Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
གསང་བ་ཆེན་པོ་ཉམས་སྣང་གི་རྟོགས་བརྗོད་ཆུ་ཟླའི་གར་མཁན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་བ་ཆེན་པོ་ཉམས་སྣང་གི་རྟོགས་བརྗོད་ཆུ་ཟླའི་གར་མཁན།next

གསང་བ་ཆེན་པོ་ཉམས་སྣང་གི་རྟོགས་བརྗོད་ཆུ་ཟླའི་གར་མཁན།


JLAZ010_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ཆེན་པོ་ཉམས་སྣང་གི་རྟོགས་བརྗོད་ཆུ་ཟླའི་གར་མཁན་ཞེས་བྱ་བ་བཞུགས། །


JLAZ010_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །མ་སྐྱེས་མི་འགག་རང་བཞིན་སྤྲོས་དང་བྲལ། །དམིགས་མེད་རང་གྲོལ་འོད་གསལ་འདུས་མ་བྱས། །ཤིན་ཏུ་རྣམ་དག་ཐ་མལ་རིག་པ་ལ། །དུས་གསུམ་འཕོ་མེད་དགོངས་པས་ཕྱག་བགྱིའོ། །ཀུན་བཟང་དགེ་བ་རྡུལ་ཙམ་མ་བརྟེན་ཀྱང༌། །ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱིས། །མངོན་པར་བྱང་ཆུབ་ཁམས་གསུམ་ཡིད་ཅན་རྣམས། །སྡིག་པའི་ས་བོན་མེད་བཞིན་འཁོར་བར་འཁྱམས། །དེ་ཕྱིར་རིག་དང་མ་རིག་ཆོ་འཕྲུལ་གྱིས། །འཁོར་འདས་སོ་སོར་ཕྱེ་བའི་མཚང་རིག་ཀྱང༌། །འདི་ན་ལྷན་སྐྱེས་བག་ཆགས་གཡོ་འཕྲུལ་བོས། །ད་དུང་བློ་བྲིད་བྱེད་པ་སེམས་པ་སྐྱོ། །


JLAZ010_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་མ་ལགས་པ། །ཐམས་ཅད་རྫུན་པའི་རྣམ་འགྱུར་ཆེན་པོ་རུ། །གོ་ཡང་དད་ལྡན་གདུལ་བྱ་དྲང་བའི་སླད། །ཉམས་སྣང་ཆུ་ཟླའི་གར་མཁན་འདིར་གསལ་བྱ། །དེ་ཡང་མདོ་ལས། །རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། མྱ་ངན་ལས་འདས་པའི་ཆོས་ལས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་ངས་བསྟན་ཏོ། །རབ་འབྱོར་ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པ་ཀུན་ཏུ་བརྟགས་པ་མེད་བཞིན་དུ་སྣང་བ་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། སྟག་དང་སེང་གེ་གླང་ཆེན་དྲེད། །སྦྲུལ་དང་དགྲ་རྣམས་ཐམས་ཅད་དང༌། །


JLAZ010_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དམྱལ་བའི་སྲུང་མ་དང༌། །བྱད་མ་དེ་བཞིན་སྲིན་པོ་རྣམས། །སེམས་འདི་གཅིག་པུ་བརྟགས་པ་ཡིས། །དེ་དག་ཐམས་ཅད་བརྟགས་པར་འགྱུར། །ཞེས་འཁོར་འདས་ལམ་གསུམ་ཐམས་ཅད་རང་སྣང་ཁོ་ནའི་ལྡོག་ཆས་ཕྱེ་བ་ཉིད་ལས་དོན་དམ་པར་བདེན་པར་གྲུབ་པ་སྤུ་ཙམ་མ་མཆིས་ན། དེ་ལས་ཀྱང་ཉིང་འཁྲུལ་དུ་གྱུར་པའི་རྨི་ལམ་བག་ཆགས་ཀྱི་སྣང་ཆ་ནི་ཤིན་ཏུ་ཡ་མ་བརླ་སྟེ་ཤཱནྟ་དེ་དབུས། འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །ཞེས་སོ། །དེ་ལྟ་ནའང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བའི་རྟེན་དེ་ལ་དགེ་མི་དགེའི་འཇུག་ལྡོག་བྱེད་པའི་མཁན་པོ་ནི་ལས་དང་དེའི་རྣམ་པར་སྨིན་པ་ཁོ་ན་ལས་བྱེད་པོ་གཞན་མེད་པ་ནི་ཨོ་རྒྱན་ཆེན་པོས། གནོད་པའི་དམྱལ་དཔོན་ཆེན་པོ་དེ། །གལ་ཏེ་སེམས་ཅན་ཡིན་གྱུར་ན། །དེ་ཡི་སྡིག་པ་གང་དུ་འགྲོ། །ཞེས་སོ། །རྒྱུ་མཚན་དེས་ན་སོ་སོའི་སྐྱེ་བོ་རྨོངས་པའི་རབ་རིབ་ཀྱིས་ལྡོངས་པ་དག་གིས་ཕྱིན་ཅི་ལོག་གི་ལས་ཐབས་སྒྲིབ་པའི་ཕུང་པོ་ཅན་ལའང་གཏན་ཚིགས་དང་ཤོག་ཁྲར་བྱས་ཏེ་ངོ་མཚར་གྱི་གླིང་གཞིར་བྱེད་ན། འདིར་བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབས་ཤིང༌། མྱུར་ལམ་རྡོ་རྗེ་ཐེག་པའི་རྣལ་འབྱོར་གྱི་སྒོ་ནས་རང་རྒྱུད་ལ་གདོད་ནས་བཞུགས་པའི་རྡོ་རྗེ་བཞིའི་གནས་ལུགས་མངོན་སུམ་སད་པའི་རྟེན་འབྲེལ་


