Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
ཕུར་པ་རྒྱུད་ལུགས་ལས་བཀའ་མའི་ཡན་ལག་བརྒྱད་འགྲེལ་རྒྱུད་དོན་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་རྒྱུད་ལུགས་ལས་བཀའ་མའི་ཡན་ལག་བརྒྱད་འགྲེལ་རྒྱུད་དོན་གསལ་བ།next

ཕུར་པ་རྒྱུད་ལུགས་ལས་བཀའ་མའི་ཡན་ལག་བརྒྱད་འགྲེལ་རྒྱུད་དོན་གསལ་བ།


JLAZ009_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་རྒྱུད་ལུགས་ལས་བཀའ་མའི་ཡན་ལག་བརྒྱད་འགྲེལ་རྒྱུད་དོན་གསལ་བ་བཞུགས། །རྒྱལ་བ་ཀུན་གྱི་གསང་བའི་མཛོད། །རྡོ་རྗེའི་མཚོན་དོན་ལ་གནས་པ། །མི་བསྐྱོད་ཡང་དག་བདེ་བའི་དངོས། །གསུང་གི་རྡོ་རྗེ་སྙིང་དབུས་བསྟེན། །དེ་ལ་སྔ་འགྱུར་བཀའ་མའི་གཞུང་ལས་ཡན་ལག་བརྒྱད་པ་ཚིག་དོན་དབྱིངས་ཆེ་བ་ཞིག་གསུངས་པ་བཀའ་གཏེར་གྱི་ཆོ་ག་ཀུན་གྱི་སྔོན་འགྲོར་རྒྱུ་བས་དེའི་དོན་འགྲེལ་པ་ལ། དང་པོ་ཕྱག་འཚལ་བའི་ཡན་ལག་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །ཞེས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དམ་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་མི་ཕྱེད་ཅིང༌། མི་ཤིགས་པའི་ཕྱིར། རྒྱུད་ལས། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་དང༌། རྣམ་འཇོམས་ལས་ཀྱང་མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ་ཞེས་སོགས་རྡོ་རྗེའི་ཆོས་བདུན་བསྟན་པ་ ཡིན་ནོ། །དེ་ལྟ་བུ་ནི་མཚོན་བྱ་དོན་གྱི་རྡོ་རྗེའི་ངོ་བོ་ཉིད་ཡིན་པས་སྔགས་ཀྱི་གཞུང་ལམ་ཀུན་ལ་རྡོ་རྗེའི་ཐེག་པ་དང༌། རྡོ་རྗེའི་ལས་དང༌། རྡོ་རྗེའི་བརྟུལ་ཞུགས་དང༌། རྡོ་རྗེའི་ཕྱག་རྒྱ་དང༌།


JLAZ009_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཡེ་ཤེས་དང༌། རྡོ་རྗེའི་དམ་ཚིག་ལ་སོགས་པར་གྲགས་པ་ལས། དེ་དག་རྣམས་ཀྱི་དོན་མ་ནོར་བར་རང་གིས་གཟིགས་པའི་ཕྱིར་ཆོས་ཀྱི་མིང་གང་ཟག་ལ་ཆགས་པས་རྡོ་རྗེ་དང༌། གོ་འཕང་དེ་ལ་གཞན་ཡང་བཀྲི་བ་ལ་མཁས་པའི་སློབ་དཔོན་ཏེ། དེ་ལྟ་བུའི་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཡིན་ཅིང༌། སློབ་མ་རང་གི་ངོ་གང་ནས་སངས་རྒྱས་ལས་ཀྱང་ལྷག་ཅིང་བཀའ་དྲིན་ཆེ་བས་དཔལ་ཞེས་ཕུན་སུམ་ཚོགས་པའི་མིང་གི་ཆ་ནས་སྨོས་པ་སྟེ། རྒྱུད་ལས། མིང་དབང་བསྐུར་བའི་དུས་ཀྱང༌། དཔལ་དང་རྡོ་རྗེའི་སྒྲ་ལྡན་པར། །ཞེས་པ་ལྟར་རོ། །དེའང་རྡོ་རྗེ་སློབ་དཔོན་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་ཐུགས་རྗེ་ལ་བྲི་གང་མེད་པའི་ཆ་ནས་དུས་གསུམ་བཞུགས་པའི་སྒྲས་རྟེན་དེ་ལ་ཕྱག་འཚལ་བ་སྟེ། འཇམ་དཔལ་ལས། ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་པ་ལྟར་རོ། །ཡན་ལག་གཉིས་པ་སྟེ། མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །ཞེས་པས། དཀོན་མཆོག་གསུམ་པོ་ནི་ལམ་གྱི་གནས་སྐབས་ན་དད་པས་བསྟེན་ཞིང་བསྙེན་པར་བྱ་བའི་ཞིང་ས་བླ་ན་མེད་པ་ཡིན་ལ། སྐྱབས་


