Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་ཞི་བའི་སྦྱིན་སྲེག་བདུད་རྩིའི་ཐིགས་པ།
   
   
   
   


 
previousབཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་ཞི་བའི་སྦྱིན་སྲེག་བདུད་རྩིའི་ཐིགས་པ།next

བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་ཞི་བའི་སྦྱིན་སྲེག་བདུད་རྩིའི་ཐིགས་པ།


JLAZ009_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་ཞི་བའི་སྦྱིན་སྲེག་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས། །


JLAZ009_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བཛྲ་ཀུ་མཱ་ར་ལ་ན་མཿ འདིར་ཞི་བའི་སྦྱིན་བསྲེག་གི་རིམ་པ་ནི། རྒྱུད་ལས། ལས་ཀྱི་རིམ་པ་བྱ་བ་ཡང༌། །སྦྱིན་བསྲེག་དག་ནི་རབ་ཏུ་བྱ། །ཐམས་ཅད་མ་ལུས་ཞི་བའི་ཕྱིར། །ཤིན་ཏུ་ཁ་དོག་དཀར་ལ་འཚེར། །ཞི་བའི་ཐབ་ཁུང་དེ་བྱས་ཏེ། །ཁྲུ་གང་ཁྲུ་དོའི་ཚད་དུ་བྱ། །འབྲས་ཐུག་འོ་ཐུག་དཀར་གསུམ་དང༌། །མངར་གསུམ་དང་ནི་རབ་ལྡན་ཏེ། །ཞི་བའི་རྫས་ནི་མ་ལུས་བསག །མེ་ཏོག་དཀར་པོ་ཏིལ་དཀར་དང༌། །འབྲས་ཆེན་ཏིལ་སོགས་དངུལ་ཕྱེ་བསག །བསྲེག་ཤིང་ཁྲུ་གང་ཚད་བྱས་ཏེ། །ཡམ་ཤིང་མཐོ་གང་སོར་བཞི་བྱ། །ཤིན་དུ་དྲི་ཞིམ་དྲི་ཡིས་བྱུག །ཅེས་པས་གཟའ་སྐར་བཟང་པོ་ལ་དུལ་བ་མ་ཡིན་པའི་གནས་སུ་ནི་སའི་ཆོ་ག་ངེས་པར་བྱ་ལ། ས་སྟེགས་ཐབ་རྒྱ་དང་འཚམས་པ་འཐས་པར་བཅགས་ལ་ཐིག་ཆེན་


JLAZ009_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བཏབ་པའི་དབུས་སོར་མོ་ཉི་ཤུ་རྩ་གཅིག་གིས་ཟླུམ་སྐོར་གྱི་ནང་དུ་རྩིབས་བརྒྱད་ཀྱི་ལྟེ་བར་ཆོས་འབྱུང་མཐིང་ནག་རྡོ་རྗེས་མཚན་པ། དེའི་ཕྱིར་སོར་བཞི་རེ་ཡོད་པའི་མཆུ་དང་ཁ་ཁྱེར་གསུམ་གྱི་བར་མར་མེ་རི། ཕྱི་མར་རྡོ་རྗེའི་ཕྲེང་བ། ཟུར་བཞིར་བླ་རྡོར་བྲིས་པའི་སྟེང་བུད་ཤིང་བཟང་པོ་རྩེ་ཁྲུ་གང་བས་ཟླུམ་སྐོར་དུ་རྒྱ་ལས་ཕྱེད་ཆས་དམན་པའི་དཔངས་སུ་བརྩིག །སློབ་དཔོན་གྱི་གཡོན་ལོགས་སུ་འོ་མ་འབྲས་ཆེན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་ཀྱི་རྒྱུ་ལས། མཆོད་གཏོར་གཙང་མ་འཇིག་འདས་ཀྱི་རིམ་པ་གཉིས་སུ་བཤམ། གཡས་ངོས་སུ་བསྲེག་རྫས་ནི། འོ་མ་ཅན་གྱི་ཡམ་ཤིང༌། མར་ཁུ། ཏིལ་དཀར་ནག །དཀར་གསུམ་མངར་གསུམ་དང་འོ་ཐུག་བསྲེས་པའི་ཟས་མཆོག །འབྲས། སོ་བ། ནས། སྲན་མ། གྲོ། དཱུརྦ། ཀུ་ཤ །


