Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་རྒྱུད་ལུགས་ལས་སྨད་ལས་སྤུ་གྲི་རླུང་འཁོར་ཞེས་བྱ་བ་ངན་སྔགས་ཉེ་བར་བསྙེན་པ་མན་ངག་ལྟར་བཀྲལ་བ་ཆིག་བརྒྱུད་མ།
   
   
   
   
   
   
   
   
   
   


 
previousཕུར་པ་རྒྱུད་ལུགས་ལས་སྨད་ལས་སྤུ་གྲི་རླུང་འཁོར་ཞེས་བྱ་བ་ངན་སྔགས་ཉེ་བར་བསྙེན་པ་མན་ངག་ལྟར་བཀྲལ་བ་ཆིག་བརྒྱུད་མ།next

ཕུར་པ་རྒྱུད་ལུགས་ལས་སྨད་ལས་སྤུ་གྲི་རླུང་འཁོར་ཞེས་བྱ་བ་ངན་སྔགས་ཉེ་བར་བསྙེན་པ་མན་ངག་ལྟར་བཀྲལ་བ་ཆིག་བརྒྱུད་མ།


JLAZ009_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་རྒྱུད་ལུགས་ལས་སྨད་ལས་སྤུ་གྲི་རླུང་འཁོར་ཞེས་བྱ་བ་ངན་སྔགས་ཉེ་བར་བསྙེན་པ་མན་ངག་ལྟར་བཀྲལ་བ་ཆིག་བརྒྱུད་མ། །ཨྠིྀ། གསང་རྒྱ། དམ་རྒྱ། ཤྭ་ན་མུ་ཁའི་རྒྱ།


JLAZ009_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿ ཤྲཱི་བཛྲ་ཀུ་མཱ་ར་ཡ། ལྔ་བརྒྱ་ཐ་མའི་ཡང་མཐའ་འདིར། །རྒྱལ་བསྟན་རི་མོའི་མར་མེ་ཡང༌། །ཉམས་པ་བདུན་གྱིས་བསུབ་པའི་དུས། །དྲག་སྔགས་རྒྱལ་པོའི་གྲུབ་མཐའ་བསླང༌། །བསྟན་འགྲོའི་དོན་ལ་མ་ཡིན་པར། །གཞན་འབྱོར་དཔལ་ལ་མི་བཟོད་པས། །རང་གར་སྤྱོད་ན་ཕུར་སྲུང་གིས། །དེ་ཡི་དོན་སྙིང་ལྐོག་མར་ཕྱུང༌། །འདི་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། རྗེས་ཀྱི་རིམ་པ་ལས། དང་པོ་ནི། རྡོ་རྗེ་གསང་བའི་རྒྱུད་ལས། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་བླ་མ་ཡིན། །ཕུར་པ་མན་ངག་ངེས་པའི་དོན། །ཞེས་རྒྱུད་ལུང་མན་ངག་གསུམ་གྱི་བཤད་ཐབས་ཡོད་པ་ལས། འདིར་རྒྱུད་ཀྱི་དགོངས་པ་གཙོ་བོར་བྱས་ནས་ལུང་དང་མན་ངག་གིས་བཀྲལ་བ་ལ། ཕུར་བུའི་ངོ་བོ་ནི། སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་བྱང་


JLAZ009_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་ཡིན་ཏེ། བྱམས་པ་ཆེན་པོའི་བྱིན་རླབས་ལས། །ཆོས་ཉིད་ཕུར་པ་ཅིར་ཡང་སྣང༌། །རྡོ་རྗེ་ཕུར་པའི་ངོ་བོ་སྟེ། །ཞེས་སོ། །ངེས་ཚིག་ནི། ཕུར་ནི་ཐམས་ཅད་བྱང་ཆུབ་སེམས། །པ་ནི་ཐམས་ཅད་ཀུན་ཏུ་ཁྱབ། །ཕུར་ནི་ཐམས་ཅད་གཙོ་བོ་མཆོག །པ་ནི་ཐམས་ཅད་འཁོར་གྱི་ཚུལ། །ཕུར་ནི་ཐམས་ཅད་སྐྱེ་བ་མེད། །པ་ནི་རོལ་པ་འགག་པ་མེད། །ཕུར་ནི་བྱང་ཆུབ་སེམས་སུ་གཅིག །པ་ནི་ཐམས་ཅད་དེ་རུ་བསྒྲུབ། །ཅེས་སོ། །དབྱེ་བ་ནི། ཕུར་པ་རྣམ་པ་བཞི་ཡིན་ཏེ། །ཆོས་ཉིད་དོན་གྱི་ཕུར་པ་དང༌། །རིག་པ་ཡེ་ཤེས་ཕུར་པ་དང༌། །འདུས་བྱས་རྫས་ཀྱི་ཕུར་པ་དང༌། །བརྟེན་པ་ལུས་ཀྱི་ཕུར་པའོ། །ཞེས་སོ། །བྱེད་ལས་ནི། རང་རིག་ཡེ་ཤེས་ཕུར་པ་ནི། །གདབ་ཡུལ་ཆོས་ཀྱི་དབྱིངས་ཉིད་དང༌། །ཐུགས་རྗེ་ཆེན་པོའི་ཕུར་པ་ཡིས། །ཁམས་


JLAZ009_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སེམས་ཅན་ལ་གདབ་དང༌། །གསང་བ་བྱང་སེམས་ཕུར་པ་ཡིས། །ཡུམ་གྱི་མཁའ་ལ་གདབ་པ་དང༌། །མཚན་མ་རྫས་ཀྱི་ཕུར་པ་ཡིས། །ཉམས་པ་བདུན་ལ་གདབ་པའོ། །ཞེས་སོ། །དེ་ལ་འདིར་སྨད་ལས་ཀྱི་ངོ་བོ་ངན་སྔགས་ཉེ་བར་བསྙེན་པ་ནི་འདུས་བྱས་རྫས་ཀྱི་ཕུར་པ་ལ་བརྟེན་ནས་བསྒྲུབ་པའི་ཚུལ། འདུས་བྱས་རྫས་ཀྱི་ཕུར་པ་ནི། །བསྒྲལ་བའི་ཞིང་བཅུར་གྱུར་ལ་གདབ། །མན་ངག་ཉིད་དུ་བཀོལ་བ་ བདུན། །མེད་དུ་མི་རུང་དེ་བཞིན་བཤམས། །བསྙེན་ཕུར་ལ་ཡང་རྣམ་པ་གཉིས། །ཉུང་དཀར་དང་ ནི་ཕུར་བུ་དངོས། །ལྕགས་སྣ་ལྔའམ་བདུན་ཀྱང་རུང༌། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །སྐེད་པ་རྒྱ་མདུད་གཞལ་ཡས་ཁང༌། །ལྕུམ་གཞོགས་ལ་ནི་སོར་བཅུ་གཉིས། །བསྙེན་པའི་ཕུར་པ་དེ་བཞིན་བྱ༑ །སེང་ལྡེང་ཕུར་པ་སོར་བརྒྱད་ནི། །མཐུ་འཕྲོག་བྱིན་རླབས་ཡོད་པ་ཡིན། །དེ་བཞིན་བྱ་རྒོད་གཤོག་ཕུར་ཡང༌། །འགུགས་པར་བྱ་བའི་ནུས་པ་ཡོད། །སེར་པོ་གསེར་རམ་ཡང་ན་ནི། །སྐྱེར་པ་དག་ལ་བྱས་པ་ནི། །ཟིལ་གྱིས་གནོན་པའི་ཕུར་པ་ཡིན། །སྐྱེས་པ་དར་མ་རིགས་ཅན་གྱི། །སྦོམ་པོ་མ་ཡིན་ཐུར་མ་ཕྲ་མོ་ཙམ། །ཟངས་སམ་མཛོ་མོ་ཤིང་དག་གིས། །དམར་པོ་དག་ལ་བྱས་པ་ཡིན། །དབང་དུ་འདུས་པའི་ཕུར་བུར་བསྟན། །ཙནྡན་དག་གམ་རྒྱ་ཤུག་ནི། །གཟི་བྱིན་འཕྲོག་པར་ཡང་དག་བསྟན། །ལྕགས་སམ་ཤིང་ནི་ནག་པོའམ། །དྲག་པོར་གྱུར་པ་མཐའ་དག་ལ། །རྡུལ་དུ་བརླག་པར་རབ་ཏུ་བསྟན། །ཞེས་སོ། །ཁྱད་པར་སྲས་ཕུར་གྱི་རྒྱུ་ལྕགས་སྣ་ལྔ་ནི་མྱང་འདས་ལས། གནམ་ལྕགས་ས་འདི་ས་མདའི་ལྡེའུ་སོགས་སྔོན་ཆད་རྟགས་


JLAZ009_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པའི་ལྡེའི་ཡིན་པར་གསང་དགོངས་ལས་བཤད་ཅིང་གཞན་དུ་ལྷ་ཁང་རྙིང་པའི་སྒོ་གཟེར་ཀྱང་བཤད། ལྕགས་ཁྲོ་ཆུ་གསུམ། །མི་རྟ་བསད་པའི་མཚོན་རྩེ་བཞི། །ཕལ་པའི་ལྕགས་དང་ལྔ་ལ་བྱ། །ཞེས་དང༌། ཡེ་ཤེས་རྩེ་མོ་ལས། གསེར་དངུལ་ཟངས་ལྕགས་འཁར་བ་རྣམས། །ཞེས་བཤད་དོ། །གཞན་ཡང་རྒྱུའི་ཁྱད་པར། དེ་བཞིན་ཤེར་ཤིང་རྭ་མཚོན་རྐང༌། གླང་པོ་ཆེ་དང་གཅན་གཟན། །གདུག་པ་ཅན་དང་བཀྲ་མི་ཤིས། །ཁྱོ་དགུ་ཤི་བའི་ཡུགས་མོའི་འཕང༌། །དེ་ལ་དྲག་པོའི་ཕུར་པ་བྱ། །ཞེས་དང༌། རྩ་རྩེའི་ཁྱད་པར་ཡང༌། རྩ་བའི་ཕྱོགས་སུ་རྒྱ་མདུད་བྱ། །རྩེ་མོ་རང་རང་གཞུང་བཞིན་གཞོག །ཅེས་དང༌། ཚད་དང་དབྱིབས་དང་གྲངས་ངེས་ཀྱི་སྒོ་ནས་བཤད་ན། སོར་བརྒྱད་སོར་དྲུག་བཅུ་གཉིས་དང༌། །བཅུ་དྲུག་ཕུར་པའི་ཚད་ཡིན་ནོ། །ཟླུམ་དང་གྲུ་བཞི་ཟླ་གམ་དང༌། །ཟུར་གསུམ་དབྱིབས་སུ་ངེས་པ་ཡིན། །གཅིག་དང་ལྷ་གྲངས་མཉམ་པའོ། །ཞེས་པས་ལས་བཞིའི་ཁྱད་པར་ངེས་པར་བྱས་ཤིང༌། དེ་ཡང་ཤིང་གཅིག་ནས་བཟོ་ན། ཞི་རྩེ་རྒྱས་པ་རྩ་བ་དབང༌། །དྲག་པོ་ས་ཡི་གཏིང་ ལ་བྱ། །ཞེས་སོ། །ཚད་ཀྱི་ཁྱད་པར་ཞིབ་པ་ནི་རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ལས། ཤིང་ལྕགས་གཉིས་ཀྱི་ཚད་དང་དབྱིབས། །སོར་བརྒྱད་ཚད་དུ་རྫོགས་པ་ལ། །དབུ་ཡི་རྒྱ་མདུད་སོར་གཅིག་སྟེ། །ཟུར་གསུམ་བརྒྱད་དང་གྲུ་བཞི་ལྔ། །ཧཱུཾ་མཛད་ཁྲག་འཐུང་ལྔ་རྫོགས་ཏེ། །སོར་གཉིས་ལྟེ་བ་ཡན་ཆད་ལ། །ལྕུམ་གཞོགས་བརྒྱད་དུ་ཡང་དག་ཤེས། །ཁྲོ་རྒྱལ་


JLAZ009_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བརྙན་བཅུ་དྲུག་རྫོགས། །སོར་གཅིག་ལྟེ་བ་གསུས་པ་དེ། །སྒོ་བཞི་སྒོ་མ་བཞི་དང་ལྡན། །འོག་གི་སྟོབས་ཆེན་དེ་ཉིད་དོ། །སོར་གཅིག་བཙོས་པོ་མཚན་མ་སྟེ། །ཆུ་སྲིན་ཁ་རུ་ཡང་དག་རྫོགས། །དྲག་པོ་མཁའ་འགྲོའི་དཀྱིལ་འཁོར་ཡིན། །སོར་གསུམ་དབལ་དང་ལྡན་པ་སྟེ། །ཡུམ་ཆེན་ལྔ་ཡི་དཀྱིལ་འཁོར་ཡིན། །བཅུ་གཉིས་ལྡན་ན་དབུས་དེ་གཙོ། །སོར་རེ་ཡིན་ཞིང་སྐུ་སྟོད་ལ། །སོར་གསུམ་ལྡན་པ་རྫོགས་པར་བྱ། །གཞན་དྲུག་དབལ་དུ་ཤེས་པར་བྱ། །སོར་དྲུག་བརྒྱད་འདྲ་ཆུང་བ་ཉིད། །སོར་ནི་བཅུ་དྲུག་ལྡན་པ་ལ། །སོར་གཉིས་དབུ་ཡིན་སྐུ་སྟོད་བཞི། །ལྟེ་བ་གཉིས་ལ་མཚན་མ་གཉིས། །དྲུག་ནི་དབལ་དུ་རྫོགས་པ་ཡིན། །ཆ་ཚད་ལྡན་པས་རྟགས་མྱུར་རོ། །རབ་གནས་རྩེ་གཅིག་ཡིད་ཀྱིས་རྫོགས། །རང་གི་ལུས་ཉིད་ཕུར་པ་སྟེ། །མགོ་བོ་རྒྱ་མདུད་གོང་མ་ཡིན། །སྐུ་སྟོད་ལྕུམ་གཞོགས་བརྒྱད་ཡིན་ལ། །ལྟེ་བ་རྒྱ་མདུད་འོག་མ་ ཡིན། །བཙོས་པོ་མཚན་མ་ཆུ་སྲིན་ཁ། །རྐང་པ་གཉིས་ནི་དབལ་དུ་ཤེས། །ལུས་ཀྱི་ནང་དུ་ལྷ་རྫོགས་པས། །ཕུར་པ་གཅིག་ཏུ་བསྒྲུབ་པ་ཡིན། །ལས་རྣམས་འགྲུབ་པར་ཐེ་ཚོམ་མེད། །ཚོན་སྣ་ལྔའམ་བ་སུ་ཏའི། །གཟུངས་ཐག་ལྡན་པ་བཟླས་པ་ནི། །བྱེ་བ་གཅིག་གིས་ལྡིང་བར་འགྱུར། །འཁྲོལ་བ་མེ་དང་འོད་རྣམས་འབྱུང༌། །དེ་ཡིས་ལས་རྣམས་ཐམས་ཅད་འགྲུབ། །ཅེས་སོ། །དེའང་གསང་བའི་དགོངས་རྒྱུད་སོགས་ལས་རིང་ཚད་སོར་བཅོ་བརྒྱད་དང༌། ཐུང་ཚད་སོར་བཞིར་བཤད་ནས། དེ་ལས་ཐུང་བར་མ་གསུངས་སོ། །དེ་ལས་རིང་བར་ཡོངས་མ་གསུངས། །ཞེས་བཤད་པའི་དག་པ་ནི། འབྱུང་བ་བཞི། འགྲོ་བ་དྲུག །རྣམ་ཤེས་


JLAZ009_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། རྟེན་འབྲེལ་བཅུ་གཉིས། ཐིག་ལེ་བཅུ་དྲུག །ཁམས་བཅོ་བརྒྱད་གནས་སུ་དག་པའི་དོན་དང་སྦྱོར་ན། ཆོས་ཉིད་ཀྱི་ཕུར་པ་ནས་གང་བ་རེ་ཞིག་ཏིང་འཛིན་སེམས་དཔའ་ལ་དམིགས་པར་གོ་ན་ལེགས་ཏེ། གཞན་དུ་རྡོ་རྗེ་བཀོད་པ་ལས་ཀྱང༌། དེ་ལ་ཆོས་ཉིད་ཀྱི་ཕུར་པ་ནི། ཆོས་ཅན་གང་ལའང་མི་དམིགས་སོ། །ཞེས་སོ། །དེ་ལྟ་བུའི་ཕུར་པ་འདུ་བྱེད་པའི་གང་ཟག་ཀྱང༌། དགེ་སློང་ཤན་པ་དགེ་བསྙེན་དང༌། །རྣལ་འབྱོར་རིག་སྔགས་འཆང་དང་ནི། །ལྷ་བཟོས་བླངས་པ་མཆོག་ཡིན་ནོ། །ཞེ་གནག་ཁྲིམས་གཙང་སྡོམ་ལྡན་པ། །དབང་ཐོབ་དད་པ་ལྡན་པས་གཟུངས། །བཟོ་མཁས་ཡོན་ཏན་ལྡན་པས་བྱ། །ཞེས་སོ། །དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ཐམས་ཅད་ཚོགས་པའི་ཕུར་བུ་ནི་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀྱི་རྟེན་ཡིན་པས་དངོས་གྲུབ་ཀྱི་རྫས་སུ་གཟུང་བའི་ཚུལ། ཕུར་པ་ལྷ་ཡི་དཀྱིལ་འཁོར་ཀྱང༌། ཐུགས་ཀྱི་རྟེན་ལས་ཡང་དག་འགྲུབ། །ཅེས་པས་བསྒྲུབ་ན་དཀྱིལ་འཁོར། འགྲོ་ན་སྐེད། ཉལ་ན་སྔས་སུ་བལྟར་མི་མངོན་པའི་ཚུལ་གྱིས་འབྲལ་སྤང་བྱ་བ་ཡང༌། སྲས་མཆོག་ཕུར་བུའི་དམ་ཚིག་ནི། །ཀུན་ལ་བསྟན་པར་མི་བྱའོ། །ཞེས་དང༌། ཁྲག་དང་གུ་གུལ་སྐབས་སུ་བདུག །སྔགས་ནི་ཉིན་མཚན་སུམ་སྟོང་རེ། །དར་རམ་རས་ཀྱིས་དཀྲིས་ལ་སྦ། །འབྲལ་བར་མི་བྱ་ལུས་ལ་བཅང༌། །བཏབ་ན་ལྷ་ཡང་བརླག་པར་འགྱུར། །ཡོངས་གྲུབ་དངོས་གྲུབ་མྱུར་དུ་ཐོབ། །ཅེས་སོ། །དེ་ཡང་སྨད་ལས་ཀྱི་སྐབས་འདིར་སྒྲུབ་ཕུར་རམ། ལྷ་ཕུར་མེད་ན་གདབ་ཕུར་ཉི་ཤུ་རྩ་ལྔ་ནི་མེད་དུ་མི་རུང་བ་ཡིན་པས་དཀྱིལ་འཁོར་གྱི་ལྷ་གནས་སོ་སོ་དང༌། ཡོད་ན། བདག་


JLAZ009_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བསྲུང་བ་བྱད་བཟློག་པ། །བྲུབ་ཁུང་གོང་བཞིན་མཆོད་རྟེན་བཅའ། །དམ་རྫས་ཚང་བར་ངེས་པ་ཡིན། །ལྷ་ཕུར་རངས་པོ་ཀུན་ལ་ཡང༌། །སྔགས་པས་བསྲུང་བཟློག་བཏགས་ལ་བྲི། །བུམ་པ་དག་ལ་དགོད་པར་བྱ། །འོག་ཏུ་གསད་པའི་རིམ་པ་བྱ། །ཞེས་རྣལ་འབྱོར་ཆེན་པོ་ལས་ནང་འགྲས་ལ་སོགས་པའི་བསྲུང་བཟློག་དམིགས་བསལ་གྱི་མཆོད་རྟེན་བཅས་ཆོག་ཀྱང་ཡོད་དེ། འདིར་ལྷ་ཕུར་ལྷ་གནས་དང་གདབ་ཕུར་ཐོད་པར་སྦམས་པའི་ཚུལ། མཚན་དང་ལྡན་པའི་བྷནྡྷ་རུ། །ནག་པོ་འབྲུ་ཡིས་བཀང་ནས་ནི། །རིམ་པར་བཞུགས་ཤིང་བྱིན་བརླབ་བྱ། །མཐིང་ནག་དར་གྱིས་ཁ་བཅད་ལ། །བྱིན་བརླབ་དབང་བསྐུར་གཞུང་བཞིན་བྱ། །མི་འགྱུར་ཕོ་བྲང་རྫས་སུ་དགོད། །ཅེས་དང༌། དེའི་མན་ངག་ནི། ཡལ་ག་མེད་པའི་བྷནྡྷ་ནི། །ཐོད་པ་རབ་ཏུ་ལེགས་པ་ལ། །ཡུགས་ས་མོ་ཡི་མངལ་ཁྲག་གིས། །གྲུ་གསུམ་མེ་འོད་འབར་བ་ལས། །ཕྲིན་ལས་བཞི་ཡི་དབྱིབས་བྱའོ། །དེ་ལ་དགྲ་བགེགས་མིང་བྱང་གཞུག །བསྙེན་པའི་ཕུར་པས་གཟིར་ལ་བཞག །ཅེས་པ་ལྟར་བྱའོ། །གཉིས་པ་གཞུང་གི་དོན་ལ་གསུམ་ལས། དང་པོ་བཅའ་གཞི་ནི། དེ་ནས་དྲག་པོའི་ལས་བྱ་བ། །དཀྱིལ་འཁོར་འཁོར་ལོ་རྩིབས་དྲུག་པ། །ཕུར་པ་དྲུག་བཅས་རབ་བཀོད་དེ། །ལིངྒ་ཐུན་རྫས་དྲག་པོའི་རྫས། །གསང་སྔགས་རྫས་སུ་ཤེས་པར་བྱ། །ཞེས་དང༌། ལྕགས་ཕུར་དབུས་སུ་དགོད་པར་བྱ། །མི་བཟད་ཕུར་པ་དྲུག་རྣམས་ནི། །གྲུ་གསུམ་དྲུག་ལ་ཤེས་པར་བྱ། །ཞེས་པ་ལ་སོགས་པའི་དོན་ ཞིབ་པ་ནི་དམ་ཅན་ཉེ་བར་བསྙེན་པ་དང་འབྲེལ་ན་དེའི་མན་ངག་དང་བསྟུན་ནས་རང་ལུགས་བཙན་པར་བྱ། ལས་དྲུག་ཁོལ་བཏོན་གྱི་ཚེ། དཀྱིལ་འཁོར་གྱི་སྟེགས་བུའི་


JLAZ009_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་བྱེ་སྟེགས་ཟུར་གསུམ་པའི་དབུས་གསད་དཀྱིལ་རྒྱར་ཁྲུ་གང་ཟབས་ཁྲུ་ཕྱེད་པ་ཅན་གྲུ་གསུམ་དུ་བྲུས་པར་ཕུང་ས་དང་རོ་སོལ་གྱིས་ནག་པོར་བྱ། ལོགས་གསུམ་དུ་མདའ་གཞུ་བཀང་བ་རེ་དང༌། ཟུར་གསུམ་ལ་ཟ་བྱེད་ཞལ་རེ་བྲི། དེའི་ཁ་ཁྱེར་རྩིབས་དྲུག་ཏུ་བྱས་པ་ལས་སྲས་མཆོག་ངོ་བོ་མི་བཟད་པའི་ཕུར་པ་དྲུག་དང༌། མཐའ་ལ་དམ་ཅན་གྱི་སྣམ་བུ་ལ་ཕུར་པ་བཅུ་གཉིས་སམ་ཡང་ན་ཤར་ནས་བརྩམས་དམ་ཅན་གྱི་ཕུར་པ་གསུམ་དང་བྱང་དུ་མིང་པོའི་ཕུར་པ་བཀོད། ཉ་བོའི་རྒྱུ་ནི། གྲོག་མཁར་ས་དང་མི་ཕུང་ས། །ཤེད་པོ། གངས་ཀྱི་དུམ་བུ་ཇུ་ཙེའི་ཕུབ། །སྲུབ་ཀའི་ལོ་མ་ཞིང་ཆེན་རས། །སྐེ་ཚེ་དང་ནི་ལྡོང་རོས་དང༌། །ཐལ་ཆེན་དང་ནི་རཀྟ་དང༌། །བཤང་བ་དང་ནི་གཅི་བ་སྟེ། །བཅུ་གཉིས་ཐོད་པ་ནང་དུ་བླུགས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མུཏྐ་ར་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། ར་ཐུག་ལུག་ཐུག་གཅིན་གྱིས་སྦྲུ། །ཞེས་པ་ལྟར་ལས་གྲོག་མཁར་ནི་རྒྱ་གྲོག་དམར་པོ་དང༌། ཏིལ་ནག །རྒྱ་མཚོའི་འགྲམ་མམ་ཆུ་ཀླུང་ཆེན་པོའི་འགྲམ་ས། ལན་ཚྭ། ཆུའི་རྦ། བོང་བུའི་ཆུ། སོ་དོག །དྲི་མ་དྲུག་ལ་སོགས་པའང་འདྲེས་པར་བྱས་ནས་ཉ་བོ་སོར་བཅུ་གཉིས་པ་བྱས་པའི་སྲོག་པ་རྩའི་དོད་དུ་དུར་ཁྲོད་ཀྱི་རྩྭ་ཀུ་ཤ་བཅུག་ཅིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ཤཾ་བི་ཤོ་དྷ་བཾ་ཁཾ་ཧཱུཾ་ཕཊ། ནྲྀ་ཏྲི་མཱ་ར་ཡ་ཕཊ། ཅེས་ཀྱང་བཟླས། ཡང་ལིངྒ་རིས་སུ་འབྲི་ན་གང་ཟག་ཞེ་སྡང་ཅན་སྔགས་ཀྱི་ཐེག་པ་ལ་དད་ཅིང་མདོག་ནག་ལ་མིག་དམར་བ། སྨིན་མཚམས་སུ་ཁྲོ་གཉེར་གསུམ་པ་མཆེ་བ་ཅན། ཆུ་བྱའི་ལག་ཅན་


