Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་སྨད་ལས་དམ་ཅན་ཉེ་བར་བསྙེན་པའི་མན་ངག་མ་མོ་མཁའ་འགྲོའི་ཞལ་ལུང་།
   
   
   
   
   
   


 
previousབཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་སྨད་ལས་དམ་ཅན་ཉེ་བར་བསྙེན་པའི་མན་ངག་མ་མོ་མཁའ་འགྲོའི་ཞལ་ལུང་།next

བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་སྨད་ལས་དམ་ཅན་ཉེ་བར་བསྙེན་པའི་མན་ངག་མ་མོ་མཁའ་འགྲོའི་ཞལ་ལུང་།


JLAZ009_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་སྨད་ལས་དམ་ཅན་ཉེ་བར་བསྙེན་པའི་མན་ངག་མ་མོ་མཁའ་འགྲོའི་ཞལ་ལུང་ཞེས་བྱ་བ་གསང་བའི་རྒྱ་ཅན་བཞུགས། །


JLAZ009_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །སྤྱི་དོན་གཉིས་པ་སྨད་ལས་དགྲ་བགེགས་སྒྲོལ་བའི་ས་བཅད་ལ་དམ་ཅན་ཉེ་བར་བསྙེན་པ་དང༌། ངན་སྔགས་ཉེ་བར་བསྙེན་པའོ། །དང་པོ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ཡལ་ག་མེད་པའི་བྷན་དྷ་བ་རིལ། ནི། ཐོད་པ་རབས་ཆད། རབ་ཏུ་ལེགས་པ་ལ། །ཡུགས་ས་མོ་ཡི་མངལ་ཁྲག་གིས། །གྲུ་གསུམ་མེ་འོད་འབར་བ་ལ། །ཕྲིན་ལས་བཞི་ཡི་དབྱིབས་བྱའོ། །དེ་ལ་དགྲ་བགེགས་མིང་བྱང་གཞུག །བསྙེན་པའི་ཕུར་པས་གཟིར་ལ་བཞག །གཏོར་མ་སྨན་དང་རཀྟར་བཅས། །ཞེས་པས་རྩ་བའི་དཀྱིལ་འཁོར་ལས་ཆེས་དམའ་བའི་ལྷོ་ནུབ་མཚམས་སུ་སྲུང་མའི་སྟེགས་བུ་གྲུ་གསུམ་ནག་པོའི་ལྟོ་བའང་གྲུ་གསུམ་དུ་བྲུས་པའི་ཐོད་པ་ལ། རེ་ཁཱ་གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོ། གྲུ་ཆད་ལྗང་གུ། སྒོ་རྣམས་དུར་ཁྲོད་མི་རོས་སྤུངས་པའི་མཐའ་ལྕགས་རི་


JLAZ009_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་མེ་རི་དང་བཅས་བྲིས་པའམ། ཡང་ན་སྒོ་སྣམ་སྤངས་པའི་ནང་དུ་གདབ་པ་དྲུག་གི་ལས་དང་འབྲེལ་ན་སྔ་མ་ལས། ཁྲག་དང་དུག་དང་སྣ་ཚོགས་བྱུག །དྲི་མ་དག་ལས་ལིངྒ་ནི། །ཐོད་པའི་ནང་དུ་བསྐྱེད་པར་བྱ། །ལྕགས་སྣ་ལྔ་ཚང་སྲས་མཆོག་གཅིག །སྔགས་བྲིས་དབང་བསྐུར་བྱིན་རླབས་གཟུག །ཅེས་པས་རྫས་ཀྱི་བཅའ་གཅན་བཞག་ཅིང་དམ་ཅན་ཉེ་བསྙེན་ཙམ་ལ་ཟན་ལིང་ལ་ཕུར་པ་གཟུག །མཐའ་སྐོར་དུ་སྨན་རཀ་གཏོར་གསུམ། མདའ་དར་དང་དར་ནག །སྦ་འཁར་ཚིགས་གསུམ་ལ་བསེ་བྱང་དཀར་ནག་སྐུ་དང་སྙིང་པོས་མཚན་པ་དང༌། དྲེའུ་ནག་པོ་དང༌། ལུག་དཀར་ནག་གི་ཐོད་པ། རི་བོང་དང༌། བོང་བུ་དང༌། བྱ་ལུག་གི་སྙིང༌། ཁྲག་ཞག །མི་རྟ་མྱུར་དུ་བསད་པའི་ཁྲག་དང༌། འོ་མ་དང༌། མར་གྱི་མཚོ་ལ་སོགས་པའི་མཐུན་རྫས་ཀྱང་བཤམ། ལྷ་བསྙེན་གཞུང་བསྲང་བ་ནས་བཟླས་པའི་བར་རྫོགས་པར་བྱས་རྗེས། གཞན་ཡང་ཐོད་པའི་གཞལ་ཡས་