JLAZ009_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཏོག །ཁྱད་པར་གྱི་རྫས་མེ་ཏོག་དཀར་པོ་དང༌། ཏིལ་དཀར། ཉུང་ཀར། ཙནྡན་དཀར་དམར། རིན་པོ་ཆེ། སི་ཧླ་སོགས་ཀྱང་འཇིག་འདས་སོ་སོར་བཤམ་མོ། །གཉིས་པ་དངོས་གཞི་ལ་དྲུག་ལས། དང་པོ་བདག་བསྐྱེད་ནི་གཞུང་བཞིན་དང༌། ཞར་ལ་ལས་བུམ་ཀྱང་བསྒྲུབ་བོ། །གཉིས་པ་རྡོར་དྲིལ་བྱིན་བརླབ་ནི། ཐབས་ཤེས་ཀྱི་དེ་ཁོ་ན་ཉིད་དྲན་པས། ཨོཾ་མ་ཧཱ་བཛྲ་ཧཱུཾ། ཞེས་རྡོ་རྗེ་ལན་གསུམ་གསོར། ཨོཾ་བཛྲ་གཎྜེ་ཨ། ཞེས་པས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་དང་དུ་བླང་ངོ༌། །གསུམ་པ་མཆོད་རྫས་བརླབ་པ་ནི། ཧཱུཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་སོགས་དང༌། སྨན་རཀ་གཏོར་མའི་སྔགས་ལན་གསུམ་བརྗོད། བཞི་པ་བསྲེག་རྫས་བརླབ་པ་ནི། ལས་བུམ་གྱི་ཆུས་གཏོར་ཞིང༌། ཧཱུཾ་བིག་ནཾ་ཏ་ཀྲིཏ་ཀྱིས་བགེགས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མ་དང་ཨ་ལས་བྱུང་བའི་ཉི་ཟླའི་གའུའི་སྣོད་དུ་བསྲེག་རྫས་རྣམས་སོ་སོའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་དངོས་པོ་སོ་སོའི་བྱེད་ལས་འགྲུབ་པའི་ནུས་པ་ཅན་དུ་གྱུར།


JLAZ009_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ། ཨོཾ་ཧཱུཾ་སྭཱཾ་ཨཱཾ་ཧཱཾ། ཞེས་ལན་བདུན། ལྔ་པ་ཐབ་བསྐྱེད་ནས་མེ་ལྷ་ལྷར་ཤེས་པ་ལ་མཆོད་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་མདུན་དུ། །བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས། །ཞི་བའི་ཐབ་ཁུང་དཀར་ལ་ཟླུམ། །མུ་རན་ཁ་ཁྱེར་ཟླ་ཚེས་ཅན། །སྣ་ཚོགས་པདྨའི་ལྟེ་བ་རུ། །རཾ་ལས་ཞི་བའི་མེ་ལྷ་ནི། །སྤུན་ལ་ཁ་དོག་དཀར་པོ་སྟེ། །འོད་ཟེར་དཀར་པོ་འཁྱིལ་ཚུལ་སྤྲོ། །ར་སྐྱེས་དཀར་པོའི་གདན་ལ་བཞུགས། །བགྲང་ཕྲེང་རིལ་བ་ཕྱག་ན་བསྣམས། །ཉོན་མོངས་ཐམས་ཅད་ཞི་མཛད་པས། །དྲང་སྲོང་ཚོགས་ཀྱིས་བསྐོར་བར་གྱུར། །དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། སྤྱན་འདྲེན་པ་ནི། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་དྲང་སྲོང་བྲམ་ཟེའི་མཆོག །སུམ་ཅུ་རྩ་ལྔའི་ལྔ་ཚིགས་ནི། །ལྔ་པ་མེ་ལྷ་ཞེས་ཀྱང་བྱ། །རབ་ཏུ་སྤུན་ལ་སྐུ་མདོག་དཀར། །མགྲིན་པ་རིང་ལ་གསུང་ཡང་སྙན། །ཐུགས་རྗེའི་དབང་གིས་སྤྱན་འདྲེན་ན། །འབར་བའི་ནང་དུ་བཞུགས་ནས་ནི། །སྲེག་བླུགས་


