Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  expand section
   
   
  expand section
   
   
   
   
   
  expand section
   
   
   
  expand section
   
དཔལ་མགོན་ཞལ་བཞི་བའི་སྐོང་བ་དམ་ཅན་བླ་ཆགས་མ།
   
   
   
   
  expand section
   
   
   
   
  expand section


 
previousདཔལ་མགོན་ཞལ་བཞི་བའི་སྐོང་བ་དམ་ཅན་བླ་ཆགས་མ།next

དཔལ་མགོན་ཞལ་བཞི་བའི་སྐོང་བ་དམ་ཅན་བླ་ཆགས་མ།


JLAZ008_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་ཞལ་བཞི་བའི་སྐོང་བ་དམ་ཅན་བླ་ཆགས་མ་ཞེས་བྱ་བ་བཞུགས། །


JLAZ008_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནག་པོ་ཆེན་པོ་མཆོད་པར་འདོད་པས། དམ་ཚིག་གི་མཐུན་རྫས་རྣམས་རྒྱས་པར་བཤམས་ལ། དང་པོ་བྱིན་གྱིས་བརླབ་པ་ནི། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྟོང་གསུམ་བྷཉྫར་གྱུར་པའི་ནང་དུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་གཏོར་ཆེན་གཏི་མུག་ཤའི་རི་བོ། ཞེ་སྡང་རུས་པའི་གྲམ་བུ། འདོད་ཆགས་ཁྲག་གི་རྒྱ་མཚོ། ང་རྒྱལ་མྱོས་བྱེད་ཀྱི་ཨརྒྷཾ། ཕྲག་དོག་འདོད་པའི་ཡོན་ཏན་དུ་ཤར་བ་རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་ཧེ་རུ་ཀ་ཨརྒྷཾ་སོགས་དང༌། སརྦ་པཉྩ་རཀྟ་བ་ལིཾ་ཏ་པཱུ་ཛ་ཨཱཿཧཱུྃ། ལན་བདུན། གཉིས་པ་མངོན་རྟོགས་གསལ་བ་ནི། རང་ཉིད་ཧེ་རུ་ཀར་གསལ་བའི་མདུན་


JLAZ008_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དུར་ཁྲོད་རོལ་པོའི་གཞལ་མེད་ཁང་འཇིགས་སུ་རུང་བའི་ནང་ཆོས་འབྱུང་མཐིང་ནག་རཀྟའི་དབའ་རླབས་འཁྲུགས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་གྲི་གུག་མཐིང་ནག་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་བམ་རོ་དམར་སེར་གྱི་སྟེང་ན་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་མཐིང་ནག་སྲིན་པོ་ཁྲོས་པའི་ཆ་ལུགས་ཅན། རྩ་ཞལ་མཐིང་ནག་རབ་ཏུ་འབར་བའི་མཆེ་བ་བཞིས་སྔ་དགྲ་དར་བ་འཚིར་བཅད་མཛད་པ། གཡས་ཞལ་དཀར་ལ་བཞད་པས་རྣལ་འབྱོར་པ་བུ་བཞིན་དུ་སྐྱོང་བ། གཡོན་ཞལ་དམར་ལ་གདངས་པས་ཁམས་གསུམ་དབང་དུ་བྱེད་པ། སྟེང་ཞལ་རྔམ་ལ་གནག་པས་ཕྱི་དགྲ་རྡུལ་དུ་རློག་པ། ཞལ་རེ་རེ་ལ་དམར་ཟླུམ་གྱི་སྤྱན་གསུམ་གསུམ་