JLAZ009_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །སྲས་བཅས་དམ་ཅན་བཅས་པ་བསྐྱེད། །ཅེས་པས། བསྙེན་ཕུར་ནི་མཚན་མ་རྫས་ཀྱི་ཕུར་པ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བདག་ཉིད་དྲེགས་པ་དབང་དུ་སྡུད་པའི་གཉེན་པོ་ཡིན་པས། ལྕུམ་གཞོགས་ལྡིར་བའི་ནང་དུ་གཞལ་མེད་ཁང་རྫོགས་པ་ལ་གཙོ་བོ་ཡབ་ཡུམ་དང་ལྕུམ་གཞོགས་བརྒྱད་ལ་ཕྱོགས་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་མགོ་བརྙན་དང་བཅས་པ། རྒྱ་མདུད་གོང་འོག་ནང་ཧཱུཾ་ཀཱར་སྟོབས་ཆེན་ཡབ་ཡུམ། ལོགས་བཞིར་སྒོ་མ་བཞི། དབལ་གྱི་ངམ་ལ་ཕུར་སྲུང་བཅུ་གཉིས། མིང་པོ་ལས་མཁན་དང་བཅས་པ་རྫོགས་པར་བསྐྱེད་ནས་སྤྱན་དྲང་བ་ནི། བྷྱོ། སྟོང་གསུམ་འདི་ན་དྲེགས་པ་ཅན། །སུས་ཀྱང་དམ་ལ་མ་ཆུད་པ། །རྡོ་རྗེ་གཞོན་ནུའི་བཀའ་ལ་སྡོད། །མ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ། །དམ་ཅན་མ་མོ་བཅུ་གཉིས་དང༌། །རང་རང་རིགས་ཀྱི་མིང་པོ་ནི། །ཁམས་གསུམ་སྲོག་ལ་དབང་ཟ་ཞིང༌། །གློ་བུར་ཡེ་འདྲོག་བདག་པོ་སྟེ། །སྲིད་པ་སྐོས་འདེབས་རྒྱལ་པོ་དང༌། །ཨེ་ཀ་ཛ་ཊི་བཤོས་པའི་སྲས། །ཤྭ་ན་སྤྱན་གཅིག་མཆེད་བཞི་དང༌། །མིང་པོ་ཤེལ་གིང་དཀར་པོར་བཅས། །རི་རྒྱལ་ལྷུན་པོའི་སྟེང་ཤེད་ན། །དུག་མཚོ་མེར་བའི་ནང་ཤེད་ན། །དུང་མཁར་དཀར་པོའི་ནང་ནས་གཤེགས། །བདུད་ནག་ཡབ་ཡུམ་རོལ་པའི་སྲས། །ལངྐ་མགྲིན་བཅུའི་ཆུང་མའི་ཚུལ། །ནག་མོ་རེ་ཏི་མཆེད་བཞི་དང༌། །མིང་པོ་མ་ཧཱ་ཀཱ་ལ་བཅས། །རི་རབ་ཆེན་པོའི་བྱང་ཤར་མཚམས། །མུ་ལེ་མཐིང་གི་མཚོ་ནང་གི། །