JLAZ009_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཟས་བཞེས་སུ་གསོལ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །ཐབས་ཁུང་མ་ཉམས་དམ་པ་འདིར། །དྲོངས་ཤིག་དྲོངས་ཤིག་མེ་དྲོངས་ཤིག །སྤོར་ཅིག་སྤོར་ཅིག་མེ་སྤོར་ཅིག །ཟུར་ཕུད་ཅན་གྱི་མེ་གསོས་ལ། །ཁ་འབར་མ་ཡི་མེ་བུས་ཅིག །བྲམ་ཟེའི་བུ་མོ་ལྔ་བརྒྱ་ཡང༌། །ཁྱོད་ཀྱིས་གཡོག་དང་བྲན་དུ་ཁོལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བརྗོད་ལ། བསང་ཆུ་གཏོར་ཞིང༌། ལས་སྔགས་ཀྱིས་ཕྱིར་འབྲངས་བགེགས་རྣམས་བསྐྲད། ཛཿཧཱུཾ་བཾ་ཧོཿས་བསྟིམ། ཨོཾ་བཛྲ་ཨགྣེ་རཾ་ཙི་ཏི་ཤག་རཾ། ཏི་པ་ར་ཤག་རཾ། ཡཾ་རཾ། ཞེས་རྗེའུ་རིགས་ཀྱི་ཁྱིམ་ལས་བྱུང་བའི་མེ་སྦར། དེ་ནས་མཆོད་པ་ནི། ཧཱུཾ། མེ་ལྷ་དྲང་སྲོང་ཉོན་མོངས་བསྲེག །འབར་བ་མེ་ལྷ་སྤྱན་འདྲེན་ན། །འབར་བའི་མེ་ཡི་དབྱིངས་ན་བཞུགས། །དྲང་སྲོང་ཆེན་པོ་མེ་ཡི་ལྷ། །མཆོད་པ་འབུལ་ལོ་འདི་བཞེས་ལ། །འཁོར་བའི་སྡུག་བསྔལ་འཚིག་པར་མཛོད། ། ཨཱོཾ་བཛྲ་ཨཉྫ་མ་ནཾ་ཨཱ་ཧཱུཾ་གིས་ཞལ་བསིལ་དང༌། བྱོན་སྐྱེམས་དགང་བླུགས་ཕུལ་ལ། ཨོཾ་ཨག་ན་ཡེ་ཧ་བྱ་ཀ་བྱ་ཧཾ་ཧ་ན་ཡེ་ཏི་བྱ་ཏི་པ་ཡི་སྭཱ་ཧཱ། ལན་བདུན་དང༌། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དཱི་པཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་ཉེར་སྤྱོད་དབུལ། དེ་ནས་


JLAZ009_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་རྫས་རྣམས་ཡམ་ཤིང་ནས་རིམ་པར། ཨོཾ་ཨག་ན་ཡེ་ཧ་བྱ་ཀ་བྱ། ཧཾ་ཧ་ན་ཡེ། ཏི་བྱ་ཏི་པ་ཡེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ཁོ་ནས་ཕུལ་ཞིང་འདོད་གསོལ་ནི། དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱད་སྟེམས་ཐམས་ཅད་མེད་པར་མཛོད། །ཅེས་རྐང་པ་བཞི་པོ་བརྗོད། རྫས་རྫོགས་པ་དང་དགང་བླུགས་གསུམ་ཕུལ་ལ་གཟི་བྱིན་བསྐྱེད། བསྟོད་པ་ནི། ཧཱུཾ། དྲི་ཟའི་དབང་ཕྱུག་མེ་ཡི་ལྷ། །འབྱུང་པོ་འདུལ་མཛད་ཕྱོགས་སྐྱོང་ཚུལ། །བསྲེག་རྫས་ཕུལ་ན་དོན་བསྒྲུབ་པ། །དྲང་སྲོང་ཆེན་པོ་ཁྱོད་ལ་བསྟོད། །དྲུག་པ་མེ་ལྷ་གཞལ་ཡས་ཁང་དུ་ཤེས་ནས་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པ་ནི། རྒྱུད་ལས། རྩ་བ་གཙོ་བོའི་དཀྱིལ་འཁོར་དང༌། །ཕུར་པ་ལྷ་ཡི་དཀྱིལ་འཁོར་དང༌། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་རྣམས། །མེ་ལྷའི་སྙིང་གར་རྫོགས་པར་བསྐྱེད། །ཏིང་འཛིན་བརྟན་པས་འགྲུབ་པར་འགྱུར། །ཅེས་པས། ལས་ཆུས་བསང༌། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུས། །རཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་བའི་ཀློང༌། །ཀེང་རུས་ཆེན་པོའི་རི་རབ་བརྩེགས་པའི་སྟེང༌། །རྡོ་རྗེའི་བྲག་ཆེན་གཏམས་པའི་ས་གཞི་ལ། །དུར་ཁྲོད་ཆེན་པོ་འབར་བའི་གཞལ་ཡས་ཁང༌། །སུས་ཀྱང་མ་བསྐྱེད་ཡེ་ནས་ཚད་ལས་འདས། །བསྐལ་པའི་མེ་ལྟར་འབར་བའི་དཀྱིལ་


