Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
ཀློང་ཆེན་སྙིང་གི་ཐིག་ལེའི་རྟོགས་པ་བརྗོད་པ་ཌཱཀྐིའི་གསང་གཏམ་ཆེན་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེའི་རྟོགས་པ་བརྗོད་པ་ཌཱཀྐིའི་གསང་གཏམ་ཆེན་མོ།next

ཀློང་ཆེན་སྙིང་གི་ཐིག་ལེའི་རྟོགས་པ་བརྗོད་པ་ཌཱཀྐིའི་གསང་གཏམ་ཆེན་མོ།


JLAZ010_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཆེན་སྙིང་གི་ཐིག་ལེའི་རྟོགས་པ་བརྗོད་པ་ཌཱཀྐིའི་གསང་གཏམ་ཆེན་མོ་བཞུགས། །


JLAZ010_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །འོད་གསལ་རྡོ་རྗེ་སྙིང་པོ་ཀློང་ཆེན་སྙིང་གི་ཐིག་ལེ། ཟབ་དོན་མན་ངག་གི་སྐོར་རྣམས་བྱུང་བའི་ལོ་རྒྱུས་ཅུང་ཟད་སྨྲ་ན། ལུང་བསྟན་བཀའ་རྒྱ་མར། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུཿ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེནཿ འབྲེལ་ཚད་རིག་འཛིན་ཞིང་དུ་འཐེན་པ་འབྱུངཿ ཞེས་པ་ལྟར། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱི་ཐུགས་རྗེའི་ཕྲིན་ལས་རླབས་པོ་ཆེས། ཚེ་རབས་སུ་བསྐྱངས་པའི་རྟེན་ཅིང་འགྲེལ་བར་འབྱུངབའི་སྨོན་ལམ་དུས་སུ་སྨིན་པ་ལས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་བཟོད་དུ་མེད་པའི་སྐྱོ་ཤས་


JLAZ010_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དང་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས་ཤྲཱི་པརྤ་ཏའི་གླིང་དུ་ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གནས་པའི་ཚེ་གཏེར་ཁ་གོང་འོག་བཀའི་ཆུ་བོ་གཅིག་ཏུ་འདྲེས་པའི་གསང་བདག་དཔའ་བོ་དྲང་སྲོང་དྲི་མེད་ཞི་ཁྲོའི་བསྙེན་སྒྲུབ་ལ་གཞོལ་བའི་དུས་ཀྱི་ཐོ་རེངས་ཤིག་གི་ཆར། སྐྱོ་ཤས་དང་ངེས་འབྱུང་དྲག་པོས་རྐྱེན་བྱས་ཏེ། མདུན་གྱི་ནམ་མཁར་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། རིག་འཛིན་འཇམ་དཔལ་བཤེས་གཉེན་སོགས་འོད་གསལ་གྱི་ངང་དུ་མཇལ་ཏེ་བརྡ་དོན་སྤྲོས་པ་མེད་པའི་དབང་མང་པོ་བསྐུར་བའི་མཐར་རང་ཉིད་ལ་ཐིམ་པ་ཞིག་བྱུང་བས་རང་བྱུང་གི་རྟོགས་པ་བྱུང་རྒྱལ་དུ་སྐྱེས། ཉམས་ཀྱི་འཛིན་སྟངས་བུད། ལས་རླུང་དབང་དུ་འདུས། སྣང་བའི་རྫུན་ཕུག་རྡིབ། ཤེས་པ་ལ་བརྟུལ་ཞུགས་ཀྱི་


