Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  expand section
   
   
  expand section
   
   
   
   
   
  expand section
   
   
ཡོང་རྫོགས་ཐུགས་སྒྲུབ་ཀྱི་ཧཱུྃ་བསྙེན་དམིགས་སྐོར་དཔལ་རིའི་མྱུར་ལམ།
   
  expand section
   
   
   
   
   
  expand section
   
   
   
   
  expand section


 
previousཡོང་རྫོགས་ཐུགས་སྒྲུབ་ཀྱི་ཧཱུྃ་བསྙེན་དམིགས་སྐོར་དཔལ་རིའི་མྱུར་ལམ།next

ཡོང་རྫོགས་ཐུགས་སྒྲུབ་ཀྱི་ཧཱུྃ་བསྙེན་དམིགས་སྐོར་དཔལ་རིའི་མྱུར་ལམ།


JLAZ008_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང་རྫོགས་ཐུགས་སྒྲུབ་ཀྱི་ཧཱུྃ་བསྙེན་དམིགས་སྐོར་དཔལ་རིའི་མྱུར་ལམ་བཞུགས། །


JLAZ008_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་མེད་ཀ་ནས་དག་པ་རིག་པའི་གདངས། །ལྷུན་གྲུབ་ཁྲག་འཐུང་ཀཱི་ལ་ཡོངས་ཤར་ནས། །བདུད་སྡེ་ཟིལ་གནོན་ཧཱུྃ་གླུའི་གད་རྒྱངས་ཅན། །ཁྱོད་དང་དྲིན་ཅན་བླ་མ་དབྱེ་མི་བཟོད། །དེ་ཡང་གཏེར་གསར་ཐུགས་སྒྲུབ་ཀྱི་ཧཱུྃ་སྒྲུབ་པདྨ་སྙིང་ཐིག་གི་དམིགས་སྐོར་ནི། རིག་པའི་ངོ་བོ་ཅིར་ཡང་མ་དམིགས་པའི་དྲན་ཤེས་སོ་མ་དེ་ཁའི་ངང་ལས་ངག་ཏུ། ཧཱུྃ་ཧཱུྃ་ཞེས་བརྗོད་པས་བདུད་འདུལ་མ་ཧཱ་གུ་རུ་ཀཱི་ལ་ཡ་དྲག་པོ་རྩལ་ཞེས་བྱ་བ་ཞལ་གཅིག་ཕྱག་གཉིས་སྐུ་འཇིགས་པའི་ཆ་ལུགས་ཅན། གསུང་རྔམས་པའི་ང་རོ་སྒྲོག་པ། ཐུགས་དྲག་པོའི་ངར་དང་ལྡན་པ། སྐུ་སྨད་དཔལ་ཕུར་ཟུར་གསུམ་འཇིག་རྟེན་སྲིད་པ་ཨེ་དབྱིངས་སུ་ཟུག་ཅིང༌། སྐུ་མདོག་དམར་སྨུག་ཟ་འོག་གི་བེར་སྨུག་གསོལ་བ། དཔལ་གྱི་ཆས་བཅུས་སྤྲས་


JLAZ008_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྨིན་མ་དང་སྨ་ར་མེ་སྟག་འཕྲོ་བ། དབུ་སྐྲ་དམར་སེར་གྱེན་དུ་གཡེང་ཞིང༌། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་འཕྱར་ཞིང༌། སྡིགས་མཛུབ་ཀྱི་རྩེ་ལ་དཀར་ནག་གི་ཁྱུང་ཚོགས་སྤྲོ་ཞིང༌། སྟེང་གདོན་ཕྱོགས་སྐྱོང་མ་ལུས་གཟིར་བར་བྱེད་པ། ཕྱག་གཡོན་ཕུར་བུའི་རྣོ་དབལ་བགེགས་ལ་གཟིར་ཞིང་སྡིགས་མཛུབ་ཀྱི་རྩེ་ལས་ལྕགས་སྡིག་ནག་པོ་མགོ་དགུ་རྭ་བཅོ་བརྒྱད་པའི་ཚོགས་སྤྲོས་ཏེ། ས་བདག་ཀླུ་གཉན་མ་ལུས་འཇོམས་པར་བྱེད་པ། བསྐལ་པའི་མེ་འབར་བའི་ཀློང་དུ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནན་པའི་བདག་ཉིད་ཅན་དུ་གྱུར། ཅེས་པའི་བར་བརྗོད་ལ་དྲན་རྫོགས་སུ་བསྐྱེད། དེ་གའི་ངང་ལས་མི་དམིགས་པའི་གསལ་ཆ་མ་ཡེངས་ཙམ་གྱི་ངང་ནས། ཧཱུྃ་ཧཱུྃ་ཧཱུྃ་