JLAZ009_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནང༌། །དྲེགས་པ་ལྷ་ཆེན་བསྣོལ་བའི་གདན་སྟེངས་སུ། །ཉི་ཟླའི་གདན་བཤམས་པདྨའི་གེ་སར་བཅས། །ཚད་དང་མཚན་ཉིད་མ་ལུས་ཡོངས་སུ་རྫོགས། །ཞེས་པས་མེ་ལྷའི་སྐྱེ་མཆེད་རྟེན་གཞལ་ཡས་ཁང་གི་རང་བཞིན་དུ་བསྐྱེད་ནས། བརྟེན་པའི་ལྷ་གསལ་གདབ་པ་ནི། གཙོ་བོའི་གནས་སུ་ཧཱུཾ་མཐིང་ནག་ཡོངས་སུ་གྱུར་པ་ལས་འཇིགས་བྱེད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་གཞོན་ནུ་དབུ་གསུམ་ཕྱག་དྲུག་པ། ཞབས་རྣམ་པ་བཞི་དང་ལྡན་པ། གཡས་ལྗང་ནག །གཡོན་དམར་ནག །དབུས་མཐིང་ནག་ཏུ་བཞུགས་པ། གཡས་ཀྱི་དང་པོ་ན་རྡོ་རྗེ་རྩེ་དགུ་པ་དང༌། གཡོན་དང་པོ་ན་མེ་དཔུང་འབར་བ་བསྣམས་པ། གཡས་བར་པ་ན་རྡོ་རྗེ་རྩེ་ལྔ་པ་དང༌། སྟྭ་རེ་དང༌། ཐོ་བའོ། །གཡོན་བར་པ་ན་ཁ་ཊྭཱཾ་དང༌། ཐོད་དབྱུག་དང༌། ལྕགས་ཀྱུའོ། །གཡས་ཐ་མ་ན་ཕུར་པ་དང༌། གཡོན་ཐ་མ་ན་རྦོད་གཏོང་ཕྲ་མེན་གྱི་ཚོགས་བསྣམས་ཏེ། བྱ་རྒོད་དང༌། ཁྱུང་དང༌། འུག་པ་དང༌། ཕོ་རོག་དང༌། ཁྲ་བསྣམས་པའོ། །ཞབས་བཞི་ལས་གཉིས་བརྐྱངས། གཉིས་བསྐུམས་ཏེ་དོར་སྟབས་སུ་བཞུགས་པའོ། །སྐུ་ལ་བསྐལ་པའི་མེ་རི་དང༌། གླང་པོ་ཆེའི་ཀོ་རློན་དང༌། སྟག་གི་ཤམ་ཐབས་དང༌། ཞིང་ཆེན་གྱི་པགས་པ་དང༌། ཐལ་བའི་ཚོམ་བུ་དང༌།


JLAZ009_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གི་ཟོ་རིས་དང༌། ཁྲག་གི་ཐིག་ལེའོ། །སྦྲུལ་རིགས་ལྔས་བརྒྱན་ཏེ། རྒྱལ་རིགས་དང༌། རྗེའུ་རིགས་དང༌། བྲམ་ཟེའི་རིགས་དང༌། དམངས་རིགས་དང༌། གདོལ་པའི་རིགས་སོ། །ཐུགས་རྗེས་ཆགས་པས་ཁྲག་གི་རྒྱ་མཚོ་ལ་གསོལ་བའོ། །ཡུམ་འཁོར་ལོ་རྒྱས་འདེབས་མ་ཞལ་གཅིག་ཕྱག་གཉིས་མ། གཡས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་བྷནྡྷ་རཀྟས་བཀང་ནས་ཡབ་ཀྱི་ཞལ་དུ་སྟོབ་པ། སྐུ་ལ་དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། དོ་ཤལ་དང༌། དཔུང་རྒྱན་དང༌། མགུར་ཆུ་དང༌། སྙན་ཆ་དང༌། སེ་མོ་དོས་བརྒྱན་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་བཞུགས་པའོ། །དེའི་ངང་ལས་རྡོ་རྗེ་ཆགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་ཆགས་པའི་དོན་ལ་བསྐུལ་བར་མཛད། ཡབ་ཀྱིས་ས་མ་ཡ་ཧོཿ ཡུམ་གྱིས་ས་མ་ཡ་སྟྭཾ། རཱ་ཧོ་ཧཾ། རཱ་ག་ཡ་མི། ཡབ་ཡུམ་གཉིས་སུ་མེད་པར་གྱུར། པདྨ་ཡོ་གི་ནི་ས་མ་ཡ་པྲ་བེ་ཤ་ཡ་ཕཊ། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ཡུམ་མཁར་བབས་པས་ཡུམ་ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར། ཧཱུཾ་ཧཱུཾ་ཧཱུཾ། བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་


JLAZ009_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་བྱང་ཆུབ་ཀྱི་སེམས་ལན་གཅིག་འཕྲོས་པས་ཁྲོ་བོ་འཆོལ་བའི་རང་བཞིན་དུ་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷག་གིས་ཁེངས། ཉོན་མོངས་པ་དང་ལོག་པར་ལྟ་བའི་སེམས་ཅན་ཐམས་ཅད་བསྒྲལ། སླར་དེ་དག་ཐམས་ཅད་ཡུམ་གྱི་བྷ་ག་ལ་བསྡུས་ཏེ་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་སྐྱོང་དྲེགས་པ་ཅན་ཐམས་ཅད་ཀྱང་བསྒྲལ་ཏེ་རྩིབས་བཅུར་གདན་དུ་བྱས་པའི་སྟེང་ཁྲོ་བོའི་དཀྱིལ་འཁོར་འཐོན་པ་ནི། ཧཱུཾ་ཧཱུཾ་ཛཿཛཿ ཤར་ཕྱོགས་སུ་ཁྲོ་བོ་རྣམ་པར་རྒྱལ་བ་དབུ་གསུམ་ཕྱག་དྲུག་ཞབས་རྣམ་པ་བཞི་དང་ལྡན་ཞིང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་རྡོ་རྗེ་སྙེམས་མ་དང་འཁྲིལ་ནས་བརྒྱ་བྱིན་གྱི་གདན་ལ་བརྐྱངས་བསྐུམས་སུ་བཞུགས་པའི་གཡས་སུ་ཡབ་ཀྱི་སྤྲུལ་པ་སྟག་གི་མགོ་ཅན་དང༌། གཡོན་དུ་ཡུམ་གྱི་སྤྲུལ་པ་བྱ་རྒོད་ཀྱི་མགོ་ཅན་ནོ། །དེ་བཞིན་དུ་ཧཱུཾ་ཧཱུཾ་ཛཿཛཿ ལྷོར་ཁྲོ་བོ་གཤིན་རྗེའི་གཤེད་དང་ཡུམ་དུར་ཁྲོད་བདག་མོ། སྤྲུལ་པ་ཤ་བ་དང་འུག་པའི་མགོ་ཅན་ནོ། །ཧཱུཾ་ཧཱུཾ་ཛཿཛཿ ནུབ་ཏུ་ཁྲོ་བོ་རྟ་མཆོག་དཔལ་དང་ཡུམ་རྡོ་རྗེ་གཏུམ་མོ། སྤྲུལ་པ་བྱི་ལ་དང་པུ་ཤུད་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ བྱང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་དང༌། ཡུམ་རྡོ་རྗེ་རླུང་འབྱིན་མ། སྤྲུལ་པ་