JLAZ009_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྨིན་དྲུག་ས་འོག་ཏུ་སོང་བའི་དུས་བཙལ་བའི་སྨྱུག་གུ་ཀངྐ་ལ་སོགས་བྱ་ཤ་ཟན་གྱི་སྒྲོའམ། མཆོག་གི་རྐང་ལ་བྱ། དཔྱིད་ཟླ་འབྲིང་པོ་ལྷ་མོ་ཨུ་མའི་གསང་བར་ཟླ་གསང་དཀར་དམར་འཆར་བའི་དུས་བཙལ་བའི་སྣག་ཚ་ནིམ་པའི་ཁུ་བ་དང་བསྲེས་པ་ཉེ་བར་བསྡོགས་ཤིང་ཉི་ནག་ལ་བབ་པའི་ཚེ། གོང་གི་རྒྱུ་དེ་དག་གིས་སྦགས་པའི་གྲོ་གའམ། ཞིང་རས་ལ་སོགས་པར་ལིངྒ་མཚན་ཉིད་ཚང་བར་བྲིས་པའི་སྙིང་གར་ཁྲག་ཆེན་གྱིས་ཧཱུཾ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བྲི། ཉ་བོ་ཡིན་ན་བཞི་སྙིང་དྲིལ་བས་མགོ་བསྣན་ཏེ་བྲིས་པ་སྙིང་གར་སླན། གཉིས་ཀ་ལ་དཔྲལ་བ་ཀླད་རྒྱས་འཁོར་ལོ་ལ་སོགས་པ་དྲུག་མན་ངག་ལྟར་བྲི་མ་ནུས་ན། སྤྱི་བོར་ཨོཾ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ཡ་ནན་དང༌། དཔྲལ་བར་ཆེ་གེ་མོ་ཧ་ས་ཡ་ར་ཧྲི་ཏ་ན་ཧཱུཾ་ཕཊ། ཅེས་པས་མཚོན་ཏེ། སྙིང་ག །ཉྭ་བཞི། ལྕེ། ལྟེ་བ། གསང་གནས་རྣམས་ལ་སྔགས་དྲུག་པོ་མིང་སྤེལ་ཅན་བཀོད། གེགས་ཀྱི་རཱུ་པ་ཡིན་ན་མིང་བཞི་འདུས་པའི་ཕུང་པོའི་རྟེན་འབྲེལ་ལས་སྔགས་དྲུག་པོ་རིམ་པ་བཞིན། དཔྲལ་བ། སྤྱི་བོ། ལྟག་པ། ཨོལ་ཀོ། མིག་ལ་སོགས་པའི་དབང་པོ་བཞི། སོ་རྣམས་ལ་བྲི་བ་མན་ངག་ཡིན་ནོ། །ལིངྒའི་མཐའ་ལ་བཞི་སྙིང་དྲིལ་བ་དམོད་པ་དང་བཅས་པ། དེའི་མཐར་ཛ་ཁྲོཾ་གྱིས་བསྐོར། དྷ་དུ་ར་ལ་སོགས་པའི་དུག་ཁྲག་བྱུག །ལིང་ཁྲུས་ལེགས་པར་བྱ། ཚོན་སྐུད་སྣ་ལྔས་ཅུང་ཟད་དཀྲིས་ལ་ཕུད་ཐོད་དུམ་དྲུག་གམ། རབས་ཆད་དམ། མོན་ནག་ལ་སོགས་པའི་ཐོད་པར་བཅུག །བསྙེན་ཕུར་གྱིས་གཟིར་ནས་བཞག་པ་གསད་དཀྱིལ་དུ་འཇུག་པའི་ཚུལ། དབུས་སུ་བྲུབ་


JLAZ009_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་ཐུར་དུ་བྲུ། །དེ་ནས་ཐོད་པར་ལིངྒ་བཅའ། །ཞེས་པའི་དོན་ཏོ། །ཐུན་རྫས་ནི། ཉུང་དཀར་ཉུང་ནག་སྐྱེ་ཚེ་དང༌། །ཤང་ཚེ་ཕྱི་མ་གསུམ་དང་ལྡན། །རྡོ་དྲེག་ཟི་ར་ཏིལ་ནག་དང༌། །དུག་ཁྲག་ཚོགས་པས་རྣོ་ངར་བསྐྱེད། །ཅེས་དང༌། དམ་ཅན་སོ་སོའི་ཐུན་རྫས་ནི། །ཉུག་དཀར་ལ་སོགས་རྫས་བཞི་ལ། །བསེ་མོའི་སྔགས་དང་ཏིང་འཛིན་དང༌། །རིམ་གྱི་ཕྱི་མོ་ལ་སོགས་བཞི། །བདག་ཉིད་མ་ཡི་སྔགས་དང་ནི། །ལྕགས་ཕྱེ་ལ་སོགས་རྫས་བཞི་ལ། །ཤྭ་ནའི་སྔགས་དང་ཏིང་འཛིན་དང༌། །ཚིག་བཞིས་བདེན་པ་བདར་ལ་དབབ། །ཅེས་པ་ལྟར་འདུ་བྱའོ། །གཉིས་པ་ཆོ་གའི་གཞུང་བསྲང་བ་ལ་གསུམ། རྩ་བ་དཀྱུས་སུ་བསྡེབ་པ་དང༌། དཀྱུས་ཁོང་ཁྲར་གཏང་བ་དང༌། དངོས་གྲུབ་བླང་བའི་ཁྱད་པར་གཉིས་བསྟན་པའོ། །དང་པོ་ནི། རྒྱུད་ལས། དང་པོ་ཏིང་འཛིན་རྣམ་གསུམ་ནས། །རྫོགས་པས་མཐིང་ནག་འབར་བ་སྟེ། །དེ་ལ་མཆོད་བསྟོད་རྫོགས་པར་བྱ། །འཁོར་ལོ་དྲུག་ལ་དྲེགས་པ་དྲུག །ཁྱམས་ལ་མ་བདུན་སྲུང་མ་གསུམ། །རིམ་པར་རྫོགས་ཚུལ་ཤེས་པར་བྱ། །མཆོད་པ་བསྟོད་པ་ཡན་ཆད་བྱ། །དང་པོ་གཙོ་བོའི་གསང་སྔགས་དང༌། །མིང་རུས་བཅས་པའི་ངེས་པ་དང༌། །ཧ་ས་ཡ་རའི་ཡི་གེ་དགུ། །སུམ་བརྒྱ་དྲུག་བཅུའི་གཙོ་བོ་སྟེ། ། དགྲ་ལྷའི་རྒྱལ་པོའི་སྙིང་པོ་ཡིན། །དང་པོ་ཞག་གཅིག་ལྷ་དང་དབྲལ། །དེ་ནས་སྲུང་མ་མ་བདུན་སྔགས། །ཐུན་དང་བཅས་པས་གསད་པར་བྱ། །རྩ་བས་དམ་ཅན་གནད་ལ་དབབ། །ཨཱ་བེ་ཤ་ཡི་ཡི་གེ་བཅུ། །ཀླུ་ཡི་རྒྱལ་པོའི་གསང་སྔགས་ཡིན། །ནུབ་གཉིས་གཟུགས་ལ་དབབ་པའོ། །ཤི་ཀྲི་ཨ་ནའི་ཡི་གེ་བདུན། །ཁུ་ལེ་


JLAZ009_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དགུའི་གསང་སྔགས་ཏེ། །གསུམ་པ་བྱད་དུ་གཞུག་པའོ། །ཛྭ་ལ་པ་ཡི་ཡི་གེ་བཅུ། །རྒྱལ་པོ་སྤྱན་གཅིག་སྙིང་པོ་སྟེ། །བཞི་པ་སྨྱོ་རུ་གཞུག་པའི་སྔགས། །ཏ་ཐཱ་ཡ་ཡི་ཡི་གེ་བརྒྱད། །བཙན་འགོང་དམར་པོའི་སྙིང་པོ་སྟེ། །ལྔ་པ་རྡུལ་དུ་བརླག་པ་ཡིན། །བྷིནྡྷ་ཡ་ཡི་ཡི་གེ་བཅུ། །རེ་མ་ཏི་ཡི་སྔགས་ཡིན་ཏེ། །དྲུག་པ་ཞལ་དུ་བསྟབ་པའི་སྔགས། །ནུབ་དྲུག་དམ་རྫས་ཕོ་ཉ་དང༌། །སྲུང་མའི་ཐུན་རྣམས་སྦྱར་བ་ཡི། །ཀླུ་དང་མཛེ་ནད་ཇག་བཅིངས་དང༌། །སྨྱོ་དང་འཆིང་དང་རིམས་ནད་ཀྱིས། །ངེས་པ་དག་ཏུ་འཆི་བར་བཤད། །ཅེས་པའི་དོན་སྒྲ་ཇི་བཞིན་པར་ལག་ལེན་ལ་འདེབས་ན། དབྱེ་བའི་གནས་དུར་ཁྲོད་ཤར་བསྟན། དབབ་པའི་གནས་ས་ཆད་བྱ་རྟའི་གཟུགས། བཅིང་བའི་གནས་དུར་ཁྲོད་ཀླུ་ཆགས། སྨྱོར་གཞུག་མི་རེངས་ཁྱི་རྒྱུག་འདྲ་བ་ཐེའུ་བྲང་ཡོད་པའི་གནས། བརྡུང་བའི་གནས་དུར་ཁྲོད་བྲག་ནག །བཏབ་པའི་གནས་དུར་ཁྲོད་ཆུ་མིག་ཀླུ་ཤིང་སྣ་དགུ་ཡོད་པའི་སར་སོ་སོའི་མཎྜལ་མདའ་གང་རེ་ཁཱ་ཐ་དད་པ་ཅན་ལ་བསྙེན་ཕུར་དང༌། གཟས་ཕུར་སོ་སོར་བཀོད་ཅིང་གཏོར་མ་དང་དྲེགས་པའི་མཐུན་རྫས། དམིགས་བྱའི་མིང་རུས་ལ་སོགས་པ་ཚོགས་པར་བྱས་ནས་རང་རང་གི་ཀློང་དང་སྔགས་གསུམ་སྦྲེལ་ནས་བསྐུལ་བའི་མཐར་བསྲེག་མནན་འཕང་གསུམ་གྱིས་མཐའ་བསྡུ་བའི་ཚུལ་བཤད་པའི་རྒྱུད་ཀྱི་ལེའུ་བཅུ་བདུན་པ་ནས་ཉི་ཤུ་རྩ་གསུམ་པའི་བར་གྱིས་སྟོན་པ་འདིར་རེ་ཞིག་རྩ་རྒྱུད་ལས། བསྙེན་པ་རྣམ་གཉིས་རྫོགས་བྱས་ནས། །དངོས་གྲུབ་བར་ཆད་བསྒྲལ་བའི་ཕྱིར། །དྲག་པོའི་ཕྲིན་ལས་ཞག་བདུན་བྱ། །ཞེས་པའི་དོན་ལ་སློབ་


JLAZ009_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་པོ་པདྨའི་ཞབས་ཀྱི་དགོངས་པ་ཤེས་པའི་སྔོན་གྱི་ཕུར་པ་མཁན་པོ་རྒྱ་དང་ལག་ལྷག་རྡོ་རྗེ་བྱང་ཆུབ་ལ་སོགས་པ་རྣམས་ཞག་དང་པོ་ལ་དགུག་པ་མགོ་བསྣོན་དུ་སྦྱོར་བའམ། བདུན་པ་ལ་མནན་བསྲེག་འཕང་གསུམ་གྱིས་མཇུག་བསྡུ་བའི་ལུགས་གཉིས་ལས། འདིང་པདྨའི་རིང་ལུགས་དང་རྒྱུད་སྡེ་མང་པོ་ཞལ་མཐུན་པའི་རྗེས་སུ་འབྲངས་ནས་དགུག་གཞུག་གི་ལས་ནི་དམ་ཅན་ཉེ་བར་བསྙེན་པའི་དུས་སོང་བས་ཉིན་དང་པོ་ནས་དྲུག་ཚན་དྲུག་གི་ལས་སྦྱོར་ལ་འཇུག་པའི་གོ་རིམ་ནི་རྒྱུད་ལས། དང་པོས་ལྷ་དབྲལ་གཉིས་པས་དབབ། །གསུམ་པས་བྱད་གཞུག་བཞི་པས་སྨྱོ། །ལྔ་པས་རྡུལ་བརླག་དྲུག་པས་བསྟབ། །ཅེས་དང༌། གབ་པའི་སྔགས་དྲུག་སྦས་པའི་ཚིག །རྫས་དྲུག་ཕོ་ཉ་ཕུར་པ་དྲུག ། དུས་དྲུག་ཀུན་ལ་ཤེས་པར་བྱ། །ཞེས་པ་ལས། ཉིན་དང་པོ་ལྷ་དང་དབྲལ་བའི་ལས་དྲུག་གི་དང་པོ་བསྐུལ་ནི། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཅེས་པ་ནི་ཀུན་གྱི་མགོ་གནོན་ཡིན་ཀྱང་ཕོ་ཉའི་རྣམ་དབྱེ་བྱེད་པ་མ་གོ་བར་ཟད་དེ། རྒྱུད་ལས། དམ་ཚིག་ཆེན་པོའི་དུས་ལ་བབ། །མགྱོགས་བྱེད་ཡེ་ཤེས་ཕོ་ཉའོ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཐུགས་རྗེ་སྤྲུལ་པའི་ཕོ་ཉའོ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཟ་བྱེད་


JLAZ009_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་བྱེད་ཕོ་ཉའོ། །ཞེས་སོགས་ཐ་དད་དུ་ཕྲལ་བས། དུས་ལ་བབ་པོ་དྲུག་པོ་ནི། །གང་ལ་ཡང་ནི་ཤེས་པར་བྱ། །ཞེས་པ་དང་འགལ་ལོ། །གཉིས་པ་འཕྱང་ལའང༌། དངོས་གྲུབ་བར་གཅོད་ཚིག་བཞི་དང༌། །སྔགས་དང་རྫས་སུ་བཅས་པ་ཡི། །ཞེས་པས། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཞེས་པས་ཐུན་བཞི་ཀར་བསྐུལ་བར་བྱའོ། །གསུམ་པ་སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུཾ་བཾ་ཧོཿ ཆེ་གེ་མོ་མཱ་ར་ཡ་ཧ་ས་ཡ་ར་ཧྲི་ཏ་ན་སརྦ་བིག་ནན་བཾ་ཧཱུཾ་ཕཊ། བཞི་པ་རྫས་ནི། གུ་གུལ་ཚིལ་ཆེན་དྲི་ཆེན་གསུམ། །རྐང་དྲེག་སྒྲོ་གཉིས་རྭ་ཡི་གཞོབ། །ཅེས་སོ། །ལྔ་པ་ཏིང་ངེ་འཛིན་ནི། བདག་ཉིད་རྩ་བའི་ཐུགས་ཀ་ནས། །རྐང་པ་དང་པོ་གཉིས་འོག་མ་རྣམས་ལའང་འགྲེ། ཛཿཧཱུཾ་བཾ་ཧོའི་ཕྱག་རྒྱ་བཞིས། །ཡེ་ཤེས་འོད་ཟེར་དྲག་པོར་ཕོབ། །ལྷ་རྣམས་བྱ་ནག་རྡོས་གཏོར་བཞིན། །ཕྱོགས་བཞི་དག་ཏུ་འཐོར་བར་བསམ། །ཞེས་སོ། །སྤྲོ་ན་བཤད་རྒྱུད་ལས་གསུངས་པའི་ཉེ་འབྱེད་ཕྲ་མ་མཁན་གྱི་བསྐུལ་འདི་ཡང་བྱ་སྟེ། དབྱེ་སྒྲོ་གཉིས་ཉ་བོའི་སྟེང་དུ་བསྣོལ་ནས་གདབ་ཅིང༌། བྱ་གཉིས་ཀྱི་སྙིང་གར་ལྷ་དང་བསྒྲུབ་བྱ་བསམ་ནས་དབང་མེད་དུ་དགྲ་གཤེད་འཐབ་པར་བསམ་པ་ཁྱད་པར་གྱི་དམིགས་པའོ། །


JLAZ009_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཉེ་འབྱེད་རླུང་གི་ ཕྲ་མ་མཁན། །རླུང་ལྷའི་བུ་ལ་སྲིན་པོའི་ཚ། །ཕ་ནི་རླུང་ལྷ་ཁ་སྐྱེས་ཡིན། །མ་ནི་སྲིན་མོ་ཁ་འབར་མ། །གཉིས་མེད་བུ་གཅིག་བྱུང་བ་ནི། །ཉེ་འབྱེད་ཆེན་མོ་ཕྲ་མ་མཁན། །སྐུ་མདོག་དུད་ཁ་ཆེན་པོ་ལ། །འཇིགས་པའི་ཁྲོ་གཉེར་མང་པོས་བརྒྱན། །གཡས་ཀྱི་དང་པོ་བྱ་རོག་གོང་རུ་བསྣམས། །ཉམས་པ་སྤྱན་གྱིས་གཟིགས་པར་བྱེད། །གཡོན་གྱི་དང་པོ་འུག་པའི་གོང་རུ་བསྣམས། །མི་འཆོར་རྟོག་པ་རབ་ཏུ་གསལ། །གཡས་འོག་ལྕགས་ཀྱུ་སྟྭ་རེ་བསྣམས། །ཉམས་པ་མགོ་ལུས་འདྲལ་བའི་རྟགས། །གཡོན་གྱི་འོག་མ་རླུང་གི་རྐྱལ་བ་བསྣམས། །ཉམས་པ་རླུང་ལ་བསྐུར་བའི་རྟགས། །ཁྱེད་ཀྱི་ཕྲག་པ་གཡས་པ་ན། །ལྕགས་ཀྱི་བྱ་ཁྲ་གཡུ་མིག་ཅན། །སྣང་སྲིད་མི་མཐོང་གཅིག་ཀྱང་མེད། །དམ་ཉམས་ཕྲག་པ་གཡས་ཀྱི་ཕོ་ལྷ་ཕྲོལ། །ཁྱོད་ཀྱི་ཕྲག་པ་གཡོན་པ་ན། །ཟངས་ཀྱི་བྱ་ཁྲ་གསེར་མིག་ཅན། །སྲིད་པ་གསུམ་ཡང་དུས་གཅིག་གཟིགས། །ཕྲག་པ་གཡོན་གྱི་མོ་ལྷ་ཕྲོལ། །ཁྱོད་ཀྱི་སྤྱི་བོའི་གཙུག་ཏུ་ནི། །ཤེལ་གྱི་བྱ་ཁྱུང་གཡུ་མིག་ཅན། །དགེ་སྡིག་གཉིས་ཀྱི་ལས་ཀྱང་གཟིགས། །འགོ་བར་བྱེད་པའི་ཞང་ལྷ་ཕྲོལ། །ཁྱོད་ཀྱི་རྒྱབ་ཀྱི་སོག་པ་ལ། །སྟག་དང་སྤྱང་ཀི་


JLAZ009_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྔམ་ཞིང་རྒྱུག །ཉམས་པ་ཟས་སུ་ཟ་བར་བྱེད། །ཉམས་པའི་རྒྱབ་ཀྱི་དགྲ་ལྷ་ཕྲོལ། །ཁྱོད་ཀྱི་མདུན་གྱི་ལྷེན་སྣ་ལ། །སེང་གེ་དཀར་མོ་འགྱིང་ཞིང་འཕྱོ། །སྣང་སྲིད་དབང་དུ་སྡུད་པར་བྱེད། །དམ་ཉམས་མདུན་གྱི་སྲོག་ལྷ་ཕྲོལ། །ཁྱོད་ནི་སྟོང་གསུམ་ཕྲ་མ་མཁན། །རླུང་ལྷའི་བུ་ལ་སྲིན་པོའི་ཚ། །མཆུ་ནི་ལྕགས་ཀྱི་གཟོང་བས་རྣོ། །དམ་ཉམས་མི་དང་ལྷའི་བར་དུ་དབྱེན་ཆུག་ཅིག །ཁྱོད་ཀྱི་མི་ཕྱེད་གང་ཡང་མེད། །ལྷ་དང་ལྷ་མིན་གཡུལ་འགྱེད་ཀྱང༌། །འབྱེད་པར་ཁྱོད་ཀྱིས་ནུས་པར་བྱེད། །ཚེ་གསུམ་དྲན་བྱེད་ཕོ་རོག་མ། །ཁྱོད་ཀྱིས་མི་དྲན་ཅི་ཡང་མེད། །བསྟན་པ་གཉན་ལ་གནོད་པ་ཡི། །དམ་ཉམས་བསྒྲལ་བའི་ཞིང་བཅུ་འདི། །འགོ་བར་བྱེད་པའི་ལྷ་དང་ཕྲོལ། །སྟོང་གྲོགས་བྱེད་པའི་གཉེན་དང་ཕྲོལ། །ཧུ་ལུ་མུན་མཐོང་འུག་པ་མ། །ཁྱོད་ཀྱིས་མི་མཐོང་གང་ཡང་མེད། །བསྟན་པ་གཉན་ལ་གནོད་བྱེད་པའི། །དམ་ཉམས་བསྒྲལ་བའི་ཞིང་བཅུ་འདི། །ཁྱོད་ཀྱིས་བསྒྲལ་བའི་ཕྲིན་ལས་མཛོད། །ཅེས་བསྐུལ་ལོ། །དགྲ་བོ་ལྷ་བཟང་ནས་ཕྱོགས་གཞན་དུ་ལྷ་དབྱེའི་བཅའ་ག་བྱེད་པའི་ཚུལ་རྒྱུད་ལ་བལྟའོ། །དྲུག་པ་སྨོན་ལམ་ནི། གུ་གུལ་ལ་སོགས་པའི་དབྱེ་རྫས་རྣམས་བདུག་ཅིང་དབྱེ་རྒྱ་དང་བཅས། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་རླབས་སོ། །སངས་རྒྱས་ཀྱི་


JLAZ009_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མཐུའོ། །ཨ་བྷི་ཙརྱའི་དུས་ལ་བབ་བོ། །བརྣག་པའི་ལས་དེ་ཁོ་ན་ཉིད་དོ། །བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཁྲོ་བཅུ་ཕྲ་ཕྱག་སྒོ་བ་དམ་ཅན་མིང་སྲིང་དྲེགས་པ་དྲུག་དང་བཅས་པས་དམ་ཉམས་པའི་དགྲ་བོ་ཆེ་གེ་མོ་ལ་སྐྱོབ་པའི་ལྷ་དང་མགོ་བའི་ལྷ་ལྔ་རྣམས་བྱ་རོག་རྡོས་བརྡུངས་པ་ལྟར་ཐོང་ཞིག །ཅེས་དང༌། རྗེས་འབྲེལ་དུ་གཟས་ཕུར་ལྔ་སོ་སོར་གདབ་པའི་ཚུལ་ཡང༌། ལྕགས་ཕུར་སྔགས་ཀྱིས་སྙིང་ལ་གདབ། །སྐྱེར་ཕུར་མཆོག་ཕུར་སེང་ལྡེང་ཕུར། །བྱ་ཕུར་ཙན་དན་ཤེར་ཤིང་རྣམས། །རང་རང་སྔགས་ཀྱིས་གནས་གདབ། །ཅེས་པས། ཁྲག་གི་གནད་གཅོད་པ་སེང་ལྡེང་གི་ཕུར་པ་སྤྱི་གཙུག་ཏུ་བཏབ་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙྪིནྡྷ་ཙྪིནྡྷ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བཟླས་པས་གནམ་གྱི་འཇུ་ཐག་གཅོད་དོ། །གཉིས་པ་གཟུགས་ལ་དབབ་པ་ལ་དྲུག་ལས། དང་པོ་བསྐུལ་ནི། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །གཉིས་པ་འཕྱང༌། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་གཅོད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཕོབ་ཅིག་