JLAZ010_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ངར་ཐོགས་ནས་ཚེ་འདིའི་སྣང་བ་ཕལ་ཆེར་བརྗེད་ནས་སྐྱེ་བ་འཕོས་པ་ལྟ་བུ་ལ་མངའ་རིས་པཎ་ཆེན་གྱི་བག་ཆགས་འལ་འོལ་ཆད་ཆོད་དུ་གསལ་བ་ཁོ་ནའི་ངང་དུ་འབྱམ་ཀླས། དེའི་ཚེ་རྨི་ལམ་ཞིག་ན། གནས་ངོ་མི་འཚལ་བ་ཞིག་ཏུ་བསམ་པ་ལྷུན་གྲུབ་མའི་ཞིང་བཀོད་ཡིན་ཟེར་བ་ཞིག་མཐོང་བའི་ཁྲོད་ན་འབྲུག་ལ་ཆིབས་པའི་རྡོ་རྗེ་གྲོ་ལོད་རོལ་པའི་སྟབས་ཀྱིས་དཔའ་བ་རྡོས་བཅས་ལས་འདས་པ་འཇའ་ཚོན་གྱི་རྣམ་པར་འཆར་བ་ཞིག་གཡོ་འགུལ་བྱེད་ཅིང་འདུག་པས་དམ་ཅན་པ་ཡིན་སྙམ་པའི་མི་བན་མ་ཧོར་ཞིག་ན་རེ། འདི་ནི། ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པསཿ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེདཿ ཟེར་བའི་ལྷ་དེ་ཡིན་པར་འདུག་ཟེར་བའི་མོད་ལ་ཡལ་སོང༌། དེ་ནས་ཞག་ཤས་འདས་པའི་མེ་མོ་གླང་གི་ལོ་ཟླ་བ་བཅུ་བའི་མར་ངོའི་ཚེས་བཅུའི་ནུབ། སློབ་དཔོན་ཆེན་པོ་ལ་མོས་གུས་མཆི་མ་འཁྲུགས་པ་ཙམ་དུ་འབར། སྔོན་གྱི་བག་ཆགས་ར་རི་དྲན་པ་འདྲས་རྐྱེན་བྱས། སྣང་བ་སྐྱོ་ཆད་དེ་བ་ཞིག་ལ་རང་རེ་གདོང་དམར་བོད་ཀྱི་ཡུལ་མི་རྣམས་གདོལ་པར་སྤྱོད་པ། བསྟན་པ་གཟུགས་བརྙན་དང་ཆགས་སྡང་གིས་འཚོ་བའི་ཡུལ་དུ་དྭ་ཕྲུགས་མཐར་ལུས་པ་བཞིན་དུ་འཁྱར། སངས་རྒྱས་ཀུན་ལས་ལྷག་པའི་མགོན་པོ་ཐུགས་རྗེ་ཅན་དེ་ཟངས་མདོག་དཔལ་གྱི་རི་བོར་གཤེགས། ད་དུས་


JLAZ010_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་གྱི་ཚེ་མཇལ་བའི་སྐལ་བ་ཐོབ་བམ་སྙམ་ནས་སེམས་སྡུག་ཚད་མེད་པ་ཞིག་ལངས། མཆི་མ་རྒྱུད་ཆད་མེད་པར་ཤོར་བའི་ངང་དུ་མནལ་བ་ན། རྟོགས་བརྗོད་ཆུ་ཟླའི་གར་མཁན་དུ་གསལ་བ་ལྟར་འོད་གསལ་གྱི་སྣང་བ་ཁྱབ་གདལ་དུ་འབྱམ་ཀླས་པའི་མུར་སེང་གེ་དཀར་མོ་ཡིད་དུ་འོང་བ་ཞིག་ལ་ཞོན་ནས་ནམ་མཁའི་དབྱིངས་ཕ་མཐའ་མི་འཚལ་བར་ཁྱེར་བ་ལས། ཅི་ཞིག་ན་ཡུལ་གྱི་སྣང་བ་བཀོད་དེ་བར་ཡུལ་གྱི་མཆོག་རྟེན་བྱ་རུང་ཁ་ཤོར་ཡིན་སྙམ་པ་ཞིག་གི་བསྐོར་ལམ་དུ་སླེབས། དེའི་ཤར་ཕྱོགས་ཀྱི་ཁྱམས་དེར་འགྲོ་བའི་མོད་ལ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་མངོན་སུམ་དུ་མཇལ། ལྗོན་ཤིང་ལས་གྲུབ་པའི་ཟ་མ་ཏོག་ལེབ་ཆགས་གའུའི་རྣམ་པའི་མཚམས་ལ་རྩིས་བགགས་པ་ཞིག་ངེད་ལ་གཏད་ནས། དག་པའི་འཁོར་གྱི་སྣང་བ་ལ། །ཁྱོད་ནི་ཁྲི་སྲོང་ལྡེའུ་བཙན། །མ་དག་གདུལ་བྱའི་སྣང་ངོ་རུ། །ཁྱོད་ནི་སེང་གེ་རས་པ་ཡིན། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་གཏེར། །རིག་འཛིན་པདྨའི་ཀློང་ཆེན་བརྡ། །མཁའ་འགྲོའི་གསང་མཛོད་ཆེན་མོ་ཡིན། །དྷ་ཐིམ། དེས་གསུངས་པའི་མོད་ལ་དངོས་མེད་དུ་ཡལ་སོང་བས་སྣང་བ་ཟི་བུན་བུན་པ་ཞིག་བྱུང༌། དེར་སྤྲོ་བ་ཆེན་པོ་བརྟས་ཏེ་སྒྲོམ་བུ་དེ་ཞལ་ཕྱེ་བར་ནང་ནས། ཤོག་སེར་ཧྲིལ་མོ་ལྔ་


