Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  expand section
   
   
  expand section
   
   
   
   
   
  expand section
   
   
   
  expand section
   
   
   
   
   
  expand section
   
   
དམ་ཅན་ཆོས་སྲུང་རྣམས་ལ་འཕྲིན་བཅོལ་བྱ་ཚུལ།
   
   
  expand section


 
previousདམ་ཅན་ཆོས་སྲུང་རྣམས་ལ་འཕྲིན་བཅོལ་བྱ་ཚུལ།next

དམ་ཅན་ཆོས་སྲུང་རྣམས་ལ་འཕྲིན་བཅོལ་བྱ་ཚུལ།


JLAZ008_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་ཆོས་སྲུང་རྣམས་ལ་འཕྲིན་བཅོལ་བྱ་ཚུལ་བཞུགས། །ཀྱེ་ཐུབ་པའི་བསྟན་པ་རིན་ཆེན་འབར་བའི་སྣོད། །དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །བསླབ་གསུམ་ཡོངས་འདུ་ས་བརྟོལ་ལྗོན་པའི་ཤིང༌། །ནུབ་པ་མེད་པར་འཕེལ་བའི་རྒྱལ་མཚན་ཚུགས། །ད་དུས་སྙིགས་མ་ལྔ་ཡི་གཟིར་བ་འདིས། །ཀུན་རྟོག་དྲང་དོན་ལམ་གྱིས་གདུལ་དཀའ་ཚེ། །ངེས་དོན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཆེའི། །ཡོན་ཏན་བྱང་ཆུབ་སེམས་གཉིས་རྒྱས་པར་མཛོད། །ཁྱད་པར་མིག་འཕྲུལ་ལྟ་བུར་འགྲོ་བའི་ལམ། །རྡོ་རྗེའི་ཐེག་པ་རྒྱ་མཚོའི་སྨིན་གྲོལ་དང༌། །འཕགས་ལམ་ངེས་གསང་ཐེག་པ་མཆོག་གི་རྩེ། །ཀུན་ནས་ཀུན་ཏུ་དར་བའི་ཕྲིན་ལས་མཛོད། །རྒྱལ་བའི་གདུལ་བྱའི་ཁམས་དབང་བསམ་པ་དང༌། །རྗེས་སུ་མཐུན་པར་གསུངས་པའི་བསྟན་པ་ལ། །ཕྱོགས་ལྷུང་ཕྲག་དོག་གདོན་གྱིས་ཀུན་དཀྲིས་ཅན། །སྨོན་ལམ་ལོག་པའི་དམ་སྲིའི་སྙིང་ཁྲག་འཐུང༌། །གང་གི་དབང་ཕྱུག་ལུས་ཅན་ཐམས་ཅད་ཀྱིས། །ཁུར་དུ་ལྕི་བ་སྦྲུལ་གདུག་ལྟ་བུའི་སེམས། །བསྟན་འགྲོའི་ཕན་བདེ་བཤིག་ལ་ཆས་པ་དེར། །སྲུང་སྐྱོབ་མཛད་ན་ཁྱེད་ཀྱི་གཡར་དམ་འདྲལ། །ལོག་པར་ལྟ་བ་འཛིན་དང་ཀླ་ཀློའི་སྡེ། །དཀོན་མཆོག་དབུ་འཕང་སྨད་པའི་རྒྱལ་ཕྲན་གྱི། །ཆབ་སྲིད་སྐར་མདའ་ས་ལ་ལྷུང་བ་


JLAZ008_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །བྱས་པའི་མོད་ལ་དོན་སྙིང་ལྐོགས་མར་ཕྱུང༌། །མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་མ་མཐོང་ཞིང༌། །སངས་རྒྱས་གཉིས་པའི་དམ་ཚིག་ལ་འགོངས་པའི། །ནག་ཕྱོགས་གློ་བུར་ལྷགས་པའི་འདྲེ་རྒོད་དང༌། །རྒྱ་འདྲེ་བརླང་པོར་སྤྱོད་པའི་དུས་མཐའ་བསྟུངས། །མང་དུ་ཐོས་པ་ལུང་གི་ཡོན་ཏན་དང༌། །རྟོགས་པས་བདག་རྒྱུད་གྲོལ་བའི་སྐྱེས་བུ་རྣམས། །བསྟན་པའི་རྩ་ལག་གཅིག་ཏུ་གནས་པའི་ཕྱིར། །སྐུ་ཚེ་མཛད་ཕྲིན་ཡར་ཟླའི་མཆེད་པོ་མཛོད། །ཁྱིམ་ན་གནས་ཀྱང་ཡང་དག་བལྟ་ལ་དད། །དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་རྣམས། །ཐེག་པ་ཆེན་པོའི་གདུལ་བྱ་ཉིད་ཀྱི་ཕྱིར། །གཡེལ་བ་མེད་པའི་མེལ་ཚེ་བསྲུང་སྐྱོབས་མཛོད། །ཆོས་དང་སྲིད་ཀྱི་གཞི་ལ་ཕུན་ཚོགས་སྤེལ། །བྱེས་སུ་ལམ་འཕྲང་ཆོམ་རྐུན་འཚེ་བ་སྲུངས། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་པས་ཀྱང༌། །ཚོགས་གཉིས་འབྲས་བུར་སྨིན་པའི་བཀྲ་ཤིས་སྩོལ།། །།


previousདམ་ཅན་ཆོས་སྲུང་རྣམས་ལ་འཕྲིན་བཅོལ་བྱ་ཚུལ།next