JLAZ009_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཟིར་བར་གྱིས། །གསུམ་པ་སྔགས་ནི་ཐོག་མཐའ་འདྲ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། བཞི་པ་རྫས་ནི། དབབ་པ་ཉུང་དཀར་རྒྱལ་པོ་དང༌། །སྨད་དཀྲིས་རཀྟ་ཚ་བ་ཡིན། །ཞེས་སོ། །ལྔ་པ་ཏིང་ངེ་འཛིན་ནི། འོད་ཟེར་དྲག་པོའི་ཚྭ་ཚྭར་བརྡབ། །གཟས་པོའི་རྣམ་ཤེས་མི་འཆོར་བཀུག །ཆུ་དང་འོ་མ་འདྲེས་པའམ། །ཕྱེ་མ་ལ་ནི་མར་ཐིམ་བཞིན། །རྣམ་ཤེས་ལིངྒར་ཐིམ་པར་བསམ། །ཞེས་སོ། །སྤྲོ་ན་གསང་དགོངས་ལས་གསུངས་པའི་བླ་འགུགས་ཀྱི་ཕོ་ཉ་མོ་བཞི་ཡང་བསྐུལ་བ་ནི། ཧཱུཾ། དཔལ་གྱི་ཕོ་ཉ་ལས་མཁན་མོ། །དཀར་མོ་དུང་གི་མཆེ་བ་ཅན། །མཁའ་ལ་འབྱུང་བའི་མཛོད་འཁྱིལ་མ། །ལག་ན་སྤུ་གྲིས་སེམས་ཅན་སྒྲོལ། །ཞལ་དུ་དགྲ་བོའི་སྙིང་ཁྲག་རྔུབ། །སྤྲུལ་པ་ཐོག་དང་སེར་ཆེན་འབེབས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །བསྐལ་པ་བརྒྱད་ཁྲིའི་ཕ་རོལ་ནས། །དམ་ལས་འདས་པའི་བླ་འདྲེན་མ། །ཉམས་པའི་བླ་ལ་ནན་མ་ཆུང༌། །ལྷོ་ཡི་ཕྱོགས་ནས་འབྱུང་བ་ནི། །ནག་མོ་ལྕགས་ཀྱི་ལན་ཚར་ཅན། །ཁྱུང་གི་ཁྲ་ཐོགས་གཡས་པ་ན། །བྷནྡྷ་གྲི་ཐོགས་གསོད་ལ་རྔམས། །ཚངས་པ་བསྒྱིངས་པའི་ཆ་ལུགས་ཅན། །མི་སྡུག་མགོ་ལ་གཅེར་བུའི་ལུས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད། །


JLAZ009_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །བསྐལ་པ་བརྒྱད་ནས་བླ་ཚོལ་ཚོལ། །དཔག་ཚད་བྱེ་བར་སྲོག་འགུགས་འགུགས། །ཉམས་པའི་བླ་དང་སྲོག་ལ་ཡ། །ནུབ་ཀྱི་ཕྱོགས་ནས་འབྱུང་བ་ནི། །དཀར་མོ་ཉི་མའི་འོད་འཕྲོ་མ། །གདུག་པ་འདུལ་ལ་དྲག་པོ་སྟེ། །གསོད་པ་རྔམ་པའི་ལས་ལ་བརྩོན། །མཆེ་གཙིགས་གཡང་གཞི་གོས་སུ་གྱོན། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །རབ་ཏུ་སྦྲུངས་ནས་བླ་འགུགས་མ། །ཉམས་པའི་བླ་དང་སྲོག་ལ་ཡ། །བྱང་གི་ཕྱོགས་ནས་འབྱུང་བ་ནི། །ལྗང་ནག་འཁྱིལ་བའི་ཐོད་གདེགས་ཅན། །སེར་མོ་རལ་ཅན་འབུམ་གྱིས་བསྐོར། །ཕྱག་ན་རལ་གྲི་གསོད་ལ་རྔམས། །སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། །སྔོན་ནས་དགྲ་བོའི་བླ་འགུགས་མ། །ཉམས་པའི་བླ་དང་སྲོག་ལ་ཡ། །ནམ་མཁའི་ལྷ་མོ་ཕུར་པའི་ལྷ། །ལག་བརྒྱ་ལྕགས་ཀྱི་ཕུར་པ་འདྲིལ། །སྤྱན་བརྒྱ་ཁྲག་གི་མཆི་མ་འཛག །ཞལ་བརྒྱ་གདུག་པའི་ངན་སྔགས་ཟློས། །ཚེམས་ཀྱིས་སྐྱེ་ཤི་རྩ་བ་གཅོད། །ཕུར་པའི་ལས་མཁན་ཆེན་མོ་མ། །རབ་ཏུ་མི་བསྲུན་ལས་ལ་བརྩོན། །ཕོ་ཉ་མང་པོ་ཕྱོགས་བཅུར་འགྱེད། །རྡོ་རྗེ་སྐུ་གསུང་ཐུགས་ལས་སྤྲུལ། །ཉམས་པའི་བླ་དང་སྲོག་ལ་ཡ། །ཛཿཧཱུཾ་བཾ་ཧོཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཆེ་གེ་མོ་


JLAZ009_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཛཿ ཞེས་རོལ་ཁོངས་སུ་བཟླ་ཞིང༌། ཁོའི་གནས་མལ་དང་རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་རྔ་མོང་གི་གཟུགས་ཅན་དུ་ལངས་ནས་འདར་ཡེད་ཡེད་བཏེགས་ཏེ་ཕོ་ཉའི་ཚོགས་ཀྱིས་ཕྱག་རྒྱ་བཞིས་བཏབ་པས་ལིངྒ་ལ་འདྲེས་པར་བསམ་མོ། །དྲུག་པ་སྨོན་ལམ་ནི། རཱུ་པ་ལ་ཉུང་ཀར་དང་ཁ་ནག་གི་སྐུད་པ་དཀར་ནག་གི་དབབ་ཅིང༌། སྔགས་རྒྱ་བཞི་དང་བཅས། ཆོས་ཉིད་ཀྱི་བདེན་པའོ། །སོགས་ནས། དམ་ཉམས་པའི་དགྲ་བོ་ཆེ་གེ་མོའི་རྣམ་པར་ཤེས་པ་གཟུགས་བརྙན་འདི་ལ་མངོན་སུམ་དུ་ཕོབ་ཅིག །ཅེས་དང༌། དབུགས་ཀྱི་གནད་གཅོད་པ་བྱ་ཕུར་རྐང་མཐིལ་དུ་བཏབ་ནས། བྱ་གྲྀ་མུ་ཁ་ཨཾ་ཀུ་ཤ་མཱ་ར་ཡ་ཕཊ། ཅེས་བཟླས་པས་སའི་རྟེན་ཕུར་འབྱིན་ནོ། །གསུམ་པ་བྱད་དུ་གཞུག་པ་ལ་དྲུག་ལས། དང་པོ་བསྐུལ་བ་ནི། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །གཉིས་པ་འཕྱང་ནི། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་གཅོད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་ཆིངས། །གསུམ་པ་སྔགས་ནི། ཤི་ཀྲི་ཨ་ན་ཡ་མཱ་ར་ཡ་ཕཊ། བཞི་པ་རྫས་ནི། ཚོན་སྣ་ལྔ་ཡིས་བྱད་དུ་གཞུག །


JLAZ009_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོ། །ལྔ་པ་ཏིང་ངེ་འཛིན་ནི། ལྕགས་ཐག་ཟངས་ཐག་བྱད་དུ་གཞུག །འགུལ་མི་ཤེས་པར་གྲུ་གུ་འཐུལ། །བྲུབ་ཁུང་དཀྱིལ་འཁོར་ནང་དུ་ནི། །གྲུ་གུ་བཞིན་དུ་སྒོངས་པར་བསྒོམ། །ཞེས་སོ། །དྲུག་པ་སྨོན་ལམ་ནི། བྱང་ཐག་དཀྲི་ཞིང་ལྕགས་སྒྲོག་གི་རྒྱ་དང་བཅས། ཆོས་ཉིད་ཀྱི་བདེན་པའོ། །སོགས་ནས། དམ་ཉམས་པའི་དགྲ་བོ་ཆེ་གེ་མོའི་ཕུང་པོ་ལྔ་དང་རྣམ་པར་ཤེས་པའི་ཚོགས་བརྒྱད་བྱད་དུ་ཆུག་ཅིག །ཅེས་དང༌། འབྱུང་བཞིའི་གནད་གཅོད་པ། མཆོག་ཕུར་གསང་གནས་སུ་བཏབ་ནས། བིང་བིང་མཱ་ར་ཡ་ཕཊ། སོགས་བཟླས་པས་སྐྱེ་རྒྱུད་གཅོད་དོ། །བཞི་པ་སྨྱོ་རུ་གཞུག་པ་ལ་དྲུག་ལས། དང་པོ་བསྐུལ་ནི། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །གཉིས་པ་འཕྱང་ནི། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་གཅོད་བྱེད་པ་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །གསུམ་པ་སྔགས་ནི། ཛྭ་ལ་པ་ཡ་ཛྭ་ལ་བ་ཡ་བཞི་པ་རྫས་ནི། སྨྱོ་བ་དུག་གི་ཆུ་ཡིས་སོ། །ཞེས་སོ། །ལྔ་པ་ཏིང་ངེ་འཛིན་ནི། འོད་ཟེར་དྲག་པོས་བརྡབས་ཤིང་གཟིར། །སྨྱོ་བ་སྨྲ་


JLAZ009_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཚམས་མེད་པའི། །ཐ་མར་མྱོས་ཤིང་ལྐུགས་པ་དང༌། །ཁ་ནས་མེ་འབར་ཁོང་ནས་ཁྲག །འཕོངས་ནས་ངན་ཁྲག་འཛག་པར་བསམ། །ཞེས་སོ། །དྲུག་པ་སྨོན་ལམ་ནི། ཉ་བོ་ལ་ཐང་ཕྲོམ་པའི་ཁུ་བ་འདེབས་ཤིང་དེའི་རྒྱ་དང༌། དུག་གཏོར་ལ་རྨ་བྱའི་སྒྲོ་བཙུགས་པ་ཐོགས་ནས། ཆོས་ཉིད་ཀྱི་བདེན་པའོ། །སོགས་ནས། དམ་ཉམས་པའི་དགྲ་བོ་ཆེ་གེ་མོ་སྨྱོ་རུ་ཆུག་ཅིག །རང་གི་ཉེས་པ་སྨྲ་བའི་འོ་དོད་དྲག་པོ་འབོད་དུ་ཆུག་ཅིག །ཅེས་དང༌། རྩ་བཞིའི་གནད་གཅོད་པ་ཟངས་སམ་ཙནྡན་ནམ། ཤེར་ཤིང་གི་ཕུར་པ་ལྕེ་ལ་བཏབ་ནས། ན་མཿ ས་མནྟ་བི་ཤོ་དྷ་བེ་ར་བེ་ར་མཱ་ར་ཡ། སོགས་བཟླས་པས་ངག་འཇོམས་སོ། །ལྔ་པ་གཏུན་དུ་བརྡུང་བ་དྲུག་ལས། དང་པོ་བསྐུལ་ནི། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །གཉིས་པ་འཕྱང༌། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་གཅོད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །གསུམ་པ་སྔགས་ནི། ཏ་ཐཱ་ཡ་ཏ་ཐཱ་ཡ། བཞི་པ་རྫས་ནི། རྡོ་རྗེ་ཐོ་བས་རྡུལ་དུ་རློག །ཅེས་སོ། །ལྔ་པ་ཏིང་ངེ་འཛིན་


JLAZ009_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བདག་ཉིད་རྩ་བའི་ཐུགས་ཀ་ནས། །ཕོ་ཉ་ཐོ་བ་ཅན་དག་ནི། །གྲངས་མེད་འོད་ཟེར་བཅས་པ་བྱུང༌། །གཟས་པོའི་གཟུགས་ཀྱི་ཕུང་པོ་ནི། །མ་ལུས་རྡུལ་དུ་བརླག་པར་བསམ། །ཞེས་སོ། །དྲུག་པ་སྨོན་ལམ་ནི། ལྕགས་ཟངས་ཕྱེ་མ་འཐོར། ཐོ་གཏུན་གྱི་རྒྱས། ཆོས་ཉིད་ཀྱི་བདེན་པའོ། །ནས། དམ་ཉམས་པའི་དགྲ་བོ་ཆེ་གེ་མོའི་གཟུགས་ཕུང་སྐྱེ་མཆེད་དང་བཅས་པ་འབར་བ་ཆེན་པོའི་ཐོ་གཏུན་གྱི་བར་དུ་རྡུལ་དུ་ལྷོགས་ཤིག །བསྡུས་འཇོམས་བཞིན་དུ་བརྡུངས་ནས་ཤ་མྱོག་རུས་མྱོག་ཏུ་ཐོངས་ཤིིག །ཅེས་དང༌། ཚེའི་གནད་གཅོད་པ་ལྕགས་ཕུར་སྙིང་དཀར་ནག་མཚམས་སུ་བཏབ་ནས། སརྦ་དུཥྟཾ་མཱ་ར་ཡ། ཞེས་པས་སེམས་ཀྱི་དཔྱིས་འབྱིན་ནོ། །དྲུག་པ་ཞལ་དུ་བསྟབ་པའི་ལས་ལ་དྲུག་ལས། དང་པོ་ལས་དྲུག་གི་དཀྱུས་ལྟར་ཏིང་ངེ་འཛིན་གྱིས་བསྟབ་པའི་བསྐུལ་ནི། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །གཉིས་པ་འཕྱང༌། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ང་ཡི་དབང་དུ་གྱུར་ནས་ཀྱང༌། །བསྒོ་བའི་


JLAZ009_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྣམས་ཉན་པར་བྱོས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །སྐུ་ཡི་གཟི་བརྗིད་རྒྱས་པར་མཛོད། །གསུམ་པ་སྔགས་ནི། བིནྡྷ་ཡ་བིནྡྷ་ཡ༴ བཞི་པ་རྫས་ནི། བསྟབ་པ་ཧོམ་གཟར་རྒྱ་ཡིས་བྱ། །ཞེས་སོ། །ལྔ་པ་ཏིང་ངེ་འཛིན་ནི། འོད་ཟེར་སྤྲུལ་པ་གྲངས་མེད་ཀྱིས། །གཟས་པོའི་དབང་པོ་འདུ་བ་དང༌། །ཤ་ཁྲག་རུས་ཆེན་རྒྱུ་མ་གཟིར། །བསྟབ་པས་རོལ་པར་དེ་བཞིན་བསམ། །ཞེས་སོ། །དྲུག་པ་སྨོན་ལམ་ནི། ལག་གཉིས་ཧོམ་གཟར་གྱི་རྒྱ་དང་བཅས། ཆོས་ཉིད་ཀྱི་བདེན་པའོ། །སོགས་ནས། དམ་ཉམས་པའི་དགྲ་བོ་ཆེ་གེ་མོའི་ཕུང་ཁམས་སྐྱེ་མཆེད་བསོད་ནམས་ཟ་ཐང་དང་བཅས་པ་རྗེས་ཤུལ་ཙམ་ཡང་མེད་པར་ཞལ་དུ་ཐོབ་ཅིག །བཞེས་ཤིག །རོལ་ཅིག །ཁ་རཾ་ཁཱ་ཧི། ཞེས་དང༌། བཀྲག་མདངས་ཀྱི་གནད་གཅོད་སྐྱེར་ཕུར་ལྟེ་བར་བཏབ་ལ། སུ་རུ་སུ་རུ་ཨུ་ཙུཥྨ་མ་ཧཱ་ཀྲོ་ཏ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བཟླས་པས་ལྟེ་བ་སྲིད་པ་སྐྱེད་བྱེད་གཞོམ་མོ། །དེ་ལྟར་གསང་བའི་ཚིག་དྲུག་གིས་བསྐུལ་ཞིང་གབ་པའི་སྔགས་དྲུག་ཁོང་ཁྲར་གཏང་བ་ནི། བསད་ལས་ཀྱི་ངོ་བོ་ཉིད་ཡིན་ཏེ། རྒྱུད་ལས། སྔོན་གྱི་དུས་ན་གསང་བའི་ཚིག་དྲུག་པོ་འདི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མ་གསུངས་པས། ལས་ཀྱི་སེམས་དཔའ་ཡང་སྐྲག་ནས་ས་ལ་འགྱེལ་ཞིང་འཇིག་རྟེན་ཆེར་གཡོས་ཤིང་རབ་ཏུ་གཡོས་པར་གྱུར་ཏོ། །ཞེས་སོ། །གཉིས་པ་ལས་དྲུག་ཆར་གྱི་ཁོང་ཁྲར་གཏང་བ་གདབ་ལས་ལ་དོན་དྲུག་ལས། དང་པོ་ཚེ་ལུང་ནི། རྒྱུད་ལས། དྲུག་


JLAZ009_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཕུར་པས་གདབ་པ་ཡང༌། །བསྙེན་ཕུར་བཏབ་ལ་ཚེ་ལུང་བྱ། །ཞེས་པས། འཁོར་བའི་རང་བཞིན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་གནད་གཅོད་ཅིང༌། ཁམས་དང་སྐྱེ་མཆེད་ཀྱི་ཉེར་ལེན་དག་པར་བྱེད་པ་ནི་ཕུར་བུ་ཉེར་ལྔའི་གདབ་ལས་ཡིན་ལ། རྣམ་དབྱེའི་ངོས་ནས་ཉམས་པ་བདུན་ལ་གདབ་པའི་མཚན་མ་རྫས་ཀྱི་ཕུར་པ་བྱུག་བདུག་བྲབ་གསུམ་ལ་བརྟེན་ནས་གཟི་བྱིན་བསྐྱེད་པ་ནི། རྒྱུད་ལས། གུ་གུལ་བདུག་ཅིང་ཉུང་ཀར་བརྡེག །ར་ཁྱིའི་ཁྲག་དང་གསུར་ཆེན་གྱི། །སོ་སོའི་སྙིང་པོ་གདོན་ཞིང་བྱུག །དབང་བསྐུར་བྱིན་རླབས་མཆོག་ཏུ་གསུངས། །ཞེས་པ་ལྟར་བྱ་ཞིང༌། མ་གུ་ཏ་ལ་པྲ་ཏ། སོགས་སྒྲུབ་ཐབས་ནང་ལྟར་བཟླའོ། །གཉིས་པ་བསྙེན་ཕུར་བདག་ཉིད་ཆེན་པོའི་རང་བཞིན་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་ནི། རྒྱུད་ལས། ལག་པ་གཡས་པའི་སྟེང་དུ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ། གཡོན་པར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ། གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གུང་མོ་ལ་ཨོཾ། མཐེ་བོང་ལ་ཧཱུཾ། མཛུབ་མོ་ལ་ཏྲཱཾ། སྲིན་ལག་ལ་ཧྲཱིཿམཐེ་ཆུང་ལ་ཨཱ་བསམ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གུང་མོ་ལ་མཱུཾ། མཐེ་བོང་ལ་ལཱཾ། མཛུབ་མོ་ལ་མཱཾ། སྲིན་ལག་ལ་པཱཾ། མཐེ་ཆུང་ལ་ཏཱཾ། དེ་ནས་སུ་ར་སྟྭཾ་ཞེས་རྡོ་རྗེ་ཐལ་མོ་མཉམ་པར་སྦྱར། བཛྲ་ཨཉྫ་ལི་ཧཱུཾ་ཞེས་སོར་མོ་ཅུང་ཟད་བསྣོལ།


JLAZ009_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་བྷནྡྷ་བཾ་ཞེས་སོར་མོ་རྒྱབ་སྦྱར་ནས་བསྡམ། ས་མ་ཡ་སྟྭཾ་ཞེས་ཕུར་པ་བླངས་ཏེ་ཆང་པར་བཅུག་ལག་པའི་རྟིང་པ་ཕྱེ་སྟེ་མཐེ་བོང་གཉིས་དང༌། སྲིན་ལག་དང༌། མཐེའུ་ཆུང་གི་དབྲག་ཏུ་བཅུག་ལ། མཐེ་བོང་བསྒུལ་ཞིང་བསྒྲིལ་ནས་ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ། ཞེས་བརྗོད་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་ཞེ་སྡང་རྗེས་སུ་དྲན་པའི་སྐུ་ཉུང་འབྲུ་ཙམ་གྲངས་མེད་པ་བསྡུས་ཤིང་བསྟིམ་ལ། ཧཱུཾ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་བྱའི་ཕྱིར། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཨཱ་བེ་ཤ་ཡ། ཨ་བྷི་ཥཱིཉྩ་མཱཾ། ཞེས་བརྗོད། སོར་མོ་བཅུ་ཁྲོ་བཅུར་མོས་པའི་བར་དུ་དྲིལ་ནས་བསྙེན་ཕུར་བྱིན་གྱིས་བརླབས། དེ་ཡང་སྐབས་འདི་དག་ཏུ་ཕུར་པའི་ཕྱག་རྒྱ་ལྔ་ནི། རྒྱུད་ལས། ཕུར་པའི་ཕྱག་རྒྱ་ལྔ་རུ་བཤད། །ཕུར་པ་དམ་ཚིག་ཕྱག་རྒྱ་སྟེ། །ལག་པ་གཉིས་ཀྱི་རྟིང་སྦྱར་ནས། །གུང་མོ་རྩེ་སྤྲད་བར་དུ་བསྒྲིལ། །འདི་ནི་ཕུར་བུའི་དམ་ཚིག་རྒྱ། །ཨོཾ་བཛྲ་སཏྭ་རཱ་ཛ་ཧཱུཾ། ཚངས་པས་སོར་བརྒྱད་རིམ་པས་གཟུང༌། །ལྷག་མ་རྩེ་མོ་མནན་ཆད་པ། །ཕུར་པ་བརྡེག་པའི་ཕྱག་རྒྱ་ཡིན། །ལག་པ་གཉིས་ནི་ཐལ་སྦྱར་ནས། །གུང་མོ་རྩེ་སྤྲད་མཐེའུ་ཆུང་བརྐྱང༌། །སྲིན་ལག་མཛུབ་མོ་རྒྱབ་བསྣོལ་ཏེ། །མཐེ་བོང་གཤིབ་སྟེ་བར་དུ་བསྒྲིལ། །འདི་ནི་ཕུར་པ་བསྒྲིལ་བའི་རྒྱ། །ཨོཾ་ཧ་ན་ཧ་ན་དཱིཔྟ་ཙཀྲ་ཧཱུཾ་ཕཊ། ལག་པ་གཉིས་ཀྱི་རྟིང་སྤྲད་ནས། །སོར་བཅུ་ཁྲོ་བཅུར་བྱིན་བརླབས་ཏེ། །སྲས་མཆོག་དཀྱིལ་དུ་བཞག་


JLAZ009_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང༌། །བྱིན་གྱིས་བརླབ་པར་བྱས་པ་ནི། །ཕུར་པ་བྱིན་གྱིས་རློབ་པའི་རྒྱ། །ཨོཾ་ཧྲཱིཿབྷུ་བ་བྷུ་བ་ཧཱུཾ་ཕཊ། མཐེབ་མཛུབ་གཉིས་ཀྱི་བར་དུ་ནི། །ཕུར་པ་བཅུག་ལ་ཡར་འཕངས་ནས། །བབས་པ་བརྡེག་པའི་གཟུགས་ལ་བསྣུན། །འདི་ནི་ཕུར་པ་བསྐུལ་བའི་རྒྱ། །དོན་དུ་ཕྱག་རྒྱ་ལ་སོགས་པ། །ཡང་དག་རྟོགས་ན་ཀུན་ཀྱང་རྒྱ། །མ་རྟོགས་མཚན་མ་རྟོག་པའི་ཞིང༌། །ཞེས་པ་ལས། བྱིན་གྱིས་བརླབ་པའི་རྒྱས་ཕུར་པ་གྱེན་དུ་གསོར་ཞིང༌། ཧཱུཾ། སྲིད་པ་ཕུར་བུར་བསྒྲུབ་པ་དང༌། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༌། །རྟགས་དང་མཚན་མ་བསྟན་པ་དང༌། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་རྡོ་རྗེའི་ཚིག་དྲུག་གི་མགོ་བསྣན་ནས། ཧཱུཾ་བཞི་གསལ་འཕྲོ་ཧཱུཾ་བཞི་ཚོགས་ལས་བསྐྱེད། །དབུ་ལ་རྒྱ་མདུད་བསྟན་པས་ཐབས་ཀྱི་རྟགས། །རྩིབས་ལ་ལོགས་བརྒྱད་བསྟན་པས་ཁྲོ་བོ་བརྒྱད། །རིན་ཆེན་ཟུར་བརྒྱད་བསྟན་པས་ཁྲོ་མོ་བརྒྱད། །དབུས་སུ་རྒྱ་མདུད་བསྟན་པས་ཤེས་རབ་རྟགས། །རྩེ་མོ་ཟུར་གསུམ་བསྟན་པས་སྐུ་གསུང་ཐུགས། །སྟེང་འོག་གཉིས་སུ་བསྟན་པས་ཁྲོ་བོ་གཉིས། །ཁོང་སྟོང་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །མ་གཡོས་ཆོས་མཆོག་སྐུ་གསུང་ཐུགས་ཀྱི་བདག །