JLAZ010_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཤེལ་དཀར་སྲན་འཕོས་ཙམ་པ་བདུན་བཅས་ཁྲོལ་གྱིས་དོན་བྱུང༌། དེ་ཉིད་དུ་རིངས་སྟབས་ཀྱིས་ཤོག་དྲིལ་ཆེ་བ་དེ་ཞལ་ཕྱེ་བས། ག་བུར་ལ་སོགས་པ་སྨན་བཟང་པོའི་དྲི་ངད་དཔག་ཏུ་མེད་པར་འཐུལ་བ་དང༌། མགོ་ལུས་ཐམས་ཅད་སྤྲིད་ཆི་ལེ་བ་ཞིག་བྱུང་བར་གློ་བུར་གྱི་རྟོག་པ་སྐད་ཅིག་མར། འདིའི་གཏེར་བདག་དེ་གཟའ་ཡིན་པར་འདུག །བཀའ་ཤིན་ཏུ་གཉན་སྙམ་ནས་ཡིད་འཕྲིགས་སེ་བྱུང༌། དེ་རིམ་པས་ཁ་ཕྱེས་བས། ཕྱི་མཆོད་རྟེན་གྱི་དབྱིབས་སུ་ཡོད་པ་ལ་ནང་བློས་དཔྱད་དུ་མི་བཟོད་པའི་མཁའ་འགྲོ་གསང་བའི་བརྡ་ཡིག་གིས་ཐེ་རྩེར་ནེ་རྩེར་ཁེངས་པ་ཞིག་འདུག །དེ་ཀློག་པར་མ་ནུས་པས་སྒྲིལ་བར་བརྩམས་པ་ན། མིག་འཕྲུལ་ལྟར་སྐད་ཅིག་དེ་ཉིད་ལ་མཆོད་རྟེན་གྱི་རི་མོའང་ཡལ། ནང་གི་བརྡ་རིས་རྣམས་བོད་ཡིག་ཉག་གཅིག་ཏུ་སོང་བས་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་དུ་འདུག །བྱིངས་ཀློག་འཕྲོ་བཞག །འདིའི་བཀའ་བབས་སུ་ཡིན། གཏད་རྒྱ་གང་ལ་མཛད། རང་གི་སྐྱེ་མཐའི་ལུང་བསྟན་གང་འདྲ་ཞིག་བསམས་ནས་གཤམ་དུ་བརྟགས་པས། ཆོས་རྒྱལ་ཡབ་སྲས་ཆོས་ཀྱི་སྐལ་བར་གདམསཿ ཞེས་ཤིན་ཏུ་གསལ་བར་མཐོང༌། འཕྲོ་རྣམས་ཀྱང་བཀླགས་པས། ཚིག་དོན་ཡོངས་སུ་རྫོགས་པ་མེ་ལོང་ལ་གཟུགས་བརྙན་ཤར་


