Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ཕུར་པ་རྒྱུད་ལུགས་ལས། སྒྲུབ་པའི་དུས་ཀྱི་ཉུ་ལེ་སྐྲོད་པའི་ཕོ་ཉ་སྒོས་བསྐུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་རྒྱུད་ལུགས་ལས། སྒྲུབ་པའི་དུས་ཀྱི་ཉུ་ལེ་སྐྲོད་པའི་ཕོ་ཉ་སྒོས་བསྐུལ།next

ཕུར་པ་རྒྱུད་ལུགས་ལས། སྒྲུབ་པའི་དུས་ཀྱི་ཉུ་ལེ་སྐྲོད་པའི་ཕོ་ཉ་སྒོས་བསྐུལ།


JLAZ009_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་རྒྱུད་ལུགས་ལས། སྒྲུབ་པའི་དུས་ཀྱི་ཉུ་ལེ་སྐྲོད་པའི་ཕོ་ཉ་སྒོས་བསྐུལ་བཞུགས། །


JLAZ009_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་བཛྲ་ཀུ་མཱ་ར། སྒྲུབ་ཆེན་གྱི་དུས་ཉམས་རྟགས་དྲུག་ཏུ་མངོན་པའི་གཉེན་པོ་གདོང་ཅན་དྲུག་གི་བསྐུལ་བྱ་བ་ནི། གུ་གུལ་བསྲེག །ཉུང་དཀར་བརྡེག །ཕུར་པས་གཟིར་བ་དང་བཅས། ཧཱུཾ། ཡེ་ཤེས་སྐུ་ཡི་སྤྲུལ་པ་སྟེ། །རྫུ་འཕྲུལ་སྟོན་ཅིང་བཀའ་ཉན་པའི། །དཔའ་བརྟུལ་སྟག་གི་མགོ་ཅན་ལ། །མི་མོ་སྟག་གི་མགོ་ཅན་ཞོན། །བང་ནི་རླུང་གི་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། །ཁམས་གསུམ་དབང་དུ་བསྡུ་བ་དང༌། །སྲིད་གསུམ་ཟིལ་གྱིས་གནོན་པ་དང༌། །སྒྲུབ་ལ་


JLAZ009_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་བྱེད་པ་རྣམས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཧཱུཾ། ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །སྟོབས་ཀྱི་རྒྱལ་པོ་སེང་གེ་ལ། །མི་མོ་སེང་གེའི་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་ཁམས་གསུམ་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། །ཁམས་གསུམ་དབང་དུ་བསྡུ་བ་དང༌། །སྲིད་གསུམ་ཟིལ་གྱིས་གནོན་པ་དང༌། །སྒྲུབ་ལ་བར་གཅོད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཧཱུཾ། ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །དྲན་བྱེད་


JLAZ009_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྡིང་ཕོ་རོག་ལ། །མི་མོ་ཕོ་རོག་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། །ཁམས་གསུམ་དབང་དུ་བསྡུ་བ་དང༌། །སྲིད་གསུམ་ཟིལ་གྱིས་གནོན་པ་དང༌། །སྒྲུབ་ལ་བར་གཅོད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཧཱུཾ། ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །རྫི་སྣོམ་གཡག་གི་མགོ་ཅན་ལ། །མི་མོ་གཡག་གི་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། །ཁམས་གསུམ་དབང་དུ་བསྡུ་བ་དང༌། །སྲིད་གསུམ་ཟིལ་གྱིས་གནོན་པ་དང༌། །སྒྲུབ་ལ་བར་གཅོད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཧཱུཾ། ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །གསོད་བྱེད་ཆེན་མོ་དྲེད་མོ་ལ། །མི་མོ་དྲེད་མོའི་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །


JLAZ009_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། །ཁམས་གསུམ་དབང་དུ་བསྡུ་བ་དང༌། །སྲིད་གསུམ་ཟིལ་གྱིས་གནོན་པ་དང༌། །སྒྲུབ་ལ་བར་གཅོད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཧཱུཾ། ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་གཅིག །གྲིམས་བྱེད་ཆེན་མོ་གཟིག་མོ་ལ། །མི་མོ་གཟིག་གི་མགོ་ཅན་ཞོན། །བང་ནི་རླུང་གིས་བསྐྱོད་དུ་མེད། །སྐད་ནི་སྟོང་ཁམས་ཁྱབ་པར་སྒྲོགས། །ལག་པ་གཡས་ན་ཕུར་པ་བསྣམས། །གང་ལ་བྱ་བའི་སྙིང་ལ་ཡ། །ལག་པ་གཡོན་ན་ལྕགས་ཀྱུ་བསྣམས། །གང་ལ་བྱ་བའི་སྙིང་ནས་དྲོངས། །ཁམས་གསུམ་དབང་དུ་བསྡུ་བ་དང༌། །སྲིད་གསུམ་ཟིན་གྱིས་གནོན་པ་དང༌། །སྒྲུབ་ལ་བར་གཅོད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཉམས་དྲུག་རྟགས་དྲུག་མི་གསལ་བའི། །ཏིང་འཛིན་དྲོད་ཉུལ་ཆེན་མོ་རྣམས། །ཐམས་ཅད་མ་ལུས་དབང་དུ་སྡུད། །ཉི་མའི་ཟེར་ལ་གནོད་བྱེད་པ། །འབྱུང་པོ་ཐེའུ་རང་གནོད་བྱེད་ལྔ། །དྲི་དང་ངད་དུ་བཅས་པ་ལྡང༌། །ཚེ་ལ་བར་