JLAZ009_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ལོག་པར་འཁྱམས་པའི་སེམས་ཅན་རྣམས། །ཐུགས་རྗེ་གཉིས་མེད་དབྱིངས་སུ་སྒྲོལ་མཛད་པས། །ཐབས་ཀྱིས་བསྒྲལ་བའི་སྐལ་བ་མི་ལྡན་ཡང༌། །ཤུགས་ཀྱིས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་བསྐུལ་ལ་ལོག་རྡུགས་འབྱམས་གསུམ་ཕྱི་ཉེས་པ་སེལ་ཞིང༌། སྒྲོལ་བ་རང་རྒྱུད་པ་ལྡོག་ཕྱིར་བདག་ཉིད་དཔལ་ཆེན་པོ། ཞེ་སྡང་རང་རྒྱུད་པ་ལྡོག་ཕྱིར་བསྙེན་ཕུར་སྲས་མཆོག །གཞན་དོན་ཡལ་བར་མི་དོར་བས་ཉ་བོ་དམིགས་བྱ་དངོས་ཏེ་གསལ་བ་གསུམ་ལྡན་གྱི་རང་བཞིན་སྟོང་ཉིད་སྙིང་རྗེར་ཤར་བའི་ཐུགས་རྗེ་ཆེན་པོའི་ཕུར་པས་ལོག་འདྲེན་ཚར་གཅོད་པ་སྔགས་ལམ་ཐབས་ལ་མཁས་པའི་སྒྲོལ་བ་སྟེ། རྒྱུད་ལས། ཐོག་མར་རྟོགས་གོམས་བདག་ཉིད་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་སེམས་ཅན་ཡུན་དུ་འཁོར། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་སོ། །དེ་ལ་ཁྲུས་ལུང་གི་དགོངས་པས་དམིགས་བྱའི་ལས་ཉོན་སྦྱང་བ་ནི། དགོངས་པ་ལྡན་པའི་རྣལ་འབྱོར་པས། །ཁྲུས་ལུང་ཉོན་མོངས་དག་བྱས་ཤིང༌། །ཞེས་པས། སྲས་མཆོག་གི་སྤྱི་བོར་ཧཱུཾ་མཛད་དང༌། ཧཱུཾ་མཛད་ཀྱི་སྤྱི་བོར་ཨ་དཀར་པོ་གཅིག་བསམ་པ་འོད་དུ་ཞུ་ནས་ཧཱུཾ་མཛད་ལ་ཐིམ། ཧཱུཾ་མཛད་སྲས་མཆོག་ལ་ཐིམ་པའི་རྐྱེན་གྱིས་གཟི་བྱིན་མཆོག་ཏུ་འབར། དེའི་འོད་ཟེར་གྱིས་དམིགས་བྱའི་ལས་ཉོན་སྦྱང་བར་བསམས་ལ། སྲས་མཆོག་གི་ཕུར་པ་དམ་ཚིག་གི་རྒྱས་བཟུང་བ་སྙིང་གར་མ་རེག་ཙམ་དུ་ལན་གསུམ་


JLAZ009_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིལ་ནས། ཧཱུཾ། བྱམས་དང་སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོཾ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ནན། མོ་ཧ་གྷ་ཡ་བྷ་ག་ཝཱན་ཤི་ཀྲི་བི་ཀྲི། ཤྲི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཧཱུཾ་ཕཊ། ཅེས་ལན་གསུམ་བཟླས་ཤིང༌། ཡབ་ཡུམ་ཐབས་ཤེས་སུ་སྦྱོར་བའི་ཐབས་ཀྱིས་མིང་རུས་ཚོགས་པའི་རྟེན་གྱི་བག་ཆགས་སྦྱོང་ཞིང་སྟོང་པ་ཆེན་པོ་སྒྲོལ་བའི་ཤེས་རབ་ཀྱིས་ལས་དང་བག་ཆགས་ཀྱི་མཐུས་བསྐྱེད་པའི་རྣམ་སྨིན་གྱི་ཆ་ལྷག་མ་མེད་པར་སྦྱོང་བའི་སྔགས་དོན་དྲན་པར་བྱ་བ་ནི་སྙིང་པོ་སྔགས་ཀྱི་ཁྲུས་ལུང་སྟེ། ཨོཾ་ལཾ་ཧཱུཾ་ལཾ་ཡབ་དང་ཡུམ། །སྟྭཾ་བྷ་ཐབས་དང་ཤེས་རབ་སྔགས། །གཉིས་མེད་སྦྱོར་བས་ཉོན་མོངས་སྦྱོངས། །དྲག་པོ་ཡབ་ཡུམ་སྒྲོལ་བར་བཤད། །མོ་ཧ་མིང་ལ་གྷ་ཡ་རུས། །རྟེན་ལ་དབབ་པའི་ལས་སུ་བཤད། །བྷ་ག་ཝཱན་ནི་བཅོམ་ལྡན་འདས། །སྒྲོལ་བའི་གཙོ་བོ་ཡིན་པར་བཤད། །ཤི་ཀྲི་ཡབ་དང་བི་ཀྲི་ཡུམ། །གཉིས་མེད་ཡབ་ཡུམ་བྱང་དུ་བཤད། །བཛྲ་ཧཱུཾ་དང་ཀཱར་བཅས་པ། །ཡང་དག་དོན་གྱི་འབྲས་བུ་སྟེ། །སྟོང་པ་ཆེན་པོའི་སྒྲོལ་བར་བཤད། །ཅེས་སོ། ། དེ་ནས་སྐུ་ཕྱག་རྒྱ་ཆེན་པོའི་ཁྲུས་ལུང་དང་འབྲེལ་བར་རང་རིག་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་སུ་ལྷན་གདབ་པས་གནས་སྤར་བ་ནི། ཚེ་སྲོག་དབང་སྡུད་སྒྲོལ་བ་ཡི། །རྡོ་རྗེ་ཕུར་


JLAZ009_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པ་རབ་བཏབ་ནས། །སྲིད་པའི་ཚེ་དང་ཕྲལ་ནས་ནི། །རྣམ་ཤེས་རྡོ་རྗེ་གཞོན་ནུར་སྤར། །ཞེས་པས། ཕུར་པ་དམ་རྒྱས་བཟུང་བཞིན་པ་ལས། བདག་ཉིད་དཔལ་ཆེན་པོའི་ཐུགས་སྲོག་ལས་འོད་ཟེར་འཕྲོས། ཁོའི་སྙིང་ནང་ན་རྣམ་པར་ཤེས་པའི་རྟེན་བླ་ཚེའི་ངོ་བོ་ཡི་གེ་ནྲྀ་གཅིག་གནས་པ་ཕུར་རྩེས་བཤིགས་ནས་ཨར་གྱུར་པ་བདག་གི་སྙིང་གར་གཏད་པས་བླ་ཚེའི་སྣོན་མར་ཐོབ་པར་བསམ་པ་ལ་ཚེ་ལུང་ཞེས་ཀྱང་བྱ་སྟེ། སྲན་ཙམ་འོད་ནག་དཀྱིལ་དུ་ནི། །ཁྲག་གི་ནྲྀ་ནི་ཏིལ་འབྲུ་ཙམ། །གནས་པ་དེ་རུ་ཀུན་ཁྱབ་པས། །ཀུན་ལ་དེ་བཞིན་དམིགས་ལ་གདབ། །ཅེས་སོ། །དེ་ནས་ཕུར་པ་བསྐུལ་བའི་རྒྱས། ཧཱུཾ། སྣང་སྲིད་ཐམས་ཅད་ཕུར་པའི་རང་བཞིན་ལ། །ཁམས་གསུམ་འཁོར་བ་མིང་ཡང་མི་གྲགས་ཀྱང༌། །རྒྱལ་བའི་རྫུ་འཕྲུལ་ཆེན་པོ་བསྟན་པའི་ཕྱིར། །རྡོ་རྗེ་མངོན་སྤྱོད་ཕྲིན་ལས་མཛད་དུ་གསོལ། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ སརྦ་བིག་ནན་བཾ་ཧཱུཾ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་དང༌། སྙིང་གར་ཕུར་པ་བསྒྲིལ་བའི་རྒྱ་དང་བཅས། ཨོཾ་ཧ་ན་ཧ་ན་དཱིཔྟ་ཙཀྲ་ཧཱུཾ་ཕཊ། ཅེས་བཟླ་ཞིང་བསྒྲིལ་བས་ཁོའི་ཚོགས་དྲུག་འགྱུ་བའི་སྒོ་བཀག །སེམས་དང་སེམས་བྱུང་གི་རྒྱུན་བཅད། ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་ཨ་དཀར་པོའི་རྣམ་པར་གསལ། དེ་ཉིད་གནས་སྤར་བ་ནི། ཕུར་པའི་རྩེ་མོ་ལའང་ཨ་དཀར་པོ་འོད་ཟེར་འཕྲོ་བ་གསལ་བ་དེ་ཨའི་སྒྲ་དྲག་པོར་གྲགས་པ་ལས། ཁོའི་རྣམ་ཤེས་ཀྱི་ངོ་བོ་ཨ་དེ་ཉིད་ཕུར་རྩེའི་ཨ་ལ་རྩེན་གྱི་འདུས་པར་བསམས་ལ།


JLAZ009_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཐམས་ཅད་ཨ་དཀར་བྱང་ཆུབ་སེམས་སུ་གྱུར། །བསྡུས་པས་གསེར་དངུལ་ཞི་གར་བླུགས་པ་བཞིན། །ཕུར་པའི་རྩེ་མོ་ཨ་ནི་གནས་ལེན་དེས། །ཁབ་ལེན་རྡོ་ལ་ལྕགས་རྣམས་འདུས་པ་བཞིན། །བྱང་ཆུབ་སེམས་ཀྱི་རང་བཞིན་དཀར་ལ་འཚེར། །སྐུ་གསུང་ཐུགས་ཀྱི་གནས་སུ་བསྟིམ་པར་བྱ། །སྣང་སྲིད་ཚེ་བཅུད་ཚེ་ཡི་དངོས་གྲུབ་སྩོལ། །ཁམས་གསུམ་འཁོར་བའི་བག་ཆགས་གདར་ཤ་གཅད། །ཉོན་མོངས་འཁོར་བ་ཐམས་ཅད་དབྱིངས་སུ་བསྒྲལ། །རྡོ་རྗེ་ཕུར་པ་སྐྱེ་ཤི་རྩད་ནས་གཅོད། །བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཨ་ཨ། ཞེས་བཟླ་ཞིང་རང་གི་སྙིང་གར་ཕུར་རྩེ་གཏད་པས། ཕུར་རྩེའི་ཨ་ཡང་བདག་ཉིད་ཀྱི་ཐུགས་སྲོག་ལ་འདྲེས་པས་བཀྲག་དང་གཟི་མདངས་རྒྱས། བདག་དང་བསྒྲལ་བྱའི་རིག་པ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མེད་པར་རྟོགས་པའི་བདེན་པས་ཁོ་ཡང་འཚེངས་ཤིང་བདག་ལའང་རྣམ་སྨིན་གྱིས་མི་གོས་པས་ན། རྒྱུད་ལས། ཀུན་གཞིའི་ཉོན་མོངས་ཨར་གསལ་བྱ། །ཨ་དེ་བདག་ལ་རབ་བསྟིམ་པས། །ཚེ་ཞེས་བྱ་སྟེ་དངོས་གྲུབ་བླང༌། །ཞེས་དང༌། འབྱུང་པོ་ལོག་འདྲེན་ཐམས་ཅད་ཀྱི། །རྣམ་ཤེས་འཕོས་ཤིང་བདེ་བ་ཐོབ། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱི། །དག་ཅིང་ཚེ་འཛིན་སྔགས་སུ་གསུངས། །ཞེས་སོ། །གནད་དེ་ལྟ་བུ་མི་རིག་པའི་སྔགས་པས་རང་རྒྱུད་ཀྱི་སྡོམ་པ་རྩ་བ་གཅོད་ཅིང༌། རྒྱུད་ཐམས་ཅད་ཀྱི་གླེང་གཞི་ལས་མོས་པའི་རཱུ་ཏྲའི་གོ་འཕང་ལ་དེ་མ་ཐག་སོན་ནས་མཐར་གྱིས་དམྱལ་བར་འགྲོ་བའི་ཚུལ། ཉམས་པ་བསྒྲལ་ན་མངོན་སངས་རྒྱ། །ཀུན་ལ་བྱས་ན་དམྱལ་བར་ལྟུང༌། །


JLAZ009_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །ད་ནི་གདབ་པའི་ཆོ་ག་ལ་མན་ངག་གི་གནད་མ་ཤེས་ན་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ཤན་པའི་སྲོག་ལས་དང་འདྲ་བས། ཐོག་མར་ཁྲོ་བོ་བཅུའི་ཕུར་པས་རྣམ་ཤེས་ཚོགས་བརྒྱད་ཀྱི་གནད་གཅད་པས་ཀུན་གཞི་ལ་འཁོར་བའི་བག་ཆགས་གསོག་པའི་རྒྱུན་ཆད། ཁྲོ་མོ་བཅུའི་ཕུར་པས་སྲིད་པ་ཆགས་བྱེད་ཀྱི་རྟེན་འབྱུང་བ་ལྔ་བཤིགས་པས་ཕུང་པོ་ཐོགས་བཅས་ཀྱིས་དངོས་པོ་བཅོམ། སྒོ་བ་བཞིའི་ཕུར་པས་ལུས་ཀྱི་མཚོ་བཞི་ལ་བཏབ་པས་སྐྱེ་གནས་བཞིའི་སྒོ་དགག་པ་སྟེ་རྒྱུད་ལས། ཁྲོ་བོ་ཡབ་ཡུམ་བཅུ་པོ་ཡིས། །གནས་བཅུ་དུག་གསུམ་རྩ་ནས་གཅོད། །སྒོ་བ་བཞི་ཡིས་མཚོ་བཞི་སྐེམ། །ཞེས་སོ། །དེ་ལ་རྒྱུད་ཀྱི་གླིང་གཞི་དང་བསྟུན་ནས་བཏབ་ཀྱང་འགལ་བ་ཡོད་པ་མ་ཡིན་ཏེ། གདབ་ཡུལ་དང་གཉེན་པོ་མ་འཕྲོད་པ་མང་དུ་སྣང་བར་འདིར་ནི་རྒྱུད་ཀྱི་དགོངས་པ་ལྟར་གདབ་པའི་ཚུལ། བསྒྲུབ་བྱ་བསྒྲལ་ཕྱིར་རྣམ་ཤེས་རྟེན། །བྱུང་ཚོར་སྒོ་ནི་དགག་ཕྱིར་གདབ། །ཅེས་དང༌། ཧ་ན་ཧ་ན་སོགས་པའི་སྔགས་བཅུའི་གོ་རིམ་བསྟན་པའི་དེ་མ་ཐག །མིག་གཉིས་རྣ་བ་གཉིས་དང་ནི། །སྣ་བུག་གཉིས་དང་ལྕེ་ལ་གདབ། །མགྲིན་པ་སྙིང་ག་ཁྲག་སྦལ་དང༌། །ཉོན་མོངས་ཡིད་ལ་རབ་ཏུ་གདབ། །ཅེས་པས། ཐོག་མར་འཁོར་བའི་རང་བཞིན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་རྟེན་དང་བརྟེན་པ་གདབ་ཡུལ་དུ་བྱས་ནས། མི་དགེ་བཅུ་གནས་གྱུར་གྱི་ངོ་བོ་ཡེ་ཤེས་ཀྱི་ཁྲོ་བོ་བཅུའི་ཕུར་པས་གདབ་པ་ནི་འགྱིང་ཕུར་སོ་སོ་མ་ནོར་བར་སྡེག་པའི་རྒྱས་བཟུངས། ཧ྄྄྄ཱུྃ། བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །བྱང་ཆུབ་མཆོག་ཏུ་སེམས་


JLAZ009_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཅིང༌། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང༌། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོས་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༌། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང༌། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་དང༌། མིག་གཡས་པ་ལ་རྣམ་པར་རྒྱལ་བ་གདབ་ཅིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུཾ་བཾ་ཧོཿ ཧ་ན་ཧ་ན་བཛྲ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། གཡོན་པ་ལ་དབྱུག་པ་སྔོན་པོ་གདབ་ཅིང་ཐོག་མཐའ་འདྲ། ད་ཧ་ད་ཧ་བཛྲ་སརྦ་བིག༴ དེས་མིག་གི་རྣམ་ཤེས་དང༌། དེའི་ཉེ་བར་ལེན་པ་ཚར་གཅོད་དོ། །རྣ་བ་གཡས་པ་ལ་གཤིན་རྗེ་གཤེད་པོ་གདབ་ཅིང༌། ཁོང་ཁྲ། པ་ཙ་པ་ཙ་བཛྲ༴ གཡོན་པ་ལ་མི་གཡོ་མགོན་པོ་གདབ་ཅིང༌། མ་ཐཱ་མ་ཐཱ་བཛྲ༴ དེས་རྣ་བའི་རྣམ་ཤེས་དང༌། དེའི་ཉེར་ལེན་བཅོམ། སྣ་བུག་གཡས་ལ་རྟ་མགྲིན་རྒྱལ་པོ་གདབ་ཅིང༌། ཛྭ་ལ་ཛྭ་ལ་བཛྲ༴ གཡོན་པ་གཞན་གྱིས་མི་ཐུབ་པ་ལ་གདབ་ཅིང༌། སུ་རུ་སུ་རུ་བཛྲ༴ དེས་སྣའི་རྣམ་ཤེས་དང༌། དེའི་ཉེར་ལེན་བཅོམ། ལྕེ་ལ་ཧཱུཾ་མཛད་གདབ་ཅིང༌། མུ་རུ་མུ་རུ་བཛྲ༴ དེས་ལྕེའི་རྣམ་ཤེས་ཀྱི་གཟུང་འཛིན་བཅོམ་མོ། །མགྲིན་པར་སྟོབས་པོ་ཆེ་བཏབ་ཅིང༌། ཀ་ཏཾ་ཀ་ཏེ༴ དེས་ཡིད་ཀྱི་རྣམ་ཤེས་ཀྱི་གཟུང་འཛིན་བཅོམ་མོ། །སྙིང་གར་ཁམས་གསུམ་རྣམ་རྒྱལ་བཏབ་ཅིང༌། ཛ་ཡེ་


JLAZ009_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་བི་ཛ་ཡེ་ཏ༴ དེས་ཀུན་གཞིའི་རྣམ་པར་ཤེས་པ་བག་ལ་ཉལ་སྟོངས་པར་བྱེད་དོ། །ནུ་མ་གཉིས་ལ་བདུད་རྩི་འཁྱིལ་པས་གདབ་ཅིང༌། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ༴ དེས་ཉོན་མོངས་པ་ཅན་གྱི་ཡིད་མ་རིག་པ་རྟེན་དང་བཅས་པའི་རྒྱུ་འབྲས་བཅོམ་པ་ལ་བསྒྲལ་བ་རྒྱུའི་གཙོ་བོར་བྱས་པ་ཞེས་བྱ་སྟེ། ཁྲོ་བཅུས་གཟིར་བ་བཅུས་སྦྱོང་བ། །ལུས་ཀྱི་གནས་བཅུར་གཟིར་ཞིང་སྦྱང༌། །ཞེས་སོ། །དེས་ཀུན་གཞི་ལ་ལས་མི་གསོག་པའི་ཐོབ་བྱ་འབྲས་བུའི་གོ་འཕང་ལ་སྦྱོར་བའང༌། རྣམ་ཤེས་ཚོགས་བརྒྱད་ལ་སོགས་པ། །བསྒྲལ་བ་གནས་སུ་དག་པའི་ཕྱིར། །རྣམ་རྒྱལ་ལ་སོགས་ཁྲོ་བོ་བཅུས། །རགས་པའི་དངོས་པོ་བཅོམ་ནས་ནི། །འཁོར་བ་བསྐྱེད་པའི་རྒྱུ་སྤངས་ནས། །ཡེ་ཤེས་ལྔ་ཡི་རང་བཞིན་དུ། །རྟོགས་པ་མཆོག་གི་བྱང་ཆུབ་ཉིད། །ཅེས་སོ། །འོ་ན་སྟོབས་པོ་ཆེ་ལ་སོགས་པ་གསུམ་དམ་ཅན་གྱི་སྔགས་སུ་འོང་བ་ཇི་ལྟར་ཡིན་སྙམ་ན། ལས་ཀྱི་སེམས་དཔའ་ཉོན་ཅིག །འཁོར་གང་ཡིན་པ་དེ་ཡང་ང་ཉིད་ཡིན་ཏེ། ང་གང་ཡིན་པ་དེ་འཁོར་རྣམས་ཡིན་པར་འགྱུར་རོ། །སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་པ་ལྟར་འདིར་རྩ་དུམ་ལྟར་བྱས་སོ། །སྤྱིར་ཁྲོ་བོ་བཅུ་ལ་རྩ་སྔགས་ལས་སྔགས་གཉིས་ལས་བཤད་མ་ཐག་པ་རྣམས་གཉེན་པོ་རང་བཞིན་གྱི་ལས་སྔགས་ཡིན་པས་རྡོ་རྗེ་ཁྲོས་པ་ལ་ཀྲོ་དྷ་ཀྲོ་དྷ་སོགས་གསུམ་པོའང་དངོས་བསྟན་ཡོད་དོ། །དེ་སྐད་དུ་རྒྱུད་ལས། དེ་བས་གཉེན་པོའི་སྔགས་འདི་ཡང་ཁྲོ་བོ་བཅུ་རྣམས་ཀྱི་ལས་སྔགས་ཡིན་པར་འགྱུར་རོ། །ཞེས་བཤད་དོ། །དེ་ནས་རྣམ་སྨིན་འདུས་པའི་ཕུང་པོ་ལུས་ཆགས་པའི་གནས་བཅུ་ཁམས་ལྔའི་ཉེར་ལེན་དང་བཅས་པ་གདབ་ཡུལ་དུ་བྱས་ནས། ཀློང་ལྔའི་རང་བཞིན་ཁྲོ་མོ་བཅུའི་


JLAZ009_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པས་རྒྱུད་ཀྱི་གླིང་གཞི་དང་མཐུན་པར་གདབ་པའི་ཚུལ། བཅོམ་ལྡན་འདས་ཀྱི་ལྟེ་བ་དང༌། །ཐུགས་ཀ་དཔུང་པ་དཔྱི་མིག་དང༌། །གཙུག་ཏོར་གསང་བའི་ལམ་དང་ནི། །སྤྱི་བོ་རྐང་མཐིལ་གནས་རྣམས་ནས། །གསང་བའི་སྙིང་པོ་འདི་བྱུང་ངོ༌། །ཞེས་པས། ཧཱུཾ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་འམ་འོན་ཏེ་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །ཅེས་བསྐུལ་ལ། རྡོ་རྗེ་སྙེམས་མའི་ཕུར་པ་ལྟེ་བར་བཏབ་ཅིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ པ་ར་བིག་ཏན་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཅེས་བཟླས་པས། ལུས་ཆགས་པའི་རྟེན་དང་བྲལ། མིང་གཟུགས་ཀྱི་ཉེར་ལེན་བཅོམ། མེའི་ཁམས་དག །རྒྱུད་དྲུག་གནས་སུ་དག་པ་དཔལ་ཆེན་པོའི་ངོ་བོར་གྱུར་པར་བསམ། སྡེར་མོས་སྙིང་གར་བཏབ་ལ། ཐོགས་མཐའ་འདྲ་བ་ལ། ཁོང་ཁྲ། ཚིནྡྷ་ཚིནྡྷ་བཟླས་པས། ལུས་རྒྱས་པའི་རྟེན་རྩ་དང་བྲལ། བརྟེན་པ་རླུང་སེམས་ཀྱི་རྒྱུན་གཅད། ནམ་མཁའི་ཁམས་དག །སྐྱེ་མཆེད་བཅུ་གཉིས་ཀྱི་རྩ་བ་གཅད། ཞེ་སྡང་དག་པས་དམྱལ་བའི་སྒོ་བཀག ། རྣམ་ཤེས་རྣམ་དག་རྡོ་རྗེ་སེམས་དཔར་གྱུར་པར་བསམ། རྡོ་རྗེ་དུར་ཁྲོད་མས་དཔུང་པ་གཡས་དང༌། གཏུན་ཁུང་མས་གཡོན་པ་བཏབ་ནས། བྷིནྡྷ་བྷིནྡྷ་བཟླས་པས། རྒ་ཤིའི་སྙིགས་མ་སྦྱངས། ཆུའི་ཁམས་དག །སེར་སྣ་སྟོངས་པས་ཡི་དྭགས་ཀྱི་སྒོ་བཀག །ཚོར་བ་རྣམ་པར་དག་པ་རིན་འབྱུང་གི་ངོ་བོར་བསམ་མོ། །རྡོ་རྗེ་གཏུམ་མོས་དཔྱི་