JLAZ009_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ་དང་ཕ་ཝང་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ ཤར་ལྷོར་ཁྲོ་བོ་དབྱུག་པ་སྔོན་པོ་དང་ཡུམ་རྡོ་རྗེ་སྡེར་མོ། སྤྲུལ་པ་གཡག་དང་བྱ་རོག་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ ལྷོ་ནུབ་ཏུ་ཁྲོ་བོ་མི་གཡོ་མགོན་པོ་དང་ཡུམ་རྡོ་རྗེ་གཏུན་ཁུང་མ། སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ ནུབ་བྱང་དུ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་ཡུམ་རྡོ་རྗེ་མདའ་སྙེམས་མ། སྤྲུལ་པ་སྤྱང་ཀི་དང་ཁྲའི་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ བྱང་ཤར་དུ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་ཡུམ་རྡོ་རྗེ་གསོད་བྱེད་མ། སྤྲུལ་པ་དོམ་དང་སྲེ་མོའི་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ སྟེང་ཕྱོགས་སུ་ཁྲོ་བོ་ཧཱུཾ་ཀཱ་ར་དང་ཡུམ་རྡོ་རྗེ་སྒྲ་འབྱིན་མ། སྤྲུལ་པ་ཕག་དང་སྨིག་བུའི་མགོ་ཅན། ཧཱུཾ་ཧཱུཾ་ཛཿཛཿ འོག་ཕྱོགས་སུ་ཁྲོ་བོ་སྟོབས་པོ་ཆེ་དང་ཡུམ་རྡོ་རྗེ་སྐྱོད་བྱེད་མ། སྤྲུལ་པ་དྲེད་དང་བྱི་བའི་མགོ་ཅན་རྣམས་བཞུགས་པའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཅེས་བརྗོད་པས་སྲས་མཆོག་རྫས་ཀྱི་དཀྱིལ་འཁོར་དབུ་གསུམ་ཕྱག་དྲུག་པ། སྐུ་སྨད་ཕུར་བུའི་དབལ་དང་ལྡན་པ་ཟླ་གམ་གསུམ་ལ་བཀའ་ནོད་པའི་ཚུལ་དུ་བཞུགས་པའོ། །ཛཿཧཱུཾ་བཾ་ཧོཿ ལས་སྒོ་བཞིར་སྒོ་བ་བཞི་དང༌། མུ་རན་ལ་ཕུར་སྲུང་དམ་ཅན་གྱི་ཚོགས་རྣམས་མངོན་སུམ་ལྟ་བུར་


JLAZ009_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའོ། །རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་གཏུགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་དུ་ཝཱཀྐ་དང༌། ཙིཏྟ་སྦྱར་བས་བྱིན་གྱིས་རློབ། ཧཱུཾ། སྲིད་པ་ཕུར་བུར་བསྒྲུབ་པ་དང༌། །དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༌། །རྟགས་དང་མཚན་མ་སྟོན་པ་དང༌། །རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །ཨོཾ་ཧཱུཾ་སྭཱ་ཨཱཾ་ཧཱ། ཨ་བྷི་ཥིཉྩ་མཱཾ། ཞེས་དབང་བསྐུར། དེ་ནས་སྤྱན་འདྲེན་ནི། ཧཱུཾ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ །བསྲེག་ཁང་མེ་ཡི་དཀྱིལ་འཁོར་དུ། །འགྲོ་བའི་དོན་ཕྱིར་སྤྱན་འདྲེན་ན། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཨ་གཙྪ་ཡ་ཨ་གཙྪ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། ཤོ་ཏ་ཡ་ཤོ་ཏ་ཡ། བཛྲ་ཊ་ཀི་ནི་ཧཱུཾ་ཕཊ། དེ་ནས་དམ་ཡེ་གཉིས་མེད་དུ་བྱ་བའི་ཕྱིར། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཧཱུཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་


JLAZ009_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་དང༌། མཆོད་པ་ནི། ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་སོགས། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་དབུལ། དེ་ནས་བསྲེག་རྫས་དབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་རྒྱུན་དྲངས་ཏེ་གསོལ་བས་ཞི་བའི་ཕྲིན་ལས་མཛད་པར་གྱུར། ཞེས་བརྗོད་ཅིང་བསམ་ལ། རྩ་སྔགས་ལན་བདུན་གྱིས་དགང་བླུགས་བཀང་ལ། ཡེ་ཤེས་རྩེ་མོ་ལས། བཛྲ་ཨགྣེ་ཛྭ་ལ་སྥ་ར་ཎ་མ་ཧཱ་པཱུ་ཛ་ཁཱ་ཧི་ཧཱུཾ་ཕཊ། ལན་གསུམ་གྱིས་བསྐོར་བཞིན་འབུལ། དེ་ནས། ཧཱུཾ། གཏི་མུག་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཡུད་ཙམ་གྱིས་ནི་ཞི་མཛད་པས། །ཞི་མཛད་མཆོད་པ་བཞེས་སུ་གསོལ། །ཞེས་བརྗོད་ལ་རྫས་རྣམས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུཾ་བཾ་ཧོཿ སརྦ་བིག་ནན་བཾ་ཧཱུཾ་ཧཱུཾ་ཕཊ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ཁོ་ནས་དབུལ་བ་ནི་རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ཀྱི་དགོངས་པ་ཡིན་ལ། རྣམ་པ་གཅིག་ཏུ་སོ་སོའི་སྔགས་ཀྱིས་དབུལ་ན་ཕྲིན་ལས་ཀྱི་རྒྱུད་ལས། དེ་ནས་གཙོ་བོ་ཡབ་ཡུམ་དང༌། །ཕྱོགས་ཀྱི་ཁྲོ་བོ་ལྔ་རྣམས་ལ། །བརྒྱ་རྩ་བརྒྱད་ཀྱི་སྲེག་བླུགས་དབུལ། །ཁྲོ་བོ་ཡབ་ཡུམ་ཉི་ཤུ་