JLAZ010_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན་བློ་ངོར་སྟབས་གཅིག་ཏུ་གསལ་བ་ལ། མཐར་ཆགས་སུ་ཀློག་མི་ཤེས་པ་ལྟ་བུའི་བརྗོད་དཀའ་བ་ཞིག་བྱུང༌། དེར་དགའ་སྤྲོ་ཚད་མེད་པ་དང་བཅས། ཤེལ་འགའ་ཞིག་ཁ་ནང་དུ་བཅུག །ཤོག་སེར་རྣམས་ཁྱེར་ནས་གནས་སུ་ལྡོག་པར་སྙམ་པ་ན། བན་དྷེ་བརྫུ་བག་ཅན་ཞིག་གློ་བུར་དུ་ཟླ་བོར་བྱུང་ནས་དེ་ན་རེ། ད་ཁྱེད་ལ་འདི་འདྲ་ཡོང་བསམ་པ་སྔ་མོ་རང་ནས་ཡོད་ཟེར་ཞིང་དག་སྣང་དཔེ་མེད་བྱེད་ཀྱིན་འདུག་པ་བཀའ་སྲུང་དྲང་སྲོང་ཆེན་པོར་ངེས་པ་རྙེད། དེ་ཁའི་མོད་ལ་བསྐོར་ལམ་བྱང་གི་ཁྱམས་སུ་སླེབས། སླར་ཡང་ཤོག་དྲིལ་གཅིག་ཁ་ཕྱེ་བས། གནད་བྱང་ཐུགས་ཀྱི་སྒྲོམ་བུ་དང་ཐུག །ཡིད་ལ་ལྷག་པར་གསལ་བས་བདེ་བ་ཆེན་པོའི་ཉམས་བཟོད་མེད་དུ་འབར། བསམ་པར་འདི་ནི་མཐོང་གྲོལ་ཁོ་ནར་འདུག །ངེད་རང་གི་མ་དེ་ལ་སྟོན་དགོས་སྙམ་ཙ་ན། ནམ་མཁའི་མཐོངས་ནས་མར་ཨ་མ་ཡིན་སྙམ་པའི་བུད་མེད་རྒྱན་ཆ་ཅན་སླད་དུ་བསམ་ཡས་མཆིམས་ཕུར་བརྡ་འགྲོལ་བྱེད་མཁན་དེ་བཙན་ཐབས་སུ་བྱུང༌། མཐོང་གྲོལ་ལ་གཟིགས་ཤིག་བྱས་ནས་བསྟན་པས། དེ་ན་རེ། གསང་དགོས་རྒྱུ་དེ་སྟོན་པར་དགའ་དྲག་པའི་སྐྱོན་རང་འདུག །མཐོང་གྲོལ་མི་དགོས་མྱོང་གྲོལ་ཀྱང་ཡིན་པས་ཁྱོད་རང་ཟོ་ཞིག་ཟེར། ཤེལ་དང་ཤོག་སེར།


JLAZ010_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བཟར་བཅུག་བྱུང་བ་ཁྱུར་མིད་བྱས་པས། ཚིག་དོན་ཐམས་ཅད་བློ་ལ་པར་གྱིས་འདེབས་པའི་ངོ་མཚར་ཚད་ལས་འདས་པ་འདུག །དེ་ཁའི་མོད་ལ་ཉམས་སྣང་དེ་སད་ནས། དྲན་རིག་བདེ་སྟོང་ཆེན་པོར་འབྱམས་ཀླས་ཤིང༌། དུས་དེའི་ཚེ་གཉིད་འོད་གསལ་གྱི་འཁོར་ལོར་འབྱམས་ཀླས་པ་སོགས་དག་པའི་སྣང་བ་རྒྱ་ཆེར་མཐོང་ཚུལ་དང༌། སྐྱེ་བརྒྱུད་ཀྱི་ལུང་བྱང་ཇི་ལྟར་གསལ་བ་སོགས་ཆུ་ཟླའི་གར་མཁན་ན་གསལ། ལོ་རྒྱུས་འདི་རྗེ་བླ་མར་སྙན་དུ་སྒྲོན་པས་རང་རིགས་གྲུབ་ཐོབ་བརྒྱུད་པའི་བཀའ་བབས་དངོས་གཏེར་ཟམ་མ་ཆད་པའམ། ཡང་ན་དག་སྣང་དགོངས་གཏེར་གྱི་ཚུལ་དུ་ཆོས་ཀྱི་སྒོ་མོ་གྲངས་མེད་པར་འབྱུང་བར་སོམ་ཉི་བྲལ་ལ། འོན་ཀྱང་རེ་ཞིག་གཞན་ལ་ཤིན་ཏུ་གསང་བ་གལ་ཆེ་ཚུལ་སོགས་ཀྱི་ཕྱག་བྲིས་ལེ་ཚན་གྱི་ཁོངས་སུ་སྐྱེ་བརྒྱུད་ལུང་བསྟན་ཀྱང་ཕྱོགས་མཐུན་དུ་གསལ་བ་ལྟར་ཡིན་ཀྱང༌། རང་བློར་ཡང་དེང་སང་དུས་སྙིགས་གཏེར་དང་དག་སྣང་ལ་བཞེད་པ་དྲག་ཞན་ལ་མ་ལྟོས་པར་མང་དྲག་པས་མི་ཐམས་ཅད་ཐེ་ཚོམ་གྱི་དྲྭ་བར་ཚུད། ལར་མཁའ་འགྲོའི་གསང་མཛོད་ཆེན་མོ་ལ་རང་དབང་སྒྱུར་ནུས་པའི་བརྡ་རྟགས་ལག་པའི་མཐིལ་དུ་མ་ཟིན་ན། རྩ་ཁམས་དྭངས་པའི་རང་རྩལ་ལ་ཚིགས་བཅད་ཐར་ཐོར་དུ་ཤར་བ་ལ་དག་སྣང་དུ་