JLAZ009_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་མཁར་ནག་པོའི་ནང་ནས་གཤེགས། །གནོད་སྦྱིན་ཟངས་མདོག་རྒྱལ་པོ་དང༌། །ཡུམ་གཅིག་ཟངས་མགྲིན་ལྡེམ་པའི་སྲས། །བསྭེ་ཡི་ལྷ་མོ་མཆེད་བཞི་དང༌། །མིང་པོ་བསེ་ཡི་སྐྱེས་བུར་བཅས། །རི་རབ་ཆེན་པོའི་ལྷོ་ནུབ་མཚམས། །བསེ་མཚོ་མེར་བའི་དབུས་ཤེད་ནས། །བསྭེ་མཁར་སྨུག་པོའི་ནང་ནས་གཤེགས། །རེ་ཏི་ནག་ལ་བསྭེ་མོ་དམར། །ཤྭ་ན་དཀར་ལྡེམ་མིང་པོ་སེར། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ལ། །ལེགས་ཉེས་སྟངས་འཛིན་བདག་པོ་སྟེ། །ལྕགས་ཀྱུས་འགུགས་ཤིང་ཕུར་བུས་སྒྲོལ། །བཞོན་པ་ཅན་དང་རྐྱང་པའི་ཚུལ། །རྣམ་འགྱུར་མ་ངེས་ཅིར་ཡང་སྟོན། །མ་མོ་བདུན་དང་སྲིང་མོ་བཞི། །དྲེགས་པ་ཆེན་པོ་དྲུག་ལ་སོགས། །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །ཁྱེད་རྣམས་སྲོག་སྙིང་ང་ལ་ཡོད། །སྔོན་ཚེ་དཔལ་ཆེན་ཁྲག་འཐུང་གིས། །ཇི་ལྟར་དམ་ལ་བཞག་པ་བཞིན། །སངས་རྒྱས་བསྟན་པ་བསྲུང་བ་དང༌། །དཀོན་མཆོག་དབུ་འཕང་བསྟོད་པ་དང༌། །ཉམས་པ་བདུན་པོ་བསྒྲལ་བའི་ཕྱིར། །དམ་ཅན་མ་གཡེལ་དམ་ལ་འདུས། །གང་ལ་དམིགས་པ་ཁྱོད་ཀྱིས་ཤེས། །རླུང་ལས་མྱུར་བའི་སྟབས་ཀྱིས་གཤེགས། །ཨོཾ་བཛྲ་ཀྲོ་དྷ་ཙིཏྟ་མ་ཧཱ་ལི་ཤུ་ར་ཤུ་ར། ཁྱི་ར་ཁྱི་ར། གྷ་དྷ་ར་ནི། ཤུ་ལ་ཙི་པཱར་ཤུ་པར་ནི། ཡོ་ག་