JLAZ010_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་རང་གི་ཀུན་རྟོག་དང་འདྲེས་ནས་འཇུག་པའི་ཆོ་འཕྲུལ་ཆེན་པོ་ལ་སྣང་ཆའི་གཟུགས་བརྙན་ཅི་ཡང་སྲིད་པའི་ཕྱིར། དེ་ཉིད་ལ་དག་པ་ཡེ་ཤེས་ཀྱི་འཁོར་ལོའི་བརྡར་བཏགས་པ་སྟེ། དེའང་ནང་དགོངས་པའི་བརྟུལ་ཞུགས་ཀྱི་ན་འཕར་ཞིང་འཁོར་འདས་མཉམ་པ་ཉིད་དུ་རྩལ་རྫོགས་པའི་འཕྲིན་ལས་ཀྱི་རོལ་པ་ཚད་མེད་པས་མ་ཡིན་པར། ཐ་མལ་གྱི་རྟོག་པ་ལ་བྲལ་ཐོབ་མེད་བཞིན་དུ་ལྷ་འདྲེས་བྱིན་གྱིས་རླབས་པའི་དག་སྣང་དང་མངོན་ཤེས་རྫུ་འཕྲུལ་ལ་མཆོག་ཏུ་རློམ་པ་དག་ལ་གནས་སྐབས་སུ་སོ་སོ་སྐྱེ་བོ་དགའ་བའི་ནུས་པ་དང༌། མཐོན་པའི་གོ་ས་ལ་སྙེགས་པའི་རང་སྟོབས་ཡོད་ཀྱང་མཐར་ཐུག་གྲོལ་བ་འགྲུབ་པའི་རྟེན་འབྲེལ་མེད་པས་ཚུལ་དེ་དག་དང་བདག་ཅག་གྲུབ་ཐོབ་བརྒྱུད་པའི་བུ་སྦས་པའི་རྣལ་འབྱོར་སྤྱོད་ཡུལ་མཉམ་པར་ནི་བལྟ་བར་མི་བྱའོ། །ཨེ་མ་སྤྲང་འཇིགས་མེད་ནམ་མཁའི་རྣལ་འབྱོར་གྱིས། །ཆོས་འདི་བྱའི་གཟའ་གཏད་མ་མཐོང་པར། །བློ་གང་ཤར་རང་གྲོལ་ཆེན་པོའི་ཀློང༌། །ཉམས་རྟོགས་པའི་བག་ཆགས་ཁོང་ནས་སད། །ཕ་རྒྱལ་སྲས་པདྨའི་རང་ཞལ་མཇལ། །དོན་གདམས་པ་ཟབ་དགུའི་སྙིང་ཁུ་ཐོབ། །དེ་ཐོབ་ཙམ་མ་ལགས་རྒྱུད་ལ་ཤར། །ཚིག་ཁ་ཁྱེར་མ་ཡིན་གནད་ལ་ཕེབས། །


JLAZ010_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ངེས་མེད་སྙིང་ལ་བརྣགས་པ་ཡིས། །ལས་འཁོར་བར་ཡི་ཆད་དྲག་པོ་ཤར། །དོན་སྙིང་པོའི་སྒྲུབ་པ་ལྷུར་བླངས་ཚེ། །ཡིད་ཤེས་ཀྱི་ཆུ་མཚོར་འདི་ལྟར་མངོན། །ཕ་བཀའ་དྲིན་འཁོར་མེད་མཚོ་སྐྱེས་རྗེས། །མི་ལས་ཅན་གྱི་ཕ་ཕོགས་སུ་བྱིན་པ་ཡི། །ཆོས་པདྨ་སྙིང་ཐིག་ཧཱུྃ་སྒྲུབ་དེས། །སྣང་སྲིད་ཧཱུྃ་གླུར་བླངས་པའི་ཚེ། །ཤར་ཉིན་བྱེད་དབང་པོའི་འོད་ཟེར་དེ། །སྒྲུབ་ཁང་གི་ཐོད་ལ་འཆིང་བའི་སྐབས། །ཉམས་སྣང་ཤེས་ཟང་ཐལ་གྱི་འཆར་སྒོ་ལ། །ལྷོ་མོན་ཁའི་བྲག་གི་སྐུ་རྗེས་མཐོང༌། །བྲག་དབྱིབས་ནི་མཆིམས་ཕུའི་ཇག་ཧུག་འདྲ། །བྲག་ཁ་དོག་གནག་སྣུམ་བག་ཆགས་ངོས། །ཁྱོན་ཞགས་ཚད་ཙམ་བེར་གྱི་སུལ་དང་བཅས། །ཤིན་ཏུ་གསལ་བའི་ངང་ཚུལ་མཇལ། །དེར་མོས་གུས་བཟོད་གླགས་མེད་པའི་ངང༌། །མིག་མཆི་མའི་དཔའ་རླབས་ཅིར་ཡང་གཡོ། །ཕ་ཨོ་རྒྱན་དྲན་ནས་ཚུགས་ཐབས་མེད། །གནས་དེ་རུ་ད་ལྟ་སླེབ་ན་སྙམ། །ཉམས་བདེ་སྟོང་རྣམ་རོལ་ཅིར་ཡང་རྩེ། །ཡང་དེ་ནས་མི་རིང་ཞག་འགའ་ན། །བྲག་ལྗང་ནག་མེ་ལོང་ལྟ་བུའི་ངོར། །སུ་ཝརྞས་བྱུགས་འདྲའི་ཞབས་རྗེས་གཉིས། །འོད་གསལ་གཉུག་མ་ཡི་ངང་ནས་མཐོང༌། །འདི་ཆེ་ཆུང་བློ་ཡིས་དཔྱད་མ་བཟོད། །སྤྱིར་མཐོང་སྣང་རིག་པའི་རྩལ་ཡིན་པར་མ་ཟད་ལྷོ་མོན་ཕྱོགས་ལ་བྲག་ལ་འཕྲང་སོགས་སྐུ་རྗེས་བརྒྱ་ཙམ་ཡོད་པར་བཤད་པས་གང་ཡིན་


