Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་རྒྱུད་ལུགས་ལས། ཕན་གནོད་ལས་ཚོགས་རྡོ་རྗེ་ཕ་ལམ།


 
previousཕུར་པ་རྒྱུད་ལུགས་ལས། ཕན་གནོད་ལས་ཚོགས་རྡོ་རྗེ་ཕ་ལམ།no next

ཕུར་པ་རྒྱུད་ལུགས་ལས། ཕན་གནོད་ལས་ཚོགས་རྡོ་རྗེ་ཕ་ལམ།


JLAZ009_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་རྒྱུད་ལུགས་ལས། ཕན་གནོད་ལས་ཚོགས་རྡོ་རྗེ་ཕ་ལམ་བཞུགས། །


JLAZ009_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་ཆེན་ཁྲག་འཐུང་ལ་ཕྱག་འཚལ་ལོ། །ཕན་གནོད་ཀྱི་ལས་ཚོགས་གཉིས་ལས། དང་པོ་ནི། གབ་པ་འཁོར་ལོའི་རྒྱུད་ལས། སེམས་དཔའ་ཆེན་པོས་ཕན་པའི་ལེའུ་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་འདི་བྱིན་གྱིས་བརླབས་ནས་གསུངས་སོ། །ཨོཾ་བྷུར་ཁུང་མ་ཧཱ་པྲ་ན་ཙེ་བྷུ་རྩེ་བྷི་མ་ན་སེ་བྱི་ཏ་ཀྲོ་ཏི། ཨོཾ་ཤི་མ་གོ་ཁུ་ལིང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷུར་ཁུང་ཧོ་ར་རེ་ནི་ཧོ་ཡ་བྷྱོ། རཏྣ་ཁ་ཧི་བྷི་མ་ན་སེ་མོ། ཤིང་མོ་ཀུ་ལུ་ཀུ་ལུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷུར་ཁུང་མ་ཧཱ་པྲ་


JLAZ009_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཙེ་བི་མ་ན་སེ། ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྙིང་པོ་འདི་གསུངས་ནས་མི་སྣང་བར་གྱུར་ཏོ། །སེམས་དཔའ་ཆེན་པོ་རྐྱེན་བཟློག་པའི་རྫས་གང་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག །རྫས་འདི་རྣམས་ལགས་ཏེ། གལ་ཏེ་གསོ་བར་འདོད་ན་གུ་གུལ་ལ་སྔགས་ཀྱིས་བཏབ་སྟེ་བསྲེགས་ནས་བརྒྱ་རྩ་བརྒྱད་བཏབ་ན་གསོས་པར་འགྱུར་རོ། །སེར་བ་འོང་ན། སྡིགས་མཛུབ་ཀྱི་ཕྱག་རྒྱ་བསྟན་ན་སེར་བ་འཆད། འབྲུག་འབྲོས། ཐོག་འཆད་དོ། །རིམས་ནད་ན་བ་ལ་བྱ་མོ་ནག་མོའི་དོང་རུས་ཆུས་བཏབ་བོ། །ཀླུའི་རྟེན་ཡོད་ན་ཐལ་བ་གཙང་མ་ལ་སྔགས་


JLAZ009_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ན་མི་དེ་ལ་སེམས་ངན་མེད་པར་འགྱུར་རོ། །མཆེ་བ་ཅན་ཟ་བ་ཡོད་ན། ཁ་ནས་ཟན་ལ་སྔགས་བཏབ་ལ་སྦྱིན་ནོ། །ཀླད་པ་གཟེར་ན་གང་ན་བ་ལ་ཕུར་པ་ལ་སྔགས་བཏབ་པའམ། ཡང་ན་གུར་གུམ་མམ་ཙནྡན་ལ་སོགས་ལ་བྱའོ། །བལ་ནད་ན་བ་ལ་ཕབ་ཟེར་ལ་བསྔགས་ཏེ་ཁུ་བ་བཙིར་ལ་བླུད་དོ། །མི་ལོ་ནད་ཀྱིས་ན་བ་ལ། ནད་པའི་མིང་ཤོག་བུ་ལ་བྲིས་ལ། ནད་པའི་ཁྲི་འོག་ཏུ་བཅུག་ལ་སྔགས་གདབ་བོ། །སྐྲངས་པ་ལ་ཉིན་མཚན་དུ་གདབ་བོ། །ཕ་རོལ་སྨྲ་ཤེས་པར་བྱ་ན། ཁོའི་མིང་རུས་ཁར་གཞུག་གོ །ར་ལུག་ལ་སྤྱང་གི་འོང་ན། དོམ་ཕོ་དོམ་མོའི་སྐེ་རུ་སྔགས་བྲིས་ལ་གདགས་སོ། །སྔགས་འདི་འབྲས་དང་ལྷོག་པ་དང༌། དེ་རྣམས་ལ་གུ་གུལ་བསྲེགས་ཤིང་བསྒྲུབ་པའོ། །ལིང་ཏོག་ལ་སྔགས་འདི་ཕུས་གདབ་བོ། །ཆུ་འགག་ན་གླ་བ་དང་མར་ལ་གདབ། སྦོས་ནས་ན་ན་ཆང་ཁྱེའུའི་ཆུ་ལ་བསྲེས་ནས་གདབ་བོ། །དེ་ཉིད་ལ་སྔགས་དེ་བཏང་ངོ༌། །འདྲེའི་གནོད་པ་ཆེ་ན་ཆུ་དང་ཡུངས་ཀར་ལ་བསྔགས་ལ་བླུད་དོ། །ནད་པ་སྲུང་བར་བྱེད་ན། སྔགས་བར་མ་ཆད་པར་བཟླས་ན། གདོན་མི་ཡོང་བར་འགྱུར་རོ། །སོས་ཀ་དག་གི་དུས་སུ་ཡུངས་ཀར་ལ་སྔགས་བཏབ་ན་ཆང་ཐུབ་པར་འགྱུར་རོ། །དེས་ཞོ་ཡང་ཐུབ་པར་འགྱུར་རོ། །ལྷ་ཉེ་