JLAZ009_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷ་ཙིཏྟ་མ་ར་ལི། ཀྲོ་དྷ་ཡོ་གི་ནཱི་བཛྲ། ཛཱ་ལནྡྷ་རི། ཤ་ཥ་ཎི་ཛ་ཛཿ དམ་བཞག་ནི། བྷྱོ། བམ་རིལ་ཐོད་པའི་གཞལ་ཡས་ནང༌། །མཐུན་རྫས་སྤྱན་གཟིགས་ཚང་ཞིང་མཛེས། །དམ་ཅན་བཞུགས་ཤིང་ཆགས་པའི་གནས། །དམ་ཚིག་ཉིད་ལས་གཞན་མ་ཡིན། །ཐམས་ཅད་དམ་ཚིག་ཆོས་ཤེས་ན། །ཡེ་ཤེས་ལྷ་དང་མཉམ་པར་འགྱུར། །ས་མ་ཡ་མཱ་མ་ཏཾ་ན་རཀྐན། ཞེས་བདུད་རྩི་བླུད་ལ་དམ་བསྲེ་བྱ། དེ་ནས་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་གིས་བརླབས་ལ། དམར་གྱི་གཏོར་མ་ཆེན་པོ་རང་རང་འདོད་པའི་ལོངས་སྤྱོད་ཀྱི་སྤྲིན་དུ་འཆར་བ་འདི་ཉིད་བསྔོ་བའི་གནས་སུ་གྱུར་པ་ནི་བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་བཀའ་སྡོད་དམ་ཅན་མ་མོ་བཅུ་གཉིས་མིང་པོ་སྤྲུལ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །ལྕགས་ཀྱི་སྤྱང་མོ་དང་ལྕགས་ཀྱི་ཁྱི་མོ་ལ་ཞོན་པའི་ཤྭ་ན་མ་གཉིས། གསེར་གྱི་འཕར་བ་དང༌། ཟངས་ཀྱི་ཝ་མོ་ལ་ཞོན་པའི་སྲི་ལ་མ་གཉིས་ཏེ་མུ་ཁ་ཆེན་མོ་མཆེད་བཞིའི་ཞལ་དུ་འབུལ་ལོ། །ཛྭ་ལ་ཛྭ་ལ་བཛྲ་མ་མ་མུཀྟ་ལ་ཡེ་ཛ་ཡ་དུ་མན་དྷི་ཤྭ་རི་ནཱི་ལ་པུ་ཙི་ཧཱུཾ་བྷྱོ་ཧཱུཾ་ཨི་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕྱི་ནམ་ཟླ་དུས་བཞི་ལ་དབང་བྱེད་པའི་བདག་ཉིད་ཆེན་མོ་བཞིའི་ཞལ་དུ་འབུལ་ལོ། །མ་ཐ་མ་ཐ་བཛྲ། ཏྲག་རཀྴ་མ་ཏི་ཧེ་དུན་བྷྱོ། མ་ཧཱ་ཡཀྴ་ན་ག་


JLAZ009_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧེ་དུན་བྷྱོ། ཨི་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྭེ་མོ་ཉིས་བརྒྱ་ལྔ་བཅུའི་དབང་མོ་ས་བདག་མ་བཞིའི་ཞལ་དུ་འབུལ་ལོ། །ཀ་ཏཾ་ཀ་ཏེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཙི་ཏ་སུ་ཀི་བྷ་ཡ་བྷ་ར་ཙིཏྟཾ་ཡོ་གཱི་ཤྭ་རི་ཡ་ཙིཏྟ་ཧཱུཾ་ཕཊ་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ལྡན་མགོན་པོ་ཆེན་པོའི་ཞལ་དུ་འབུལ་ལོ། །ཀཱ་ལ་མ་ཏྲཾ་མ་ཧཱ་ཀཱ་ལ་ར་ཏི་ཡེ་ཀཱ་ལ་རཱུ་པ་ཧཱུཾ་ཕཊ། ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྭེའི་སྐྱེས་བུའི་ཞལ་དུ་འབུལ་ལོ། །མཱ་ར་ས་ནི་ར་ཤ་ནི་ར་ཤ་བྷི་ཀུན་ལན་ཤུ་ལན་ཧཱུཾ་ཕཊ། ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྒྱལ་པོ་ཤེལ་གིང་གི་ཞལ་དུ་འབུལ་ལོ། །ཀཱ་ར་མ་ཀཱ་ར་ཡ། ཙི་ཏྲ་པ་ལ་ཏྲི་ལ་ཐུན་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་བདུན་སྲིང་བཞིའི་ཞལ་དུ་འབུལ་ལོ། །ཧཱུཾ་མ་མ་པ་ཤི་ཀུ་རུ་མ་ཏང་ཉ་ཀ་ར་ཨི་ནན། ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དྲེགས་པ་སྡེ་དྲུག་གི་ཞལ་དུ་འབུལ་ལོ། །དྷ་དྷི་མ་མ་ཤི་ཀྲཾ་ཀརྨ་ཀ་ཏྱེ་ཡ། པྲ་མརྟ་ནི་ཧཱུཾ་ཕཊ། ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཞེས་ནས་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། རྣལ་འབྱོར་པའི་གྲོགས་དན་མཛོད། ཕྲིན་ལས་རྣམ་པ་བཞི་སྒྲུབས། འཇིག་རྟེན་གྱི་རྒུད་པ་སོལ།