JLAZ010_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མ་འཚལ། ཞབས་རྗེས་ནི་ཕྱོགས་བཞིའི་བྲག་ལ་ཆེ་བ་བཞི་དང༌། གཞན་ནི་ཤིན་ཏུ་མང་ངོ༌།། ༈ དུས་དེའི་ཚེ་འཁྲུལ་པའི་རྨི་ལམ་ལ། །རང་བེམ་རིག་བྲལ་དུ་ཉེ་བ་ལ། །ཉེ་འབྲེལ་གྱིས་བསྐོར་ནས་གདུང་བར་བྱེད། །དེར་འཆི་བྲོད་གདེང་ཆེན་རྙེད་སྙམ་པས། །ཁོང་དེ་དག་ལ་ཐིམ་རིམ་གཤོས་པའི་ངང༌། །ཆོས་ཉིད་ཀྱི་ངང་དུ་དྲན་པ་སྟོར། །སྐབས་ཤིག་ཏུ་དྲན་པ་རྙེད་ཙ་ན། །རང་སྲིད་པ་བར་དོར་བསླེབས་ནས་གདའ། །ཕུང་པོ་ཞུགས་ལ་སྤར་བ་མཐོང༌། །ཀྱེ་ཕ་དེས་མྱ་ངན་ཆེན་པོ་བྱེད། །རང་བག་ཆགས་ཤ་གཟུགས་ཀྱི་ཡིད་ངོ་ལ། །སེམས་དངོས་མེད་ལ་སྐྱེ་འཆིའི་མིང་འདོགས་བྲལ། །ངས་བདེན་པ་མཐོང་བས་བདེ་སྡུག་རྫུན། །ཕ་ཁོ་རང་སྙིང་རྗེ་བསམས་ཙ་ན། །གཉིད་སད་ནས་བདེ་གསལ་ངང་ལ་འབྱམས། །རྗེ་པདྨས་འགྲོ་བ་རིགས་དྲུག་གི། ས་བོན་བསྲེགས་པར་ལུང་བསྟན་མཛད། །དུས་འདི་ནས་ལུས་ཀྱི་ཤིག་སྲོ་རྣམས། །གར་སོང་ཆ་མེད་དུ་དག་པར་གྱུར། །སྤྱིར་བར་དོ་ལ་རྣམ་གྲངས་བཞིར་འཆད་པ་དང༌། ལ་ལར་དྲུག་ཏུ་དབྱེ་བ་སོགས་སྣང་ཞིང༌། ཁྱད་པར་ཆོས་ཉིད་དང་སྲིད་པའི་བར་དོ་འདིར་གསང་སྔགས་གསར་རྙིང་བཞེད་པ་ཅུང་ཟད་མ་མཐུན་ཞིང༌། དེའི་དབང་གི་རང་ལུགས་འཐད་ལྡན་དུ་སྒྲུབ་པ་དང༌། གཞན་ཕྱོགས་ཚུལ་མིན་དུ་དགག་པ་སོགས་ཇི་སྙེད་ཅིག་འཆད་སྣང་སྟེ། སྐབས་


JLAZ010_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡང་དགོན་པའི་བར་དོ་འཕྲང་སྒྲོལ་དུ་གྲགས་པར། རོ་བསྲེགས་པ་ལ་སོགས་བྱེད་ན་མྱུར་དུ་ཚིག་ན་དགའ། མ་ཚིག་ན་མི་དགའ། མྱུར་དུ་མི་སྣང་བར་སོང་ན་དགའ། ཡུན་རིང་དུ་ལུས་ན་ཡང་ཁ་སྣར་འཚངས། རུལ་བ་དང་དྲི་སྣོམ་ན་སྡུག་བསྔལ་ཆེན་པོ་བྱེད། རང་ལ་གདུང་བ་མེད་པ་ཀུན་ལ་ཞེ་སྡང་ཆེན་པོ་བྱེད་ཅིང་མི་དགའ་བའི་སྣང་བ་འོང་བར་འདུག །སྔར་གྱི་ཁྱིམ་དང་མལ་ལ་སོགས་པར་འཁོར་ཞིང་ཉེ་བ་ཉེ་འགྲེལ་རྣམས་ཁོ་རང་ཟས་ཟ་ཞིང་བདག་ལ་མི་སྟེར་བ་དང༌། མིང་ནས་བཏོན་ཅིང་ངུ་བ་དང༌། ཤི་བའི་གཏམ་བརྗོད་པ་ལ་སོགས་པས་ཤིན་ཏུ་མི་དགའ་བར་གྱུར་ཏེ། གར་འགྲོ་གཏད་མེད་དུ་འགྲོ་བར་འདུག །ཅེས་སྲིད་པ་བར་དོའི་རང་བཞིན་རྒྱས་པར་དབྱེ་བ་ལྟར་ད་ལྟའི་རྨི་ལམ་དང་ཕྱིན་ཆད་ཀྱི་བར་དོ་གནད་གཅིག་པས་འཆད་ཚུལ་སྣ་ཚོགས་ལ་ཀླན་ཀ་མི་དགོས་པར་རྟོགས་སོ། །ཨ་ཧོ། དུས་དེ་ཡི་གནས་སྐབས་ཐམས་ཅད་དུ། །ཕྱི་བཟུང་ཡུལ་རགས་པའི་རྣམ་རྟོག་འགགས། །ནང་འཛིན་བྱེད་ཤེས་པ་གཏད་མེད་གྲོལ། །སེམས་བདེ་སྟོང་གི་ནམ་མཁའ་དྭངས་པའི་ཀློང༌། །ལམ་མངོན་སུམ་རིག་མདངས་ལྷག་མཐོང་གིས། །དཔལ་མ་ཧཱ་གུ་རུའི་ཞལ་སྐྱིན་མཇལ། །ཉམས་རྟོགས་འབུལ་ཞིབ་རྒྱས་ཞུས་པ་ན། །སྒོམ་ཡལ་གྲབས་ཡིན་འདུག་གསུངས་པ་ཐོས། །སྒོམ་བྱས་ཚད་ཉམས་ཞེན་རྣམ་རྟོག་ཡིན། །དེ་ཡལ་ན་ཉམས་