JLAZ009_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་ན། སྒྲོས་བསྲེགས་ཤིང་སྔགས་བཟླས་སོ། །བ་ལང་ཁོང་ལོག་ན་ཉུང་དཀར་ལ་སྔགས་བཟླས་སོ། །ཞིང་ལ་སྲིན་ཟ་ན་ཉུང་དཀར་དང་ཆེན་སྲས་ཏེ་ཞིང་མཐའ་བསྐོར་ཞིང་བཏབ་ན་ངོས་གཅིག་ཏུ་འགྲོའོ། །སོ་ལ་སྲིན་ཟ་ན་བཅས་ཏེ་ཐད་ཀར་གདབ་བོ། །མིག་ལ་སྲིན་ཟ་ན་བུད་ཤིང་གདབ་བོ། །བང་མཛོད་ལ་གནོད་པར་བྱེད་ན་ཙནྡན་ནམ་ཤུག་པའི་ཕུར་པ་སོར་བཅུ་གཉིས་པ་ལ་བསྔགས་ལ། ཐོད་པ་མཚན་ངན་འབྲུ་ནག་པོས་བཀང་ལ་དར་ནག་པོའི་ཅོད་པན་དང་བཅས་པས་ཧཱུཾ་ཀཱ་རའམ། རྣམ་པར་རྒྱལ་བར་མངའ་གསོལ་ལ། དབུས་སུ་བཞག་པར་བྱའོ། །ཞེས་སོ། །གཉིས་པ་ནི། གསང་རྒྱུད་ལས། དེ་ནས་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །དམ་ཆོས་གཞུང་སྤྱོད་རྣལ་འབྱོར་ལ། །བར་ཆོད་སྐུ་དགྲ་བྱུང་གྱུར་ན། །གཞན་ཉིད་སྐྲག་པར་བྱ་བའི་ཕྱིར། །ཐོག་དང་སེར་བ་དབབ་པ་དང༌། །མི་ནད་ཕྱུགས་ནད་བཏང་བ་དང༌། །སྨྱོ་བ་དང་ནི་འབོག་པ་དང༌། །མྱོས་པ་དང་ནི་ལྐུགས་པ་དང༌། །འཐབ་ཏུ་གཞུག་དང་སྐྲོད་གྱུར་ན། །ཐབས་དང་རིམ་པ་ཇི་ལྟར་ལགས། །དཔའ་བོ་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས། གསོལ་བའི་དོན་ཐུགས་སུ་ཆུད་ནས། གཞན་སྐྲག་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་