JLAZ008_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཞིང་ཐོད་སྐམ་ལྔ་ལྔའི་དབུ་རྒྱན་ཅན། དབུ་སྐྲ་དང་སྨ་ར་སྨིན་མ་ཁམ་ནག་གྱེན་དུ་གཡེངས་པ་ཕྱག་བཞིའི་གཡས་ཀྱི་དང་པོ་གྲི་གུག་བསྣམས་པས་གཟུང་འཛིན་རྩ་བ་གཅོད་ཅིང༌། གཡོན་གྱི་དང་པོ་ཐོད་ཁྲག་བསྣམས་པས་རྒྱུད་དྲུག་རྩད་ནས་འབྱིན་པ་གཉིས་ཐུགས་ཀར་སྟེང་འོག་ཅན། གཡས་ཀྱི་འོག་མ་ན་རུ་མཚོན་བསྣམས་པས་ད་དགྲ་ཆམ་ལ་འབེབས་ཤིང་གཡོན་གྱི་འོག་མ་ན་རུས་པའི་ཕྲེང་བ་དང༌། མཆན་ཁུང་ན་མྱོས་བྱེད་ཀྱི་བུམ་པ་བརྟེན་པས་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བ། བསྐལ་པའི་མེ་དཔུང་གི་དབུས་ན་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞེངས་པ་ལ་ཚངས་སྐུད་ཀྱི་སེ་རལ་ཁ། ཐོད་རློན་ལྔ་བཅུའི་དོ་ཤལ། རུས་པའི་རྒྱན་དྲུག །སྟག་ལྤགས་ཀྱི་ཤམ་ཐབས་རྣམས་ཀྱིས་བརྗིད་པ། དེའི་གཡས་སུ་ཌོམྦི་ནཱི་ནག་མོ། གཡོན་དུ་ཙནྜ་ལཱི་ལྗང་གུ། མདུན་དུ་རཀྴ་སཱི་དམར་ནག །རྒྱབ་ཏུ་སིངྒ་ལཱི་སེར་ནག་བཞི་ཀའང་སྲིན་མོ་ཁྲོས་པའི་གཟུགས་ཅན་གཅེར་མོ་སྐྲ་གྲོལ་བ། གཡས་པས་གྲི་གུག་དགྲ་སྲོག་ལ་འཕྱར་ཞིང༌། གཡོན་པས་ཐོད་ཁྲག་གཙོ་བོ་ལ་སྟོབ་པ། གཡས་བརྐྱང་བའི་དོར་སྟོབས་ཅན། མེ་དཔུང་གི་དབུས་ན་བཞུགས་པའི་མཐའ་སྐོར་དུ་དྲེགས་པ་ཕོ་མོ་བདུན་ཚན་གཉིས། སྲོག་གི་སྒོ་བདུད་ནག་པོ། དགྲ་བོའི་བླ་སྲོག་འཕྲོག་པའི་ཤན་པ་ཉེར་གཅིག །ཡང་འཁོར་


JLAZ008_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་སྡེ་བརྒྱད་དང་བཅས་པའི་བཀའ་སྡོད་དང་བྲན་གཡོག་བསམ་གྱིས་མི་ཁྱབ་པའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་སྐུ་གསུང་ཐུགས་ལྡན་དུ་བྱིན་གྱིས་བརླབ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དུར་ཁྲོད་བསིལ་བའི་ཚལ། ཧ་ཧར་རྒོད་པ། ལྷོ་ཕྱོགས་དཔལ་གྱི་རི་ཨུ་ཙ་ལའི་གཙུག་ལག་ཁང་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་སྤྱན་དྲངས། ཨོཾ་མ་ཧཱ་ཀཱ་ལ་བི་ཀཊྚ་ཀཱ་ར་ལ་ཧཱུྃ་ཛཿཛཿགསུམ་པ་སྤྱན་དྲང་བ་ནི། ཧཱུྃ་སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །འགག་མེད་ལོངས་སྤྱོད་རྫོགས་པའི་ཕྲིན་ལས་ནི། །ལོག་འདྲེན་གཤེད་དུ་སྤྲུལ་པའི་སྲིན་པོའི་གཟུགས། །དཔལ་ལྡན་མ་ཧཱ་ཀཱ་ལ་གཤེགས་སུ་གསོལ། །རྒྱུད་རྣམས་ཀུན་གྱི་གླེང་གཞི་སྨོས་པའི་ཚེ། །གཟུང་འཛིན་དྲག་པོ་བརྟུལ་བའི་ཡེ་ཤེས་ནི། །རྣམ་ཤེས་ལས་འདས་གདོད་ནས་དག་པ་ལ། །ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཞེས་སུ་གྲགས། །དཔལ་ལྡན་ནཱ་གཱ་རྫུ་ནའི་སྤྱན་སྔ་རུ། །མཐའ་བརྒྱད་སྤྲོས་པ་ཀུན་བྲལ་དབུ་མ་ཡི། །མཐོང་ལམ་བདེན་པ་གཟིགས་དང་འབྲལ་མེད་དུ། །འགྲོགས་པར་ཞལ་འཆེས་ཆོས་སྐྱོང་ད་ཚུར་སྤྱོན། །གཤེགས་དང་གཤེགས་པར་བྱ་བ་མི་དམིགས་ཀྱང༌། །རྣམ་