JLAZ009_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་དང༌། མདའ་སྙེམས་མས་གཡོན་ལ་བཏབ་ནས། གྷྲྀ་ཧ་ན་གྷྲྀ་ཧ་ན་བཟླས་པས། ཕུང་པོ་ཐོགས་བཅས་ཀྱི་རྟེན་དང་བྲལ། རླུང་གི་ཁམས་དག །ཕྲག་དོག་སྟོངས་པས་ལྷ་མིན་གྱི་སྒོ་བཀག །འདུ་བྱེད་རྣམ་པར་དག་པ་དོན་གྲུབ་ཏུ་གྱུར་པར་བསམ། རླུང་འབྱིན་མས་གསང་རྩེར་གདབ། དེ་རྒྱུ་སེམས་ཅན་གྱི་དུས་ཡིན་པས་སོ། །ཧ་ན་ཧ་ན་བཟླས་པས། ཕུང་པོ་ཉིང་མཚམས་སྦྱོར་བ་བདག་འཛིན་གྱི་རྟེན་དང་བྲལ། སའི་ཁམས་དག །ཆོས་ཉིད་ཀྱི་དོན་ལ་རྨོངས་པའི་གཏི་མུག་དག །གཟུགས་མེད་དང་དུད་འགྲོའི་སྒོ་བཀག །གཟུགས་ཕུང་རྣམ་པར་དག་པ་རྣམ་པར་སྣང་མཛད་དུ་གྱུར་པར་བསམ། གསོད་བྱེད་མས་གསང་བར་བཏབ་ལ། བྷནྡྷ་བྷནྡྷ་བཟླས་པས། ཁམས་འདུས་པ་ཆ་མཉམ་པས་སྲེད་ལེན་དང་བྲལ། འདོད་པའི་འདོད་ཆགས་ལ་ཞེན་པས་འཁོར་བར་སྐྱེ་བའི་རྒྱུན་གཅད། ལྷ་མིའི་སྒོ་བཀག །འདུ་ཤེས་རྣམ་པར་དག་པ་སྣང་བ་མཐའ་ཡས་སུ་གྱུར་པར་བསམ། སྒྲ་འབྱིན་མས་སྤྱི་བོར་བཏབ་ལ། སརྦ་ཨ་ན་ཡ་བཟླས་པས། ལས་དགེ་བ་ལ་མངོན་པར་འདུ་བྱེད་པའི་བཟང་རྟོག་བཅོམ། སངས་རྒྱས་ལ་ཐོབ་ཏུ་རེ་བའི་བློ་དོར། འཁོར་བ་ལ་རྟག་པར་བལྟ་བའི་མཐའ་བསལ་ནས་རྡོ་རྗེ་གཞོན་ནུའི་ཐུགས་ཡང་དག་པའི་ཡེ་ཤེས་མངོན་སུམ་དུ་བྱས་པའོ། །སྐྱོད་བྱེད་མས་རྐང་མཐིལ་དུ་བཏབ་ནས། ཏ་ཐཱ་ཡ་ཏ་ཐཱ་ཡ་བཟླས་པས། མི་དགེ་བ་རང་རྒྱུད་དུ་སྤྱོད་པའི་རྣམ་རྟོག་བཅོམ། འཁོར་བར་འཁྱམས་ཀྱི་དོགས་པའི་བློ་དོར། མྱང་འདས་ལ་ཆད་པར་བལྟ་བའི་མཐའ་བསལ་ནས་དབྱིངས་


JLAZ009_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་གཉིས་སུ་མེད་པའི་གོ་འཕང་ལ་བཞག་པའོ། །དེ་ལྟར་ཆགས་པའི་རྟེན་བརྒྱད་དང་སྟེང་འོག་གཉིས་སུ་བསྒྲལ་བ་རྒྱུའི་ལས་གཙོ་བོར་བྱས་པས་ལུས་ཆགས་པའི་རྒྱུ་འབྱུང་བ་ལྔ་བཅོམ་པས་རྣམ་སྨིན་འདུས་པའི་ལུས་རྟེན་མི་འགྲུབ་པའི་ཕྱིར་རོ། །དེས་དག་བྱ་ཉོན་མོངས་པ་ལྔ་དང༌། ལམ་རྒྱུད་ལྔའི་རྟེན་ཅིང་འབྲེལ་འབྱུང་གི་རྩ་བ་གཅོད་པས་ཐོབ་བྱ་འབྲས་བུའི་རང་བཞིན་རྟེན་ཡེ་ཤེས་ལྔ་དང་བརྟེན་པ་སྐུ་ལྔ་དབྱེར་མེད་ཀྱི་བདག་ཉིད་མངོན་སུམ་དུ་བྱས་པ་ལས་སངས་རྒྱས་ཞེས་ཚིག་བླ་དྭགས་སུ་བྱས་པ་སྟེ། རྩ་རྒྱུད་ལས། དང་པོ་སྲིད་པར་ལུས་གྲུབ་པ། །ལྟེ་བ་ཆགས་པའི་རྟེན་གྱུར་པ། །དངོས་པོ་གང་གིས་ཆགས་པ་ནི། །ལུས་ཀྱི་ཆགས་པའི་རྟེན་བརྒྱད་ལ། །དབྱིངས་ཀྱི་ཁྲོ་མོ་རྣམ་པ་བརྒྱད། །ཆགས་པ་འཇོམས་པའི་ཕུར་པ་གདབ། །དགེ་སྡིག་ལས་ཀྱི་ཆ་མཉམ་པས། །སྤྱི་བོ་རྐང་མཐིལ་རབ་བཏབ་པས། །དེ་ལྟར་བསྒྲལ་བའི་དགོས་པ་ནི། །ལམ་ལྔ་ལས་ཀྱི་རྒྱུད་ལྔ་ཡི། །འགྲོ་བ་ལྔ་སྦྱངས་རིགས་ལྔ་འགྲུབ། །ཅེས་སོ། །དེ་ནས་སྒོ་མ་བཞིའི་མངགས་ཕུར་མཚོ་བཞི་ལ་གདབ་པ་ནི། ཧཱུཾ། ཤར་ནས་ཞི་བའི་ཕྲིན་ལས་མཛད། །སྐྱེ་ཀའི་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་རུས་པའི་མཚོ། །ཀླད་པའི་རྒྱས་སུ་ཀཱི་ལ་ཡ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ བི་ད་ཡ་བི་ད་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། བྱམས་པ་ཚད་མེད་ཀྱི་ངོ་བོ་བྱ་ཕུར་བཏབ་པས་བརྫུས་སྐྱེས་དག །ཞི་


JLAZ009_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲིན་ལས་མཐར་ཕྱིན་ནོ། །ཧཱུཾ། ལྷོ་ནས་རྒྱས་པའི་ཕྲིན་ལས་མཛད། །སྲིན་བྱའི་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་དབུགས་ཀྱི་མཚོ། །གློ་བའི་དཀྱིལ་དུ་ཀཱི་ལ་ཡ། །ཐོག་མཐའ་འགྲེ། ན་མཿས་མནྟ་ཧྲིང་ཧྲིང༌། སྙིང་རྗེ་ཚད་མེད་ཀྱི་ངོ་བོ་གསེར་ཕུར་བཏབ་པས་དྲོད་གཤེར་སྐྱེས་དག །རྒྱས་པའི་ཕྲིན་ལས་མཐར་ཕྱིན་ནོ། །ཧཱུཾ། ནུབ་ནས་དབང་གི་ཕྲིན་ལས་མཛད། །ཁྲ་ཡི་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་ཁྲག་གི་མཚོ། །མཆིན་པའི་དཀྱིལ་དུ་ཀཱི་ལ་ཡ། །སུ་རུ་སུ་རུ་པྲ་སུ་རུ། དགའ་བ་ཆེན་པོའི་ངོ་བོ་ཟངས་ཕུར་བཏབ་པས་སྒོ་ང་ལས་སྐྱེས་པ་དག །དབང་གི་ཕྲིན་ལས་མཐར་ཕྱིན་ནོ། །ཧཱུཾ། བྱང་ནས་དྲག་པོའི་ཕྲིན་ལས་མཛད། །པུ་ཤུད་མགོ་ཅན་དུས་ལ་བབ། །དགྲ་བགེགས་ཀུན་གྱི་ཤ་ཡི་མཚོ། །མཁལ་མ་གཉིས་ལ་ཀཱི་ལ་ཡ། །མཱ་ར་ཡ་མཱ་ར་ཡ། བཏང་སྙོམས་ཚད་མེད་ཀྱི་ངོ་བོ་ལྕགས་ཕུར་བཏབ་པས་མངལ་སྐྱེས་དག །དྲག་པོའི་ཕྲིན་ལས་མཐར་ཕྱིན་པ་སྟེ། ཀླད་པ་དབུགས་དང་མཆིན་པ་དང༌། །མཁལ་མར་བཅས་པའི་ལུས་གནད་ལ། །ཞེས་དང༌། མཚོ་བཞི་ཉོན་མོངས་རབ་དག་ནས། །དག་པའི་མཚོ་ནི་རབ་དག་སྟེ། །ཆོས་ཀྱི་དབྱིངས་སུ་རྣམ་པར་དག །ཅེས་སོ། །དེ་ནས་ཕུར་པ་དེ་དག་བཏབ་བཞིན་པ་ནས་


JLAZ009_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ལྷའི་སྔགས་རྒྱས་མནན་པའི་ཚུལ། རྒྱུད་ལས། ལག་པ་གཉིས་སོར་མོ་བསྣོལ་ཏེ། མཐེ་བོ་དང༌། མཐེ་ཆུང་གཉིས་ངོས་ལ་སྦྱར་བ་བརྒྱངས་ཏེ། གཞན་རྣམས་དྲང་པོར་བསྲང༌། ཨོཾ་ཀརྨཱ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ་སྭཱ་ཧཱ། ལན་ཉི་ཤུ་རྩ་གཅིག་བཟླས་ལ། གཡས་ཕྱོགས་ནས་བསྐོར་ལ་ཀཱི་ལ་ཡའི་མགོ་ལ་ལན་གསུམ་གཏུག་གོ །དེ་ནས་ཕུར་པ་སླར་མི་དབྱུང་ཞིང༌། སུས་ཀྱང་མ་ཕྱིན་པར་སླར་མི་བྱུང༌། ལྷག་པར་ཡང་མ་ཕྱིན་པར་ལྷག་པར་ཡང་ཟུང་ཞིང༌། ཐར་ཕྱིན་པར་བསམ་མོ། །ཞེས་པ་ལྟར་དང༌། དེ་ལ་ཕུར་པ་ཐེབས་པའི་ཚད་ནི། བདག་དང་ཕུར་པ་གཟས་པོ་གསུམ། །གཅིག་ཏུ་རྟོགས་ན་ཐེབས་པའོ། །ཞེས་པའི་དོན་ལ་འབྱོར་བར་བྱའོ། །ཞར་ལ་གདབ་པའི་དུས་ཚོད་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྔ་མ་ནི། དང་པོར་བསྒྲུབ་པར་ཁས་བླངས་ནས། །མ་ཐོན་བར་དུ་དུས་ཚོད་མིན། །འཛབ་གྲངས་ཉི་ཁྲི་བདུན་འབུམ་གདོན། །བཟླས་བརྗོད་ཉིན་མཚན་རྒྱུན་མི་གཅད། །ཆོ་ག་བཟླས་བརྗོད་ཚང་བྱས་ནས། །རབ་འབྲིང་ཐ་མའི་རྟགས་རྣམས་ཀུན། །དུས་དེར་མི་འབྱུང་མི་སྲིད་དོ། །བརྡེག་པའི་དུས་ཚོད་རབ་མཆོག་ཡིན། །ཞེས་པ་ལས་རབ་ནི་ཕུར་པ་བརྡེག་པའམ། འཕར་བ་ལ་སོགས་དང༌། སྤྱིར་བསྟན་པ་ནི། ཉམས་པ་ཁུག་དང་རི་དྭགས་གསད། །བླ་ཤིང་གཅད་དང་བྲག་གཤགས་དང༌། །སེམས་ཅན་མང་པོ་གསད་པ་སྟེ། །འདི་ནི་ཀུན་ལ་ཤེས་པར་བྱ། །ཞེས་པ་ལྟར་རོ། །ཕྱི་མ་ནི་རྟགས་དང་རྟེན་འབྲེལ་གྱི་ངོས་ནས་དུས་སྒྲིག་པའི་ཚུལ། རྟགས་དང་མཚན་མ་ཕྱིན་པ་དང༌། །


JLAZ009_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བརྡེག་པའི་དུས་ལ་བབ་ཅེས་བྱ། །ནམ་གྱི་གུང་དང་ཉི་མ་དྲོས། །དེ་ལ་བརྡེག་པར་རབ་ཏུ་ཤིས། །ཞེས་དང༌། གནམ་སྟོང་དང་ནི་ཚེས་བརྒྱད་དང༌། །བཅོ་ལྔ་ཉི་ཤུ་གཉིས་ལ་བྱ། །མིག་དམར་ཕུར་བུ་གཟའ་རྣམས་དྲག །བརྡེག་པའི་དུས་ལ་བབ་པར་བྱ། །ཞེས་པ་ལྟར་རོ། །དེ་ལྟ་ནའང་ཕུར་བུ་འཇིག་རྟེན་སྣང་བྱེད་ལས་དབང་ཕྱུག་ཡབ་ཡུམ་གྱིས་སྐྱེ་འགྲོ་སྲང་ལ་འདེབས་ཤིང་བསྐུལ་བས་ཐེབས་པའི་དུས་དང་དེ་ལས་ལྡོག་པའི་དུས་གཉིས་ལས། ཐེབས་དུས་ནི། དཔྱིད་ར་བའི་བཅུ་བཞི་ལ་ཐེབས། བཅུ་བདུན་དང་བཅུ་དགུ་ལ་ལྡོག །དཔྱིད་འབྲིང་བཅུ་དྲུག་ལ་ཐེབས། གཅིག་དང་བརྒྱད་ལ་ལྡོག །ཐ་ཆུང་གི་ཉེར་གཉིས་ལ་ཐེབས། སྟོང་ལ་ལྡོག །དབྱར་ར་བའི་བརྒྱད་ལ་ཐེབས། གཉིས་དང་ལྔ་ལ་ལྡོག །འབྲིང་པོའི་བཅོ་ལྔ་ལ་ཐེབས། །བདུན་ལ་ལྡོག །ཐ་ཆུང་བཅུ་གཅིག་ལས་མི་བྱ། སྟོན་ར་བའི་ཉེར་གསུམ་ལ་ཐེབས། ཉེར་ལྔ་ལ་ལྡོག །སྟོན་འབྲིང་གི་བཅུ་བདུན་ནས་གནམ་སྟོང་བར་ཐེབས། གསུམ་ལ་ལྡོག །ཐ་ཆུང་གི་བརྒྱད་ནས་སྟོང་བར་ཐེབས། །གཉིས་པ་ལྡོག །དགུན་རའི་བཅུ་གསུམ་ནས་བཅུ་དྲུག་བར་ཐེབས། བརྒྱད་ལ་ལྡོག །འབྲིང་པོའི་ཉེར་གཉིས་ནས་སྟོང་བར་ཐེབས། ཉེར་དགུ་ལ་ལྡོག །ཐ་ཆུང་གི་ཉེར་གཉིས་ལ་ཐེབས། ཉེར་བདུན་ལ་ལྡོག །དེ་ལྟར་གདབ་ཕུར་ཉི་ཤུ་རྩ་ལྔས་རྣམ་པར་ཤེས་པའི་ཚོགས་བརྒྱད་དང༌། ཕུང་པོའི་རྟེན་འབྱུང་བ་ལྔ། སྐྱེ་བའི་གནས་རྣམ་པ་བཞི། དེ་དག་གི་ཉེ་བར་ལེན་པའི་གནད་གཅོད་པས་ན། གདབ་པར་


JLAZ009_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕུར་པ་ནི། །ཉི་ཤུ་རྩ་ལྔས་རྫོགས་པར་བྱེད། །ཅེས་སོ། །རྒྱུ་གང་གིས་ཞེ་ན་ཚིག་དོན་ཐམས་ཅད་ངེས་དོན་འབའ་ཞིག་ལ་སྟོན་པ། མྱ་ངན་ལས་འདས་པའི་རྒྱུད་ལས། ཁྲག་འཐུང་གཙོ་བོ་ཡབ་ཡུམ་གཉིས། །ཕྲིན་ལས་ཀུན་གྱི་མཛད་པ་ནི། །གདབ་པའི་ལས་ལ་མི་འཇུག་པར། །རྒྱལ་པོ་ཆེན་པོའི་ཚུལ་དུ་གནས། །ཐབས་ཀྱི་སྤྲུལ་པ་མགོ་བརྙན་རྣམས། །ཕྱོགས་བཅུར་ཕོ་ཉའི་ལས་རྣམས་ཀྱི། །འགུགས་པ་ལ་སོགས་བཀའ་སྡོད་ཚུལ། །སྒྲོལ་བྱེད་རྣམ་དག་མི་འགྱུར་བས། །ཡང་སྤྲུལ་ཕྲ་ཐབས་ཕུར་པ་ནི། །གནས་སུ་གདབ་པར་མ་བསྟན་ཏོ། །ཞེས་སོ། །དེ་ལྟ་ནའང་རྒྱུད་ཁ་ཅིག་ལས་ཕྲ་ཐབས་དང་དམ་ཅན་གྱི་མགྱོགས་ཕུར་འདེབས་པར་བཤད་པ་ནི་གབ་པའི་སྔགས་དྲུག་དང་འབྲེལ་བར་དམ་ཅན་རྣམས་ཀྱི་སྒོས་སྒྲུབ་ལ་སོགས་དམིགས་བསལ་ཅན་ལ་དགོངས་པ་སྟེ། གལ་ཏེ་སྒྲུབ་ཕུར་དང་གདབ་ཕུར་སོ་སོར་ནས་མ་ཚང་བའི་དུས་ཀྱང་གདབ་ཕུར་ནི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བདག་ཉིད་སྲས་ཕུར་ཁོ་ནས་བྱེད་པའི་ཚུལ་སྦས་པ་ཟབ་མོ་ལས། རྡོ་རྗེ་གཞོན་ནུ་ཁྲོ་བོ་བཅུ། །སྒྲུབ་ཕུར་དངོས་གྲུབ་ནོད་པའོ། །ཕྲ་མེན་སྲུང་མའི་ཕུར་པ་ནི། །སངས་རྒྱས་རྣམས་ཀྱི་ཕོ་ཉ་ཡིན། །དེས་ཀྱང་གདབ་པར་བྱ་བ་མིན། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །སྲས་མཆོག་ཀཱི་ལ་ཡ་གསུམ་ནི། །གདབ་པའི་ཕུར་པ་དམ་པ་སྟེ། །ཞེས་པས་གཞན་རྣམས་ལས་བསྒྲལ་བའི་རྣམ་དག་མི་རྫོགས་པ་བླ་མའི་མན་ངག་ལ་བརྟེན་ནས་རིག་པར་བྱ་སྟེ།


JLAZ009_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་དུ། རྒྱུད་དཀྲུགས་ལུང་གཅུས་བྱེ་བྲག་རྣམས། །བླ་མའི་ཐུགས་ལ་རག་ལས་པས། །བླ་མ་མཉེས་ན་རིན་ཆེན་རྙེད། །རས་ཆོད་ཅན་ལ་རྒྱུད་ལུང་གཅུས། །ཞེས་སོ། །གསོད་པའི་ཐབས་ལ་རྔོན་པ་མཁས། །མངོན་སྤྱོད་ཀུན་ལ་ཡོད་མོད་དེ། །སྔགས་ཀྱི་སྒྲོལ་བ་ཚད་ཕྱིན་པ། །ཕུར་པའི་རྒྱུད་སྡེ་ཁོ་ནར་མཐོང༌། །རྗེས་ལ་གསོ་བ་གསུམ་གྱི་ལས་མི་ཤེས་ན། དངོས་གྲུབ་ཀྱི་ནུས་པ་ཉམས་པར་བྱེད་པས། ཐོག་མར་ཕུར་པ་གསོ་བ་ནི། རྒྱུད་ལས། བྷ་གའི་ཐིག་ལེ་དྲངས་ནས་ནི། །ཆུ་སྲིན་ཁ་རུ་ཐིམ་པར་བསམ། །བྷ་ག་རྒྱུན་གྱི་ཐིག་ལེ་དག །ཟླ་བའི་དཀྱིལ་འཁོར་སྟེང་གནས་པའི། །ཐིག་ལེ་གཟི་བརྗིད་ཆེན་པོར་གྱུར། །འོད་ཟེར་སྤྲིན་ཕུང་རྣམ་པར་འཁྲུགས། །གཟི་བརྗིད་ཆེན་པོས་བརྟན་པར་བཞུགས། །ཕུར་པ་གསོ་བའི་མཚན་ཉིད་དོ། །ཞེས་གདབ་ཡུལ་རྣམ་ཐར་གསུམ་ལྡན་གྱི་ཡུམ་མཁར་བྱང་ཆུབ་སེམས་ཀྱི་ཕུར་བུ་ལུག་ལྡོག་ཆེན་པོར་གདབ་པས་བསྒྲལ་བྱའི་རྣམ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་སྦྱོར་བའི་སྦས་དོན་གྱི་མཚན་ཉིད་རིག་པར་བྱས་ནས་རྣམ་པ་ཙམ་དུ་ཕུར་པ་བཏོན་ལ་ཀླད་ལ་བསྐོར། ཀཱི་ལ་བཅོ་བརྒྱད་ངེས་པ་ཡིན། །ཁྲོ་བོར་གསལ་བ་ཉི་ཟླར་བཅས། །ཐམས་ཅད་ཕུར་པའི་རྒྱན་གྱུར་པས། །འདི་ནི་ཕུར་པ་གསོ་བའོ། །ཞེས་པས་ཐོག་མར་སྲས་མཆོག་གི་ཕུར་པ་ཉ་བོ་ལས་ཕྱུང་ལ། སྣང་སྲིད་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་འབའ་ཞིག་ཏུ་གསལ་བའི་རྒྱན་དུ་ཉི་ཟླ་གཟའ་སྐར་འོད་བཀྲག་ཏུ་འཚེར་བ་དེ་ཡང་འོད་དུ་ཞུ་ནས་བསྙེན་ཕུར་ལ་ཐིམ་པས་སྔར་


JLAZ009_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཟི་བྱིན་མཆོག་ཏུ་འབར་བར་བསམ་ལ་རྩ་སྔགས་བརྒྱ་རྩ་བརྒྱད་བཟླ་ཞིང་ཕུར་པ་ཀླད་ལ་ལན་གསུམ་བསྐོར་རོ། །བར་དུ་བསྒྲལ་བ་རང་བརྒྱུད་པ་སྤང་ཕྱིར་ཐུགས་རྗེས་བསྒྲལ་བྱ་གསོ་བ་ནི། པདྨའི་ཐིག་ལེ་དྲངས་ནས་ནི། །བསྒྲུབ་བྱའི་ལྟེ་བའི་དབུས་སུ་བསྣུན། །བསྒྲུབ་བྱ་གསོ་བའི་མཚན་ཉིད་དོ། །ཞེས་པའི་དོན་ལའང་མཚོན་པ་ཙམ་དུ་ལས་ཐམས་ཅད་པའི་ཕུར་པ་དཀར་ནག་མཚམས་སུ་དྲིལ་ཞིང༌། ཀཱི་ལ་ཡ་ལན་བཅོ་བརྒྱད་བཟླས་པའི་ཕུར་པ་ལས་བྱུང་བའི་འོད་ཟེར་གྱིས་དམིགས་བྱའི་ཁམས་བཅོ་བརྒྱད་སྲེད་ལེན་སྐད་ཅིག་ལ་བསྲེགས་ནས། ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པས་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་གསུམ་དུ་བསྡུས། ཕཊ་ཕཊ་ཕཊ། ཅེས་བརྗོད་པས་དེ་ཡང་འོག་མིན་དུ་དཔལ་ཆེན་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་པས་གཟས་པ་པོ་རྡོ་རྗེ་གཞོན་ནུའི་མཚན་དཔེའི་ངོ་བོ་ཉིད་དུ་སངས་རྒྱས་པར་བསམ་པ་སྟེ། དེ་ལྟར་གནས་གསུམ་སྤར་བ་ཡིས། །ཁོ་ཡང་མི་འཕམ་རྒྱལ་ངོ་ཤེས། །ཞེས་སོ། །ཐ་མལ་མངོན་སྤྱོད་ཀྱི་དགོངས་པ་མཐར་ཕྱིན་པའི་དོན་དུ་བདག་ཉིད་ཀྱི་ནུས་པ་གསོ་བ་ནི། ཉོན་ཅིག་ལྷ་མོ་རིན་ཆེན་མ། །དབུས་ཀྱི་ཐིག་ལེ་དྲངས་ནས་ནི། །འབར་བའི་དབྱིངས་སུ་ཐིམ་པ་ཡིས། །རོ་མྱོང་བདེ་བའི་གཟུགས་ཅན་ཉིད། །བདག་ཉིད་གསོ་བར་གསུངས་པའོ། །ཞེས་བདེ་ཆེན་ལྷན་ ཅིག་སྐྱེས་པའི་ཡེ་ཤེས་ལ་བརྟེན་ནས་རང་གི་ངོ་བོ་ཉིད་དུ་གསོ་བ་ཉིད་ཀྱང༌། ཕྱི་དོན་དུ་གཟས་པ་པོའི་ལུས་ཀྱི་སྟོབས་དང༌། སེམས་ཀྱི་རྣམ་རིག་དང༌། ངག་གི་ནུས་པ་ཐམས་ཅད་བདག་ལ་ཐིམ་པས་བདག་ཉིད་གཟི་བྱིན་མཆོག་ཏུ་འབར་བར་བསམ་པའི་ཚུལ།