JLAZ010_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་འཛིན་པ་སོགས་ལས་རླབས་པོ་ཆེའི་རྒྱུར་འདུག་སྟེ་དེ་འདྲའི་རིགས་ཀྱང་མཐོང་ཐོས་མང༌། ད་དུང་དཔའ་བོ་མཁའ་འགྲོའི་བསྐུལ་བྱང་འདྲ་བྱུང་ན་ནི། ཚེ་དང་འཕྲིན་ལས་ཀྱི་རྟེན་འབྲེལ་ལ་གནོད་པས་མི་བྱེད་དབང་མེད་ཡོང༌། གཞན་སྙིང་ལས་ཆུང་ངུའི་ངང་ནས་དྲན་པ་ལ་དམར་ཐག་བཅད་པ་རང་སོ་བཟོད་སྙམ་ནས་ལོ་བདུན་གྱི་བར་དུ་རླུང་ཕྱོགས་ཙམ་དུའང་མ་བསྒྲགས་པར་རྟོག་མེད་ཁོ་ནར་བཞག་གོ། དེ་ལྟ་ནའང་ས་མོ་ཡོས་ཀྱི་ལོར་འོག་མིན་དཔལ་གྱི་མཆིམས་ཕུའི་བྲེ་གུ་དགེའུ་འོག །ཉང་ཕུག་གོང་འོག་ཏུ་གྲགས་པའི་ལྷུན་གྲུབ་རང་བྱུང་གི་ཕུག་པར་ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གནས་པའི་ཚེ། ཇི་སྐད་དུ། སྒྲོན་མ་རྣམ་པར་བཀོད་པ་ལས། །དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་འབྱུང༌། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །ཅེས་གསུངས་པ་ལྟར། པཎ་ཆེན་བི་མ་ལའི་གསང་བ་གསུམ་གྱི་སྒྱུ་འཕྲུལ་དྲི་མེད་འོད་ཟེར་གྱི་རྫུ་ལ་ཆགས་པ་ཀུན་མཁྱེན་ངག་གི་དབང་པོ་དེ་འོད་གསལ་གྱི་ངང་དུ་ཞལ་ལན་གསུམ་མཇལ་ནས་དགོངས་པའི་གསང་མཛོད་ཆེན་མོ་གཏན་ལ་དབབ་པར་བསྐུལ་ཞིང་རིགས་ལྔ་ཌཱཀྐིའི་གཙོ་མོས་བརྡ་འགྲོལ་གྱི་སྐབས་དབྱེ་ནས་རིམ་པར་སྐྱར་ཤོག་དཀར་པོའི་ངོས་སུ་སྣང་བར་