JLAZ008_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཤུབ་བུར་འཇམ་ན་ར་ར་བཟླ་ཞིང༌། དམིགས་གནད་ནི་རང་ལྷར་གསལ་བ་དེའི་མགྲིན་པ་ནས་ཧཱུྃ་སྒྲ་དེ་ལས་བསྐྱེད་པའི་ཧཱུྃ་ཡིག་མཐིང་ག་འོད་ཀྱི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པ་བྱུང་ནས་ཁོག་པའི་ནང་ཐམས་ཅད་དབང་བ་འབྲུས་ཁེངས་པ་བཞིན་ཐེ་ཙེར་ནེ་ཙེར་དུ་ཁེངས་པས། རང་ལུས་གདོས་བཅས་སུ་ཞེན་པའི་ཤ་ཁྲག་ནང་ཁྲོལ་ཐམས་ཅད་སྤུ་རྡུལ་དང་ལྕགས་བསྲེགས་ཐུག་པ་བཞིན་དུ་སྟོང་ཆམ་གྱིས་སྦྱངས། དེ་བཞིན་དུ་ནད་གདོན་སྡིག་སྒྲིབ་ཉོན་མོངས་བག་ཆགས་ཤེས་བྱའི་སྒྲིབ་པ་དང་བཅས་པ་ཐམས་ཅད་ཀྱང་ཧཱུྃ་ཡིག་དེ་དག་གིས་བསྲེགས་ཤིང་སྦྱངས་ནས་རིག་པའི་ངོ་བོ་ཅི་ཡང་མ་གྲུབ་པ་ཧར་རེ། གསལ་མདངས་མ་འགགས་པ་འཇའ་ཚོན་ལྟ་བུའི་ལྷ་སྐུ་ཟང་ཐལ་སྒྲིབ་གཡོགས་དང་བྲལ་བར་ལམ་མེ། ཐུགས་རྗེའི་རིག་རྩལ་ཉི་ཟེར་ལ་རྡུལ་ཕྲན་འཁྲིགས་པ་ལྟ་བུའི་ཧཱུྃ་ཡིག་རང་སྒྲ་དི་རི་རི་སྒྲོག་པས་ཁོང་པའི་ནང་ཐམས་ཅད་ཁེངས་པར་བསྒོམ་ཞིང༌། དམིགས་པ་དེ་ཁ་མ་བརྗེད་ཙམ་པ་ལས་ཀུན་བརྟགས་བློས་བྱས་ཀྱི་བསྐྱེད་རིམ་ནན་གྱིས་མི་བསྒྲུབ། དེ་ལྟ་བུའི་དམིགས་པ་ཞག་བདུན་ཕྲག་ཏུ་བྱེད་པར་གསུངས་ཤིང༌། འདི་ལ་དགོས་པ་ཁྱད་པར་ཅན་གཉིས་ཡོད་དེ། གནས་སྐབས་སུ་ནད་གདོན་སྡིག་སྒྲིབ་ཉམས་ཆག་སོགས་དག་པ་དང༌། མཐར་ཐུག་ཕུང་པོ་འོད་སྐུར་གྲོལ་བར་འགྱུར་རོ། །དེས་ནི་གཞུང་ནས་གསུངས་པ་ལྟར་གྱི་རྟགས་མཚན་ངེས་པར་རྙེད་པར་འགྱུར་ཞིང། དེ་ནས་རིག་རྩལ་སྦྱང་བའི་


