས་ཏེ། འོ་ན་རྡུལ་ཚོན་ལ་སྒོ་རྫོགས་མེད་པར་ཇི་ལྟར་འཐད་སྙམ་ན། དེ་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་གཞིའི་རྟེན་ཡིན་ཏེ། དོན་དུ་དམིགས་པའི་བྱེད་ལས་ཀྱིས་དཀྱིལ་འཁོར་ཚུལ་ལྡན་འདོན་ཆ་དང་མཐུན་པར་སྒོམ་དགོས་ལ། དེ་ལྟར་མ་ཡིན་ན་འབྲུ་ཚོམ་ལ་བརྟེན་པ་རྣམས་ཀྱང་དཀྱིལ་འཁོར་དུ་སྒོམ་མི་རུང་བའི་སྐྱོན་ཡོད་དོ། །གཉིས་པ་དེ་ལ་གཏོར་མ་བཀོད་ནས་དམིགས་པ་ཇི་ལྟར་བྱེད་དགོས་གསུངས་པ་སྤྱིར་གཏོར་བཟློག་འདི་རིགས་ལ་གཏོར་མ་ཡང་ཐོག་མ་ཉིད་ནས་འགོད་དགོས་པ་མ་གཏོགས་བློས་བྱས་ཀྱི་ལག་ལེན་གློ་བུར་བ་ལ་གཞུང་གི་ཁུངས་འདྲེན་རྒྱུས་དབེན་པ་དང༌། གལ་ཏེ་ནམ་དུས་ཀྱིས་ཞིག་དོགས་སོགས་ཡིན་ན་རྟེན་གཞལ་ཡས་ལ་རྟེན་པའི་ས་བོན་བཀོད་པ་བཞིན་ལྷ་མངོན་རྟོགས་དང་མཐུན་པ་བསྒོམས་པ་ཁོ་ནས་ཆོག་ལ། རྗེས་སོར་བུམ་པ་འཛུགས་བ་སོགས་སྣ་ཚོགས་ཤིག་བྱ་གི་འདུག་པ་གཏོར་བཟློག་གི་གཞུང་མན་ངག་བརྒྱུད་པའི་ཕྱག་ལེན་སོགས་གང་ནས་ཀྱང་


JLAZ008_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཤད་ལ། དབང་སྒྲུབ་ལྟ་བུའི་ཞྭ་དཔེ་ལྷྭམ་འགེབས་ཡིན་ཤས་ཆེ་ཡང་མཚུངས་པའི་སྐབས་མེད་དེ། ཅིའི་ཕྱིར་ན་དེ་དག་གི་ཚེ་ནི་ཐུན་མཐར་བུམ་པའི་ལྷ་འོད་ཞུ་བྱས་ཏེ་བདག་དོན་དུ་དངོས་གྲུབ་ཞུ་བ་དང༌། གཞན་དོན་དུ་སློབ་མ་སྨིན་པར་བྱ་བའི་སྟབས་ཡིན་པ་མ་རྟོགས། དྲག་ལས་ལ་ཞི་བའི་དཔེ་སྦྱར་འོད་ཞུ་སོགས་མེད་པའི་བུམ་ཆུས་གཏོར་མའི་ཁུ་བ་བྱེད་པའི་མཁས་ཁྱད་བླུན་པོའི་བྱ་ལས་སོ། །བདེ་འདུས་ཀྱི་ཉམས་ལེན་གྱི་མཐིལ་གཟེར་ཁའི་མན་ངག་ལས། སྤྱི་དོན་གཉིས་པ་ལག་ཏུ་བླང་བའི་རིམ་པ་ལ་གཉིས༔ ཐུན་མོང་ཕྲིན་ལས་ཀྱི་གཞུང་བསྲང་བ་དང་༔ ཁྱད་པར་དུ་བཟློག་པའི་ཕྲིན་ལས་སོ༔ ཞེས་པའི་ས་བཅད་ཀྱི་རྩིས་མགོ་བསྡུས་ནས། གཏོར་མ་ལ་ནི་སྤྱིར་བཏང་དུ་ཤེས་པ་སུམ་ལྡན་ཞེས་སུ་བཞེད་ཀྱང༌། བདེ་འདུས་རང་ལུགས་ལ་ཤེས་པ་བཞི་ལྡན་གྱིས་ལྡོག་པ་ཤེས་དགོས་ཏེ། མན་ངག་གཅེས་པའི་ལྡེ་མིག་ཏུ། ལག་ལེན་ཤེས་པ་བཞིར་བསྟན་ཏེ༔ བ་ལིཾ་གཏོར་མ་ཆེན་པོ་ཉིད༔ མཆོད་པར་ཤེས་དང་ལྷར་ཤེས་དང་༔ དམག་དཔུང་ཤེས་དང་ཟོར་ཤེས་བྱ༔ ཞེས་གསུངས་པ་ལྟར་དང་པོ་ལས་བྱང་སྐབས་མཆོད་པར་ཤེས་དགོས་ཏེ། དེ་ཉིད་ལས། དང་པོ་ཕྲིན་ལས་གཞུང་སྲོང་དུས༔ བ་ལིཾ་མཆོད་པར་ཤེས་པར་བྱ༔ ཞེས་གསུངས། དེ་ནས་བཟློག་གཞུང་གྱེར་བའི་ཚེ༔ ལྷར་མོས་དགོས་ཏེ།


JLAZ008_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བཟློག་གཞུང་གྱེར་བའི་ཚེ༔ གཏོར་མ་ལྷ་དགུར་ཤེས་པ་གཅེས༔ ཞེས་གསུངས། དེ་ཡང་ཞིབ་ཏུ་ནི། གཏོར་སྣོད་བྷྲཱུྃ་ལས་གཞལ་ཡས་ཁང་༔ དཔལ་དགུ་ཧཱུྃ་ལས་གཙོ་བོ་དགུ༔ མཐེབ་ཀྱུ་འཁོར་ཚོགས་གསལ་བར་བསྐྱེད༔ ཅེས་གསུངས་པ་ལྟར་དང་དེ་ནས་ཆད་མདོའི་སྐབས་ལ་སོགས་གཏོར་མ་རྒྱག་ཁར་དམག་དཔུང་དུ་ཤེས་དགོས་ཏེ། གསུམ་པ་དམག་དཔུང་ཤེས་པ་ནི༔ གཏོར་མ་བཀའ་བརྒྱད་སྲུང་མ་དང་༔ དཔལ་མགོན་བདུན་ཅུ་རྩ་གཉིས་སོགས༔ ལྷ་དམག་བྱེ་བ་དུང་ཕྱུར་རྣམས༔ བདག་གི་བཀའ་ཉན་ལས་བྱེད་ཅིང་༔ དགྲ་ཡུལ་དམག་གིས་གང་བར་བསྒོམ༔ ཞེས་གསུངས། དེ་ནས་འཕངས་པ་རང་གི་ཚེ་ན་གཏོར་མའི་ཡེ་ཤེས་པ་རྣམས་རང་ལ་བསྡུ། གཏོར་མ་དམ་ཚིག་པ་མཚོན་ཆ། མེ་དཔུང༌། དུག་རླངས། ཁྲོ་ཆུ་ལ་སོགས་ཏེ་འཇིགས་སུ་རུང་བའི་རྣམ་པ་ཅན་འབའ་ཞིག་ཏུ་སྒོམ། མེ་དཔུང་གི་དབུས་སུ་ཞིང་བཅུ་ཚང་བའི་བསྟན་དགྲ་སྡེ་རིས་ཡུལ་འཁོར་དང་བཅས་པ་ཁྲ་ལམ་གྱིས་གསལ་བཏབ་ནས་འཕངས་དགོས་ཏེ། སྔ་མའི་འཕྲོར། བཞི་པ་ཟོར་དུ་ཤེས་པ་ནི། གཏོར་མའི་ལྷ་རྣམས་བདག་ལ་བསྡུ༔ གཏོར་ཟོར་འཕངས་པ་ལས་བསྐུལ་ལ༔ ཕྱོགས་བརྒྱད་བ་ལིཾ་དགྲ་ལ་བརྡེག༔ ཟོར་རྫས་མཚོན་ཆར་བསྒྱུར་བྱས་ལ༔ ཕྱིར་འཕངས་དགྲ་འདྲེ་བརླག་བར་བསམ༔ ཞེས་གསུངས་པ་རྣམས་མན་ངག་གི་གནད་


