Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་རྒྱུད་ལུགས་ལས། སྤྲོ་མེད་རྒྱུན་གྱི་རྣལ་འབྱོར།
   
   
   
   
   
   
   
   
   
   
   
   


 
previousཕུར་པ་རྒྱུད་ལུགས་ལས། སྤྲོ་མེད་རྒྱུན་གྱི་རྣལ་འབྱོར།next

ཕུར་པ་རྒྱུད་ལུགས་ལས། སྤྲོ་མེད་རྒྱུན་གྱི་རྣལ་འབྱོར།


JLAZ009_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་རྒྱུད་ལུགས་ལས། སྤྲོ་མེད་རྒྱུན་གྱི་རྣལ་འབྱོར་བཞུགས། །གདན་གསུམ་ལུས་ཀྱི་ཕུར་བུ་ལ་ཕྱག་འཚལ་ལོ། །ལུང་ཨ་ནུ་ཡོ་ག་དང་མཐུན་པར་ལུས་དཀྱིལ་ལ་བརྟེན་ནས་ཕུར་པ་བསྒྲུབ་པ་ནི། སྐྱབས་སེམས་སྔོན་དུ་བྱས་ལ། ཧཱུཾ། སེམས་དང་ཡིད་དང་རྣམ་ཤེས་ཉིད། །དེ་ཉིད་ལས་ནི་འཁྲུལ་ནས་བཏབ། །རྣམ་རྟོག་བག་ཆགས་བསྲེག་པའི་ཕྱིར། །བདག་གི་ལུས་ནི་གཞལ་ཡས་ཁང༌། །ཧཱུཾ། རང་ལུས་འདོམ་གང་གྲུ་བཞི་ནི། །དུར་ཁྲོད་གཞལ་ཡས་ཁང་དུ་བསམ། །གྲུ་བཞི་པ་ལ་ཁ་དོག་ལྔ། །དྲི་མ་ནག་པོ་བཻ་ཌཱུར་སྔོ། །རྩ་ཆེན་ལྗང་གུ་མར་གད་མདོག །ཁྲག་གི་པདྨ་རཱ་ག་དམར། །ཚིལ་བུ་སེར་པོ་གསེར་ལྟར་སྣང༌། །རུས་པ་དཀར་པོ་ཤེལ་དངུལ་མདོག །ལྔ་ཡི་རྩིག་པ་རབ་ཏུ་མཛེས། །སྒལ་ཚིག་གདུང་གི་རང་བཞིན་ལ། །རྐང་བརྒྱད་ཀ་བ་བརྒྱད་ཡིན་ནོ། །ཐུར་མ་ལྕམ་ལ་རྩིབ་མ་དྲལ། །རྩ་ཡི་དྲྭ་བས་རབ་འབྲེལ་ཞིང༌། །མགོ་བོའི་ཚངས་སྒོ་ཤེལ་ལྟར་དཀར། །མིག་གཡས་ལྷོ་སྒོ་གསེར་ལྟར་སེར། །མིག་གཡོན་བྱང་སྒོ་མར་གད་ལྗང༌། །ནུབ་ཀྱི་ཆུ་སྒོ་པད་ལྟར་དམར། །འོག་གི་སྤུ་ནག་སྨིན་མ་དང༌། །སྐྲ་རྣམས་སྒོ་ཡི་རྒྱན་ཡིན་ནོ། །རྐང་ལག་སེན་མོའི་ཕྲེང་བ་རྣམས། །མུ་ཏིག་དྲྭ་བ་ཕྱེད་པས་