JLAZ009_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་རྣམ་གསུམ་བདག་བསྟིམས་པས། །བདག་ཉིད་བཀྲག་མདངས་བསྐྱེད་པ་སྟེ། །སྔགས་བཅས་བདག་ཉིད་གསོ་བའོ། །ཞེས་པས་ཀཱི་ལ་ལན་ཉི་ཤུ་རྩ་གཅིག་དང༌། ཧཱུཾ་ཧཱུཾ་ཧཱུཾ་ཞེས་ལན་ཉི་ཤུ་རྩ་གཅིག་བཟླའོ། །དེ་ལྟར་གསོ་བ་གསུམ་གྱི་མཚན་ཉིད་ཤེས་ན་ཆོས་ཉིད་ལ་རང་བཞིན་མེད་པར་རྟོགས་པས་ཞེ་སྡང་རང་རྒྱུད་པར་མི་འཆར། མ་རིག་པའི་གཞན་དབང་གིས་རྣམ་པ་ཐམས་ཅད་དུ་ངན་སོང་གི་རྒྱུར་གྱུར་པའི་དམིགས་བྱ་ལ་གཞི་སྙིང་རྗེས་གཟུང་སྟེ་ཐབས་ལ་མཁས་པའི་བསྒྲལ་བས་བདག་ལ་རྣམ་སྨིན་གྱིས་མི་གོས། ཕ་རོལ་པོའང་རབ་ཆོས་ཉིད་རྟོགས་པ་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་གྱི་རྩ་བ་འབྱིན། འབྲིང་དངོས་གྲུབ་ཀྱི་མཚན་མ་མཐོང་བས་ལས་ངན་གྱི་རྟེན་དང་ཕྲལ་བས་ཕྱི་རྟེན་བཟང་པོ་ལ་སྦྱོར། ཐ་མས་ཀྱང་སྔགས་རྒྱ་ཏིང་ངེ་འཛིན་གྱི་སྒོ་ནས་ལས་ངན་གྱི་རྒྱུད་གཅོད་པས་སྔགས་ཀྱི་ལམ་དུ་དྲག་ཤུལ་གྱི་སྦྱོར་བ་ལ་བསྒྲལ་བའི་དམ་པ་ཞེས་གསུངས་ཏེ། བསྒྲལ་བ་སྙིང་རྗེའི་དབང་གིས་ཏེ། །སེམས་ཀྱིས་སྐུ་རུ་རབ་བསྒྱུར་ནས། །བྱང་ཆུབ་སེམས་ཀྱི་བསྒྲལ་བས་ཏེ། །འདི་ནི་བསྒྲལ་བའི་དམ་པ་ཡིན། །ཞེས་སོ། །གསུམ་པ་བསྒྲལ་བའི་ཕུང་པོ་ལྷག་མ་ལ་སྒྲོལ་བྱེད་མཚོན་ཆས་དུམ་བུར་བྱ་བ་ནི། དཔལ་ཆེན་པོའི་ཏིང་ངེ་འཛིན་གྱི་ངང་ལས་གདབ་ཕུར་ཉི་ཤུ་རྩ་བཞི་པོ་གཟིར་བཞིན་པ་ལ། གསད་གྲིས་ཉ་བོ་གཏུབ་ཅིང༌། ཧཱུཾ། ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །ཕོ་ཉ་རོལ་བའི་ལས་བྱ་ཡིས། །དམ་ཚིག་ཆེན་པོའི་དུས་ལ་བབ། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ལས། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །


JLAZ009_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཅེས་དང༌། ལས་བྱེད་ཕོ་ཉའི་ཚོགས་ཀྱིས་མཚོན་ཆ་འཁོར་ལོ་དང༌། རྡོ་རྗེའི་ཚྭ་ཚྭ་དང༌། ཐོ་བ་དང༌། ཕུར་བུ་དང༌། རལ་གྲི་དང༌། རྩེ་གསུམ་ལ་སོགས་པའི་ཆར་ཕབ་པས་ལུས་དུམ་བུ་སྟོང་དུ་འཐོར་བར་བསམས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ མ་ཐཱ་མ་ཐཱ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། སརྦ་བིག་ནན་བཾ་ཧཱུཾ་ཕཊ། དེ་ནས་ཕུར་བུ་རྣམས་བཏོན་ལ་མདུན་དུ་ཕུར་གདན་ལ་བཞུགས་སུ་གསོལ། བཞི་པ་ཕུང་པོ་མཐར་བྱེད་ཐུན་དབབ་པའི་ལས་ནི། ཉུང་དཀར། ཉུང་ནག །སྐྱེ་ཚེ། ཏིལ། ཤང་ཚེ་ལྔ་དང༌། བཙན་དུག །ར་དུག །སྤྱང་དུག །ཐང་ཕྲོམ་བཞི་དང༌། ལྕགས་ཕྱེ། ཟངས་ཕྱེ། རྡོ་ཕྱེ་གསུམ། མི་ཁྲག །རྟ་ཁྲག །ཕག་ཁྲག་ལ་སོགས་པའི་ཁྲག་ཐུན་སྣ་ཚོགས་དབབ་ཅིང༌། ཧཱུཾ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་བཞིན། །ཕྱི་རབས་རྣལ་འབྱོར་ཕྲིན་ལས་དང༌། །བསྟན་པར་དགྲ་འདྲེ་བྱུང་བའི་ཚེ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོ་དུས་ལ་བབ། །དྲེགས་པ་མང་པོའི་དུས་ལ་བབ། །ཁྱོད་ཀྱི་མཐུ་རྩལ་རབ་ཏུ་དབྱུང༌། །སངས་རྒྱས་བསྟན་པ་བཤིག་པ་དང༌། །དཀོན་མཆོག་


JLAZ009_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དགྲ་དབེན་རྩ་འཇོམས། །ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ། །རྣལ་འབྱོར་འཇོམས་པ་ལ་སོགས་པ། །བསད་དང་དབབ་དང་ནད་ངན་གྱིས། །ཇི་ནས་བརླག་པར་ཁྱོད་ཀྱིས་གྱིས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཀ་ཏཾ་ཀ་ཏེ། ཛ་ཡེ་ཏ་བི་ཛ་ཡེ་ཏ། ཨ་ཙི་ཏེ། ཨ་པ་ར་ཙི་ཏེ། མ་ར་སྱཻ་ན་པྲ་མརྟ་ནི་ཡེ་ཧཱུཾ། མ་མ་པ་ཤི་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ནན་དྷ་ཏི་མ་མ་ཀརྨ་ཤི་ཀྲཾ་ཀ་ར་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཅེས་བརྗོད་པས་ཕུང་པོ་ལྷག་མ་རྣམས་ཀྱང་རུལ་མྱགས་བྱེར་ནས་རྡུལ་ཕྲ་རབ་ཏུ་འཐོར་བར་བསམ་མོ། །ལྔ་པ་གཏུན་དུ་བརྡུང་བ་ནི། ཤེས་རབ་རྣམས་ཀྱི་གསང་བའི་གཏུན་ཁུང་དུ། ཐབས་མཆོག་རྣམས་ཀྱི་རིག་པ་ཡེ་ཤེས་ཀྱི་རྡོ་རྗེ་ཐོ་བས་གཟས་པ་པོའི་བག་ཆགས་དང་དངོས་པོར་འཛིན་པའི་རྣམ་རྟོག་ཐམས་ཅད་ཕྱེ་མར་འཐག་པའི་བྱེད་ལས་ཀྱིས་ཕུང་པོའི་ཟག་པ་དངོས་མེད་བདེ་སྟོང་ཆེན་པོའི་ཆོས་ཉིད་དུ་རྟོགས་པའི་སྦྱོར་སྒྲོལ་ཟུང་འཇུག་གི་དོན་རྟོགས་པར་བྱས་ནས། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་སྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་ལྷོགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །ཁ་ཐཾ་ཁ་ཐཾ། ཉི་ཤུ་རྩ་གཅིག་བརྗོད་པ་དང་དེའི་ཕྱག་རྒྱ་བཅིང་བ་སྤེལ་ལོ། །དྲུག་པ་ཞལ་དུ་བསྟབ་པ་ནི། སྣོད་བཅུད་ཀྱི་དངོས་པོ་


JLAZ009_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་ཆེ་ཞིང་ཡན་ལག་རགས་པ་གདུག་པ་ཅན་ཟིལ་གྱིས་གནོན་པའི་རྒྱན་བཀོད་ཀྱི་ཆེ་བ་དང༌། གསུང་འཇིགས་པའི་སྒྲ་དབྱངས་ཀྱིས་རི་རབ་ཀྱང་ཐལ་བར་རློག་པའི་གད་རྒྱངས་ཀྱིས་ཆེ་བ་དང༌། ཐུགས་ཞི་བ་ཆེན་པོ་ལས་མ་གཡོས་བཞིན་དུ་དྲག་ཤུལ་ཁྲོ་གཏུམ་འབར་བས་དམིགས་བྱ་ཚར་གཅོད་པ་ལ་དཔའ་ཞིང་རྔམ་པའི་ཞལ་དུ་ཞིང་བཅུའི་དགྲ་བགེགས་ཀྱི་ཤ་ཁྲག་ཁ་རྗེ་དབང་ཐང་དང་བཅས་པ་བསྟབ་པར་བསམ་ལ། ཧཱུཾ། བདག་ཉིད་ཆེན་པོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ང་ཡི་དབང་དུ་གྱུར་ནས་ཀྱང༌། །བསྒོ་བའི་བཀའ་ནི་ཉན་པར་བྱོས། །ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཞེས་དང༌། དམ་ཅན་སྤྱི་དྲིལ་ལ་སྟོབ་པ། ཤུ་ཤུ་ཚལ་པ་ནི་ཐུམ་ཐུམ། ཨ་ནྲྀ་ཏྲི་མ་ར་སྣ། བཛྲ་བཛྲ་ཐུམ་ཐུམ། ནཱ་ག་རཀྴ་མཱ་ར་ཡ་ཐུམ་ཚལ་པ་ཐུམ་རིལ་ཁཱ་ཧི། ཞེས་པའི་མཐར། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་རླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙརྱའི་དུས་ལ་བབ་བོ། །བརྣག་པ་དེ་ཁོ་ན་ལའོ། །ཞེས་བདེན་པའི་སྟོབས་ཀྱི་དམོད་པ་དང༌། བསམ་བྱའི་ངོས་ནས། ཧཱུཾ་གསུམ་གྱིས་དམིགས་བྱ་ལ་སྙིང་རྗེ་ཆེན་པོས་ཁོའི་བརྟེན་པ་སེམས་ཀྱི་ངོ་བོ་


JLAZ009_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་ས་བོན་དུ་བསྡུས། ཕཊ་གསུམ་གྱིས་ཁྲོ་རྒྱལ་རྣམས་ཀྱི་ལྗགས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་པས་རྟེན་རྣམ་སྨིན་གྱི་ཕུང་པོ་བཀུག་ནས་རང་རང་གི་ཞལ་དུ་བསྟབ། ཁཱ་ཧིའི་མཐའ་ཅན་གྱི་སྒྲས་ལྷག་མ་མེད་པར་གསོལ། ཧ་གསུམ་གྱིས་དགྱེས་པའི་གད་མོ་དང་བཅས་བསྒྲལ་བྱ་སྒྲོལ་བྱེད་ཀྱི་གཉིས་འཛིན་རང་བཞིན་མ་གྲུབ་པའི་ངང་ལ་མཉམ་པར་བཞག་གོ །དེ་ནས་གདབ་ཕུར་ཉེར་བཞི་གསོ་བ་ནི། ཕུར་པ་སོ་སོའི་མཚན་བྱང་དང་མཐུན་པའི་ལྷ་དངོས་སུ་སྐད་ཅིག་གིས་གསལ་ལ། ཧཱུཾ། སྲིད་པ་ཕུར་བུར་སྒྲུབ་པ་དང༌། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༌། །རྟགས་དང་མཚན་མ་སྟོན་པ་དང༌། །ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཨོཾ་ཨཱཿཧཱུཾ་གིས་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས། ཨོཾ་ཧཱུཾ་སྭཱ་ཨཱཾ་ཧཱ། ཞེས་པས་རིགས་ལྔའི་རང་བཞིན་དུ་དབང་བསྐུར། ཧཱུཾ། ཐབས་ཀྱི་སྤྱོད་པས་གཞན་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །དབང་དང་བྱིན་རླབས་འདིར་སྩལ་ཏོ། །ཤློ་ལོ་ཀས་ངེས་ཤེས་བསྐྱེད། བྱུག་བདུག་བྲབ་གསུམ་བྱས་ལ་ལྷ་གནས་སུ་དགོད་པ་ཡན་ཆད་ནི་ཐུན་གཅིག་གི་ངེས་པ་སྟེ། དེ་ལྟ་བུས་ཐུན་བཞིར་ངན་སྔགས་ཉེ་བར་བསྙེན་པའི་ཚུལ་ནི། རྩ་བ་དཀྱུས་ལྟར་བཤད་ཀྱང་དཀྱུས་ཁོང་ཁྲར་བཏང་བ་སྟེ་ཕུར་ཚད་ལ་མ་གྲགས་པའི་མན་ངག་ཁྱད་པར་ཅན་ཡིན་པའི་ཚུལ། སྔགས་དྲུག་ཁོང་ཁྲར་གཏང་བ་ལ། །ལས་དྲུག་ཀུན་གྱི་མགོ་ལ་སྦྱར། །ལས་


JLAZ009_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཀུན་གྱི་ཞབས་ལ་གདགས། །ལྔ་པ་ཁོང་ཁྲར་གཏང་བའི་ལས། །དང་པོ་ལྷ་དང་ཕྲལ་བ་ནས། །ལས་བཞི་ཀུན་གྱི་མགོ་ལ་གདོན། །དྲུག་ཚན་དྲུག་གི་སྔོན་འགྲོ་ཡིན། །ལས་དྲུག་ཀུན་གྱི་རྗེས་སུ་སྦྱར། །ཞབས་སུ་གདགས་པའི་མན་ངག་ཡིན། །ལྔ་པ་ཁོང་ཁྲར་གཏང་བ་ནི། །གདབ་ལས་རྫོགས་པའི་དངོས་གཞི་ཡིན། །དང་པོ་ནས་བཟུང་དྲུག་པའི་བར། །ཐུན་བཞིར་སྦྱོར་བའི་རིམ་པ་ལས། །དྲག་པོའི་ལས་དྲུག་རབ་ཏུ་འབད། །དེ་ནས་སོ་སོའི་གསང་སྔགས་ལ། །ཤིན་ཏུ་གསང་སྔགས་དེ་བཟླས་སོ། །ཞེས་པའི་མན་ངག་འདི་བསྟན་པ་ཕྱི་དར་གྱི་སྒང་ནས་སློང་ཤེས་པ་ཙམ་མི་སྣང་ངོ༌། །དེ་ལྟར་ཤེས་ན་གཏུན་དུ་བརྡུང་བའི་སྔ་རོལ་པ། ལས་བཞི་པོའི་ཕྱི་རོལ་པ་སྟེ་ལྔ་པར་འོང་བ་དེ་ཕུར་བུའི་གདབ་ལས་ཀྱི་ཁོང་ཁྲར་གཏང་བས། ཞག་དྲུག་གིས་ལས་ལ་ཕུར་པའི་གདབ་ལས་དྲུག་བརྒྱ་འབྱུང་སྟེ། འཇིག་རྟེན་སྣང་བྱེད་ལས། མཚོན་ཆའི་དབལ་ནི་བསྐྱེད་པའི་ཕྱིར། །བྱུག་བདུག་བརྡེག་པ་ཡང་ཡང་བྱ། །ཕུང་པོ་ལྔ་ལ་བརྒྱ་རྩ་བརྒྱད། །ཁམས་དང་སྐྱེ་མཆེད་དེ་བཞིན་ཏེ། །ཉིས་འགྱུར་ཉིས་འགྱུར་གདབ་པར་བྱ། ། ཞེས་སོ། །དེ་བཞིན་དུ་མཚོན་དང༌། ཐུན་དབབ། བརྡུང་བ་གསུམ་སོ་སོ་ནས་ཉི་ཤུ་རྩ་བཞིས་ངན་སྔགས་ཀྱི་གཞུང་སྲོང་བ་རྩ་བའི་རྒྱུད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པའི་ཚུལ་ལེའུ་བཅུ་པ་ལས། དགོངས་པ་ལྡན་པའི་རྣལ་འབྱོར་པས། །ཉིན་མཚན་བཅུ་གཉིས་དུས་དག་ལ། །བརྒྱ་དྲུག་ཕུར་པའི་གདབ་ལས་ཀྱིས། །གསད་པ་ཡོངས་སུ་རྫོགས་པ་ཡིན། །ཕྲིན་ལས་ཀུན་གྱི་གཙོ་བོ་ཉིད། །གསང་ཆེན་རྨད་དུ་བྱུང་བ་ལ། །འཇིགས་པར་བྱེད་པའི་སྐྱེ་བོ་གང༌། །དྲག་པོའི་ལས་ཀྱིས་བསྒྲལ་བར་བྱ། །གཟུགས་ལ་མཚོན་གྱིས་གཏུབ་བྱ་ཞིང༌། །ཕུང་


JLAZ009_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཐའ་བྱེད་ཐུན་གྱི་ལས། །རྣམ་པར་སྒྲོལ་བ་སྦྱོང་བའི་ཐབས། །ཡབ་ཡུམ་འཁྲིལ་སྦྱོར་དགྱེས་པ་ནི། །ཕུང་པོ་བདེ་ཆེན་དབྱིངས་སུ་གྲོལ། །རང་བཞིན་མ་བཅོས་བྱང་ཆུབ་སེམས། །རྣམ་པར་སྦྱོང་བྱེད་རྡོ་རྗེ་ཉིད། །བསྒྲལ་བས་བདེ་བ་ཆེན་པོར་འགྲུབ། །ཅེས་སོ། །དེ་ལྟ་བུའི་བསད་ལས་ཀྱི་ཆོ་ག་རྫོགས་པས་ནི་རྡོ་རྗེའི་སྐུ་ཐོབ་པ་ཡང་འཇིག་པར་བྱེད་ན། ཞིང་བཅུ་ལ་སོགས་པའི་དགྲ་བགེགས་རྣམས་ནི་སྨོས་ཅི་དགོས་ཏེ། ཆོ་ག་ལས་ཀྱི་མཐར་བྱས་པ། །བརྣག་པ་ལས་ཀྱི་སྦྱོར་བ་འདིས། །རྡོ་རྗེའི་སྐུ་ཡང་རབ་འཇིག་ན། །སྐྱེ་འགྲོ་གཟུགས་ཅན་སྨོས་ཅི་དགོས། །ཞེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས། དངོས་གྲུབ་བླང་བ་དང༌། ལས་གསུམ་གྱིས་མཇུག་སྡུད་པའོ། །དང་པོ་ནི། བསྙེན་པ་རྣམ་པ་གསུམ་མཐར་ཕྱིན་ནས་དངོས་གྲུབ་བླང་བའི་ཚུལ་གཉིས་ལས། སྐབས་འདིར་བསྒྲལ་བ་གནས་སུ་དག་པའི་ཚུལ་གྱིས་ཐོག་མར་དགྲ་བགེགས་གཉིས་ལས་དངོས་གྲུབ་ཀྱི་བཅུད་བླང་བ་རྩ་རྒྱུད་ཀྱི་དགོངས་པ་ཡིན་ཏེ། སྒྲུབ་པ་ཆེན་པོ་ཐོན་གྱུར་ནས། །བདག་གི་ནུས་པ་བསྟན་པའི་ཕྱིར། །དམིགས་ནས་ཕུར་པ་གདབ་བྱེད་པ། །དངོས་གྲུབ་ལ་དབང་རྒྱལ་པོར་འགྱུར། །ཞེས་པས། ཉིན་བདུན་པ་ལ་རཱུ་པ་གསར་དུ་བཅས་ལ། ཡེ་ཤེས་ཀྱི་ལྷ་ཉེར་བར་བསྙེན་པ་དང༌། དམ་ཅན་ཉེ་བར་བསྙེན་པའི་བཟླས་ཐབས་སྔོན་དུ་བཏང་ནས། དྲག་པོའི་ཕྲིན་ལས་དུས་གཅིག་ལ་སྨིན་པའི་ཕྱིར་ངན་སྔགས་ཉེ་བར་བསྙེན་པ་སྔགས་དྲུག་སུར་ཕུག་ཏུ་བསྟན་པའི་གདབ་ལས་ཁོང་ཁྲ་ཅན་ཅིག་ཅར་དུ་བྱས་ནས་བཏབ་པའི་བར་ཚང་བར་བྱེད་པ་ནི། སྤོགས་པའི་ཆོ་ག་ཡང་ཡིན་ལ། བསྒྲུབ་པ་ཆེན་པོ་ཡང་ཡིན། དངོས་གྲུབ་བསྒྲུབ་པའི་ལས་ཆོག་ཀྱང་ཡིན་ནོ། །གཉིས་པ་ནི། མཚན་མ་མཐོང་བའི་སྒྲུབ་པ་པོས། །དངོས་གྲུབ་


JLAZ009_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་དང་དཀྱིལ་འཁོར་གྱི། །ལྷ་རྣམས་སྐུ་གསུམ་རང་བཞིན་གྱིས། །བདག་ལ་རབ་ཏུ་བསྟིམ་གྱུར་ན། །དངོས་གྲུབ་བཅུད་ཀྱི་དམ་པ་ནི། །ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར། །ཞེས་པས་བསྒྲུབ་པ་མཐར་ཕྱིན་པའི་ཚུལ་གྱིས་ཡེ་ཤེས་ཀྱི་ལྷ་ལ་དངོས་གྲུབ་བླང་བ་ནི་སྒྲུབ་པ་པོ་རྣམས་རྒྱན་གོས་བཟང་པོར་བྱ། ཚོགས་དང་གཏོར་མ་རྒྱ་ཆེན་པོས་ཚེ་གལ་ལ་སོགས་པས་སྣ་དྲངས་ཏེ་དངོས་གྲུབ་ཀྱི་རྫས་རྣམས་ལག་ཏུ་ཐོགས་ལ། ཧཱུཾ། ཞལ་བུ་མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །འཆི་མེད་ཚེ་ཡི་གཡུང་དྲུང་ཅི་བསམ་འགྲུབ། །འདུན་པ་རིགས་ཀྱི་དངོས་གྲུབ་ཟད་མེད་གཏེར། །བདུད་འདུལ་ལྷ་ཉེ་གེགས་ཞི་རབ་ཏུ་བཟང༌། །ཉེ་བ་ཉིད་དུ་བསམ་པ་ད་རེ་རན། །ཡང་དག་བདེན་པའི་དངོས་གྲུབ་དམ་པ་འདི། །ཅི་བསམ་འགྲུབ་ཅིང་རེ་བ་སྐོང་བ་དང༌། །རིག་འཛིན་ས་ལ་ངེས་པར་ཕྱིན་པ་དང༌། །ཐོགས་པ་མེད་པར་ཅི་བསམ་འགྲུབ་པ་ཡི། །དངོས་གྲུབ་དམ་པ་དེ་ཉིད་སྩལ་དུ་གསོལ། །ཧཱུཾ། ཆོས་ཉིད་ནམ་མཁའ་བསམ་མེད་བརྗོད་ལས་འདས། །ཐམས་ཅད་འབྱུང་ཞིང་རེ་བ་མ་ལུས་སྐོང༌། །བསྐངས་པ་ཉིད་ནས་རྒྱལ་བའི་དབྱིངས་སུ་ཐིམ། །ཆོས་ཉིད་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །ཧཱུཾ། བྱིན་རླབས་ཆེན་པོ་ནམ་མཁའི་སྤྲིན་དང་འདྲ། །བདུད་དང་སྲིན་པོ་འདུལ་ཕྱིར་རྒྱལ་བའི་རིགས་སུ་བྱུང༌། །དབང་བསྐུར་བྱིན་རླབས་ནུས་པ་བསམ་མི་ཁྱབ། །སྲས་ཀྱི་དམ་པའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ། ཐབས་དང་