JLAZ010_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་རྟོགས་པ་ཤར། །དོན་སྤྲོས་བྲལ་བདེན་པ་མཐོང་བའི་བརྡབ། །ཆོས་ཡང་གསང་ཐུགས་ཀྱི་སྒྲུབ་པ་ཡི། །བསྙེན་སྒྲུབ་ལས་སྦྱོར་ཕ་མཐར་ཕྱིན། །མཚན་མ་རྫས་ཀྱི་སྐུ་རྟེན་དེ། །དངོས་གྲུབ་ལེན་པར་འགུལ་བ་སྙམ། །ནང་རིག་པ་དབྱིངས་ཀྱི་ཧེ་རུ་ཀ། གསལ་བརྟན་གྱི་ཡུལ་གསུམ་གྱད་དུ་གྱུར། །སེམས་ཡི་དམ་གྱི་ཕྱག་རྒྱར་རྩལ་རྫོགས་པས༌། །རྣམ་སྨིན་རིགས་འཛིན་གྱི་ལྡང་ཚད་ཤེས། །དེ་ནང་ལྟར་སྒྲུབ་པ་རྟ་གདོང་ཞལ། །ཕྱག་རྒྱར་བསྒྱུར་ནས་བསྒྲུབས་པའི་ཚེ། །གཉིད་མི་རྟོག་ཀུན་གཞིའི་མུན་པ་ནས། །ཡིད་གཅིག་པུར་ལངས་པའི་གསལ་སྣང་ལ། །གནས་འོག་མིན་དཔལ་གྱི་མཆིམས་ཕུ་ཡི། །བྲག་དམར་གྱི་ཀེའུ་ཚང་དུ་སླེབས། །དབྱིབས་རྣམ་འགྱུར་ཇི་བཞིན་མ་ཡིན་པའི། །རང་བྱུང་གི་བྲག་སྐྱིབས་ཆེན་པོའི་ནང༌། །ཕ་མཚོ་སྐྱེས་རྡོ་རྗེའི་སྣང་བརྙན་ལ། །འཁོར་རྒྱལ་བ་རིགས་ལྔས་མཛེས་པ་དེའི། །སྐུ་ཆེ་ཆུང་མི་ཚད་ཉིས་འགྱུར་ཙམ། །རིགས་གཙོ་དང་ཨོ་རྒྱན་གཉིས་ཀའི་ཕྱག །རཏྣའི་པྲོག་ཞུས་མཚན་པར་སྣང༌། །དེར་རིག་འཛིན་ཧཱུྃ་ཆེན་འགྲོ་འདུལ་དང༌། །མིག་འཕྲུལ་ལྟ་བུར་མཇལ་བ་ན། །བྲག་འདི་ལ་གུ་རུའི་ཞབས་རྗེས་ཡོད། །བདག་ཅག་གཉིས་འཚོལ་ལོ་གསུངས་པ་ལ། །གཉིས་ཀས་འཚོལ་བའི་འདུ་ཤེས་དང༌། །གནས་དེ་ཡི་དཀོན་གཉེར་ཡིན་སྙམ་