JLAZ009_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དམག་འཁྲུག་དང་ནད་དལ་བཟློག །ཁྱད་པར་དུ་ཡང་བལ་ཡུལ་ཡང་ལེ་ཤོད་དུ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་དང་དམ་ལ་བཞག །རྡོ་རྗེ་ཕུར་པའི་སྲུང་མར་དབང་བསྐུར། སྲོག་སྙིང་མདོངས་གསོལ་དུ་ཕུལ་ནས་ཇི་ལྟར་ཁས་བླངས་པའི་དམ་ཚིག་གཉན་པོ་དྲན་པར་མཛོད། རྡོ་རྗེ་ཐེག་པའི་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ་ལོག་པར་བལྟ་ཞིང་ཉམས་པ་བདུན་དང་བཅས་པའི་དགྲ་བགེགས་རྣམས་ལྟས་དང་ཆོ་འཕྲུལ་སྣ་ཚོགས་པས་སྤ་བཀོང་ལ། དྲག་ཤུལ་གྱི་ལས་ལ་མངོན་དུ་སྤྱོད་པས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག །ཅེས་དམ་ཚིག་བསྒྲགས་ཤིང་ཕྲིན་ལས་བཅོལ་བ་ནི། བྷྱོ། རྒྱ་བལ་གཉིས་ཀྱི་མཚམས་ཤེད་ན། །དགུན་ཡང་མེ་ཏོག་པདྨ་སྐྱེ། །ཆུ་ཡང་བྱང་ཆུབ་བདུད་རྩི་ཆུ། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །ཕུར་པ་གྲུབ་པའི་རིག་འཛིན་གྱིས། །བཀའ་དང་དམ་ལ་བཞག་པ་ནི། །དམ་ཅན་ལྷ་མོ་བཅུ་གཉིས་ཏེ། །དངོས་གཅིག་ལ་ཡང་མཚན་སྟོང་མ། །འཇིག་རྟེན་འདས་ཀྱང་འཁོར་བ་ན། །ཤྭ་ན་མུ་ཁ་མཆེད་བཞིར་སྟོན། །ལྕགས་ཀྱི་སྤྱང་མོ་མགོ་དགུ་དང༌། །ལྕགས་ཀྱི་ཁྱི་མོ་མཚལ་མིག་ཅན། །ཟངས་ཀྱི་ཝ་མོ་རྐང་གསུམ་དང༌། །གསེར་གྱི་འཕར་བ་ལྕེ་བརྒྱད་སྟེང༌། །མི་མོའི་ལུས་ལ་ཕྲ་མེན་གདོང༌། །