JLAZ009_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་བདེ་བ་ཆེན་པོའི་དབྱིངས། །ཡབ་ལ་ཆགས་ཤིང་གཉིས་སུ་མེད་པའི་ཡུམ། །དོན་དམ་ངང་ལ་རིགས་ཀྱི་ཡུམ་དུ་བསྟན། །ཟད་མེད་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ། གདུག་པ་འདུལ་ཕྱིར་ཡབ་ཀྱི་ཐུགས་ལས་སྤྲུལ། །དྲེགས་པའི་འཁོར་རྣམས་མ་ལུས་འདུལ་མཛད་པ། །ཡབ་ཡུམ་རྒྱུན་དུ་འཛིན་ཅིང་ལས་རྣམས་འགྲུབ། །ཐོགས་མེད་སྒྲོལ་བའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ། སྐུ་ལ་དུས་གསུམ་སྐྱེ་འཆི་མེད། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །སྟོང་གསུམ་མ་ལུས་རླབས་ཀྱིས་གཅོད། །འཕུར་ལྡན་གཤོག་པའི་དངོས་གྲུབ་སྩོལ། །འཇིག་རྟེན་ཀུན་ལ་དབང་སྒྱུར་བའི། །རྫུ་འཕྲུལ་སྟོབས་ཀྱི་དངོས་གྲུབ་སྩོལ། །རྒྱ་མཚོར་མི་འབྱིང་འཛུལ་བྱེད་པའི། །ཐོགས་མེད་སྟོབས་ཀྱི་དངོས་གྲུབ་སྩོལ། །ཟས་ནོར་གོས་ཀྱི་གཏེར་མཛོད་ལ། །ལོངས་སྤྱོད་དཔག་མེད་དངོས་གྲུབ་སྩོལ། །ཞིང་བཅུའི་དགྲ་བགེགས་ཚར་གཅོད་པའི། །སྒྲོལ་བྱེད་མཐུ་ཡི་དངོས་གྲུབ་སྩོལ། །དྲེགས་པ་ཟིལ་གྱིས་གནོན་མཛད་པའི། །མི་འཇིགས་དཔའ་བོའི་དངོས་གྲུབ་སྩོལ། །འགྲོ་བའི་ཉོན་མོངས་སྦྱོང་བྱེད་པའི། །ལམ་ལ་འགོད་པའི་དངོས་གྲུབ་སྩོལ། །ཕྲིན་ལས་བསམ་གྱིས་མི་ཁྱབ་ལ། །མཛད་པ་རྫོགས་པའི་དངོས་གྲུབ་སྩོལ། །བསྒྲུབ་པའི་རྒྱལ་པོ་བླ་ན་མེད། །སྐུ་


JLAZ009_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །སེམས་ནི་རང་བྱུང་ཡེ་ཤེས་ཀྱི། །རྟོགས་པས་ལྷུན་གྲུབ་དངོས་གྲུབ་སྩོལ། །རྩ་སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཨོཾ་ཨ་ལ་ལ་ཧོཿ ཨོཾ་ཨ་ལ་ལ་ཧོཿ ཨོཾ་ཨ་ལ་ལ་ཧོཿ ཞེས་བརྗོད་ཅིང་ཀུན་ལ་འགྲིམས་ཀྱང་དཀྱིལ་འཁོར་དུ་མི་དབང་བ་ལ་ནི་མི་སྦྱིན་ནོ། །དེ་ནས་གཙོ་ཕུར་བླངས་ལ། ཧཱུཾ། དངོས་གྲུབ་དམ་པ་ཐུགས་མཆོག་ལྷ་ཡི་ལྷ། །དུར་ཁྲོད་ཆེན་པོའི་གཞལ་ཡས་དམ་པ་འདིར། །དུར་ཁྲོད་རྫས་ལ་བརྟེན་ཏེ་བསྒྲུབས་ལགས་ན། །སྣང་སྲིད་བྱམས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ལྷ་ནི་ནམ་མཁའི་རང་བཞིན་ལ། །དངོས་གྲུབ་སྩལ་དང་གསོལ་བར་མི་དམིགས་ཀྱང༌། །གདུག་པ་ཆེན་པོ་ཐབས་ཀྱིས་འདུལ་བའི་ཕྱིར། །དྲག་པོས་འདྲེན་པའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ། ཆོས་ཉིད་ཀུན་ཏུ་བཟང་མོའི་བྱིན་རླབས་ལས། །དྲེགས་པ་འདུལ་ཕྱིར་ཐུགས་རྗེའི་བྱིན་རླབས་འབྱུང༌། །བདུད་ཀྱི་རྒྱལ་པོ་རཱུ་དྲ་བཏུལ་བ་ལྟར། །བདུད་རྒྱལ་དྲེགས་པ་འདུལ་བའི་དངོས་གྲུབ་སྩོལ། །ཧཱུཾ། བདུད་དཔུང་བཅོམ་ནས་ཆོས་ཉིད་དོན་མཐོང་བས། །བདུད་རྒྱལ་རཱུ་དྲས་ཆོས་ཉིད་དོན་རྟོགས་ནས། །ཐུགས་རྗེའི་བྱིན་རླབས་བདུད་ལ་སྣང་བ་ལྟར། །ཉོན་མོངས་དབྱིངས་སུ་བསྒྲལ་བའི་དངོས་གྲུབ་སྩོལ། །ཞེས་དང༌། གཙོ་ཕུར་གནས་


JLAZ009_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་གཏུག་པ་དང་བཅས། རྩ་སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ། ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། དེ་བཞིན་དུ་སྲས་མཆོག་རྣམས་བླངས་ལ། ཧཱུཾ། རོལ་པ་ཆེན་པོའི་སྲས་མཆོག་རྣམ་ལྔ་ཡང༌། །ཞིང་བཅུ་སྟོབས་དང་རབ་ཏུ་འབྲལ་མཛད་པས། །བདུད་རྒྱལ་རཱུ་ཏྲ་གྲོགས་དང་བྲལ་བ་བཞིན། །ཞིང་བཅུ་སྟོབས་དང་བྲལ་བའི་དངོས་གྲུབ་སྩོལ། །ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཧཱུཾ། ཁྲོ་བོ་བཅུའི་ཕུར་པ་བླངས་ལ། ཧཱུཾ། འཁོར་གྱི་གདུག་པ་མ་ལུས་བསྒྲལ་བའི་ཕྱིར། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་འཁོར་དང་བཅས། །ཕྱོགས་སྐྱོང་དྲེགས་པ་རབ་ཏུ་བཏུལ་བ་ལྟར། །འཇིག་རྟེན་དྲེགས་པ་འདུལ་བའི་དངོས་གྲུབ་སྩོལ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཀཱ་ཡཱ་སོགས། ཁྲོ་མོ་རྣམས་བླངས་ལ། ཧཱུཾ། སྤྲུལ་པ་སྟོང་ཁམས་རབ་ཏུ་བཀང་ནས་ཀྱང༌། །འདུལ་བའི་དབང་གིས་གང་ལ་ཅི་འདུལ་སྟོན། །རྒྱལ་བས་སྟོང་གསུམ་སྤྲུལ་པས་བཀང་བ་ལྟར། །སྤྲུལ་པ་ཁམས་གསུམ་འགེངས་པའི་དངོས་གྲུབ་སྩོལ། །ཧཱུཾ་ཞེས་ལན་བཅུའི་མཐར་ཀཱ་ཡ་སོགས། ཕྲ་ཕྱག་རྣམས་བླངས་ལ། ཧཱུཾ། རོལ་པ་ཆེན་པོའི་བྱིན་རླབས་ཅིར་ཡང་སྣང༌། །འདུལ་ཐབས་དྲག་པོ་བདུད་ཀྱི་ཆས་འདྲ་ཡང༌། །སྙིང་རྗེ་བྱང་ཆུབ་སེམས་ལས་ཉམས་པ་མེད། །དྲག་པོ་བྱམས་པའི་དངོས་གྲུབ་སྩལ་དུ་གསོལ། །ཛ་ཞེས་བཅུའི་མཐར་ཀཱ་ཡ་སོགས།


JLAZ009_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་མ་བཞི་བླངས་ལ། ཧཱུཾ། ཐུགས་རྗེ་བྱམས་པས་འགྲོ་ལ་སྙིང་བརྩེའི་ཕྱིར། །ལ་ལར་ཞི་དང་ལ་ལར་ཁྲོ་བོར་སྣང༌། །འདུལ་ཐབས་དྲག་པོས་འགྲོ་བ་འདུལ་ལགས་ན། །ཉོན་མོངས་གནས་སུ་འདྲེན་པའི་དངོས་གྲུབ་སྩོལ། །ཛཿཧཱུཾ་བཾ་ཧོཿ ཀཱ་ཡཱ་སོགས། ས་བདག་མའི་བླངས་ལ། ཧཱུཾ། དཔལ་གྱི་བཀའ་ཉན་ལས་ལ་བརྩོན་པ་མོ། །འཇིག་རྟེན་དྲེགས་པ་མ་ལུས་འདུལ་མཛད་མ། །འཇིག་རྟེན་དབང་དུ་སྡུད་པའི་ལས་བྱས་ལྟར། །དམ་ལས་མི་འདའ་བཀའ་ཉན་དངོས་གྲུབ་སྩོལ། །ཛཿཛཿཛཿཛཿ ཀཱ་ཡ་སོགས། ཤྭ་ན་མའི་བླངས་ལ། ཧཱུཾ། འཇིག་རྟེན་ཁམས་ལ་དབང་སྒྱུར་མཐུ་མོ་ཆེ། །ལས་ངན་ཞིང་བཅུ་མ་ལུས་སྒྲོལ་མཛད་པ། །བཅོལ་ཞིང་རྦད་ན་ཕོ་ཉ་མཛད་པ་ལྟར། །གང་དུ་མངགས་པའི་ལས་འགྲུབ་དངོས་གྲུབ་སྩོལ། །ཨེ་ཡཾ་མ་ཡ་ཀཱ་ཡ་སོགས། བདག་ཉིད་མའི་བླངས་ལ། ཧཱུཾ། དྲེགས་པ་སྡེ་བཞི་རབ་ཏུ་འདུལ་མཛད་པ། །ནད་ཀྱི་བདག་མོ་བཀའ་ཉན་གསུང་སྡོད་མ། །བྲན་དང་ཕོ་ཉ་ལས་རྣམས་འགྲུབ་བྱེད་ལྟར། །གང་ལ་བྱ་བའི་ལས་འགྲུབ་དངོས་གྲུབ་སྩོལ། །བྷྱོ་བཞིའི་མཐར་ཀཱ་ཡ་སོགས་དང༌། སྤྱིར་དམིགས་ནས། བདུད་དང་སྲིན་པོ་འདུལ་བའི་དངོས་གྲུབ་སྩོལ། །དོན་


JLAZ009_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་ཉིད་རྟོགས་པའི་དངོས་གྲུབ་སྩོལ། །སངས་རྒྱས་ས་ལ་འགྲོ་བའི་དངོས་གྲུབ་སྩོལ། །འཁོར་བ་ངན་སོང་སྦྱོང་བའི་དངོས་གྲུབ་སྩོལ། །ཞེས་བརྗོད་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དངོས་གྲུབ་ཐོབ་པར་བསམ་མོ། །དེ་ནས་མངོན་སྤྱོད་ཀྱི་ཕྲིན་ལས་མཐར་ཕྱིན་པའི་དོན་དུ་ཕུར་སྐོར་གྱི་གདབ་ལས་ནི། ཛཔ྄་ཁ་ཕྱེ་ལ། བཟླས་པ་སྟོང་ཕྲག་གཅིག་བྱས་རྗེས། ཆུ་སྲིན་རྣམ་རོལ་གྱི་རྒྱས་གཙོ་ཕུར་བླངས་ཏེ་དྲིལ་ནས། མགོ་ལ་གཡས་སྐོར་དུ་བསྐོར་བས་རང་གི་ལུས་ལ་བར་དུ་གཅོད་པ་ཐམས་ཅད་ཀྱི་ལུས་རྡུལ་ཕྲ་རབ་ཏུ་སོང་བར་བསམ་ལ། ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་འམ་འོན་ཏེ་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཅེས་བརྗོད། ཡང་མགྲིན་པར་བསྐོར་བས་ཕ་རོལ་པའི་ངག་གི་ནུས་པ་བཅིང༌། རང་གི་ནུས་པ་རྒྱས་པར་བསམས་ལ། ཧཱུཾ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཡང་སྙིང་ག་ནས་མདུན་རྒྱབ་ཏུ་བསྐོར་བས་རང་གི་སེམས་ལ་


JLAZ009_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཡེངས་པས་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང༌། ཕ་རོལ་པོའི་སེམས་སྐྲག་ཅིང་མྱོས་པའི་མོད་ལ་རིག་པ་ཆོས་ཉིད་ཀྱི་ཀློང་དུ་བརྒྱལ་བར་བསམས་ལ། ཧཱུཾ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། དེ་ནས་སྒྲུབ་པ་པོ་ཐམས་ཅད་ཀྱིས་ཀྱང་ཛཔ྄་བཟླ་བཞིན་པར་ཕུར་བསྐོར་བྱས་རྗེས་ཕུར་པ་ས་ལ་མ་རེག་པར་ཉ་བོའི་ཁོག་པ་ལ་གཞུག །དེ་བཞིན་དུ་ཁྲོ་བཅུ་ཡབ་ཡུམ་དང༌། སྒོ་བའི་ཕུར་པ་རྣམས་ཀྱང་རྡོ་རྗེ་སློབ་དཔོན་ནས་རིམ་པར་ཕུར་བསྐོར་བྱས་ནས་དཀྱིལ་འཁོར་ལ་བཀོད། ཛཔ྄་བསྟོད་བྱ། ཚོགས་ཀྱི་འཁོར་ལོས་དགྱེས་པ་བསྐང༌། དམ་ཅན་ཆོས་སྐྱོང་རྣམས་ལ་གཏང་རག་དབུལ། ཆད་མདོ་ནས་བཟུང་ཆོ་གའི་རྗེས་ཆོག་རྣམས་དཀྱུས་ལྟར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། རྒྱུད་ལས། ལས་ཀྱི་མཐའ་བརྟུལ་ངེས་པ་ཡང༌། །ཧོམ་ལ་བསྲེག་པའི་སྦྱོར་བ་ཡིས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ཐོད་པར་འཕང་བའི་ལས་བྱའོ། །མནན་ས་ངེས་པར་མནན་པ་ཡིས། །ཉམས་པ་འཆི་འགྱུར་ངེས་པ་ཡིན། །ཞེས་ལས་ཀྱི་མཐའ་བསྡུ་བའི་རིམ་པ་གསུམ་ལས། དང་པོ་བསད་པའི་ལས་མཐར་ཕྱིན་པའི་དེ་མ་ཐག་བསྟབ་པའི་ལས་ཀྱིས་མ་ཚང་བ་ཁ་སྐོང་བ་ནི་དྲག་པོའི་སྦྱིན་སྲེག་ཡིན་ཏེ། རྩེ་མོ་ལས། གང་དག་བསད་པའི་དུམ་བུ་དང༌། །ཕུང་པོ་སྙོམས་པའི་རྗེས་ཤུན་ཅན། །ཤ་ཁྲག་དྲོད་དང་བཅས་པ་ལ། །འབར་བ་འཁོར་བཅས་


JLAZ009_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བོད་པར་བྱ། །ཚ་བའི་མར་དང་ལན་ཚྭ་དང༌། །སྐྱེ་ཚེ་དུག་དང་ཁྲག་སྣ་དང༌། །ལྕགས་ཕྱེ་ལྡོང་རོས་དམ་རྫས་དང༌། །སོལ་ཕྱེས་བགོས་པའི་དམ་རྫས་རྣམས། །གསང་སྔགས་བཟླས་པར་རབ་འབད་དེ། །གང་གི་གཟུགས་མིང་རུས་བསྲེགས་ན། །མྱུར་དུ་ལས་རྣམས་འགྲུབ་པར་འགྱུར། །ཞེས་པས་དེའི་ཚུལ་ནི་དྲག་པོའི་སྦྱིན་སྲེག་རྟ་གདོང་རྔམ་ཞུགས་ལས་རྟོགས་པར་བྱ་ཞིང་རྫས་ལ་ཞིབ་པར་བསྟན་པ་ནི། རྒྱུད་ལས། དེར་གདུག་པ་ཅན་གྱི་ཤིང་རྣམས་ལ་ཁ་རལ་མའི་སྐྲས་བཅིངས་ཏེ། དུག་ཤིང་སྣ་ཚོགས་པ་ལ་སྙིང་དང་གློ་བས་བརྒྱན་པ་ནི་དྲག་པོ་མེའི་དཀྱིལ་འཁོར་རོ། །ཞེས་དང༌། བསྟབ་པའི་དཀྱིལ་འཁོར་ནི་བྱང་ཤར་མཚམས་སུ་འཕང་དུ་སོར་བཞི་ལ་སྙིང་པོ་ནྲྀ་ཏྲི་དང་བཅས་པའོ། །དེར་བསྒྲལ་བའི་ལིངྒ་ནི་ར་སོག་དང༌། ཁྱི་སོག་དང༌། མིའི་སོག་པ་ལ་བྲིས་ལ་མཆོད་པ་ཆེན་པོའི་དུས་སུ་བསྟབ་བོ། །ཞེས་དང༌། དམ་ཅན་སྤྱི་འདྲིལ་གྱི་བསྲེག་སྔགས། ཤུ་ལཾ་བུ་ལཾ། དྷི་ཛཿནི་ཡོ་གཱི་ཤྭ་རི་ནི་ཡ་མ་ཙིཏྟ་སུ་ཏྲི་བཛྲ་མཱ་ར་ཡ་ཕཊཿརཾ་རཾ་ཁཱ་ཧི་ཧོ་ཧོཿཞེས་པ་དཀྱིལ་འཁོར་བའི་མཇུག་ཏུ་སྦྱར་ནས་ལན་ལྔ་ཙམ་དབུལ་ལོ། །བདུད་རྩི་འཁྱིལ་བའི་སྦྱོར་བ་ཡིས། །དུམ་བུར་གཏུབ་ནས་སྦྱིན་བསྲེག་བྱ། །ཐལ་བ་རྒྱ་མཚོར་དོར་གྱུར་ན། །ངེས་པ་ཁོ་ནར་སྨྱོ་བར་འགྱུར། །ཁྱི་ཡི་ཁྲག་དང་རྔ་མོའི་ཤ །དུག་གི་མེ་ལ་བསྲེག་གྱུར་ན། །ངེས་པ་ཁོ་ནར་ཁུག་པར་འགྱུར། །ཙིཏྟའི་ཁྲག་དང་དུར་ཁྲོད་ས། །ཤྭ་ན་རཀྟ་བསྲེས་པ་ཡིས། །གཟུགས་བརྙན་སོར་ནི་བཞི་པ་བྱས། །བྷནྡྷ་སྲུབས་མེད་ནང་དུ་གཞུག །མ་ཀི་ཏ་ཡི་ཁུ་བས་བྱུག །དུར་ཁྲོད་ཤིང་ལ་བསྲེག་གྱུར་ན། །བསྒྲུབ་བྱ་ཚ་བའི་རིམས་ཀྱིས་


JLAZ009_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །དུར་ཁྲོད་དག་གི་སོལ་བ་ལ། །བསྒྲུབ་བྱའི་གཟུགས་བརྙན་ནག་པོར་བྱ། །ར་ཡི་ཁྲག་གིས་བྱུག་ནས་ནི། །དུར་ཁྲོད་ཤིང་གི་མེ་ལ་བསྲེག །ན་རའི་ཕུར་པ་ལྔ་པོས་བདུག །ཧི་ཧིར་བཞད་ཅིང་ཐལ་བརྡབས་པས། །བསྒྲུབ་བྱའི་ལུས་ནི་འགས་པར་འགྱུར། །ཞེས་དང༌། དེ་བཞིན་དུ། མི་ཤ་ཁྱི་ཤ་ར་དང་རྟ། །ནྲྀ་དང་གཉིས་སུ་མེད་བསྲེག་ན། །མོད་ལ་སྲོག་ནི་འཕྲོག་པར་འགྱུར། །དེས་མཚོན་ནས། མི་རྟ་ཁྱི་སྤྱང་གླང་དྲེད་ཚིལ་གྱིས་གག་པ། མི་ཁྱི་འཕར་སྤྱང་སྤྲེའུ་ར་དང་བཅས་པའི་ཁྲག་ནད། དེ་དག་གི་རྐང་མར་གྱིས་ཚད་རིམས། ར་སྤྱང་བོང་དུག་བསེ་ཞོ་དང་བཅས་པས་ལྐུགས། ལི་ཁྲི་དང་མཚལ་གྱིས་སྐྱེ་རྒྱུན་གཅོད། གུ་གུལ་དང་ཉུང་ཀར་གྱིས་ལྷ་དང་འབྲལ། ཐང་ཕྲོམ་དང་ལུག་མིག་པས་སྨྱོ་འབོག །ཉུང་དཀར་ནག་སྐྱེ་ཚེ་ཏིལ་གྱིས་སྙིང་གས། ཀནྡྷ་ཀ་རིས་ལུས། ཟངས་ཕྱེས་ངག །ལྕགས་ཕྱེས་ཡིད། སྨན་ཆེན་གྱི་ཀུན་གྱི་གྲོགས། གཏའ་གཏོར་རྙིང་པས་བཏབ་པའི་རྫས་དེ་རྣམ་པ་བཅུ་དྲུག་བཤད་པའང་མན་ངག་ཏུ་སྦྱར་རོ། །གཉིས་པ་གསད་པའི་ལས་ཆུད་མི་ཟ་བ་ཟོར་གྱི་ལས་ཀྱིས་བྱེད་དེ། དེའི་ཚུལ་ནི་ཟོར་ལས་གནམ་ལྕགས་འབར་བ་ལས་རྟོགས་པར་བྱ་ཞིང་ཟོར་རྫས་ལ་མན་ངག་ཏུ་བསྟན་པ་ནི། ཉུང་དཀར་ཉུང་ནག་སྐྱེ་ཚེ་མཚེ། །མཆེ་བ་ཅན་གྱི་མཆུ་དགུ་ཁྲག །ཐུན་དུ་བྲབས་ཏེ་ཟོར་འཕངས་ན། །ཁྲག་གཟེར་ནད་ཀྱིས་འཆི་བར་འགྱུར། །ཉུང་དཀར་ཉུང་ནག་སྐྱེ་ཚེ་མཚེ། །མཛེ་ཕོའི་ཁྲག་ཟོར་ཐུན་འཕངས་ན། །མཛེ་རིམས་ནད་ཀྱིས་འཆི་བར་འགྱུར། །ཉུང་དཀར་ལ་སོགས་མི་ར་


JLAZ009_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི། །སྣ་ཚོགས་དུག་དང་ཁྲག་ཐུན་གྱིས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །མྱོས་དང་བརླམས་དང་ལྐུགས་དང་འཆི། །ཉུང་ཀར་ལ་སོགས་མི་ར་ཁྱི། །དྷ་དུ་ར་ཡི་ལུག་མིག་དང༌། །སྣ་ཚོགས་དུག་དང་ཁྲག་ཐུན་གྱིས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །སྨྱོ་འབོག་ནད་ཀྱིས་འཆི་བར་འགྱུར། །འབྲུམ་ནད་དག་གིས་ཤི་བའི་ཁྲག །ཉུང་ཀར་དུག་དང་སྦྱར་བ་ཡིས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །ཡུལ་ཁམས་འབྲུམ་ནད་དག་གིས་འཆི། །མཁྲིས་ནད་རྩ་ཡི་ཁྲག་དང་ནི། །ཉུང་དཀར་ཉུང་ནག་དུག་སྣ་ཚོགས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །མཁྲིས་ནད་རིམས་ཀྱིས་འཆི་བར་འགྱུར། །ཉུང་དཀར་ཉུང་ནག་སྐྱེ་ཚེ་མཚེ། །མུ་ཟི་ནག་པོ་ཁྲག་སྣ་ཚོགས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །ཕོ་ལོག་གླང་ཐབས་ནད་ཀྱིས་འཆི། །མྱོས་རིམ་རྩ་ཡི་ཁྲག་དང་ནི། །ཉུང་ཀར་ལ་སོགས་དུག་སྣ་ཚོགས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །རིམས་ནད་ཆེན་པོས་འཆི་བར་འགྱུར། །ཡུལ་མཁར་ས་དང་ཚོན་ཕྱེ་དང༌། །ལོ་ཟླར་བཤམས་པའི་གཏོར་མ་དང༌། །ཉུང་ཀར་ལ་སོགས་དམེ་ཁྲག་གིས། །ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། །ཡུལ་འཁོར་ཤོར་དང་མེ་ཡིས་འཆི། །ཞེས་དང༌། དྲེགས་པའི་ལས་སྦྱོར་དང་འབྲེལ་བའི་ཐོད་ཟོར་བྱེ་བྲག་པའི་མན་ངག་ནི། ནག་པོ་སྤྱི་དཀར་ཐོད་པ་རུ། །དེ་ཉིད་སྙིང་དང་ཁྲག་ཏུ་བཅས། །མོན་པ་ནག་པོའི་སྙིང་ཡང་རུང༌། །དེ་ཡི་ནང་དུ་མིང་བྱང་གཞུག །རེ་བའི་ཁུག་མར་བཅུག་ཀྱང་རུང༌། །གསལ་བ་ལྷ་ཡི་ང་རྒྱལ་གྱིས། །གང་ཡིན་དམིགས་པ་གསལ་བ་ལས། །