JLAZ010_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བན་རྒན་སོང་ཞིག་ཁྱམས་དེར་འདུག་པ་དེས། །མཛུབ་རིས་དང་བཅས་བསྟན་བྱུང་བར། །དེ་ན་ཞབས་རྗེས་ཁྲུ་དོ་ཙམ། །འདམ་ལ་རྒྱབ་ལྟར་ཤིན་ཏུ་གསལ། །དེར་རང་ཉམས་འུར་ཏེ་ཏིང་འཛིན་གྱིས། །དབང་བཞི་བླངས་པའི་ནུས་པ་དེ། །ཐ་མལ་གྱི་བློ་ཡིས་དཔག་པར་དཀའ། །སེམས་གྱ་གྱུའི་ཀུན་རྟོགས་འཆིང་བ་ཅན། བཙན་ཐབས་སུ་གཏད་མེད་ཆེན་པོར་གྲོལ། །གཉིད་རྨི་ལམ་གྱི་འཆར་སྒོ་རྫུན་པ་དེ། །ནང་དབྱིངས་སུ་ནུབ་བའི་ཟླ་བ་ལྟར། །མི་རྟོག་དབུ་མའི་གཤིས་ལ་ཐིམ། །དེ་ལུང་མ་བསྟན་དུ་མ་འབྱམས་པར། །རྩ་ཤེལ་སྦུག་ཅན་དུ་ཞུགས་པ་ལས། །གཉིད་གཏི་མུག་གི་འཆིང་བ་ལས་བརྒལ་ཏེ། །བུམ་ནང་དུ་མར་མེ་སྦར་བ་བཞིན། །འོད་གསལ་གྱི་གོ་ཡང་མ་འགགས་ལ། །འཁོར་འདས་སོ་སོའི་མཚང་རིག་ཅིང༌། །བློ་དེར་འཛིན་གྱི་ཀུན་རྟོག་དང་བྲལ་བའི། །དབྱིངས་གཞོན་ནུ་བུམ་སྐུའི་ཞིང་ཁམས་མཐོང༌། །ངས་སྔོན་ཆད་མ་མཐོང་དགུ་མཐོང་ཡང༌། །འོད་གསལ་ལྷུན་འགྲུབ་ཀྱི་ཞིང་མ་མཐོང༌། །ཕ་པདྨའི་ཐུགས་རྗེ་བསམ་མི་ཁྱབ། །དོན་རང་རིག་རྩལ་གྱི་དབང་ཆེན་ཐོབ། །དེ་སླར་ཡང་ནམ་མཁའ་འདྲེས་པ་ལྟར། །ལྷག་མཐོང་གི་རིག་པ་སད་པ་ལས། །སྟོང་པའི་གསལ་མདངས་ཆེར་འབར་ནས། །སྣང་སྲིད་ཀུན་རྟོག་མེད་འོད་གསལ་དང༌། །


JLAZ010_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་ནང་གི་གཟུགས་བརྙན་ནམ། །རྒྱ་མཚོར་གཟའ་སྐར་བཀྲམ་པ་བཞིན། །དེར་འཛིན་མེད་པའི་བལྟད་མོ་མཐོང༌། །དེ་ཕྱིར་གསལ་ཕྲ་མོའི་ཀུན་རྟོགས་ལས། །གཉིས་སྣང་གི་ཞེན་པ་ཤར་བ་ན། །ཡུལ་དཔལ་གྱི་གྲུ་འཛིན་པོ་ཏ་ལ། །སྒོ་སྐར་ཁུང་བསམ་ལས་འདས་པ་དང༌། །དེའི་སྟེང་གི་ནམ་མཁར་འཕགས་མའི་སྐུ། །བཻ་ཌཱུརྻ་མདངས་ཅན་འོད་ཀྱི་སྐུ། །ཧ་ཅང་གསལ་འཚེར་མིན་པ་ཞིག །སྣང་བས་དེ་ལ་དེར་འཛིན་གྱི། །གཉིས་སྣང་དུ་ཞེན་པས་རྐྱེན་བྱས་ཏེ། །འོད་གསལ་གྱི་སྣང་བར་རང་སར་འགགས། །གཉིད་སད་རྒྱུ་མེད་ལ་སད་འདྲའི་ངང༌། །ད་ལྟའི་ཤེས་པ་རྗེན་པར་འདུག །ཨེ་མ། རྗེ་རང་བྱུང་པདྨའི་བྱིན་རླབས་མཐུས། །ངས་རྫོགས་པ་ཆེན་པོའི་གཞི་དབྱིངས་དོན། །ཉམས་མྱོང་དུ་རྡོ་རུས་ཐུག་པར་མཇལ། །འོད་གསལ་རྫོགས་པ་ཆེན་པོ་ཡི། །རྒྱུད་སྡེ་དང་ཞུས་དག་ཕེར་པར་ཤེས། །འདིར་བརྗོད་བྱའི་གནས་ཚུལ་མ་ལགས་ཏེ། །དུས་མ་འོངས་རིག་འཛིན་སྤྲུལ་པའི་གར། །དགོངས་བརྒྱུད་ཀྱི་འཕོ་བ་ཐོབ་ངེས་པ། །འགའ་སྲིད་ན་དེ་དག་ངོ་མཚར་ཞིང༌། །ངེས་ཤེས་ཀྱི་དང་བ་འདྲེན་པའི་ཕྱིར། །འདིར་རྟོགས་པའི་འདྲ་འབག་ཡི་གེར་བཞག །སྤྱིར་འོད་གསལ་ལ་འཆད་ཚུལ་མང་ན་ཡང༌། ཀུན་གཞིའི་དྲི་མ་དག་ཅིང་གཞིའི་གནས་