JLAZ009_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་བྱེད་པའི་བགེགས། །ཟློག་བྱེད་སྟག་མོའི་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཉི་མ་གུང་ལ་གནོད་བྱེད་པ། །ས་བདག་ཆེན་མོ་ལག་ཆེན་ཡང༌། །ལྕི་ཞིང་ཉམ་ཆུང་དྲོད་དང་བྲལ། །གུང་ལ་བར་ཆད་བྱེད་པའི་བགེགས། །ཟློག་བྱེད་སྟོབས་ལྡན་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློག །དགོང་གི་དུས་ན་གནོད་བྱེད་པ། །བཙན་གྱི་ཕོ་ཉ་རྐང་ཕྲིན་ཡིན། །ཕྱད་ཕྱོད་ཏིང་འཛིན་མི་གསལ་བ། །དགོང་ལ་བར་ཆད་བྱེད་པའི་བགེགས། །དྲན་བྱེད་ཆེན་མོ་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློག །སྲོད་ཀྱི་དུས་ན་གནོད་བྱེད་པ། །བདུད་ཀྱི་རྒྱལ་པོ་མ་རུངས་པ། །གྲིབ་སོ་གནག་ཅིང་རྨུག་པར་བྱེད། །ཟློག་བྱེད་གཡག་གི་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ནམ་ཕྱེད་བར་ཆད་བྱེད་པའི་བགེགས། །མ་བདུད་རྒྱལ་པོ་ཀུན་ ཏུ་རྒྱུ། །སྤྱུགས་པ་ལེན་ཅིང་མེ་རུ་འབར། །ནམ་ཕྱེད་བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཧཱུཾ། ཐོ་རངས་བར་ཆད་བྱེད་པའི་བགེགས། །ཚངས་པ་ཆེན་པོའི་སྤྲུལ་པ་སྟེ། །མེ་འོད་ཀུན་གྱི་བདག་པོ་ཡིས། །ཟློག་བྱེད་དྲེད་ཀྱི་ཏིང་འཛིན་དང༌། །སྒྲུབ་པ་རྫས་ཀྱི་དམ་པ་ཡི། །ཐོ་རངས་


JLAZ009_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་བྱེད་པའི་བགེགས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཧཱུཾ། གདུག་བྱེད་གནོད་པའི་བར་ཆད་རྣམས། །དུས་མ་ཡིན་པར་འབྱུང་བར་བྱེད། །ཏིང་འཛིན་མི་གསལ་དྲན་པ་ཉམས། །ཟློག་བྱེད་གཟིག་གི་ཏིང་འཛིན་གྱིས། །ཐལ་བ་བཞིན་དུ་རྡུལ་དུ་རློག །ཉམས་པའི་འོད་དང་བདུད་ཀྱི་འོད། །ཐེ་བྲང་འོད་དང་རྟགས་ཀྱི་འོད། །རྟགས་ཀྱི་དྲི་དང་ཐེ་བྲང་དྲི། །བདུད་ཀྱི་ཉམས་དང་དངོས་གྲུབ་ཉམས། །སྤར་ཤིང་དྲི་དང་རྫས་ཀྱི་དྲི། །བར་ཆད་འོད་དང་མ་མོའི་རྟགས། །བཙན་གྱི་སྒྲ་དང་རིག་འཛིན་གསུང༌། །ཐམས་ཅད་དུས་དང་ཉམས་དགའ་དང༌། །རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་དང༌། །ཉུང་དཀར་ཕུར་བུ་ཞིང་ལྤགས་དང༌། །གུ་གུལ་དུད་པ་བཏང་བས་འབྱུང༌། །རབ་རིབ་མེད་པར་རབ་ཤེས་ན། །དེ་ཉིད་ཡེ་ཤེས་ལྷ་ཡི་རྟགས། །གསལ་ལ་རྟོག་མེད་ཉམ་མི་ང༌། །རབ་རིབ་མི་བརྟན་འགྱུར་བ་ཅན། །རྟགས་མིན་དངོས་གྲུབ་བར་ཆད་བྱེད། །དེ་ཉིད་བཟློག་པར་རབ་ཤེས་བྱ། །ཡང་ན་ཏིང་འཛིན་ཆེན་པོ་དྲུག །གཙོ་བོའི་ཏིང་འཛིན་ཆེན་པོ་དང༌། །མཚམས་དང་སྲས་མཆོག་དྲུག་རྣམས་ཀྱི། །སྔགས་དང་ཚིག་དང་ཕུར་པ་ཡིས། །དུས་རྣམས་ཀུན་ཏུ་བཟློག་པར་བྱ། །ཡང་ན་སྲས་མཆོག་དྲུག་རྣམས་ཀྱིས། །རིམ་པ་བཞིན་དུ་ཡག་དག་བཟློག །ཐམས་ཅད་ཀུན་ཏུ་བཟློག་པར་བྱ། །ཞེས་གསུངས་སོ། །


previousཕུར་པ་རྒྱུད་ལུགས་ལས། སྒྲུབ་པའི་དུས་ཀྱི་ཉུ་ལེ་སྐྲོད་པའི་ཕོ་ཉ་སྒོས་བསྐུལ།next