Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
སྔ་འགྱུར་བཀའ་མའི་བདུད་རྩིའི་གསང་ནན་གྱི་འགྲེལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྔ་འགྱུར་བཀའ་མའི་བདུད་རྩིའི་གསང་ནན་གྱི་འགྲེལ་པ།next

སྔ་འགྱུར་བཀའ་མའི་བདུད་རྩིའི་གསང་ནན་གྱི་འགྲེལ་པ།


JLAZ009_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་འགྱུར་བཀའ་མའི་བདུད་རྩིའི་གསང་ནན་གྱི་འགྲེལ་པ་བཞུགས། །


JLAZ009_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བདུད་རྩི་གསང་ནན་གྱི་དོན་ནི། རྐང་པ་དང་པོ། མི་བསྐྱོད་ཡེ་ཤེས་བདེ་བའི་མཆོག་དང་ལྡན་པའི་རོ་ལ་བསྣམ་དུ་གསོལ། །ཞེས་མི་བསྐྱོད་པ་ནི་མི་འགྱུར་བའི་དོན་དང༌། དེའི་རང་བཞིན་ཡེ་ཤེས་ལས་གཞན་དུ་མི་འཕོ་བས་སྡུག་བསྔལ་མཐའ་དག་དང་བྲལ་བའི་བདེ་བ་ཆེན་པོ་སྟེ། གང་གི་བླ་ན་འགྲོ་བའི་ཆོས་གཞན་མེད་པས་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་རོ་ལ་ཟག་པ་མེད་པའི་ཤེས་རབ་ཀྱིས་མྱོང་བའི་རྐྱེན་གྱིས། ཐོབ་བྱ་འཐོབ་པའི་དོན་ལ་བསྣམ་དུ་གསོལ། ཞེས་སངས་རྒྱས་རྣམས་ལ་དགྱེས་པ་བསྐྱེད་པའོ། །རྐང་པ་གཉིས་པ་སོགས་པ་ནི། བྱང་


JLAZ009_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལས་བསླང་བའི་ཕྱིར། ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེས་ཤིང་བསྣམ་དུ་གསོལ། །ཞེས་པའི་དོན། བྱང་ཆུབ་སེམས་དཔའི་སྡེ་སྣོད་སྤྱི་དང༌། ཁྱད་པར་རྡོ་རྗེ་ཐེག་པའི་དབང་གསུམ་ལས་བྱུང་བའི་བདེ་མཆོག་དེ་ཉིད། ཐབས་དང་ཤེས་རབ་གཉིས་ཀས་སྤངས་པའི་ཉན་ཐོས་རྣམས་འགོག་བདེན་ཙམ་པོ་བའི་བྱང་ཆུབ་ལས་སད་ཅིང་བསླང་བའི་ཕྱིར། རང་རང་གི་རིགས་ཀྱི་ཡུམ་དང་མཉམ་པར་རོལ་ནས་མ་ཆགས་མི་ཆགས་ཆགས་པ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་གི་བདག་ཉིད་ཅན་དུས་རེ་འགའ་བ་ལས་འདས་པའི་རྣམ་པ་


JLAZ009_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་ཁ་སྦྱོར་ཡན་ལག་བདུན་གྱི་བདག་ཉིད་དུ་ཉམས་སུ་མྱོང་བར་བསྐུལ་བའི་དོན་དུ་དམ་ཚིག་བདུད་རྩི་སྒྲ་བཅས་སུ་འཕྱར་ནས་བཞེས་ཤིང་བསྣམ་དུ་གསོལ། ཞེས་གོ་འཕང་གང་ཞིག་བདག་གིར་མཛད་པར་བསྐུལ་བའོ། །མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་དགའ་བའི་གར་མཛོད་ཅིག །ཅེས་པས་དེ་ལྟ་བུའི་ཐབས་ཀྱི་མཐར་ཕྱིན་པ་དེ་ཉིད་ཉན་ཐོས་ལ་སོགས་པས་ཐོས་སུའང་མི་རུང་བས་མཆོག་ཏུ་གསང་བའི་བདེ་བ་ཆེན་པོ་སྟེ། ཆོས་ཉིད་གང་ལ་རྟག་ཏུ་རོལ་ཞིང༌། དེ་ལྟར་རོལ་པའི་རྗེས་ཐོབ་ཐམས་ཅད་སྙིང་རྗེ་ཆེན་པོ་འབའ་ཞིག་ཏུ་འཆར་བས་དམ་བཅས་རང་རྒྱལ་རྣམས་གཞན་དོན་ལ་བསྐུལ། གཞན་རྣམས་དབང་དུ་བྱེད་པ་ཉིད་གཙོ་བོར་གྱུར་པའི་ཕྲིན་ལས་རྣམ་པ་བཞིས་འཇིག་རྟེན་སྒྲོལ་བ་ལ་བརྩོན་ནོ། །དེ་ཕྱིར་བྱང་ཆུབ་སྐྱེ་གནས་ཏེ་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་རྡོ་རྗེ་བཙུན་མོའི་བྷ་ག་བདེ་མཆོག་དམ་པའི་དབྱིངས་ལས་གཞན་དུ་མི་འགྱུར་ཞིང་འཕོ་ཆགས་མེད་པའི་དོན་གྱིས་མི་ཉམས་པ་དགའ་བ་བཞིའི་ཡེ་ཤེས་ལ་རོལ་པ་ཆེན་པོའི་ཟློས་གར་མཛོད་ཅིག་ཅེས་ཞུ་བདེའི་ཡེ་ཤེས་བསྐྱེད་པ་ལ་བསྐུལ་བ་ཡིན་ནོ། །ཞེན་ཅིང་ཆགས་པའི་མཐའ་ལ་ཉོན་མོངས་