JLAZ010_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལུང་མ་བསྟན་ལས་ཁྱད་ཆོས་དྲུག་གིས་འཕགས་པའི་གདོད་མའི་ནང་དབྱིངས་གཞོན་ནུ་བུམ་པའི་སྐུར་གྲགས་པ་འདི་ངེས་གསང་རྫོགས་པ་ཆེན་པོ་སྙིང་ཏིག་ཐུན་མོང་མ་ཡིན་པའི་དགོངས་པ་ཡིན་ལ། དེ་ལྟ་ནའང་ཀུན་ཏུ་བཟང་པོ་དང་ཞལ་མི་གཉིས་པ་ཀུན་མཁྱེན་ཀློང་ཆེན་པས་དགོངས་པའི་རྩལ་གྱིས་ཉམས་སུ་མྱོང༌། བཤད་པའི་ལམ་ནས་གཏན་ལ་ཕབ་པས་འདི་དག་གི་བཤད་ཚུལ་གོལ་འཕྱུགས་མེད་པ་གང་གི་དགོངས་གཏེར་བསྟན་བཅོས་ཆེན་པོ་རྣམས་སུ་སྣང་བ་ནི། སུམ་ཅུ་རྩ་གསུམ་དུ་བགྲོད་མ་མྱོང་བའི་གང་ཟག་ཆེ་གེ་མོ་ཞིག་ལ་དེའི་དངོས་གནས་ཞིབ་པར་བཤད་ཀྱང་དེ་འདྲ་ཞིག་གོ་སྙམ་པའི་འོལ་སྤྱི་ཙམ་ལས་ངེས་ཤེས་མི་སྐྱེ་ཞིང་ཡིན་ཚུལ་ཇི་བཞིན་པ་བློ་ཡུལ་དུ་སྣང་དཀའ་བ་ཙམ་དུའང་མ་ཟད། ཕྱི་རབས་ཀྱི་གང་ཟག་རྣམས་ཚིག་ཙམ་དང་གྲགས་པའི་རྗེས་སུ་འབྲང་བའི་གསང་བ་ཆེན་པོ་འདི་ལྟ་བུ་བཤད་པ་ལས་ལྷ་མཐོང་འདྲེ་མཐོང་ཅུང་ཞིག་སྨྲས་ན་མགུ་བར་བྱེད་མོད། རྒྱུ་མཚན་དེས་ད་ལྟ་གངས་ཅན་འདིར་རྟོགས་པ་མཐོན་པོར་རློམ་ཞིང་ཉིན་མཚན་འདྲེས་པའི་ཁས་ལེན་སྤྱི་བརྟོལ་དུ་བྱེད་པ་སྣང་ནའང༌། ནང་དབྱིངས་གྲོལ་ས་ཆེན་པོ་འདིའི་གནད་རྟོགས་ཤིང་མྱོང་བ་ལྟ་ཅི། གོ་བས་གཏན་ལ་ཕེབས་པ་ཡང་དཀོན་པར་སྣང་ངོ༌། །དེ་ཡང་མཁའ་འགྲོ་ཡང་ཐིག་གི་


JLAZ010_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲྭ་བར། སང་ཉིན་ཐོ་རེངས་བླ་མ་གཟིམས་དུས་ཐུགས་འོད་གསལ་ལ་འབྱམས་ཏེ། ཡར་ཀ་དག་གི་སྣང་བ། བར་ལོངས་སྐུའི་ཚོམ་བུ། མར་འགྲོ་དྲུག་གི་འཆར་ཚུལ། སྒྲ་སྐད་སྣ་ཚོགས་པ་ཐོས་པ་ལ་ཐུགས་ཀྱིས་རིག་ཅིང་རགས་པར་མེད་པར་སྣང་བ་དང༌། དེའི་སྐད་ཅིག་མ་སྔ་མ་ན་དྲན་བསམ་རྒྱུན་ཆད་ནས། སྣང་བ་དམར་ལ་མཐིང་པ་ཙམ་གྱི་ངང་ལ་བརྒྱལ་བ་བཞིན་འབྱམས་སོ། །དལ་གཅིག་ན་རྣལ་འབྱོར་མ་དེས་འོངས་ནས། སྔ་མའི་དེ་ནི་གདོད་མའི་ཀ་དག་ཏུ་ནང་གསལ་ཐིམ་ལ་མ་རྨུགས་པར་བཞུགས་པའི་ངོ་སྤྲོད་ཡིན་ནོ། །བརྒྱལ་བ་ཞེས་བྱ་སྟེ་ཆོས་ཉིད་ཀྱི་ངང་དུ་བརྒྱལ་བས་སློང་དགོས་པ་ཡིན་ནོ། །ཕྱི་མ་ནི་ཕྱིར་གསལ་དུ་སྤྲུལ་སྐུ་འགྱེད་ཚུལ་དང༌། འཁྲུལ་བ་རིམ་གྱིས་སྣང་ཚུལ་རང་སར་ཤར་བའི་ངོ་སྤྲོད་ཡིན་ནོ་གསུངས་སོ། །ཞེས་བཤད་པ་དང་དོན་གཉིས་སུ་མེད་པར་འབྱོར་པས་རང་གིས་མྱོང་བ་ལ་ངེས་ཤེས་འདྲོངས་ཤིང་ཀུན་མཁྱེན་ཆེན་པོ་ལ་མོས་པའི་སྲོག་མཁར་གཞིག་ཏུ་མེད་པ་ཚུགས་པར་གྱུར་ཏོ།། །། ༈ ལྷ་དེ་ཡི་ལས་སྦྱོར་ལ་བབས་ཚེ། །ཉམས་རྨི་ལམ་དྭངས་པའི་མེ་ལོང་ངོར། །ཁོ་གནོད་སྦྱིན་བྲག་བཙན་དམར་པོ་དེ། །མི་གཞན་གྱིས་བདག་ལ་རྦད་པ་མཐོང༌། །ངས་སྟོང་ཉིད་སྙིང་རྗེར་ཁྲོས་པའི་ངང༌། །ཁོ་སྲིད་པ་