JLAZ009_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །འདས་དང་མ་འདས་མཚམས་ཤེད་ནས། །བདག་ཉིད་ཆེན་མོ་མཆེད་བཞིར་སྟོན། །རེ་མ་ཏི་དང་རེ་མ་དུ། །རེ་མ་ཛ་དང་རེ་མ་ཛུ། །ཁྱུང་དྲེལ་ཤ་བ་ཆུ་གླང་ཞོན། །བར་སྣང་ཀུན་ལ་དབང་བསྒྱུར་ནས། །ནམ་ཟླ་དུས་བཞིའི་བདག་པོ་མཛད། །རང་རྒྱུད་ཅན་དུ་སྟོན་པ་ནི། །ས་བདག་བསྭེ་ཡི་ལྷ་མོ་སྟེ། །ཚ་བ་རོང་ན་བཞུགས་པའི་ཚེ། །དེ་བྱིན་གཟའ་ཡི་བུ་མོ་སེར། །ཞག་གི་མཚོ་ལ་མངའ་དབང་མཛད། །ཆིབས་ནི་གཟའ་རྟ་ཞུར་པོ་ཆིབས། །ཤུ་ལན་དྷ་རི་སྲོག་གི་སྙིང༌། །མང་ཡུལ་སོ་ན་བཞུགས་པ་ནི། །རཀྟའི་མཚོ་ལ་མངའ་དབང་མཛད། །བསྭེ་བྱིན་བཙན་གྱི་བུ་མོ་དམར། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །ཙ་མུན་ད་རི་སྲོག་གི་སྙིང༌། །སྙེ་ནམ་ཡུལ་ན་བཞུགས་པ་ནི། །ཕག་བྱིན་ཀླུ་ཡི་བུ་མོ་ལྗང༌། །ཆིབས་སུ་ཀླུ་རྟ་ལྗང་གུ་ཆིབས། །ཀི་ཀང་ད་རི་སྲོག་གི་སྙིང༌། །བལ་ཡུལ་མཐིལ་ན་བཞུགས་པ་ནི། །ཡ་བྱིན་བདུད་ཀྱི་བུ་མོ་མཐིང༌། །མར་ཁུའི་མཚོ་ལ་མངའ་དབང་མཛད། །ཆིབས་སུ་བདུད་རྟ་མཐིང་ནག་ཆིབས། །ཀུ་མ་ད་ར་སྲོག་གི་སྙིང༌། །ཀུན་ཀྱང་རང་མདོག་བེར་ཆེན་གསོལ། །རལ་པ་ཕུར་པའི་ལན་ཚར་ཅན། །མིང་པོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཕྲིན་བཅོལ་ནི། རྒྱུད་ལས།


JLAZ009_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ང་ཡི་སྤྱན་སྔར་ཁས་བླངས་བཞིན། །ཕྱི་རབས་རྣལ་འབྱོར་ཕྲིན་ལས་ཀྱི། །བསྟན་པར་དགྲ་འདྲེ་བྱུང་བའི་ཚེ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །དྲེགས་པ་མང་པོའི་དུས་ལ་བབ། །ཁྱེད་ཀྱི་མཐུ་རྩལ་རབ་ཏུ་དབྱུང༌། །སངས་རྒྱས་བསྟན་པ་བཤིག་པ་དང༌། །དཀོན་ཅོག་སྐུ་དགྲ་དབེན་རྩ་འཇོམས། །ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ། །རྣལ་འབྱོར་འཇོམས་པ་ལ་སོགས་པ། །བསད་དང་དབབ་དང་ནད་ངན་གྱིས། །ཇི་ནས་བརླག་པར་ཁྱེད་ཀྱིས་གྱིས། །དེ་ནས་བཞི་སྙིང་གཅིག་ཏུ་དྲིལ་བའི་བཟླས་པ་ནི་མི་མཐུན་པ་མང་དུ་སྣང་ཡང་རྣལ་འབྱོར་ཆེན་པོའི་ལེའུ་དགུ་པ་ལས། བཟླས་པ་དཔའ་བོ་གཅིག་པའི་སྔགས། །དང་པོ་བཅོམ་ལྡན་ཕུར་པའི་རྫས། །ཐམས་ཅད་འདུས་དང་རི་རབ་དང༌། །མནན་པ་ཁྲོ་བོ་འདུས་པ་དང༌། །གོང་བཞིན་དམ་ཅན་འདུས་པ་དང༌། །ཐབས་དང་ཤེས་རབ་གིང་མཆོག་དང༌། །རྟོག་པ་ལས་ཀྱི་སྔགས་བཅས་པ། །རྣམ་བཞི་ཚང་བ་བཞི་སྙིང་སྟེ། །དཔའ་བོ་གཅིག་ལ་ངལ་བ་མེད་པར་བཟླས། །ཞེས་པས་དོན་ལེའུ་བཅུ་གསུམ་པ་ནས་གསལ་བར་བསྟན་པ་ནི། དང་པོ་བདག་ཉིད་འབྲུ་བདུན་དང༌། །དེ་འོག་ཕྱག་རྒྱ་མནན་ཡིག་གསུམ། །མིང་རུང་ཡི་གེ་གཟས་པར་བཤད། །ཤྭ་ནའི་ཡི་གེ་བཅུ་དྲུག་དང༌། །རེ་མ་ཏི་ཡི་རྩ་སྔགས་དང༌། །བསྭེ་མོའི་སྙིང་པོ་བཅུ་བདུན་དང༌། །འཁོར་བ་རྩད་