JLAZ009_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །ཕྲ་མེན་སྒོ་མ་ལ་ནི་བདུན། །སོ་སོའི་སྔགས་ཀྱི་ཤམ་དག་ལ། །འདི་ཞེས་བྱ་བ་ཞི་གྱུར་ཅིག །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བྱས་གདུག་པའི་ཚོགས་རྣམས་ནི། །ཐམས་ཅད་མ་ལུས་ཞི་བར་འགྱུར། །ཞེས་བཤད་པ་ལྟར་བྱའོ། །ཇི་ལྟར་ཡང༌། བཟླས་བརྗོད་མེ་དང་འདྲ་བ་ཡི། །ཉོན་མོངས་རྩྭ་མཆོག་འདྲ་བ་བསྲེག །ཏིང་འཛིན་རྩལ་གྱི་ཁྱད་པར་ལས། །དྲོད་རྣམས་འབྱུང་བར་གདོན་མི་ཟ། །ཞེས་པས་བཟླས་བརྗོད་དང་ཏིང་ངེ་འཛིན་ནི་ལས་འགྲུབ་པའི་རྒྱུའི་གཙོ་བོ་ཡིན་པས་རྫས་མང་ལ་སྔགས་ཉུང་བ་ཡང་མི་ལེགས་སོ། །དེ་ཡང་བརྒྱ་རྩ་རེའི་མཚམས་སུ་ཐུགས་དམ་བསྐུལ་བའི་ཕྱིར། ཐབ་ཏུ་ཉུང་ཀར་འཐོར་ཞིང༌། བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། །བྱད་ཕུར་གདོན་བགེགས་རིམས་ནད་དང༌། །རྨི་ལྟས་མཚན་ངན་དུས་མིན་འཆི། །འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །མྱུར་དུ་ཞི་ཞིང་མེད་པར་མཛོད། །ཅེས་འདོད་དོན་གསོལ་བས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་འཕྲོས་རང་དང་བསྒྲུབ་བྱ་ལ་རེག་པས་ནད་གདོན་སྡིག་སྒྲིབ་ལ་སོགས་ཞི་བར་བསམ་མོ། །རྫས་རྫོགས་པ་དང་དགང་བླུག་འབུལ་བ་ནི། རྩ་སྔགས་ཤམ་བཛྲ་ཨགྣེ་ཛྭ་ལ་སྥ་ར་ཎ་མ་ཧཱ་པཱུ་ཛ་ཁཱ་ཧི་ཧཱུཾ་ཕཊ། ཅེས་ལན་གསུམ་དང༌། དེ་ནས་དེ་ལ་སོགས་དང༌། བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཟུང་དང༌། བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱས་སོ་རྩི་དབུལ། དེ་ནས་སྨན་གཏོར་རཀྟ་


JLAZ009_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་ནི། ཧཱུཾ། སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང༌། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །སྒྲོན་མ་ལྔ་དང་བདུད་རྩི་ལྔ། །རྒྱུད་ལྔ་དུག་ལྔ་འཇོམས་པའི་བདུད། །ཡེ་ཤེས་ལྔ་པོ་གྲུབ་པའི་རྩི། །འཆི་བ་མེད་པའི་དམ་རྫས་ཆེ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་དང༌། ཧཱུཾ། མཐུ་རྩལ་དབྱུང་བའི་དུས་ལ་བབ། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །དུག་གསུམ་མཆོད་པར་རབ་ཕུལ་བས། །སངས་རྒྱས་སྐུ་གསུམ་ཐོབ་པར་འགྱུར། །མ་ཧཱ་བ་ལིནྟ་ཁཱ་ཧི། ཞེས་གཏོར་མ་འབུལ། དེ་ནས་རཀྟ་ཚར་གསུམ་ནི། ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང༌། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །མ་ཧཱ་རཀྟ་ཁཱ་ཧི། ཧཱུཾ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་