JLAZ010_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཡིན་ལ། དེ་ཡང་གནད་བྱང་ཐུགས་ཀྱི་སྒྲོམ་བུར། རིག་འཛིན་དཔའ་བོ་མཁའ་འགྲོ་ཡིས། །བསྐུལ་མ་ཐེངས་གསུམ་དག་ཏུ་འོང༌། །དེ་ཚེ་མི་བརྗེད་དྲན་པའི་གཟུངས། །གཟེར་དྲུག་གནད་ཀྱིས་ལྡེ་མིག་གིསཿ ཀློང་གསལ་དགོངས་པའི་གཏེར་ཁ་འབྱེདཿ ཅེས་དང༌། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལཿ པདྨ་ང་དང་དངོས་ཞལ་མཇལཿ བར་ཆད་སེལ་ཞིང་བྱིན་གྱིས་རློབསཿ ཞེས་སོགས་ནས། དེ་ཚེ་གདམས་པ་གསང་ཞིང་སྤེལ། །ཞེས་སྤྲེལ་ལོར་གསང་རྒྱ་འགྲོལ་བའི་དུས་ཚོད་ཡིན་པ་བཞིན། སྤྲེལ་ལོ་སྤྲེལ་ཟླ་བའི་ཚེས་བཅུའི་ཉིན་པདྨ་འོད་གླིང་སིནྡྷུ་རྒྱ་མཚོའི་ཞིང་ཁམས་བཀོད་པར་ཕྱི་ནང་གི་མཆོད་པ་གཟབས་རྒྱས་དང་བཅས་བདག་ཅག་འདུས་པར་བཅས་པས་མན་ངག་བཅུ་གསུམ་སྤྱི་དྲིལ་གསོལ་འདེབས་བསམ་པ་ལྷུན་གྲུབ་མའི་སྒོ་ནས་ཚེས་བཅུའི་ཆོ་ག་བསྟར་བ་ལས། སྤྱན་འདྲེན་གྱི་ཚེ་མོས་གུས་བླ་ན་མེད་པས་རྐྱེན་བྱས་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་མཚན་དཔེའི་ལང་ཚོ་བལྟ་བས་ཆོག་མི་ཤེས་པ་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ལྟར་འཁྲིགས་པའི་ཀློང་ནས་རྡོ་རྗེའི་གར་སྟབས་སྲིད་གསུམ་ཟིལ་གྱིས་གནོན་པའི་རང་བཞིན་དུ་སྒྱུར་ཞིང༌། མནྡ་ར་བའི་མེ་ཏོག་གི་སིལ་མ་ཀུན་ཏུ་འཐོར་བའི་ངང་ཚུལ་ཅན་ཆུ་བུར་མིག་གིས་སྤྱོད་ཡུལ་དུ་གྱུར་པས་མོས་གུས་ཀྱིས་བརྒྱལ་བ་ཙམ་གྱི་ངང་ནས་སྐལ་བ་