JLAZ009_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཡི་གེ་དགུ། །ཐམས་ཅད་ཚང་བའི་ཡི་གེ་བདུན། །དྲིལ་ཏེ་རབ་ཏུ་བཟླས་པ་ཡིན། །མདངས་དང་བྲལ་བར་རབ་ཏུ་ངེས། །ཞེས་སོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྭ་ལ་ནཾ། སློབ་དཔོན་རྣམ་གསུམ་གྱི་དགོངས་པ་དང་འབུམ་འགྲེལ་ལྟར་ཡིན། ཛཿཧཱུཾ་བཾ་ཧོཿ སུ་རུ་སུ་རུ། མུ་རུ་མུ་རུ། ཛྭ་ལ་ཛྭ་ལ། མ་ཐཱ་མ་ཐཱ། དྷ་ཏི་མ་མ་ཀརྨ་ཨི་དཾ་མ་ཏཾ་ཉ་ཀ་ར་ཛ་ཡེ་བི་ཛ་ཡེ་ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་ཀ་ཏཾ་ཀ་ཏེ་མ་ར་སྱ་ན་པྲ་མརྟ་ན་ཡེ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཅེས་ཡེ་ཤེས་ཀྱི་ལྷ་དང་སྲུང་མ་ཐམས་ཅད་ཀྱི་སྲོག་སྙིང་འདུས་པའི་དྷ་ཏི་འབྲིང་པོ་སྤུ་གྲི་དང་དབྱེ་བ་ལེགས་པར་ཆོད་པ་འདི་དམིགས་གནད་དང་ལྡན་པར་ཆིག་སྒྲིལ་དུ་བཟླས་པས་སྲོག་ཆགས་མང་པོ་བསད་པ་དང༌། བྱ་སྐད་འཚེར་བ་སོགས་སྤྱིའི་རྟགས་དང༌། སྒོས་རྟགས་སུ་གཅན་གཟན་གྱི་ཚོགས་རྨི་ན་ཤྭ་ན་མ་ཉེ། མོ་བཙུན་དང་ནག་མོ་དང་བྱ་ནག་དྲེའུ་རྟ་སོ་བྱ་ལ་སོགས་བྱུང་ན་བདག་ཉིད་མ་ཉེ། ཨ་ཙ་ར་དང༌། མོན་མོ་དང༌། བུད་མེད་ནག་མོ་དང༌། ཉ་སྦྲུལ་བྱུང་ན་བསེ་མོ་ཉེ། མི་རེངས་དཀར་དམར་དང༌། རྟ་པའི་ཚོགས་རྨི་ན་སྐྱེས་བུ་གིང་ཉེ་བས་ཉེ་བ་ལ་མཐིལ་གཏད། དེ་ནི་ཕྱི་དྷ་ཏི་ལྟར་བསྒྲུབ་པ་སྟེ། གཞན་དུ་ན་རྩ་རྒྱུད་ལས། དྷ་ཏི་འདུས་པ་བསྡུ་ཡིག་གསུམ། །ངན་སྔགས་ཡིན་པར་ང་ཡིས་བཤད། །ཅེས་པས་ཕྱི་དྷ་ཏི། ནང་འདུས་པ། གསང་བ་བསྡུ་ཡིག་ལྟར་བསྒྲུབ་པའི་ཚུལ་སློབ་དཔོན་རྣམ་གསུམ་གྱི་མན་ངག་ཏུ་ཤེས་པར་བྱའོ། །རྣལ་འབྱོར་ཆེན་པོའི་རྒྱུད་ལས། ལྷ་ལ་བསྟོད་ཅིང་སྲུང་མ་བསྐུལ། །དེ་ནས་བསྙེན་པའི་དུས་སུ་སྟེ། །རྟགས་ཚང་གཉིས་མེད་དངོས་གྲུབ་བླང༌། །ཞེས་པས་དམ་