JLAZ008_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་སྒྱུ་མ་ལྟ་བུར་རོལ་པའི་གར། །ཉི་ཤུ་རྩ་བཞིའི་ཡུལ་དང་ལྷུན་པོའི་སྤོ། །རི་བོ་ཏཱ་ལའི་གནས་ནས་གཤེགས་སུ་གསོལ། །བཛྲ་མ་ཧཱ་ཀཱ་ལ་ཙ་ཏུརྨུ་ཁ་ས་མ་ཡ་ཛཿཛཿབཞི་པ་བཞུགས་གསོལ་ནི། མ་ཧཱ་ཀཱ་ལ་ཤྲཱི་ཀ་བི་ལ་ཏིཥྛནྟུ། ལྔ་པ་མཆོད་ཅིང་ཐུགས་དམ་བསྐང་བ་ནི། ཧཱུྃ། རྟེན་ཅིང་འབྲེལ་འབྱུང་ཚོགས་པའི་འདོད་ཡོན་དང༌། །འདུ་བྱེད་རྒྱུ་ལས་བསྐྲུན་པའི་ཉེར་སྤྱོད་ནི། །དབང་པོའི་ཡུལ་དུ་འདོད་དགུར་འཆར་བའི་ཚུལ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱིས་བསྐང༌། །བདུད་རྩི་ཆང་དང་དམར་ཆེན་ཨརྒྷཾ་ཞགས། །དབང་ལྔའི་མེ་ཏོག་ཤ་གསུར་ཚིལ་ཆེན་སྒྲོན། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་དང༌། །གསང་བའི་རྔེའུ་ཆུང་རྐང་གླིང་ཐོད་རྔས་བསྐང༌། །སྟོང་གསུམ་བྷནྡྷར་རྫོགས་པའི་སྣོད་ཡངས་སུ། །བཞེད་དགུར་འཆར་བའི་བ་ལིཾ་བཅུད་མཆོག་ནི། །ཚངས་ཆེན་ཞིང་ཁམས་གནས་ནས་བཏེག་པ་བཞིན། །སྣང་སྲིད་འདོད་ཡོན་རྒྱ་མཚོར་རོལ་པས་བསྐང༌། །གྲི་གུག་ཏྲི་ཤུ་ལ་དང་རྡོ་རྗེའི་མཚོན། །རལ་གྲི་དགྲ་སྟྭ་མདུང་ཐུང་གསལ་ཤིང་དང༌། །ཐོ་ལུམ་གཏུན་ཞིང་དབྱུག་ཏོ་མདའ་གཞུ་དབྱུག །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུས་བསྐང༌། །རང་རང་རྣམ་འགྱུར་རྔམ་པའི་རླུང་ཤུགས་ཅན། །མུན་པའི་ཞག་གིས་ལན་བརྒྱར་བྱུགས་པ་ལྟའི། །རྟ་མཆོག་


JLAZ008_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོང་གཡག་མི་ནག་བྱ་ཁྱི་ལུག །ར་རོག་ལ་སོགས་ཕྱི་རྟེན་རྫས་ཀྱིས་བསྐང༌། །སྲོད་མུན་ཆར་སྤྲིན་སྟུག་པོས་བཀབ་པ་ལ། །གློག་ཕྲེང་བསྐྱོད་པ་ལྟར་བཀྲ་རྨ་བྱའི་མདོངས། །གཡོ་བའི་སྲེད་པ་སྤྱི་བླུགས་ཞྭ་དང་ཕོད། །ལྷབ་ལྷུབ་གཡོ་བའི་ནང་རྟེན་རྣམས་ཀྱིས་བསྐང༌། །ཤན་པ་སྲོག་ལས་བྱེད་པའི་འདུན་ས་ལྟར། །དོན་སྙིང་སྣ་ལྔ་སྣོད་དྲུག་གཅལ་དུ་བཀྲམ། །རིགས་ལྔའི་དམ་རྫས་ཤ་ལྔ་བདུད་རྩི་ལྔ། །ལ་སོགས་གསང་བའི་རྟེན་རྫས་རྣམས་ཀྱིས་བསྐང༌། །གོམ་སྟབས་དྲག་པོར་བསྐྱོད་པའི་མེ་སྟག་ལ། །ཟ་འོག་དོ་ཟླར་ཆས་པའི་སྤུ་རིས་རྣམས། །ཕྲག་དོག་བགྱིད་པའི་ཡུས་ཀྱིས་ང་རྒྱལ་བའི། །སྟག་གཟིག་གྲུས་མ་རྣམས་ཀྱིས་ཐུགས་དམ་བསྐང༌། །དཔའ་བོ་གཡུལ་དུ་ཞུགས་པའི་གོ་ཁྲབ་ལ། །བཙན་པོའི་དབུ་རྨོག་བགྱིད་པའི་ཡ་ལད་དང༌། །འཁོར་གསུམ་སྟག་ཆས་དར་ཚོན་གཡོ་བ་ཡིས། །གཙོ་འཁོར་ཡོངས་རྫོགས་དགྱེས་པ་བསྐྱེད་གྱུར་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱའ་ལ་བི་ཀཊྚ་ཀཱ་ར་ལ་ཛཽ་ཛནྟཾ་མཱཾ་ས་བྷ་ཏ་ཕུལླ་དྷུ་པ་ཨི་ཀ་ཧ་བ་ལེ་ཛིཾ་གྷ་ཏ་ད་ཤ་དྷེ་ཀ་སུདྟ་ཝུ་རི། ཌོམྦི་ནཱི། ཙནྜ་ལཱི། རཀྴ་སཱི། སིངྒ་ལཱི། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། སོགས་ལན་བདུན་རྣམ་གསུམ་གྱིས་སྤེལ་ཞིང་བསྔོ། འཁོར་རྣམས་ལ་ཨ་ཀཱ་རོས་བསྔོ། དྲུག་པ་