JLAZ010_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་དགེ་མཚན་ཅི་ཡང་ཐོབ་བོ། །དེའི་ཚེ་ལྷོ་རྒྱུད་སྤྲུལ་བའི་སྐུ་མཆོག་རྣམ་པ་གསུམ་གྱིས་ཀྱང་མ་འདྲིས་བཞིན་དུ་ཐུགས་གཏེར་ཆེན་མོ་གཏན་ལ་དབབ་པ་ལེགས་སོའི་དབུག་འབྱིན་དང༌། ལྷ་རྫས་སྲིད་དུ་རིང་བའི་སྐྱེས་ཀྱི་གནང་ཆ་དང་བཅས། དྭངས་བ་སྟོན་པར་མཛད་པ་ནི་རྒྱལ་དབང་པདྨའི་ཐུགས་བསྐྱེད་ཀྱི་མཐུས་བསྐུལ་བར་གདོན་མི་ཟ་མོད། དེ་བཞིན་དུ་ཀོང་སྨྱོན་སྤས་པའི་རྣལ་འབྱོར་ལའང་ཟབ་དོན་འདིའི་སྐོར་གསང་རྒྱའི་སྟབས་ཀྱིས་དོགས་པ་ཙམ་ཡང་མ་མཆིས་པའི་གནས་སུ་ཡོད་ཀྱང༌། ལྐོག་གྱུར་མངོན་དུ་རིག་པ་ལྟར་ཚམ་ཚོམ་མེད་པའི་ངེས་ཤེས་ཀྱིས་ད་ལམ་ཅིས་ཀྱང་ཐུགས་གཏེར་གཏན་ལ་ཕེབས་པ་དགོས་ཞེས་གསུངས་པ་སྔོན་གྱི་སྨོན་ལམ་དུས་སུ་སྨིན་ཅིང་རྟེན་འབྲེལ་དུས་ལ་བབས་པར་གོ་ནས་དེར་འདུས་པ་དང་བོའི་འཁོར་ཟླ་བ་ཉ་བའི་གྲངས་ལ་སྨིན་གྲོལ་གྱི་སྒོ་འཕར་དབྱེ་བ་ནས་བཟུང་རིམ་པར་སྤེལ་བ་ལས། ལོ་དེར་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་བསྙེན་སྒྲུབ་མཐར་ཆགས་སུ་གཏོང་བ་རྣམས་མི་ཐེ་བའི་ཕྱི་སྒྲུབ་ཡིད་བཞིན་ནོར་བུ་ལ་བརྟེན་ནས་བཛྲ་གུ་རུ་འབྲུ་འབུམ་གཏོང་བ་པོ་ཉི་ཤུ་རྩ་གྲངས་སྐོར་བྱུང་བས་གང་འབྲེལ་དོན་དང་ལྡན་པའི་རྟེན་འབྲེལ་མངོན་དུ་གྱུར་བ་ཡིན་ལ། འོན་ཀྱང་དེ་ཉིད་ལས། བདག་ཉིད་ཆེན་པོ་པདྨ་སོགསཿ སྤྲུལ་པའི་ལོ་


JLAZ010_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་སྐྱེས་མཆོག་དངཿ ཟབ་མོའི་རྟེན་འབྲེལ་མང་འཕྱུགས་པསཿ ཕྱི་དུས་འགྲོ་དོན་དུས་བབ་ཚེཿ འགལ་རྐྱེན་རྣམ་པ་སྣ་ཚོགས་དངཿ ཁྱད་པར་བདུད་བློན་དམ་སྲིའི་རིགསཿ རྗེས་འབྲངས་རྣམ་འགྱུར་ཅིར་ཡང་རྫུཿ བཀའ་དྲིན་དམ་ཚིག་ཁྱད་དུ་གསོདཿ ཅེས་གསུངས་པ་ལྟར་ལྷོངས་དང་རྡུར་གྱི་རྣམ་པའང་དཔག་ཏུ་མེད་པ་བྱུང་སྟེ་ལས་བདག་གིར་ཤེས་ཤིང་རྐྱེན་ལ་བསྙེངས་མ་ཤོར་བའི་སྣང་བ་ཧུར་བོ་འདིས་སྒྱུ་མ་མཁན་སྒྱུ་མའི་རོལ་རྩེད་ལ་རྟོགས་པ་བཞིན་དུ་ལོག་སྒྲུབ་དང་སྐྱོ་ངལ་མཐའ་དག་བཟོད་པར་བྱས་ཏེ་དོན་གཉིས་བསྒྲུབ་པ་ལ་གཡེར་བ་མེད་པའི་དམ་བཅའ་བརྟན་པོ་འདི་ཇི་སྲིད་སྲོག་དབང་འགག་པ་ལ་ཉེ་བ་དེ་སྲིད་དུ་མི་གཏོང་བ་ཡིན་ལ། དེ་ལྟ་ནའང་ཟབ་དོན་གྱི་མན་ངག་འདིའི་སྐོར་གྱི་ཡི་གེ་ན་གཅིག་ཀྱང་སྣོད་མིན་ལ་བཤད་པར་མ་བྱེད། སྟོན་པར་མ་བྱེད། ཚིག་ཙམ་རླུང་གི་ཕྱོགས་སུའང་བསྒྲགས་པར་མ་བྱེད་པར་ཡིད་བཞིན་གྱི་ནོར་བུ་ལྟ་བུར་ཟུངས་ལ་སྒྲུབ་པ་སྙིང་པོར་གྱིས་ཤིག། །།


previousཀློང་ཆེན་སྙིང་གི་ཐིག་ལེའི་རྟོགས་པ་བརྗོད་པ་ཌཱཀྐིའི་གསང་གཏམ་ཆེན་མོ།next