JLAZ010_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ལོག་སྙིང་ཁ་རུ། །གནད་རང་གཤེད་དབབ་པའི་མཚོན་ཆས་གཟིར། །ཞག་གཉིས་ནས་སྒྲུབ་གཡོག་ས་མནྟས། །རྡོ་ཕ་ཝོང་ལོང་བུ་སྟར་རློན་ཙམ། །མངོན་སུམ་དུ་ཕྱིན་པ་བླ་རྡོར་བསྔགས། །གཅུན་པ་དང་ཤི་བསྟན་པའི་ཕྱིར། །མལ་ཞབས་སུ་ཟིལ་གནོན་དགོངས་པས་གཟིར། །བཀའ་ནན་ཆད་མདོ་ལ་གནས་པའི། །སྲུང་མའང་ངོ་སྲུང་ཟས་ཕྱིར་འཕྲེང༌། །འདི་དག་ལ་གཏོར་མ་བྱིན་པ་ལས། །གནམ་ལྕགས་སྤུ་གྲིའི་གནད་དབབ་ཟབ། །འདྲེ་གནོད་སྦྱིན་གྱི་ཀུན་སྤྱོད་ཉམས་རེ་དགའ། །དུས་དེ་ཚེ་སྨིན་དྲུག་ཟླ་བའི་ནུབ། །དམྱལ་བ་ཡིན་ནོ་སྐད་པ་ཡི། །ཟབས་རིང་པོ་ལྷུང་པའི་སྣང་བ་ལ། །ཚེ་འདིར་ནི་ལས་ངན་བསགས་པ་མེད། །བཅས་པ་དང་རང་བཞིན་ལས་འདས་པའི། །ཕྲ་མོའི་སྡིག་པ་དག་ལ་ཡང༌། །སྟོབས་བཞི་དང་བཅས་པས་གཤགས་མོད་དེ། །ཚེ་ཐོགས་མེད་ནས་བསགས་པའི་རྣམ་སྨིན་ཞིག །དུས་ད་རེས་སྐབས་སུ་བབ་པ་ལ། །ཁོང་སངས་རྒྱས་བྱོན་ཀྱང་རང་གིས་ནོངས། །དེ་འོན་ཏེ་དམྱལ་བའང་སེམས་ཀྱིས་བཟོས། །ནང་དྲན་རིག་གི་ངོ་བོར་ལྟ་སྙམ་ཚེ། །འདིས་དམྱལ་པའི་སྐལ་བ་ཐེངས་པ་ཡིན། །ཁྱོད་ད་ལམ་སོང་ཟེར་སྒྲ་ཞིག་ཐོས། །གཉིད་སད་དེ་སྐྱོ་ཤས་ངང་ལ་འབྱམས། །རྐྱེན་དེ་ཡིས་ནངས་པར་སྔོན་འགྲོ་ཡི། །ལམ་ཟབ་མོ་


JLAZ010_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་ཚེ། །ལས་དེ་འདྲ་མྱོང་བའི་སེམས་ཅན་ལ། །བཟོད་བླག་དང་བྲལ་བའི་སྙིང་རྗེ་སྐྱེས། །དབང་མེད་དུ་མཆི་མའི་ཆར་བ་བབས། །སྐྱོ་ཤས་ཀྱི་སྣང་བ་སངས་པའི་ཚེ། །བརྗོད་མེད་ཀྱི་ཉམས་རྟོགས་གསར་དུ་འཁྲུངས། །ཕ་བླ་མ་དྲན་པའི་མགུར་ཡང་བླངས། །སྡུག་བསྔལ་ཀུན་སྒྲིབ་པའི་བུད་ཤིང་དུ། །གསུངས་པ་དེ་ངོ་མཚར་ཅན་དུ་གདའ། །དཔེ་རྨི་ལམ་ཙམ་གྱི་དུཿ ཁས་ཀྱང༌། །ཉམས་རྟོགས་འགུགས་པའི་ཕོ་ཉར་བྱུང༌། །དེ་ཕྱིན་ཆད་སྡུག་བསྔལ་དང་གཏམ་ངན་ལ། །དངོས་གྲུབ་ཆེན་པོར་ལྟ་བ་ཡིན། །དེར་སླར་ཡང་ཅུང་ཟད་མནལ་བ་ན། །ཐུགས་རྒྱུད་རྟོགས་པའི་བྱིན་རླབས་མཐུས། །ཀུན་གཞིའི་རྣམ་རྟོག་ཆོས་སྐུར་སངས། །གསལ་བ་ལ་རྟོག་པ་མེད་པ་ཡི། །སྟོང་པའི་འོད་གསལ་གྱི་ལྟད་མོར་འབྱམས། །དེར་མཆེད་པའི་ཕྱིར་གསལ་དུ་གཡོས་པ་ལས། །སྣང་བའི་འོད་གསལ་གྱི་རིག་གདངས་སུ། །བྲག་ཉི་མ་ཤར་བའི་ལྡེབས་ཤིག་ལ། །རང་བྱོན་གྱི་བཀོད་པ་འགའ་ཞིག་མཐོང༌། །རྐྱེན་དེ་ཉིད་ཀྱིས་ཡིད་ཤེས་ལངས་པ་ལས། །གཉིད་ཡིན་མིན་རྟོག་དཔྱོད་ཕྲ་མོ་ཤར། །དེས་སྒོ་ལྔའི་རྩ་ནང་རླུང་ཞུགས་པས། །གཉིད་སད་རྒྱུར་སྣང་ཡང་འཁྲུལ་འབྱམས་མེད། །གཤིས་མི་རྟོག་རྗེན་པའི་ངང་ལ་གནས། །ཕྱིས་འོད་གསལ་