JLAZ008_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དམིགས་ཁ་སྤོ་བ་ནི། ངག་ཏུ་ཧཱུྃ་ཧཱུྃ་ཞེས་ཚིག་དྲག་ཅན་གྱི་ང་རོས་སྒྲ་དྲག་པོ་བརྗོད་པ་ལས། ལུས་ཀྱི་དབང་པོའི་སྒོ་རྣམས་དང་བ་སྤུའི་བུ་ག་ཕྲ་མོ་ཚུན་ཆོད་ནས་ཐབས་ཤེས་ཀྱི་ཧཱུྃ་ཡིག །ཁ་སྦྱོར་འདི་འདྲ་བ་དཔག་ཏུ་མེད་པ་རྒྱངས་རྒྱངས་འཕྲོས་པས་ལས་དང་པོ་བས་རེ་ཞིག་རང་ཉིད་འདུག་གནས་ཀྱི་ཁང་པའི་ནང་ཙམ་ལས་མི་སྤྲོ་བར་བྱས་ན་དངོས་ཞེན་འཇིག་ཅིང་དམིགས་པ་གསལ་བདེ་བ་ཡོད་པས། ཁང་པའི་ནང་གི་དངོས་ཆས་ཀ་བ་སོགས་མདོར་ན་རྡོས་བཅས་སུ་གྱུར་ཚད་ཐམས་ཅད་ཧཱུྃ་དེ་དག་གིས་ཐེ་ཚལ་དུ་བཏང་ནས་སྟོང་ཆམ་ཆམ་སོང་བར་བསམས་ལ་རིག་པ་ཧུར་ཕྱུང། དེ་ནས་རིམ་བཞིན་ཁང་པའི་རྩིག་པ། ཡུལ་ལྗོངས་རི་བྲག་སོགས་ལའང་དེ་བཞིན་དུ་བྱས་རྗེས་མཐར་དབང་ཆེན་གསེར་གྱི་ས་གཞིས་བཏེག་པའི་བརྟེན་པ་སྣོད་ཀྱི་འཇིག་རྟེན། གཡོ་བ་བཅུད་ཀྱི་སེམས་ཅན། མི་དང་མི་མ་ཡིན། རྒྱལ་འགོང་དམ་སྲི་ལ་སོགས་པ་མདོར་ན་དངོས་པོར་གྲུབ་ཚད། ཤེས་བྱར་བཏགས་ཚད་ཐམས་ཅད་དམིགས་མེད་ནམ་མཁའ་ལྟ་བུའི་ངང་ལ་སྦྱངས་ནས་མཐར་གང་སྣང་གང་ཤར་ཐམས་ཅད་ཧཱུྃ་གིས་ཡོ་ལངས་སུ་ཤེས་ངོར་ལམ་ལམ་གསལ་བ་ཙམ་དུ་བཟླ། འདི་ཡང་བདུན་ཕྲག་ཏུ་བྱེད་པར་གསུངས་ཤིང་འདིས་སྣང་སྲིད་ཆོས་ཉིད་དུ་ཤར་ཞིང་ཡུལ་སྣང་འོད་གསལ་དུ་གྲོལ་བ་དང༌། ཨ་འཐས་ཀྱི་དངོས་ཞེན་རྩད་ནས་ཆོད་པའི་དགོས་པ་ཁྱད་པར་ཅན་ཡོད། དེ་ནས་དམིགས་ཁ་