JLAZ009_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྲོ་ཚུལ་གྱི་ངོས་ནས་ཚོགས་ཞིང་དེ་དག་གི་སྤང་རྟོགས་ཀྱི་ཡོན་ཏན་རང་རྒྱུད་ལ་སྒྲུབ་པའི་དེ་ཁོ་ན་ཉིད་རིག་པའི་སྟོབས་ཀྱིས་སྐྱབས་སུ་འགྲོ་བས་ན་གཉིས་མེད་ཀྱི་སྒྲ་ཞུགས་པའོ། །འདི་ལ་སྟོན་པའི་ཞིང་ཞེས་འདྲི་བ་ནི་ནོར་བ་ཆེན་པོ་སྟེ། ཅིའི་ཕྱིར་ཟེར་ན། སངས་རྒྱས་ལ་སྟོན་པར་རུང་ཡང་ཆོས་དང་དགེ་འདུན་སྟོན་པ་མ་ཡིན་པའི་ ཕྱིར་རོ། །དེ་སྐད་དུ། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །ཞེས་པ་འདི་ཙམ་གྱིས་ཀྱང་དཀོན་མཆོག་གསུམ་པོའི་བྱེད་ལས་ངོ་ཤེས་པར་བྱའོ། །ཡན་ལག་གསུམ་པ་ནི། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །ཞེས་པས། དངོས་འབྱོར་ནི་བླ་ན་ཡོད་པ་དང༌། ཡིད་སྤྲུལ་ནི་བླ་ན་མེད་པ་གཉིས་ལས། སྔ་མ་དངོས་རྒྱུ་དག་པ་དང༌། ཕྱི་མ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང་མཚུངས་པ་ཏིང་ངེ་འཛིན་རྣམ་པར་དག་པའི་སྟོབས་ཀྱིས་འབུལ་བས་དག་པའི་མཆོད་པ་ཞེས་བྱའོ། །ཡན་ལག་བཞི་པ་ནི། དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་


JLAZ009_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །ཞེས་རྡོ་རྗེ་ཐེག་པའི་ལམ་ནས་ཇི་ལྟར་འཐོབ་ཏུ་རུང་བའི་དངོས་གྲུབ་རྣམ་པ་གཉིས་པོ་གཟུགས་ཅན་གྱི་རྒྱན་དུ་བཀོད་ནས། དེ་ལྟ་བུའི་དངོས་གྲུབ་ཀྱི་ཆུ་བོ་གཅོད་པའི་བགེགས་ཆེན་པོར་གྱུར་པ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉེས་པར་བྱས་པའི་དམ་སྡོམ་ཉམས་ཆག་ཡིན་ཏེ། ཕུར་པ་མྱང་འདས་ལས། དེ་ལྟར་དམ་ལ་མི་གནས་ན། །ས་བོན་མེ་ཡིས་ཚིག་པ་ཡིན། །ཏཱ་ལའི་ཤིང་ནི་མགོ་བཅད་བཞིན། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་པ་ལྟར་དམ་ཚིག་ཉམས་ན་བསྐྱེད་རྫོགས་ཀྱི་ལམ་ལ་ཅི་ཙམ་འབད་ཀྱང་ཏཱ་ལའི་ཤིང་གི་མགོ་བཅད་པ་ལྟར་ཇི་ལྟར་འབད་ཀྱང་མི་སྐྱེ་བ་དང་མཚུངས་པས་སྟོབས་བཞིའི་གནད་ལ་བརྟེན་ནས་བཤགས་པའོ། །ཡན་ལག་ལྔ་པ་ནི། ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང༌། །འདི་ལྟར་ཤར་ལ་སོགས་པའི་ཕྱོགས་བཅུ་ནི་དམིགས་པ་དང་བཅས་ཤིང་ཕན་ཚུན་དང་ཡན་མན་གཅིག་ལ་གཅིག་ལྟོས་ཀྱིས་རྗེས་དཔགས་ལ་བརྟེན་ནས་བློས་བཏགས་པའི་ཕྱིར་ན། སོ་སོར་རྟོག་པའི་ཤེས་རབ་ཟབ་མོའི་ཕྱོགས་རང་བཞིན་མེད་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་དང༌། དེ་བཞིན་དུ་བདག་