JLAZ008_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པ་ནི། ཧོཿ དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས་སུ་གསོལ། །མཆོད་གཏོར་དུས་ལས་འདས་ཤིང་བསྙེན་སྒྲུབ་གཡེལ། །ལྟ་བ་མ་རྟོགས་སྤྱོད་པ་བརླང་པོར་སྤྱད། །བསྙེན་པ་མ་རྫོགས་འབོད་རྦད་གསད་པར་རིངས། །གསང་བ་མ་བསྲུངས་ཉམས་པའི་རྒྱུ་དང་འདྲེས། །ལས་མཐའ་མ་རྫོགས་ཐུན་ཟོར་རྒྱུན་ཆད་སོགས། །ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །ཚངས་པ་དོན་གྱི་དངོས་གྲུབ་སྩལ་དུ་གསོལ། །བདུན་པ་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། རྡོ་རྗེ་ནག་པོ་ཆེན་པོ་ནི། །རྣམ་པར་ཐར་པའི་སྒོ་གསུམ་གྱི། །ཆོས་ཉིད་འགྱུར་བ་མེད་པའི་ངང༌། །འཕོ་ཆགས་སྤྲོས་པ་བྲལ་ལ་བསྟོད། །སྲིད་པའི་རང་བཞིན་གཟུང་འཛིན་གྱི། །རྣམ་འཕྲུལ་ཕ་མཐའ་མི་དཔོགས་པ། །མཐར་བྱེད་རྒྱལ་བའི་ལུང་རྟོགས་བསྟན། །བསྲུང་ཕྱིར་སྤྲུལ་པ་ཅིར་ཡང་སྟོན། །ཀུན་འབྱུང་ལས་དང་ཉོན་མོངས་ཀྱིས། །རྣམ་པར་དཀྲུགས་པའི་འགྲོ་བ་མིའི། །སྡུག་བསྔལ་རང་རྒྱུད་ཞི་བའི་ལམ། །བདེན་བཞིའི་ཞལ་གྱིས་འགོག་ལ་བསྟོད། །ཁྱད་པར་ཚར་གཅོད་རྗེས་འཛིན་གྱི། །ཤེས་བྱའི་ཡན་ལག་ཡོད་དོ་ཅོག །རྣམ་པ་ཀུན་མཁྱེན་ལམ་སྟེགས་ཕྱིར། །ཕྲིན་ལས་མཛད་པའང་དེ་སྙེད་སྟོན། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་དང༌། །རྟོག་གེ་འདོད་རྒྱལ་སྨྲ་བའི་དོན། །


JLAZ008_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཆེན་པོའི་ལྷ་གནས་དང༌། །ཏི་སེའི་བདག་པོ་མཛད་ལ་བསྟོད། །ཁྱོད་ལ་ཕྲིན་ལས་གསོལ་བ་ནི། །ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་རྗེས། །ལྷོ་ཕྱོགས་དཔལ་གྱི་རི་བོ་རུ། །བསྒྲགས་པའི་གཡར་དམ་ཉེར་དགོངས་ལ། །ཐུབ་པའི་ལུང་རྟོགས་བསྟན་པ་སྐྱོངས། །བསྟན་འཛིན་སྤེལ་ལ་སྐུ་ཚེ་སྲིངས། །གཙུག་ལག་ཆོས་འཁོར་གཉན་པོ་དང༌། །དབེན་གནས་བསྲུང་ལ་དར་རྒྱས་མཛོད། །འཇིག་རྟེན་ཁམས་སུ་དུས་ངན་གྱི། །རྒུད་པ་ཐམས་ཅད་ཚར་ཆོད་ལ། །ཆར་ཆུ་འབེབས་ཤིང་ལོ་ཏོག་རྒྱས། །རྫོགས་ལྡན་གསར་པའི་དགའ་སྟོན་སྩོལ། །ཞེས་པའང་མགོན་པོ་འདི་ཉིད་འཁོར་བའི་རྣམ་འགྱུར་དུ་མ་གཞན་དུ་གསལ་བ་ལྟར་མཐོང་བ་ལ་བརྟེན་ནས་གཡོ་རུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའོ།། །།


previousདཔལ་མགོན་ཞལ་བཞི་བའི་སྐོང་བ་དམ་ཅན་བླ་ཆགས་མ།next