JLAZ008_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་ཡིན། གཏོར་དྲིལ་བྱེད་པའི་སྐབས་གཏོར་མ་དཔགས་དགོས། དེའི་ཚུལ་ཤིན་ཏུ་ཞིབ་པ་ཆོས་ཀྱི་གྲགས་པས་གསུངས་མོད། ས་བོན་ཧཱུྃ་ཡིག་གཏོད་ཕྱོགས་ལ། །བསྲུང་བཟློག་གསད་པའི་ཁྱད་པར་ཡོད། །བསྲུང་དང་དཀྱིལ་འཁོར་མཐའ་དག་ལ། །ཡིག་མགོ་ཕྱིར་སྟོན་གཙོ་བོ་ལ། འཁོར་རྣམས་རང་ཞལ་བསྟན་ནས་ཡོད། །ཡིག་མགོ་ནང་ལ་བསྟན་པ་ན། །འཁོར་ཞལ་ཕྱི་ལ་ཕྱོགས་པ་སྟེ། །བཟློག་གསད་ལ་སོགས་འཁོར་ལོ་དང༌། །དམིགས་བསལ་མན་ངག་ཡོད་པ་ལ། །ཡིག་མགོ་ནང་བསྟན་ངེས་པར་དགོས། །སྟོང་ཚོགས་ཀྱི་མཆོད་པ་ཞེས་པའི་སྒྲ་བཤད་བཟླས་པ་གང་ཡིན་སྟོང་ཕྲག་རེ་སོང་བའི་མཚམས་སུ་མཆོད་པ་འདི་ཚར་རེ་བྱ་དགོས་པ་ཡིན་ཡང་ཁྲོ་རོལ་ལྟ་བུའི་བཟློག་གཞུང་དང་འབྲེལ་སྐབས་བཟླས་པ་ལྷ་རེ་རེ་ནས་སྟོང་ཕྲག་གྲངས་ལངས་འདྲེན་ལོང་མེད་པས་སྟོང་ཚིགས་ཀྱི་ཐ་སྙད་དེར་ཟད་ལ། རང་ལུགས་སྔ་མོའི་ཕྱག་རྒྱུན་བཟླས་པ་རིང་ཐུག་ཇི་ལྟར་ཡང་ལྷ་འཕོ་མཚམས་སྟོང་ཚིགས་ཀྱི་མཆོད་པར་གྲགས་པ་དེ་ཁ་ངེས་པར་དགོས། བཟློག་གཞུང་གཏོང་མཚམས་ད་ལྟའི་འདི་མིན། བཟློག་གཞུང་མ་གཏང་གོང་ལ་ཚོགས་མཆོད་བྱས་པའི་ཚོགས་ཐ་མའི་བསྒྲལ་བསྟབ་ཀྱི་རྗེས་དེ་ནས་བཟློག་གཞུང་གི་མགོ་འཛུགས་དགོས་པ་བཟློག་པ་སྤྱིའི་མན་ངག་ཀྱང་ཡིན། ཆོས་ཀྱི་གྲགས་པའི་ཟོར་ལས་གནམ་ལྕགས་ཐོག་མདའ་ལ་ལྟོས།


JLAZ008_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཚོགས་ཀྱི་རྗེས་འབྲེལ་དུ་བཟློག་གཞུང་གྱེར་བའི་ཕྱག་ལེན་རྣམ་དག་གིས་རྗེས་སུ་འབྲང་ཚེ། ཚོགས་རང་གི་བསྒྲལ་བསྟབས་ཀྱི་གོང་དེར་གསེར་སྐྱེམས་གཟུ་དཔང་གཏོང་དགོས་སམ་མི་དགོས་ལན། སྤྱིར་ལུགས་གཞན་དུ་ཟོར་ལས་ཁོ་ན་ལ་བསྒྲལ་བསྟབ་རྒྱས་པར་ཡོད་པའི་དབང་གིས་ཚོགས་ཐ་མའི་བསྒྲལ་བསྟབ་མི་བྱེད་པར་དེ་ཁས་གོ་གཅོད་པའི་ལུགས་ཡོད་པར་སྣང་ཡང༌། རང་ལུགས་ལ་དེ་ལྟར་མི་བྱེད་དེ། ཆོས་ཀྱི་གྲགས་པས་ལ་ལ་དག་བསྒྲལ་ལས་བྱེད་དུས་ཚོགས་ཐའི་བསྒྲལ་མཆོད་མི་བྱེད་པ་སྐད་ཟེར་ཡང་གོ་བ་མེད་པའི་མཁས་འདོད་དུ་ཟད་པས་ཚོགས་མཆོད་གསུམ་ག་རྒྱས་བར་བྱའོ། །ཞེས་གསུངས་པས་ཚོགས་ཐོག་མཐའ་བར་གསུམ་ལས་བྱང་ཁོ་ན་བཞིན་བྱ་བ་ལས་འདོན་འཇུག་ཡེ་མི་དགོས། སྐབས་འདིར་སྡེ་བདུན་གྱི་གསོལ་ཁ་དང༌། བཀའ་བརྒྱད་ཀྱི་མདངས་སྐོང༌། བམ་སྐོང༌། ཕུད་སྐོང༌། སོགས་བྱ་དགོས་པ་ཡིན། དེའི་དོན་ཧྲིལ་གྱིས་དྲིལ་ན། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི༔ ཞེས་པ་ནས། རྔམས་པའི་སྟོབས་ཀྱིས་དགྱེས་པར་བཞེས་སུ་གསོལ། །ཞེས་པའི་བར་ལས་བྱང་བཞིན་བྱས་ལ། ཉིན་དང་པོ་ཡིན་ན། བཟློག་གཞུང་གི་མགོ་ནས་གཏོང༌། དེ་མིན་རྗེས་མ་ཚོར་ལྷ་སོ་སོའི་མགོ་འཛུགས་ཀྱིས་སྔོན་དུ་འགྲོ་དགོས་པས་གསེར་གཟུ་ནས་རིམ་པར་སྔར་ལུགས་བཞིན་གཏོང༌། ཕྱི་དྲོ་བསྐང་གསོའི་མཇུག་ཏུ་ཚོགས་མཆོད་སྒྲ་ཇི་བཞིན་པ་མ་གྲུབ་


JLAZ008_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྐྱོན་ཡོད་པ་མེད་དེ། སྤྱིར་བཏང་དུ་ལྷག་མ་ནས་བཟུང་རྗེས་ཆོག་རྣམས་བྱས་པ་ཁོ་ནས་ཡོང༌། བཟློག་གཞུང་ཚུགས་པ་ནས་བཟུང་ལས་སྦྱོར་ལ་ཞུགས་པ་ཡིན་གཤིས་བཟླས་པའི་མཇུག་ཏུ་དམིགས་གནད་དང་ལྡན་པའི་སྒོ་ནས་དྲག་སྔགས་སོ་ལྔ་པ་གྲངས་མང་བ་བཟླ་དགོས་པ་ཡིན། ཡང་མངོན་སྤྱོད་ཀྱི་མཇུག་བསྡུའི་སྐོར་ལ། སྤྱིར་དྲག་ལས་ཐམས་ཅད་ལ་མཐའ་སྡུད་རྣམ་པ་གསུམ་ཡིན་ཏེ། སྙིང་གཟེར་ནག་པོ་ལས། ཆ་གསུམ་དག་ཏུ་བསྒོ་བ་ནི༔ གནན་བསྲེག་འཕངས་པའི་ལས་གསུམ་ཡིན༔ ཞེས་པས་ཤེས་ལ། དེ་ལ་ད་ལམ་འཕྲོས་དོན་འདིའི་དབང་དུ་བགྱིས་ན། དེ་ཉིད་ལས། རླུང་ལ་བསྐུར་བ་ཟོར་ཡིན་ཏེ༔ ཞེས་གསུངས་པའི་ཟོར་དེ་ཉིད་དུས་ནམ་ཞིག་འཕེན་པའི་ཚེ། སྔོན་དུ་གཏོར་ཐེབས་དཔྱིས་ཕྱིན་པར་བརྩི་བར་གལ་ཆེ་ཡང༌། སྒྲ་གཅན་རྐྱང་པ་ཙམ་ལ་བརྟེན་པ་ད་དུས་གྲགས་ཆེ་མོད། ཞིབ་པའི་དུས་སུ་སྐར་རྩིས་ལ་བརྟེན་ནས་གཟའ་ལྔའི་མཆེ་གདོང་དུ་སོལ་འཁྱུད་གསུམ་ལ་སོགས་པའི་བརྟག་དཔྱད་དང་གནམ་གྱི་སྒྲ་གཅན་གྱི་གདོང་ཐེབས། ནག་རྩིས་ལ་བརྟེན་ནས་རྡོ་རྗེ་སློབ་དཔོན་གྱི་ལོ་འགྲོས་འབྱུང་ཁམས་རྣམས་ཀྱི་དར་གུད། དམིགས་བྱ་ལ་གྱིམ་ཤང་གནད་དུ་འཕྲོད་པ་སྡེ་བརྒྱད་དང་ས་བདག་གི་བཟློག་ཐེབས། སའི་སྒྲ་གཅན། དབྱངས་འཆར་ལ་བརྟེན་ནས་རྟེན་འབྲེལ་གྱི་དཔྱད་པ་དང༌། དབྱངས་དུས་


JLAZ008_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སོ་སོའི་བིཥྚི། རྣལ་འབྱོར་མ། དུས་མཚན་མ། ཐུན་ཕྱེད་གཉིས། ཡུད་ཙམ་ལ་འཆར་བའི་དུས་སྦྱོར་གྱི་ཏཱརྐལ། དུས་ཚོད་ཀྱི་སྒྲ་གཅན་ལ་སོགས་པས་མཚོན་ཏེ་ཕྱོགས་མཐུན་ཞིབ་རྩིས་སུ་བྱ་བ་མདོར་ན་དཔུང་ཆེན་འདེགས་པའི་གཡུལ་རྒྱལ་ཇི་བཞིན་བརྩི་དགོས། དེས་ན་བསྟན་དོན་གྱི་རིགས་ལ་འདིའི་གནད་ཤེས་པར་བྱ། གཞན་དུ་ནི་དགོས་པ་ཡང་ཆུང་ལ་རཀྴའི་ཕྲེང་བ་ཐོགས་ཚད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་དེ་ཙམ་གྱིས་མཐའ་བསྡུས། ཟོར་འཕངས་པ་དངོས་གཞིའི་ཚེ་དང༌། དེའི་རྗེས་འབྲེལ་དུ་གཏོར་རྟགས་ལ་རྣམ་པ་གསུམ་ཡོད་དེ། སྙིང་གཟེར་ལས། གནམ་ཟློག་སྐར་མདའ་དག་ལ་བརྟག༔ བར་ཟློག་རྫི་བས་ཤེས་པར་བྱ༔ ས་ཟློག་གཏོར་ཁྲག་སྣོད་ལ་བརྟག༔ ཅེས་པས་གནམ་ས་བར་གསུམ་གྱི་བརྟག་གཞི་བསྟན་ལ། དེ་ལྟར་བརྟགས་པའི་རྗེས་འབྲེལ་དུ་ལ་ཉེ་དངོས་ལ་དཔྱད་པ་ནི། དེ་ཉིད་ལས། ཕར་སོང་ཚུར་བསྟན་ལོགས་བསྟན་གསུམ༔ ཐབས་དང་ལོག་དང་འབྱམས་པ་ཡིན༔ ཞེས་པས་གོ་བར་ནུས། སྣང་སྲིད་གཡོ་འཁྲུག་ནུས་པ་པད་འབྱུང་དང༌། མཐུ་མཁན་སངས་རྒྱས་ཡེ་ཤེས་ཅིས་མ་ཡིན། །ལག་ལེན་ཤེས་པ་སོ་ཟུར་གནུབས་གསུམ་གྱི། །སྔགས་འཆང་བརྒྱུད་པར་བཅས་ལས་གཞན་དུ་མིན། །ཞེས་པའང་མཁྱེན་བརྩེའི་འོད་ཟེར་གྱིས་སོ།། །།


previousབདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཉང་ལུགས་ཀྱི་གཏོར་བཟློག་སྐོར་གྱི་དྲི་ལན་གཤིན་རྗེའི་གད་རྒྱངས། །next