JLAZ008_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྤོ་བ་ནི། སྟོང་གསུམ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་བལྟས་པ་དེ་གའི་ངང་ལས་ངག་ཏུ། ཧྲཱི༔ཧྲཱི༔ཧྲཱི༔ཧྲཱི༔ཧྲཱི༔ ཞེས་བརྗོད་པས་ཧཱུྃ་དེ་དག་ཐམས་ཅད་པདྨ་ཉི་མ་རོའི་སྟེང་ན་འགྱིང་བའི། དཀར་སེར་དམར་ལྗང་མཐིང་གའི་ཁ་དོག་ཅན་གྱི་མཁའ་འགྲོ་མ་ཕྱག་གཡས་འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ། རྡོ་རྗེ་སྟེ་སོ་སོའི་རིགས་ཀྱི་ཡུ་བ་བྱས་པའི་གྲི་གུག་དང༌། གཡོན་ཐོད་ཁྲག་གྲུ་མོ་ན་ཁ་ཊྭཱཾ་ག་བསྣམས་པ་འབའ་ཞིག་ཏུ་སྐད་ཅིག་ཉིད་དུ་གྱུར་ནས་ཞལ་ནས་ཧཱུྃ་གླུ་ཀྱུ་རུ་རུ་སྒྲོག་ཅིང༌། རྡོ་རྗེའི་བྲོ་བརྡུང་གར་སྟབས་བྱེད་པ་འབའ་ཞིག་གིས་སྟོང་གསུམ་ཁེངས་ནས་ཡོམ་ཡོམ་འགུལ་འགུལ་ཤིག་ཤིག་བྱེད་པར་བལྟ་བའི་ངར་ཆ་དྲག་པོས་རྒྱས་བཏབ་ལ། ངག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བཟླ་ཞིང་སྐབས་སུ་དབྱངས་ཀྱི་རྟ་ལའང་སྐྱོན་ནས་བཟླས་པས་ཉམས་འུར་དིར་དིར་བྱེད་པ་འོང༌། དེ་གའི་དམིགས་པ་མ་བརྗེད་ཙམ་གྱི་ངང་ལས་རང་ཉིད་དང་མཁའ་འགྲོ་མ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུའི་ཞིང་ཁམས་དང་ཐམས་ཅད་དང༌། ཁྱད་པར་དུ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ་སྤྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་སློབ་དཔོན་ཆེན་པོའི་ཐུགས་རྒྱུད་གནད་ནས་བསྐུལ། དེ་དག་གི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བུན་ལོང་དེར་བྱོན་ནས། བདག་ལ་ཐིམ་པས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ། བཀྲག་མདང་གཟི་བརྗིད་རྒྱས་པར་བསམ། ཡང་འོད་ཟེར་ལྕགས་ཀྱུའི་


JLAZ008_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཅན་ཕྱོགས་མཚམས་ཀུན་ཏུ་སྤྲོས། འཇིག་རྟེན་གྱི་ཁམས་ན་མཐུ་དབང་ཆེ་བར་གྲགས་པའི་དབང་ཕྱུག །ཚངས་པ། བརྒྱ་བྱིན། གཤིན་རྗེ་སོགས་ཕྱི་ནང་གསང་གསུམ་གྱི་དྲེགས་པ་སྡེ་བརྒྱད་མི་བསྲུན་པ་ཐམས་ཅད་ཀྱི་སྙིང་ནས་དྲངས་ཏེ་དབང་དུ་བསྡུས། ཕྱག་འཚལ་ཞིང་ཅི་བགྱིའི་འབངས་སུ་མཆིའོ་ཞེས་བྲོ་བོར་བར་བསམས་ལ་ཧཱུྃ་ལྔའི་སྒྲ་འུར་དིར་དིར་སྒྲོག །འདི་བདུན་ཕྲག་གཉིས་ཙམ་འདྲེན། དེ་ནི་བསྙེན་པ་འདི་ག་ཟླ་གཅིག་བྱེད་པའི་དབང་དུ་བྱས་ཤིང༌། གཞན་ནི་བསྙེན་དུས་རིང་ཐུང་ཇི་ཙམ་བྱེད་པའི་ཆ་བགོ་ལུགས་གོང་ལྟར་བྱེད། འདི་ནི་རྒྱུན་དུ་ཡི་དམ་ལ་གཟུང་བའི་མན་ངག་སྤར་བཅངས་མ་ཤིན་ཏུ་སབ་པ་ཡིན་པས་གཏན་དུ་དམིགས་རྣམས་མཐར་ཆགས་སུ་ཆ་ཚང་བ་ནས་མཐར་སྟོང་གསུམ་མཁའ་འགྲོས་གང་བ་དེ་ལ་ནན་ཏན་བྱ་བའི་སྙིང་པོ། གཟུགས་སྣང་ཅི་ལྟར་སྣང་ཚད་མཁའ་འགྲོ་སྡེ་ལྔའི་ངོ་བོར་མོས། སྒྲར་གྲགས་ཐམས་ཅད་ཧཱུྃ་གི་རང་སྒྲ་དི་རི་རི་སྒྲོག་པར་བསམ། དྲན་རྟོག་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལ་རེ་དོགས་མེད་པར་འཇོག་པ་བསྐྱེད་པ་མ་ཧཱ་ཡོ་གའི་བསྐྱེད་རྫོགས་ཟུང་འཇུག་གི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན། ནུབ་མོ་ཉལ་བའི་ཚེ་མཁའ་འགྲོ་མ་རྣམས་གཅིག་ལ་གཅིག་ཐིམ་ནས་མཐར་ཧཱུྃ་ཡིག་གཅིག་ཏུ་གྱུར་ནས་དེ་ཡང་རང་གི་ཐུགས་སྲོག་དང་བསྲེས་རྗེས་སྙིང་གའི་ཧཱུྃ་ཡིག་ལ་དབང་ཤེས་བསྡུས་ཏེ་བསམ་བློ་སྐོར་མི་གཏང་བར་གཉིད་ལོག་པར་བྱ།