JLAZ009_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བོད་པའི་རྟགས་ཚང་ནས་བསྐུལ་བ་ནི་གཏོར་མ་བཟང་པོ་བཤམས་ལ། རྒྱུད་ལས། ཧཱུཾ། དཔལ་གྱི་ཕོ་ཉའི་དུས་ལ་བབ། །སོགས་ནས། བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐུལ་མཐར་ཚོགས་ཐ་མ་དང་འབྲེལ་བར་ལིངྒ་བསྟབ་པ་བྱ། ལྷག་མ་བཏང་ལ་དངོས་གྲུབ་ལྷ་ལ་བླང་བའི་ཚུལ་གཞུང་བཞིན་ནམ། རྒྱས་པར་རང་གཞུང་གི་ཚེའི་ཆོ་ག་དང་འབྲེལ་བར་བླང་བ་ཉིད་ཟབ་བོ། །གཉིས་པ་ངན་སྔགས་ཉེ་བར་བསྙེན་པ་ནི། རྣལ་འབྱོར་ཆེན་པོ་ལས། དྲག་པོ་བསད་པའི་ལས་བྱ་བ། །ཉི་ནག་མར་གྱི་ངོ་ལ་ནི། །དྲག་པོ་ལས་ཀྱི་རིམ་པ་བྱ། །གདབ་སྔགས་དྲུག་གི་ལས་བྱས་ལ། །དམ་ཅན་སྔགས་དང་བཅས་པ་དང༌། །གཞི་སྙིང་སྔགས་ལ་མིང་བཏགས་ལ། །བཟླས་ཚད་ཚེ་ལུང་ཁྲུས་ལུང་གིས། །ཕུར་གདབ་རྡུལ་དུ་བརླག་པར་བྱ། །ཞལ་དུ་བསྟབ་ཅིང་གཏོར་མ་བཏང༌། །ལས་གསུམ་ངེས་པས་ལས་མཐའ་བརྟུལ། །དེ་ལ་རྟགས་མཚན་མེད་པ་ན། །ཡི་དམ་ནར་མ་གཞུང་དུ་བྱའོ། །ལས་ཀྱི་རིམ་པ་རྫོགས་བྱས་པས། །གང་ལ་དམིགས་པ་གདོན་མི་ཟ། །ཞེས་པས་ཕུར་པ་གྲུབ་ན་གདབ་ལས་བྱ་བའི་དོན་གཞན་དུ་ཤེས་པར་བྱ་ཞིང༌། དངོས་གྲུབ་དགྲ་ལས་བླང་བའི་མན་ངག་ཉམས་སུ་བསྟར་རོ། །འདི་ནི་རྒྱུད་ལ་མན་ངག་ལྷན་ཐབས་སུ་བསྣན་པའི་ལུགས་སུ་ཤེས་པར་བྱའོ། །མངྒ་ལཾ།། །།


previousབཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་སྨད་ལས་དམ་ཅན་ཉེ་བར་བསྙེན་པའི་མན་ངག་མ་མོ་མཁའ་འགྲོའི་ཞལ་ལུང་།next