JLAZ009_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྣོ་བརྐམས་གཟིར་བ་ཡིས། །མྱོང་བདེ་བདེ་མཆོག་བརྒྱད་དང་ལྡན་པས་ཐབས་ཀྱིས་སྐུ་ལ་སྨྲེ་བར་མཛོད། །འགྲོ་ཀུན་ཚངས་པར་སྤྱོད་པའི་བྱང་ཆུབ་སྒོ་མོར་ལམ་སྟོན་ཅིང༌། །བདེ་མཆོག་བདུད་རྩི་ཁྱད་པར་མེད་པའི་ཚོགས་ལ་བཀའ་སྩོལ་ཅིག །ཅེས་པའི་དོན། སེམས་ཅན་རྣམས་ཀྱི་རང་བཞིན་ནི། གཟུང་འཛིན་ལ་ཞེ་ན། འདོད་པ་ལ་ཆགས་པའི་མཐའ་གཉིས་ཀྱིས་ཉོན་མོངས་པའི་དབལ་རྣོ་བརྐམ་ཆགས་ཀྱིས་གཟིར་ན། སྲིད་པའི་འདོད་ཆགས་ཀྱི་མྱོང་བདེ་ཐ་མལ་པ་འཁོར་བའི་རང་བཞིན་ཅན་དུ་གནས་པ་དེ་དག །རྡོ་རྗེ་ཐེག་པའི་ཐབས་ལམ་ཟབ་མོའི་དགའ་བཞི་ལུགས་འབྱུང་བཞི་དང་ལུགས་ལྡོག་བཞི་སྟེ་བདེ་མཆོག་བརྒྱད་ལྡན་གྱི་བདག་ཉིད་ལ་སྦྱོར་བའི་བྱེད་པོ་ནི་ལྷ་མོ་དགའ་སྟེར་གནས་སྟེར་མ་ཁྱོད་ལས་གཞན་དུ་མེད་པས་དམ་ཚིག་གི་བདུད་རྩི་གསང་ནན་ནི་བཞེས་ལ་ཐབས་ཀྱི་སྐུ་ལ་སྨྲེ་བར་མཛོད་ཀྱི་སྒྲས། ཡུམ་གྱིས་ཡབ་ལ་ཞུ་བདེའི་ཡེ་ཤེས་བསྐྱེད་པར་བསྐུལ་ཞིང༌། དེ་ལྟར་དང་དུ་བཞེས་པའི་རྒྱུ་འབྲས་སེམས་ཅན་གྱི་ཁམས་ལ་སྨིན་ཏེ། འགྲོ་བ་ཀུན་གྱི་སྲིད་པའི་འདོད་པ་སྔགས་ཀྱི་ཐབས་ལམ་ཟབ་མོ་ལ་བརྟེན་ནས་ཡང་དག་པར་སྦྱོངས་པས། མ་ཆགས་པ་ལ་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་ཡིན། །ཞེས་


JLAZ009_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་འཛག་བདེའི་རྒྱུན་ལམ་བཅད་པ་ཙམ་ལ་མ་ལྟོས་པར་འདོད་ཆགས་རྣམ་དག་སོ་སོར་རྟོག་པའི་ཡེ་ཤེས་སུ་ཤར་བའི་ཚངས་སྤྱོད་ཆེན་པོའི་བྱང་ཆུབ་སྒོ་མོར་ལམ་སྟོན་ཅིག་ཅེས། ཐར་པ་བསྟན་པའི་ཆོས་ཀྱི་བདུད་རྩི་ལ་བསྐུལ་བའོ། །དེ་ལྟ་བུའི་བདེ་མཆོག་གི་བདུད་རྩི་ནི་ཐབས་ཁྱད་པར་ཅན་འདི་ལ་མ་བསྟེན་པར་འབྱུང་བ་མེད་པས། ཁྱད་པར་མེད་པ་སྟེ་སེམས་ཅན་གྱི་ཁམས་རྣམ་པ་ཐམས་ཅད་ལ་སྩོལ་ཞིག་ཅེས་པ་སྟེ། ཉིན་བཞིན་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་ནི་བྱེད་པ་ཀུན། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །ཞེས་བཤད་པ་བཞིན་ནོ། །ཞེས་པ་འདི་ཡང་ཞབས་དྲུང་ཡང་སྟེང་པ་འཇིགས་མེད་དགའ་བའི་ངོར། རིག་པ་འཛིན་པ་འཇིགས་མེད་གླིང་པས་དོན་བསྡུ་གཙོ་བོར་བཏོན་ནས་ཡུད་ཙམ་ལ་བློ་ཐོག་ནས་བཀོད་པའོ། །དགེའོ། །དགེའོ། །དགེའོ། །མངྒ་ལཾ།། །།


previousསྔ་འགྱུར་བཀའ་མའི་བདུད་རྩིའི་གསང་ནན་གྱི་འགྲེལ་པ།next