JLAZ008_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ལ་སོགས་གདོན་ཅན་ལ་ཕན་འདོགས་ན་བསྒྲུབ་བྱ་དང་གནོད་བྱེད་གཉིས་ཀ་ལ། སྙིང་རྗེ་དུང་དུང་བ་བསྐྱེད་རྗེས་ཧཱུྃ་ཡིག་དཀར་པོ་བསམ་གྱིས་མི་ཁྱབ་པ་དེ་ལ་སྤྲོས་པས་གདོན་དེ་དག་གི་རྒྱུད་ལ་བྱང་སེམས་སྐྱེས་ནས་གནོད་པའི་བསམ་པ་དང་བྲལ། ནད་པ་ཡང་ཉེར་ལེན་ཕུང་པོས་བསྐྱེད་པའི་ནད་གདོན་ཐམས་ཅད་སངས་སངས་དག་ནས་ལུས་ཤེལ་གོང་ལྟ་བུར་གྱུར་པར་བསམས་ལ་གནོད་བྱེད་དང་གནོད་བྱ་ཕན་བྱེད་སོགས་གང་དུ་ཡང་མ་གྲུབ་པའི་ངང་དུ་ཅི་ནུས་སུ་མཉམ་པར་གཞག །དེ་ལས་ལྡངས་པའི་རྗེས་ཐོབ་ཏུ། དགེ་བ་སེམས་ཅན་ཐམས་ཅད་ལ་བསྔོ། རྣམ་པ་ཀུན་ཏུ་ཉམས་ལེན་འདི་ཁོ་ན་ལ་སྙིང་གི་ཟུངས་ཁྲག་ལྟ་བུར་གཟུང༌། ཉམས་ལེན་འདི་དང་མ་བྲལ་ན་རྔ་ཡབ་པདྨ་འོད་དུ་འདུ་བྱེད་འདི་བཏང་མ་ཐག་ཏུ་ཕྱིན་ཆོག་པ་ནི། ཧཱུྃ་ལྔའི་སྒྲ་ཡིས་དུག་ལྔའི་ཉོན་མོངས་འཇོམསཿ སྐུ་ལྔའི་ཞིང་བགྲོད་རིགས་ལྔའི་སངས་རྒྱས་མཇལ༔ ཡེ་ཤེས་ལྔ་རྟོགས་མཁའ་འགྲོ་སྡེ་ལྔས་སྐྱོབ༔ མཐར་ཐུག་ལྔ་ལྡན་པདྨ་འོད་དུ་བགྲོད༔ རིག་འཛིན་གྲལ་དུ་ཐེ་ཚོམ་ཡོད་རེ་ཀནཿ རྟག་ཏུ་འདི་ལ་རྒྱུན་གྱི་རྣལ་འབྱོར་བྱཿ ཞེས་སློབ་དཔོན་ཉིད་ཀྱིས་ནམ་ཡང་རྫུན་མི་གསུང་བའི་ངེས་ཤེས་བློ་ལ་བཞག་ནས་ཨ་འཐས་ཁ་ཕྱིར་བལྟས་ཀྱི་དགེ་སྦྱོང་ངལ་དུབ་ཆེ་ལ་དོན་མེད་པ་གཞག་ནས་མཁའ་འགྲོའི་ཞལ་རླངས་ཆིལ་ཆིལ་བ་འདི་ལ་རྟག་ཏུ་ཡེངས་མེད་དུ་ཉམས་ལེན་ནུས་ན་འཆི་ཁ་དང་བར་དོར་ཡང་འདི་ག་


JLAZ008_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པོས་ཆོག་པས་སྙིང་གྲོགས་དམ་པའི་ཐུགས་ལ་གཞུགས། འཁོར་བ་ཆུ་ཤིང་སྡོང་པོར་སྙིང་པོ་ཡོད་མ་ཡིན། །ཚེ་སྲོག་རྩྭ་ཁའི་ཟིལ་པ་ད་ལྟ་ཉིད་དུ་འཇིག །བསགས་པའི་དཀར་ནག་ལས་འབྲས་ལུས་དང་གྲིབ་བཞིན་འགྲོགས། །རན་ནོ་འཆི་ཆོས་རན་ནོ་དྲན་པའི་མདོ་ལ་སྒྲིལ། །ཐ་སྙད་ཤེས་བྱའི་མཐའ་ལ་ཆོད་དུས་ཡོད་མ་ཡིན། །ཉེ་འབྲེལ་འདོད་ཡོན་ཀུན་གྱིས་ལོག་པའི་ལམ་ལ་ཁྲིད། །ཆགས་སྡང་གྲུབ་མཐའི་ཞེན་པས་དམྱལ་བའི་ས་བོན་སྒྲུབ། །སྣ་ཐག་མགོ་ལ་དཀྲིས་ནས་དབེན་པའི་གནས་སུ་སོང༌། །རང་ཉིད་ལོག་འཚོ་སྒྲུབ་ཅིང་གཞན་ལ་ཆོས་བཤད་བྱེད། །བཤེས་གཉེན་ཕྱིན་ཅི་ལོག་ལ་གདམས་པ་འདི་མ་སྟོན། །ཐ་སྙད་ཅ་ཅོའི་ཚིག་གིས་གནས་ལུགས་དོན་མི་མཐོང༌། །ལྟ་བར་དགག་བཞག་མང་ཡང་རྫོགས་ཆེན་འདྲ་བ་མེད། །གྲུབ་མཐའི་ཁ་འཛིན་བཟུང་ནས་དེ་སྐད་བརྗོད་པ་མིན། །ཡིན་ལུགས་ཐོག་ཏུ་ཁེལ་ནས་བསྲོང་པོར་སྨྲས་པ་ཡིན། །ཡིད་དཔྱོད་ཏིང་ངེ་འཛིན་གྱིས་སྤྲོས་བྲལ་ག་ལ་མཐོང༌། །ས་བཅུ་ལམ་ལྔའི་ཡོན་ཏན་མ་བཅོས་རིག་པར་དག །སྔོན་བསགས་ལས་འཕྲོ་ཡོད་པས་མཚན་ལྡན་བླ་མ་མཇལ། །གསོལ་འདེབས་མོས་གུས་ཕུལ་བས་བྱིན་རླབས་རྒྱུད་ལ་ཞུགས། །མི་ཚེ་བློས་བཏང་བསྒོམས་པས་དོན་དམ་བདེན་པ་མཐོང༌། །ཐུགས་དེ་ད་ལྟར་ཤི་ཡང་ཅི་དྲག་གང་ལ་མྱང༌། །བརྒྱུད་པའི་བྱིན་རླབས་ཞུགས་ནས་རིག་པའི་རྩལ་ཆེན་རྡོལ། །གདམས་པའི་གནད་འགག་སྙིང་གཏམ་ཡི་གེ་བྲིས། །འདི་ལ་ཁ་ན་མ་ཐོའི་ཉེས་སྐྱོན་ཡོད་མ་ཡིན། །དག་སྣང་རབ་འབྱམས་ངང་ནས་སྒོམ་ཕྲུག་མཁྱེན་བརྩེའི་བྲིས། །


previousཡོང་རྫོགས་ཐུགས་སྒྲུབ་ཀྱི་ཧཱུྃ་བསྙེན་དམིགས་སྐོར་དཔལ་རིའི་མྱུར་ལམ།next