JLAZ009_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་ཐོགས་དབབ་པར་འདོད་པས། ལྕགས་སྣ་ལྔ་ལ་དྲག་པོའི་ཕུར་པ་བྱས་ཏེ། ཀླུ་ནག་པོའི་གནས་སུ་དཀྱིལ་འཁོར་ནག་པོ་གྲུ་གསུམ་བྱས་ལ། འབྲས་ཀྱི་ཟན་ལ་ཀླུ་རྒྱལ་གཟུགས་བྱས་ལ། ཀླུ་ཡི་རྒྱལ་པོ་དགུག་གཞུག་བསྟིམ་ནས་ནི། ཕུར་པ་རྡོ་རྗེ་འདུས་པའི་བསྙེན་པ་འབུམ་བྱས་ཏེ། ཀླུའི་རྒྱལ་པོ་ལ་བཏབ་སྟེ། ཀླུ་གནད་ལ་བོར་ན་ཐོག་དུས་སུ་ཕེབས་པར་འགྱུར་རོ། །སེར་བ་དབབ་པར་འདོད་པས་ཤེར་ཤིང་ནག་པོ་ལ་ཕུར་པ་བྱས་ཏེ། འབྲས་སེར་པོའི་ཟན་ལ་ནི། ཁྱབ་འཇུག་གཟའ་རྒྱལ་གཟུགས་བྱས་ལ། བདག་ཉིད་ལྷའི་རྣལ་འབྱོར་གདེངས་དང་ལྡན་པར་བྱས་ལ། ལྕེ་བོག་ནག་པོའི་དུད་པས་བདུག་ཅིང༌། ཁྱབ་འཇུག་རྒྱུ་བའི་དུས་སུ། ཁྱབ་འཇུག་ཉིད་གཟུགས་ལ་ཕབ་སྟེ། ཕུར་པས་བཏབ་ལ་གནད་ལ་ཕབ་ན། སེར་བ་དུས་བཞིན་དུ་ཕེབས་པར་འགྱུར་རོ། །མི་ནད་གཏང་བར་འདོད་པས། མི་གང་རིམས་ཀྱིས་ཤི་བའི་མཆོག་ཕུར་གཡས་པ་ཐོགས་ལ། དབང་གི་དཀྱིལ་འཁོར་ཟླ་གམ་དམར་པོ་བྱས་ཏེ། རིམས་ཀྱིས་ཤི་བའི་རོ་རས་ལ། བྲམ་ཟེ་ནག་མོའི་མངའ་ཁྲག་གིས་མིང་རུས་བྲིས་ཏེ། ཟི་ར་ནག་པོའི་དུད་པས་བདུག་སྟེ། དགྲ་བགེགས་བཀུག་ལ་བསྟིམ། པདྨ་འདུས་པའི་བསྙེན་པ་འབུམ་


JLAZ009_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། ཕུར་པ་བཏབ་སྟེ་དགྲ་བོའི་ཉལ་སར་སྦས་ན། མི་ནད་འབེབས་པར་འགྱུར་རོ། །ཕྱུགས་ནད་གཏང་བར་འདོད་པས། སེང་ལྡེང་གི་ཕུར་པ་ཐོགས་ཏེ། ཕྱུགས་ནད་ཀྱིས་ཤི་བའི་ཁྲག་གིས་མ་ཧེའམ་རྟ་མཆོག་གི་པགས་པ་ལ་དགྲ་བོའི་ཕྱུགས་ནོར་གྱི་མིང་བྲིས་ལ་ཕུར་པ་བཏབ་སྟེ། ཕྱུགས་ལྷས་སམ་བྲེས་སུ་བཏབ་ན། ཕྱུགས་ནད་འབབ་པར་འགྱུར་རོ། །མྱོས་པར་འདོད་པས། བྲམ་ཟེའི་མཆོག་ཕུར་གཡས་པ་ཐོགས་ལ། ནགས་ཚལ་ཆེན་པོའི་གནས་སུ་དཀྱིལ་འཁོར་སེར་པོ་གྲུ་བཞི་གཅིག་བྱས་ལ། རྩྭ་དགུན་མའི་ལོ་མ་ལ་གཟུགས་བྱས་ལ། དྷ་དུ་རའི་དུ་བས་བདུག་སྟེ། རིན་ཆེན་འདུས་པའི་བསྙེན་པ་འབུམ་བྱས་ལ། གཟུགས་ལ་ཕབ་སྟེ། ཕུར་པས་ལྕེ་ལ་བཏབ་སྟེ་ཡི་དྭགས་གནས་པའི་སར་སྦས་ན། མི་དེ་སྨྱོ་བར་བསྙེན་རོ། །འབོག་པར་འདོད་པས། གཡེར་ཤིང་ངམ་སྐྱེར་པའི་ཕུར་པ་ཐོགས་ཏེ། རས་སམ་གྲོ་ག་ལ་ཨ་དཀར་གྱི་ཁུ་བས་མིང་རུས་བྲིས་ནས། གོང་མ་བཞིན་དུ་ལས་བྱས་ཏེ། འབྱུང་པོ་གནས་པའི་སར་སྦས་ན་མི་དེ་འབོག་པར་འགྱུར་རོ། །མྱོས་པར་བྱ་བར་འདོད་ན། རྒྱལ་རིགས་ཀྱི་མཆོག་ཕུར་གཡས་པ་ཐོགས་ཏེ། རི་བོ་འདུས་པའི་རྩེར་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བྱས་ཏེ། དུག་