JLAZ009_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གཞན་དང༌། གཉིས་ཀར་དམིགས་པའི་འཁོར་གསུམ་ཡོངས་སུ་དག་པ་ནི་བདེན་གཉིས་དབྱེར་མེད་དུ་རྟོགས་པའི་ཆོས་བླ་ན་མེད་པ་སྟེ། དེའི་ངང་ལ་མ་ཆགས་པར་སྤྱོད། མ་ཞེན་པར་གོམས་སུ་འཇུག་པ་ནི་དོན་དམ་པའི་རྗེས་སུ་ཡི་རང་བའོ། །ཡན་ལག་དྲུག་པ་ནི། དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་ བསྐྱེད་དོ། །ཞེས་པ་འདི་ལ་འགྲེལ་ཚུལ་གཉིས་བྱས་ཀྱང་རུང་སྟེ། ཀུན་རྫོབ་སེམས་བསྐྱེད་དང་བསྟུན་ན། ཚངས་པའི་གནས་པ་བཞི་དག་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་ཚད་མེད་བཞི་ལྟ་བུའི་སྒོ་ནས་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དོན་དམ་སེམས་བསྐྱེད་ཀྱི་དབང་དུ་བྱས་ན། ཡོད་མེད་རྟག་ཆད་ཀྱི་མཐའ་བཞི་རྣམ་པར་དག་པ་ནི་ངེས་དོན་དབུ་མ་ཆེན་པོ་དྲི་མ་མེད་པའི་གནས་ལུགས་ཏེ། དེའི་ངང་དུ་ལམ་བདེན་འདུས་བྱས་པ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་དམིགས་པ་མེད་པའི་སེམས་བསྐྱེད་པའོ། །ཡན་ལག་བདུན་པ་སྟེ། བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་


JLAZ009_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དབུལ་ལོ། །དེ་ལ་ལུས་དབུལ་བ་འདི་ནི་ཐེག་པ་ཆེན་པོའི་སྡེ་སྣོད་གཉིས་ལས་གསུངས་པའི་ཡོན་ཏན་གྱི་མཆོག་དང༌། རབ་དང༌། གྱ་ནོམ་པ་སྟེ་འབྱུང་བ་ལྔའི་རྡོས་པས་བཅིངས་པའི་བདག་འཛིན་གྱི་ཕུང་པོ་འདི་ཕུལ་བས་བདག་མེད་རྒྱལ་བའི་ཞིང་དུ་སྦྱར་བའི་དགོས་པ་དང༌། ཉིང་དགོས་ནི། རྐང་པ་དང་པོའི་དོན་གྱི་བདེ་གཤེགས་ནི་འདས་པའི་སངས་རྒྱས། དབང་ཕྱུག་ནི་ད་ལྟ་བའི་སངས་རྒྱས་བླ་མ། སེམས་ཅན་ནི་མ་འོངས་པའི་སངས་རྒྱས་བདེར་གཤེགས་སྙིང་པོའི་རང་བཞིན་ཅན་གསུམ་གྱི་ཚོགས་ཞིང་ངོས་བཟུང་ནས་རྐང་པ་གཉིས་པའི་དོན། འདས་པའི་སངས་རྒྱས་ལ་ཕུལ་བས་དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་མངོན་དུ་འགྱུར་བའི་དགོས་པ་དང༌། ད་ལྟ་བ་ལ་ཕུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དམ་པའི་སྣོད་དུ་རུང་ཞིང་དབང་དང་བྱིན་རླབས་ལ་བརྟེན་ནས་འབྲས་བུ་ཐོབ་པའི་དགོས་པ་དང༌། མ་འོངས་པ་ལ་ཕུལ་བས་ཐེག་པ་ཆེན་པོའི་འབྲས་བུ་ཐོབ་པའི་དོན་པོ་གཞན་དོན་མཐར་ཕྱིན་པའི་རྟེན་འབྲེལ་འགྲིག་པ་སྟེ་དགོས་པ་གསུམ་དང་ལྡན་པའི་