JLAZ009_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ནག་མཚམས་སུ་དྲག་སྔགས་བརྡེག །དེ་ཡིས་རྟགས་ལ་ལས་སྔགས་བྱ། །གྲངས་སུ་བསྟན་པའི་ལས་ཉིད་དེ། །སྲོག་མེད་རྡོ་ཡང་འགས་པར་འགྱུར། །དཀར་པོ་ཕྲུམ་དམར་ཐོད་པ་རུ། །སྙིང་སྣ་ལྔ་ཡང་དེ་བཞིན་བྱ། །མིང་དང་རུས་ཀྱང་བྲི་བར་བྱ། །ཐུན་རྫས་སྣ་ཚོགས་མང་དུ་བསྟར། །གསལ་བའི་ཏིང་འཛིན་དགོངས་པ་ཡིས། །རང་བསྲུང་གནད་ལ་དབབ་པར་བྱ། །ཐུན་རྣམས་དུས་སུ་བྲབ་པར་བྱ། །རྟགས་ནི་མྱུར་དུ་བྱུང་བ་དང༌། །གང་ཡིན་དེ་ལ་ཐོད་པ་བརྡེག །དེ་ནི་ས་རུ་རྟགས་བྱུང་ན། །བསམས་པའི་འབྲས་བུ་ཆུད་མི་ཟ། །གང་བྱས་ལས་ལ་ཐེ་ཚོམ་མེད། །མོན་པ་ནག་པོའི་ཐོད་པ་རུ། །གླ་བ་ལུག་དང་བྱ་རྣམས་ཀྱི། །སྙིང་དང་ཁྲག་ཏུ་བཅས་པ་བླུག །དམ་རྫས་ཀུན་ཀྱང་ཚང་གྱུར་ན། །ཡ་མཚན་འཕྲུལ་གྱི་སྔགས་འབྲུ་ལ། །རིམ་པ་སྔགས་ཀྱི་བྱ་བར་ཤེས། །དེ་ཡིས་དོན་འདི་འགྲུབ་པར་འགྱུར། །ཝའམ་སྤྱང་ཀིའི་ཐོད་པ་རུ། །རིམས་ཀྱིས་ཤི་བའི་ཁྲག་བླུག་ལ། །དུག་དང་སྦང་མས་སླང་བར་བྱ། །ཟངས་ཕྱེ་དུག་རྣམས་ཡང་དག་བསྟན། །སྦྱོར་བ་སྔགས་ཀྱི་ན་ཡ་ལ། །གནད་ལ་དབབ་པར་རབ་སྡེབས་ལ། །ནམ་གྱི་འཇིང་ལ་ཐུན་ཡང་བརྡེག །རྟགས་རྣམས་འབྱུང་བར་གདོན་མི་ཟ། །ཁམས་གསུམ་གདུག་པ་སྒྲོལ་བའི་ལས། །གང་དུ་བཏབ་པ་འགྲུབ་པར་བྱེད། །བདུད་དང་སྲིན་པོ་གནོད་སྦྱིན་ཡང༌། །བསྒྲུབ་པའི་འབྲས་བུ་ཐོབ་པར་འགྱུར། །ཞེས་སོ། །འདི་དམ་ཅན་གྱི་གནད་ཡིག་ལ་མ་བརྟེན་པར་རང་གར་བྱས་ན་རང་ཉིད་ཕུང་བས་བཤད་རྒྱུད་ལེའུ་ཉི་ཤུ་པ་དང་ཉེར་གཅིག་པ་ལྟར་འབོད་རྦད་བསད་གསུམ་ལ་བརྟེན་པ་གཅེས་ཤིང༌། ཟོར་འཕངས་ཐོད་པ་ལམ་འོག་ཏུའོ། །


JLAZ009_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ཡང་རིག་པར་བྱའོ། །འདིར་སྦྱིན་སྲེག་གི་ཐལ་བ་རླུང་ལ་བསྐུར་བ་ཟོར་ནི། རབས་ཆད་དམ། མཚན་ངན་གྱི་ཐོད་པ་བླ་འོག་མ་བྲལ་བ་དང༌། མེ་ཆུས་ནུས་པ་མ་གསད་པའི་ཞོལ་གླང་འོག་ཅན་ལ་སོགས་པའི་རྭར་བསྲེགས་ཐལདང་། ལིང་རོ་དང༌། ཁྲག་སྣ་ཚོགས་ཚད་དང༌། ཡུགས་སའི་མངའ་ཁྲག་སོགས་བླུག །ཐུན་རྫས་གཞན་རྣམས་དང་ཟོར་རྫས་རྣམས་ནི་ཐལ་སོལ་ལ་ཟོར་ཀོང་དང་གཏོར་མ་བྱས་པ་ལ་བརྒྱན། མ་དལ་གྲུ་གསུམ་ཅན་གྱི་སྟེང་དུ་བཀོད། དེའི་མདུན་དུ་སྨན་གཏོར་རཀྟ་མཆོད་པ་དང་བཅས་པ་བཤམ། དཀྱིལ་འཁོར་གཞུང་ལྟར་བསྐྱེད་ལ་ཛཔ྄་བཟླས་རྫོགས་ནས་མ་མ་པ་ཤི་ཀུ་རུ་སོགས་ཅི་ནུས་བཟླ། ཕུར་པའི་དམ་ཅན་གྱི་བསྐུལ་བྱ། དེ་ནས་ནམ་ཕྱེད་ལ་བབ་པ་ན། ཞིང་ཆེན་གྱི་གཡང་གཞི་དང༌། སྲིད་པ་སྤྱི་བླུགས་ཀྱི་ཞྭ་སོགས་བདུད་ཆས་སུ་ཞུགས། སྙིང་གར་ཞག་གི་ཟོ་རིས། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་དང་ལྐོག་མ་རྣམས་རཀྟའི་ཐིག་ལེ་བྱ། གཏོར་མ་བཟང་པོ་གསུམ་བཅས་ལ་གཅིག་རང་གི་ཆོས་སྐྱོང་ལ་ཕུལ་ནས་ལས་ལ་བསྐུལ། གཅིག་ཕྱོགས་སྐྱོང་རྣམས་ལ་ཕུལ་ལ་བདེན་པ་བདར། མ་ཉེས་པའི་ཡུས་ཁ་གཟུག །གཅིག་ཕ་རོལ་པའི་གཞི་བདག་དང་སྐྱོབ་བྱེད་ལ་བྱིན་ནས་ཕྱོགས་གཞན་དུ་གཟུར་བར་བསམ། དེ་ནས་དམ་ཅན་གྱི་སྔགས་དང་ཟོར་སྔགས་དམིགས་པ་མ་ཡེངས་པར་བཟླ་བཞིན་པས་དགྲ་ཡུལ་མཐོང་བའམ། རི་མཐོན་པོའི་རྩེར་ཕྱོགས་ལ། ཧཱུཾ། ང་ནི་དཔལ་ཆེན་ཁྲག་འཐུང་གཙོ། །སོགས་ཀྱིས་ཟོར་ལམ་ཕྱེ། དམ་ཅན་གྱི་ཟོར་སྔགས་གབ་པ་འབུ་ལི་འབུ་ལི་ཁཾ་བཛྲ་ཤིཥྷ་ནི་རི་ཤ་ནི། ཁྱི་ཁྲི་སྙིང་


JLAZ009_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཙིཏྟ་ཡཾ་པ་ཏོ་བྷྱོ་བྷྱོ་ཐུན་ཡཾ། ཞེས་བཟླས་སོ། །ཧཱུཾ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ། །སོགས་ཀྱི་ཟོར་བསྐུལ་དང་སྦྲག །རབ་དགྲ་བོའི་དུར་མཆད། འབྲིང་མཁར་ཁྱིམ། ཐ་མ་ཡུལ་ཕྱོགས་ལ་འཕང་ན་རིམ་པ་བཞིན་བདུན་རྒྱུད་དང༌། ཡུལ་མཁར་དང༌། དམིགས་བྱ་ཁ་ཕུང་དུ་འགྲོའོ། །གསུམ་པ་ལས་མཐར་བྱ་བ་ནི་ཀླུ་ལ་གཏད་པ་མནན་པའི་ལས་ཡིན་ཏེ། དེའི་བཅའ་གཞི་ནི། རྒྱུད་ལས། ཕུང་བྱེད་ས་ལ་གཟུགས་བྱས་ཏེ། །དྲི་ཆེན་པོ་ཡིས་བྱུག་ནས་སུ། །ར་མ་ཡ་ཡི་དུད་པས་བདུག །དུར་ཁྲོད་རོ་ཡི་ཤུན་ལྤགས་ལ། །འཁོར་ལོ་བཅུ་གཅིག་རྩིབས་མཆན་བྲི། །དབུས་སུ་བསྒྲུབ་བྱའི་མིང་གིས་བརྒྱན། །མཐར་ནི་མ་ཧཱ་ས་ཡར་ལྡན། །ཕོ་རོག་སྒྲོ་ཡི་མྱུ་གུ་ཡིས། །གདུག་པ་ཅན་གྱི་གཟུགས་བྲིས་ལ། །བྷནྡྷ་ཁ་སྦྱར་ནང་དུ་བཅུག །ཁྲག་ཆེན་པོ་ཡིས་བྱུག་པར་བྱ། །གཟུགས་བརྙན་དེ་ཡི་སྙིང་གར་གཞུག །ཙནྡན་མེ་ལ་དྲོས་པར་བསྲོ། །ལམ་ཆེན་རྒྱ་གྲམ་དག་ཏུ་མནན། །ཞེས་པས་སྦྱིན་སྲེག་གི་ཐལ་བ་དང་ལིང་རོ་ཕུང་ས་རྣམས་བསྲེས་པའི་ལིངྒའི་ཁོག་པར་མིང་རུས་ལྡན་པའི་རཱུ་པ་བཅུག །ཕྱི་ནང་ཐམས་ཅད་ཁྲག་ཆེན་གྱིས་བྱུག །ཕྱི་ཐུམ་རོ་ཤུན་ནམ་ཉ་ལྤགས་སམ་རོ་རས་སྐྱེར་ཤུན་ནམ་ཀ་ར་བི་རས་བྱུག །རི་རབ་ཀྱི་རྩེར་རྒྱ་གྲམ་རྭ་གདེངས་དང་ལྟེ་བར་འཁོར་ལོ་རྩིབས་བཅུ་གཅིག་པར་བྲིས་པའི་དབུས་དང་རྩིབས་རྣམས་ལ་བསྒྲུབ་བྱའི་མིང་རུས་མཐར་ཟིལ་


JLAZ009_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་གྱི་སྔགས། ཨོཾ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ནན། མོ་ཧ་གྷ་ཡ་ནན། ཅེས་བྲིས། རྩིབས་མཆན་ལ་སྡིག་པ་བྲི། མུ་ཁྱུད་ལ་མ་ཏཾ་ཉ་ཀ་ར་དང༌། སྔགས་དྲུག་བྲིས་པས་བསྟུམས་པའི་ཚེ། ཨོཾ་ལཾ་གྱི་སྔགས་ཡེ་ཤེས་ཀྱི་རི་རབ་རྩེ་བརྒྱད་པར་བསམ་པ་སྤྱི་བོར་བཀབ་སྟེ་དྲིལ། རབས་ཆད་དམ། ར་རོག །ཁྱི་ནག །མཛོ་དྲེལ་གང་རུང་གི་ཐོད་པ་བླ་འོག་ཁ་ཕྲལ་བའི་ནང་དུ་བཅུག །ཁྲག་སྣ་དུག་སྣ་ཐུན་རྫས་སོགས་ཀྱང་བླུགས་ནས་ཁ་སྦྱར། དགུག་གཞུག་དྲག་པོ་བྱས་ལ། ཕུང་རེ་དང་ཚོན་སྐུད་ཀྱིས་བཅིངས་ནས་ཁ་སྦུབ་ལ། ཤུ་ཤུ་རཀྴ་ཚལ་པ་ཨ་བེ་ཤ་ཤུ་ལ་ཀང་ཀེང་མཱ་ར་ཡ་ཕཊ། སྟྭམྦྷ་ནན། ཞེས་གང་མང་བཟླས། དེ་ནས་ནམ་གྱི་སྨད་ཆ་ལ་བབ་པ་ན་གང་དུ་བྱ་བའི་གནས་ནི། མ་མོའི་གནས་དང་ཆུ་བྲག་འཐབ། །ལམ་གྱི་གཞི་མདོ་ཤིང་གཅིག་དྲུང༌། །ཀླུ་གནས་ཆུ་མིག་ལྐུགས་པ་རུ། །བདུད་རྩི་འཁྱིལ་བའི་ཕུར་པ་ཡིས། །སྔགས་བཟླས་གྲུ་གསུམ་བརྐོས་ནས་ནི། །ཞེས་པ་ལྟར་དོང་གྲུ་གསུམ་རྒྱར་ཁྲུ་གང་ཟབས་སུ་ཁྲུ་དོ་པ་བྲུས་ལ། ཁྲག་སྣ་དང་རོ་སོལ་གྱིས་ནག་པོར་བྱ། དཀར་གཏོར་དམར་གཏོར་གཉིས་བཤམས་ལ། དཀར་གཏོར་གནས་དེའི་གཞི་བདག་ལ་བསྔོས་ཏེ་མཉེས་པའི་དཔང་གཟུག །དམ་བདར་ནས་ལས་ཀྱི་སྟོང་གྲོགས་བཅོལ། དམར་གཏོར་དམ་ཅན་རྣམས་ལ་ཕུལ་ནས་ཕྲིན་ལས་བཅོལ། དེའི་ནང་དུ་མནན་ཐོད་ཁ་མཐུར་དུ་སྦུབ་ནས་བཅུག །ཕུར་པ་རྣམས་ཀྱི་སྤྱི་བོ་རུ། །རི་རབ་གླིང་བཞི་བྲིས་ནས་ནི། །སྟེང་དུ་དོན་ཡོད་གྲུབ་པ་ནི། །ཡི་གེ་ཧཱ་ལས་བསྐྱེད་བྱས་ཏེ། །རྟག་ཏུ་བརྟན་པར་


JLAZ009_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར་བྱ། །ཞེས་པ་ལྟར་བྱ། བསྲེགས་པའི་ཐལ་བ་ལ་སོགས་པ་ཐམས་ཅད་མནན་པར་བྱ་བ་ནི། ལས་རྣམས་མ་གྲུབ་བར་དུ་བཞག །ལས་རྣམས་གྲུབ་པའི་མོད་ལ་ནི། མྱུར་དུ་ཞི་བའི་ཐབས་ལ་འབད། །ཅེས་པ་ལྟར་བསྲེག་ཐལ་ལྷག་མ་མ་ལུས་པར་བླུག །དགྲ་ལ་རྟགས་བྱུང་ནས་མནན། ཕུར་པ་བཏོན་ལ་ཁྲུས་གསོལ་དང༌། མནན་ཆས་རྣམས་ལ་ཞི་བའི་སྦྱིན་སྲེག་གམ་ཆུ་ཀླུང་ལ་སྦྱངས་ཤིང་སྨོན་ལམ་བཟང་པོ་གདབ། རང་རྡོ་རྗེ་གཞོན་ནུར་གསལ། སྡེར་མོ་འབྱུང་བའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླས། ན་མཿས་མནྟ་ཆེ་གེ་མོའི་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ནཱན། ཨོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ་ཆེ་གེ་མོ་སརྦ་དུཥྟཱཾ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི། ཆེ་གེ་མོའི་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བཟླས་པའི་མོད་ལ་རྡོ་རྗེ་རྒྱ་གྲམ་གྱི་འཚུབ་མ་ཕྱོགས་ཀུན་ནས་ལངས་ཏེ་མནན་ཐོད་ཀྱི་སྟེང་དུ་སྤུངས་ལ་རྡུལ་ཕྲ་རབ་ཏུ་འཐས་པའི་རི་རབ་ཆེན་པོ་ལམ་གྱིས་བྱུང་བར་བསམས་ལ་དུར་གཡམ་སྟེང་དུ་རྒྱ་གྲམ་བྲིས་པས་ཁ་གཅད། མེ་ཆུས་བཅད་པའི་ས་རིམ་པ་དགུས་མནན། ཨོཾ་ལཾ་ཧཱུཾ་ལཾ་སུཾ་ལཾ་པྲ་ཏི་སྟྭཾ་བྷ་ཡ། ཛམྦྷ་ཡ། མོ་ཧ་གྷ་ཡ། བ་ག་མ། མཱ་ར་སུ་ཤ་ལཾ། ཞེས་བརྒྱ་རྩ་བཟླ། བདག་ཉིད་འབར་བའི་


JLAZ009_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གར་ལ་སོགས། །སྟངས་སྟབས་རྫོགས་ནས་བྲོ་བརྡུང་བྱ། །ཞེས་པའི་ཁྲོ་བོའི་སྟངས་སྟབས་དང་བཅས། ཧཱུཾ། རྡོ་རྗེ་གཞོན་ནུའི་ཞབས་ཀྱིས་མནན། །འཁོར་ལོ་རྒྱས་འདེབས་བྷ་གར་སྦ། །ཁྲོ་བོའི་ཚོགས་ཀྱི་ཟས་སུ་བསྔོ། །བསྐལ་པའི་མེ་ཡི་ཕུང་པོས་བསྲེག ། ཡེ་ཤེས་མེ་ཡིས་བག་ཆགས་བསྲེག །ཉོན་མོངས་ལྔ་དང་ལྡན་པ་ཡི། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །བྱང་ཆུབ་སེམས་ནི་མ་སྐྱེས་བར། །ནམ་ཡང་བཏང་བར་མི་བྱའོ། །ཞེས་དང༌། ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ནས་ལས་བཞི་སོ་སོའི་བྲོ་ར་དང་བཅས། ཧཱུཾ། ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན། །ཁྲོ་བོར་མ་གྱུར་གང་ཡང་མེད། །ཐམས་ཅད་ཐལ་བའི་རྡུལ་དུ་རློགས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ། ཧཱུཾ། འདོད་ཆགས་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །དབང་གི་ཁྲོ་བོར་མ་གྱུར་མེད། །ཐམས་ཅད་དབང་དུ་འདུ་བར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ། པ་ཤཾ་ཀུ་རུ་སྭཱ་ཧཱ། ཧཱུཾ། ང་རྒྱལ་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །རྒྱས་པར་མ་གྱུར་གང་ཡང་མེད། །


JLAZ009_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་བསོད་ནམས་འཕེལ་བར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ། པུཥྟིཾ་ཀུ་རུ་སྭཱ་ཧཱ། ཧཱུཾ། གཏི་མུག་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཞི་བར་མ་གྱུར་གང་ཡང་མེད། །ཐམས་ཅད་མ་ལུས་ཞི་བར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནང་དུ་ལོག་ནས་ཚེ་འགུགས་དང༌། ཤིས་པ་བརྗོད་པས་མཐའ་བསྡུ་ཞིང་རེ་དོགས་མེད་པའི་ཆོས་ཉིད་ལ་མཉམ་པར་འཇོག་པར་བྱའོ། །ཚུལ་དེ་ལྟ་བུས་ཨ་བྷི་ཙརྱའི་ཕྲིན་ལས་མཐར་ཕྱིན་པ་ལ་སྒྲོལ་བ་ཚད་དུ་འཁྱོལ་བ་ཞེས་བྱ་སྟེ། རྒྱུད་ལས། འཇིག་རྟེན་ཕ་རོལ་དག་ཏུ་ནི། །བསྒྲལ་བ་རྣམས་ཀྱང་མཐོ་རིས་ཐོབ། །བདག་ཀྱང་བྱང་ཆུབ་གཉིས་སུ་མེད། །བསམ་པ་འབྱོར་བའི་ཤེས་རབ་ལགས། །སྡིག་ཅན་བསད་ན་ལས་ངན་འཆད། །ཅེས་སོ། །དེ་བས་ན་སྔགས་ཀྱི་ཐབས་ལ་མཁས་པ་དང༌། བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་གྱིས་ཟིན་པས་རྣམ་སྨིན་ངན་པས་མི་གོས་ཤིང༌། ཞིང་བཅུ་ཚར་བཅད་པས་བསྟན་འགྲོའི་དོན་ཆེན་པོ་དང༌། བདག་ཉིད་བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་ཞི་ནས་ཕྲིན་ལས་བཞི་དང་མཆོག་གི་དངོས་གྲུབ་ཐོབ་པའི་ཚུལ། སངས་རྒྱས་ཀུན་གྱི་མཛད་པ་ཡི། །


JLAZ009_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན་དུ་ཕྲིན་ལས་བཞི། །འདི་ལྟར་ཐོགས་པ་མེད་སྤྱོད་པས། །དངོས་གྲུབ་བར་གཅོད་ཚར་གཅོད་སོགས། །བརྟུལ་ཞུགས་ཅན་གྱི་རྣལ་འབྱོར་ལ། །ཤིན་ཏུ་འགྲུབ་པར་ང་ཡིས་བསྟན། །ཡོན་ཏན་ཕུན་སུམ་ཚོགས་གྲུབ་པས། །རང་བྱུང་ཡེ་ཤེས་རྟོགས་པར་འགྱུར། །འཁོར་དང་ལོངས་སྤྱོད་ཀུན་རྒྱས་ཤིང༌། །བཀྲ་ཤིས་དཔལ་ནི་ཡོངས་རྫོགས་བྱེད། །ཅེས་སོ། །དབྱིངས་ལ་བདུད་རྩི་དྲི་མེད་ཟབ། །རྣ་བར་འབུམ་འགྲེལ་བཤད་ཡང་སྙན། །རྒྱུད་ཀྱི་ཁོང་སྙིང་བཏོན་པ་འདི། །པདྨའི་ལུང་བསྟན་ཐོབ་ལས་བྱུང༌། །འདི་ལ་བཅོས་བསླད་བྱེད་པ་དང༌། །གདམས་ངག་བཏུས་ནས་ཁུངས་བཟང་པོར། ། འཆོས་པ་བྱུང་ན་དེའི་དོན་སྙིང༌། །ཤྭ་ན་མཆེད་བཞིའི་ཞལ་དུ་རོལ། །རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ། ། སྔ་འགྱུར་རྡོ་རྗེ་ཐེག་པ་ཡིས། །བསྟན་ལ་འཚེ་དང་བསྟན་འཛིན་གཞོམ། །དེ་འདྲའི་སྲོག་གི་སྤུ་ གྲིར་རྒྱ། །སློབ་དཔོན་ཆེན་པོ་པདྨའི་ཞབས་ཀྱི་ཇོ་མོ་རྡོ་རྗེ་འཇིགས་བྱེད་ཉི་མ་དབང་ཕྱུག་རྩལ་ལ་གདམས་པའི་མན་ངག་ལག་ལྷག་རྡོ་རྗེ་བྱང་ཆུབ་སློབ་མར་བཅས་པའི་བར་དུ་བཀའ་ནས་བཀར་བརྒྱུད་པའི་མན་ངག་གི་གཞུང་བསྲངས། རྡོ་རྗེ་ཕུར་པའི་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་བཅུད་ཕྱུང་བ་འདི་ཉིད་འདྲི་བའི་དབུ་བརྩམས་པ་ནས་མ་གྲུབ་བར་དུ་འཚུབས་ལྷངས་ཀྱང་


JLAZ009_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བལྟར་མངོན་པ་རྒྱུན་ཆགས་སུ་བྱུང་ཞིང༌། གྲུབ་འབྲས་ཀྱང་བསླུ་མེད་དུ་མཐོང་བ་ཡིན་པས་ཀུན་ལ་མི་སྟོན་པའི་བཀའ་རྒྱ་ཡོད་དོ། །དགེའོ།། །།


previousཕུར་པ་རྒྱུད་ལུགས་ལས་སྨད་ལས་སྤུ་གྲི་རླུང་འཁོར་ཞེས་བྱ་བ་ངན་སྔགས་ཉེ་བར་བསྙེན་པ་མན་ངག་ལྟར་བཀྲལ་བ་ཆིག་བརྒྱུད་མ།next