JLAZ009_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཇི་བཞིན་བཅས་པ་ཡི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །མ་ཧཱ་རཀྟ་ཁཱ་ཧི། ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །མ་ཧཱ་རཀྟ་ཁཱ་ཧི། དེ་ནས་སྦྱོར་སྒྲོལ་གྱི་མཆོད་པ་ནི། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་གྱིས། །ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧ་ཧ་ཧ། དེ་ནས་བསྟོད་པ་ནི། ཧཱུཾ། སྣང་སྲིད་ཐམས་ཅད་ཕུར་པའི་རང་བཞིན་ལས། །ཁམས་གསུམ་འཁོར་བ་མིང་ཡང་མི་གྲགས་ཀྱང༌། །རྒྱལ་བའི་རྫུ་འཕྲུལ་ཆེན་པོ་བསྟན་པའི་ཕྱིར། །རྡོ་རྗེ་མངོན་སྤྱོད་ཕྲིན་ལས་མཛད་ལ་བསྟོད། །ནོངས་བཤགས་ནི། མ་འབྱོར་བ་དང་སོགས། མཐར་ཡི་གེ་བརྒྱ་པས་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཤེགས། གསུམ་པ་རྗེས་ཀྱི་རིམ་པ་ལ། ཨོཾ་ཨགྣེ་ཛྭ་ལ་ཧཱུཾ་


JLAZ009_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཅེས་བླུགས་གཟར་གྱིས་མེ་གསོས་པས་མེ་ལྷ་སྔར་བཞིན་བསམ། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཧཾ་ཧ་ན་ཡེ་ཏི་བྱ་ཏི་བ་ཡེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་རྫས་ལྷག་རྣམས་དང༌། བཛྲ་ཏམྦུ་ལས་སོ་རྩི། བཛྲ་ཝསྟྲས་གོས་དབུལ། ཨོཾ་ཨགྣེ་དེ་ཝ་རྀ་ཥི་ཨརྒྷཾ་སོགས་ཀྱིས་ཉེར་སྦྱོད་དབུལ། མེ་སྟེ་བསྲེག་བྱས་བསྟོད། ཨ་ཀཱ་རོས་གཏོར་མ་བསྔོས་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་མ་ཚང་དང༌། །གཙོ་བོ་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱི་བཟོད་མཛད་རིགས། །ཞེས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་ལྟའི་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་བསྒྲུབ། །བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར། ཞེས་བརྗོད་ལ་དགེ་བ་བསྔོ་བ་དང༌། ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ། མེ་རང་ཞིར་བཏང་བ་སོགས་རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །ཕན་ཡོན་ནི། རྒྱུད་ལས། སྦྱིན་བསྲེག་གིས་ནི་ཐམས་ཅད་འགྲུབ། །དམ་ཚིག་ཉམས་པ་སྐོང་འགྱུར་ཞིང༌། །མཚམས་མེད་ལྔ་ཡི་སྡིག་བྱས་པ། །འདི་ཡིས་དག་པར་འགྱུར་བ་ཡིན། །ཞེས་སོ། །ཞི་བའི་སྦྱིན་བསྲེག་གི་རིམ་པ་རྡོ་རྗེ་ཕུར་པའི་རྒྱུད་སྡེ་རྒྱ་མཚོའི་རང་ལུགས་སོར་བཞག་ཅིང༌། མངོན་རྟོགས་རྒྱུད་ཚིག་ལྟར་བཀོད་


JLAZ009_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཡང་རིག་འཛིན་འཇིགས་མེད་གླིང་པས་སོ། །བདག་བསྐྱེད་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སྔོན་དུ་བཏང་ནས། རཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་བའི་ཀློང༌། །སོགས་ནས། སྲིད་པ་ཕུར་བུར་བསྒྲུབ་པ་དང༌། །སོགས་མཐར། ཨ་བྷི་ཥིཉྩ་མཱཾ། ཞེས་དབང་བསྐུར་བ་ཡན་བརྗོད་ནས། ཀཱི་ལ་ཡ་བརྒྱ་རྩ་བཟླས་རྗེས། ལས་བུམ་ཨ་མྲྀ་ཏས་བསྒྲུབ་བོ། །དགེའོ།། །།


previousབཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་ཞི་བའི་སྦྱིན་སྲེག་བདུད་རྩིའི་ཐིགས་པ།next