JLAZ009_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་རྡོ་རྗེ་ལས་རིམ་ལས། ཕྱོགས་བཅུ་སྲས་དང་བཅས་པ་དང༌། །དབང་ཕྱུག་སངས་རྒྱས་ད་ལྟ་བདག །མ་འོངས་རང་བཞིན་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་ དབུལ་བྱ། །མཆོག་གི་ཡོན་ཕྱིར་སྣོད་དུ་འགྱུར། །ཞེས་སོ། །སྔ་རབས་པ་ཕལ་མོ་ཆེས་གོ་བ་ནི་བླངས། དོན་ནི་མ་ཁྲོལ་བས། བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་འབུལ་ལོ། །ཞེས་རྒྱུད་ཚིག་འཆོལ་བ་གྲགས་པ་ཤིན་ཏུ་བརྟན་ནའང༌། རྒྱུ་མཚན་མེད་པའི་རྟོག་དཔྱོད་ཙམ་མོ། །ཡན་ལག་བརྒྱད་པ་ནི། ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །དེ་ལ་འཁོར་བ་སྤྱི་ཚན་གྱི་ཐོག་མ། འདི་ཙམ་ནས་སོ་ཞེས་བརྗོད་པར་མི་ནུས་ཀྱང༌། རང་ངོ་ལ་ལྟོས་ན་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཡེ་ལྡན་གྱི་ཚུལ། རྐྱེན་ལྷན་ཅིག་སྐྱེས་པའི་མ་རིག་པ་དུས་མཉམ་གྱི་ཚུལ། ཡུལ་ལ་ཀུན་ཏུ་བཏགས་པའི་མ་རིག་པ་ཕྱིས་བྱུང་གི་ཚུལ་གསུམ་ལས་ཚེ་རབས་ཀྱི་ཐོག་མ་བཀོད་པ་ནས་བཟུང་སྟེ། ད་ལྟར་གྱི་བར་དུ་བགྲངས་


JLAZ009_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་པ་ཡིད་ཀྱི་ལས་དང༌། སེམས་པ་ལུས་ངག་གི་ལས་ལ་བརྟེན་ནས་དཀར་པོ་རྣམ་པར་འཕེལ་བའི་ལས་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་འདིར་ཐབས་ལ་མཁས་པའི་ཤེས་རབ་ཀྱིས་བསྡུས་ཏེ་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར་བསྔོའོ། །ཞེས་པའི་དོན་ནོ། །ཞེས་པའང་མདོ་ཁམས་པ་ལས་ཅན་གྱི་སློབ་བུ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་བསྐུལ་བ་ལས། རྫོགས་ཆེན་པ་འཇིགས་མེད་གླིང་པས་དཔལ་ལྡན་པདྨ་འོད་གླིང་དུ་ཡུད་ཙམ་ལ་བཀོད་པའོ།། །།


previousཕུར་པ་རྒྱུད་ལུགས་ལས་བཀའ་མའི་ཡན་ལག་བརྒྱད་འགྲེལ་རྒྱུད་དོན་གསལ་བ།next