JLAZ009_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས། །ཚིགས་མདུད་རིན་ཆེན་ཕ་གུ་ལ། །པགས་པ་འདོད་ཡོན་ལྷ་མོས་མཛེས། །དུར་ཁྲོད་གཞལ་ཡས་མཛེས་པ་དེར། །ཀུན་གཞིའི་རྣམ་ཤེས་གནས་གྱུར་པ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སྒེག་པ་དཔའ་བ་འཇིགས་སུ་རུང༌། །དགོད་དང་གཤེ་དང་འཇིགས་པ་དང༌། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །ཞལ་དང་ཕྱག་མཚན་ཅིར་ཡང་སྟོན། །ཡིད་ཀྱི་རྣམ་ཤེས་གནས་གྱུར་པ། །འཁོར་ལོ་རྒྱས་འདེབས་ཡུམ་དང་འཁྲིལ། །སྒོ་ལྔའི་རྣམ་ཤེས་གནས་གྱུར་པ། །སྲས་མཆོག་རིགས་ལྔ་ཡུམ་དང་བཅས། །གཟུགས་ཀྱི་ཕུང་པོ་རྣམ་པར་རྒྱལ། །ཚོར་བ་གཤིན་རྗེ་གཤེད་པོ་ཉིད། །འདུ་ཤེས་ཧྱ་གྲཱི་ཝ་འོ། །འདུ་བྱེད་བདུད་རྩི་འཁྱིལ་བ་སྟེ། །རྣམ་ཤེས་ཁྲོ་རྒྱལ་ཧཱུཾ་ཀཱ་ར། །ས་ནི་དབྱུག་པ་སྔོན་པོ་སྟེ། །ཆུ་ནི་མི་གཡོ་མགོན་པོ་ལ། །མེ་ནི་གཞན་གྱི་མི་ཐུབ་པ། །རླུང་ནི་ཁམས་གསུམ་རྣམ་རྒྱལ་ཏེ། །ནམ་མཁའ་ཁྲོ་རྒྱལ་སྟོབས་པོ་ཆེ། །སྐྱེ་མཆེད་ཡུམ་བཅུའི་ངོ་བོ་སྟེ། །རྣམ་པར་རྟོག་པ་ཁྲ་ཕྱག་ལ། །ཉོན་མོངས་སྒོ་མ་བཞི་ཉིད་དོ། །ཧཱུཾ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་


JLAZ009_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །བསྐྱེད་དུ་མེད་དེ་ཡེ་ནས་ཡིན། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཅེས་དང༌། ཚེ་སྒྲུབ་བྱེད་ན། ཨཱ་ཡུརྫྙཱ་ན་ཙིཏྟ་བྷྲཱུཾ། གདགས། གསོལ་བའི་ཟས་ནི་ཅི་ཡང་རུང༌། །དང་པོར་རཾ་ཡཾ་ཁཾ་གིས་སྦྱངས། །ཨ་དཀར་འོད་དང་བཅས་པ་ལས། །གཡས་ཕྱོགས་འཁྱིལ་ཞིང་འཁོར་བར་བསམ། །འོད་ཟེར་དོན་གཉིས་བྱང་ཆུབ་སེམས། །ཡེ་ཤེས་བདུད་རྩིར་གཉིས་མེད་བསྟིམ། །ཨ་མྲྀ་ཏ་ཡི་གསང་སྔགས་ཀྱིས། །འོད་ཞུ་བདུད་རྩི་ཆེན་པོར་གྱུར། །ཨོཾ་ས་མ་ཡ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ལག་པ་ཡེ་ཤེས་ཧོམ་གཟར་གྱིས། །ཁ་ནི་ཧོམ་ཁུང་གཞལ་ཡས་སུ། །དབྱིངས་དང་ཡེ་ཤེས་མཆོད་པར་འབུལ། །མཉམ་པའི་སྒྲུབ་རྫས་ཡོངས་སུ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། །ལོངས་སྤྱོད་ལྔ་ལྡན་བདུད་རྩི་མཆོག །གཉིས་མེད་ཡོངས་སུ་དག་པར་བསྔོ། །གཉིས་སུ་མེད་པའི་མཆོད་པ་ཡིན། །སྐུ་གསུང་ཐུགས་སུ་རྣམ་པར་དག །དམན་པའི་ཟས་ལ་བཟའ་མི་བྱ། །བཏུང་བ་ཏྲཱཾ་ལས་མཱ་ཀིར་བསམ། །སྦོམ་པོ་དབང་མོ་ཐབས་ཤེས་ཀྱིས། །བླངས་ལ་ཨོཾ་ཨཱཿཧཱུཾ་གིས་མཆོད། །དེ་བཞིན་གོས་དང་རྒྱན་གནས་ཁང༌། །དབང་པོ་ལྔ་ཡི་ལོངས་སྤྱོད་ཀུན། །ཐ་མལ་སྣང་བས་མ་ཡིན་པར། །འདོད་ཡོན་སྒྱུ་མ་ལྟ་བུ་རུ། །དམིགས་ནས་ཡོངས་གྲུབ་དཀྱིལ་འཁོར་མཆོད། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་འགྱུར། །འདི་ནི་རྒྱུན་གྱི་རྣལ་འབྱོར་ཡིན། །འདི་ཡང་རྒྱུད་ལས་བཏུས་པའོ།། །།


previousཕུར་པ་རྒྱུད་ལུགས་ལས། སྤྲོ་མེད་རྒྱུན་གྱི་རྣལ་འབྱོར།next