JLAZ009_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གདུག་པའི་ལོ་མ་ལ་གཟུགས་བྱས་ལ། ཙནྡན་དཀར་པོའི་ཐང་ཆུས་མིང་རུས་བྲིས་ལ། མི་ཚིལ་གྱི་དུ་བས་བདུག་ལ། བུདྡྷ་འདུས་པའི་བསྙེན་པ་འབུམ་བྱས་ལ་གཟུགས་ལ་ཕབ་སྟེ། སྤྱི་བོའི་གཙུག་ཏུ་ཕུར་པ་བཏབ་སྟེ། མ་མོའི་གནས་སུ་སྦས་ན། མི་དེ་ཤིན་ཏུ་ཡང་མྱོས་པར་འགྱུར་རོ། །ལྐུགས་པར་བྱ་བར་འདོད་ན། ཤུག་པའམ། འཇག་གི་ཕུར་པ་ཐོགས་ལ། ཤོག་ཤོག་གམ་ཤིང་ཤུན་ལ་སྔར་ལྐུགས་ནས་ཤི་བའི་ཀླད་ཁྲག་གིས་མིང་རུས་བྲིས་ཏེ་གོང་མ་བཞིན་ཕུར་པ་ལྕེ་ལ་བཏབ་ནས། ས་བདག་གནས་པའི་སར་སྦས་ན། མི་དེ་ཤིན་ཏུ་ཡང་ལྐུགས་པར་འགྱུར་རོ། །གང་ཞིག་འཐབ་པར་འདོད་ན་ནི། དམངས་རིགས་ཀྱི་མཆོག་ཕུར་གཡས་པ་ཐོགས་ལ། ཤིང་རྐང་གཅིག་གི་གནས་སུ་དཀྱིལ་འཁོར་ནག་པོ་གྲུ་གསུམ་བྱས་ཏེ། འུག་པའི་པགས་པ་ལ་བྱ་རོག་གི་ཁྲག་གིས་ཁོ་དང་མཛའ་བའི་མིང་བྲིས་ཏེ། སྦྲུལ་དང་རྨིགས་བུ་ལྟོ་སྦྱར་བའི་བར་དུ་བཀུག་སྟེ། ཚོན་སྐུད་ཀྱིས་བཅིངས་ཏེ། རྡོ་སོལ་ནག་པོའི་མེས་བསྲེགས་ཏེ། ལས་རབ་འདུས་པའི་བསྙེན་པ་འབུམ་བྱས་ཏེ། མིང་བྱང་གཉིས་ཀྱི་མཚམས་སུ་ཕུར་པ་བཏབ་སྟེ། དུར་ཁྲོད་ཀྱི་ཤིང་རིངས་ལ་གཏགས་ཏེ། རླུང་ཆེན་པོ་ལ་ཕྱར་ན། མཛའ་བོ་དང་འཐབ་པར་འགྱུར་རོ། །


JLAZ009_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་པར་འདོད་པས། སྨྲ་ཤིང་གི་ཕུར་པ་ཐོགས་ཏེ། ལུང་གི་རྔ་མོའི་པགས་པ་ལ། རཀྟས་མིང་རུས་ཡུལ་ཁྱིམ་གྱི་མིང་བྲིས་ལ། གོང་མ་བཞིན་དུ་ལས་བྱས་ཏེ། ཁྱིམ་གྱི་རྩིག་རྨང་དུ་སྦས་ནས། མི་དེ་ཡུལ་དབྱུང་བར་འགྱུར་རོ། །གཞན་ཡང་བསྐྲད་པའི་ལས་ཀྱི་རིམ་པ་འདི་ནི། ལས་དང་པོ་པ་རྣམས་ཀྱི་སྤྱོད་ཡུལ་མིན་ནོ། །ཏིང་ངེ་འཛིན་ལས་སུ་རུང་ཞིང་རྟགས་མཐོང་ཞིང་དྲོད་ཚད་ཟིན་པ་རྣམས་ཀྱིས་ནི་གདོན་མི་ཟ་བར་འགྱུར་རོ། །ཞེས་སོ། །མདོར་ན་མནན་པ་དང༌། བསྐྲད་པ་དང༌། དབྱེ་བ་ལ་སོགས་པའི་དྲག་ཤུལ་གྱི་ལས་ཆེན་རྣམ་པ་ཐ་དད་པའི་ལས་ཚོགས་ཡོད་ཀྱང་ད་ནི་ལྔ་བརྒྱའི་ཐ་མ་ཉིད་ཀྱི་ཕྱིར་ན་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕུར་བུའི་ངང་དུ་རྣམ་པར་རིག་བྱེད་ཀྱི་ལས་ཉོན་གསད་པ་ལ་བརྩོན་པར་བྱས་པས་ངན་འགྲོའི་གོ་འཕང་ལས་ཕྱིར་ཕྱོགས་པར་འགྱུར་རོ། །དགེའོ། །དགེའོ། །དགེའོ།། །།


previousཕུར་པ་རྒྱུད་ལུགས་ལས། ཕན་གནོད་ལས་ཚོགས་རྡོ་རྗེ་ཕ་ལམ།no next