JLAZ010_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སློབ་པའི་རྗེས་འཇུག་རྣམས། །དྲན་པ་རྒྱ་འབྱམས་ཀྱི་ཀུན་རྟོག་དང༌། །མུན་པ་ལྟ་བུའི་གཏི་མུག་ལ། །འོད་གསལ་གྱི་མིང་འདོགས་མ་བྱེད་པར། །གནད་འདི་དག་ཁོང་དུ་ཆུད་པར་གྱིས། །འདི་དགོངས་བརྒྱུད་འཕོ་བ་ཐོབ་པའི་མཐུ། །དུས་གཏན་དུ་ཟིན་པ་དཀའ་བ་སྟེ། །རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱིས། །རྩལ་ཡོངས་སུ་རྫོགས་ལས་གཞན་དུ་མིན། །དེའི་ཐོ་རངས་ལྡངས་པའི་རྣལ་འབྱོར་ཚེ། །གཞི་སྣང་བའི་འོད་གསལ་དྭངས་པའི་ངོར། །རང་གནས་པའི་སྨིན་མཚམས་ནམ་མཁའི་ཐད། །འཇའ་ཚོན་སྣ་ལྔ་པའི་གུར་ཁྱིམ་ནང༌། །སྐྱབས་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་མཇལ། །དེ་བལྟ་བྱ་དང་ལྟ་མཁན་དབྱེར་མེད་པས། །རེ་དོགས་ཀྱི་འཆིང་བ་གང་ཡང་མེད། །དེའི་ངང་ལ་དེ་ཉིད་གནས་འགྱུར་ཏེ། །ཡུལ་སིངྒ་ལ་ཡི་ཨཱ་ཙརྱ། འཇམ་དཔལ་བཤེས་གཉེན་དུ་ལམ་གྱིས་སོང༌། །སྐུ་དམར་སྨུག་མཆོང་ལྟར་དངས་པ་ཡི། །ཕྱག་གཡས་ན་བེ་ཅོན་ཁྱད་འཕགས་བསྣབས། །གཡོན་བདག་གི་སྙིང་ཁར་སྡིགས་མཛུབ་ཀྱི། །ཕྱག་རྒྱས་བརྡ་ཐབས་སྟོན་པའི་མོད། །ཕྱག་མཚན་གྱི་བེ་ཅོན་བདག་ཉིད་ལ། །བྱིན་ཏེ་རང་ལ་དབྱེར་མེད་ཐིམ། །སྐུ་སྒྱུ་མ་ལྟ་བུའི་གསལ་སྣང་དེ། །ཀ་དག་གི་དབྱིངས་སུ་གཏད་མེད་ཡལ། །དུས་འདི་ནས་དགོངས་


JLAZ010_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསང་མཛོད་རྡོལ། །གསུང་རབ་ཀུན་ཀྱི་དགོངས་པ་ཁྲོལ། །ཀློང་ཆེན་རིག་པའི་རྩལ་ཆེན་རྫོགས། །སྣང་ཡུལ་བརྡ་དང་དཔེ་ཆར་ཤར། །མཆོག་གི་དངོས་གྲུབ་རྒྱུད་ལ་བཞག །གང་ཚེ་ལོངས་སྐུའི་ཆས་གྱོན་ཞིང༌། །ལུས་རྣམ་སྣང་ཆོས་བདུན་དྲང་པོའི་ངང༌། །ནམ་མཁར་བྱ་ལྟར་ལྡིང་བ་དང༌། །གཅེར་བུ་རྒོད་ལྟར་འཕུར་བ་སོགས། །རྒྱ་གར་ཡིན་རྒྱུའི་སྨན་ལྗོངས་ཤིན་ཏུ་ཁུལ་ཡངས་པ་ཞིག་ཏུ་སླེབས་པ་ན། བནྡེ་གཙོ་བོར་གྱུར་པའི་ཁྲོམ་དམར་ནག་འཁྱིལ་བ་མདུན་ངོས་ནས་ཡོང་བར་སྣང་བ་ལ་གྲྭ་པ་རྟོག་གེ་བའི་རིགས་གསང་སྔགས་ཟབ་མོ་ལ་ལྷག་པར་སྡང་སེམས་དང་ལྡན་ཞིང་གྲུབ་པའི་ཆ་ལུགས་ཙམ་ལའང་ལོག་རྟོག་མི་བཟད་པ་ཡོད་འདུག་པས་ད་ལམ་སྣང་བ་སྤྲུལ་བསྒྱུར་ཞིག་བྱེད་དགོས་བསམ་ནས། འདི་སྐད་དུ། ང་རེ་རྣལ་འབྱོར་དབང་ཕྱུག་བི་རུ་པ། །ནམ་མཁར་འཕུར་ན་འདི་ལྟར་འཕུར། །ས་ལ་འཛུལ་ན་འདི་ལྟར་འཛུལ། ཞེས་ནམ་མཁར་གཞུ་འདོམ་ལྔ་བརྒྱ་ཙམ་ཤུགས་ཀྱིས་འཕར་ཞིང༌། ས་ལ་འཛུལ་དགོས་སྙམ་པ་ན་གཉིད་སད། རྨི་ལམ་གྱི་རང་གཟུགས་ཅིར་ཡང་རྩེ། །འདི་ནམ་མཁའི་རླུང་ཟིན་ལྟས་སུ་ངེས། །ས་ནོན་ཅེས་བཤད་པའི་གཞུང་ཡང་ཡོད། །དེ་ཡན་ཆད་རང་ལོ་ཉེར་བརྒྱད་པའི། །འཁྲུལ་སྣང་སྒྱུ་མའི་མེ་ལུང་ངོ༌། །ཞིང་བཀོད་ལ་ཌཱཀྐིའི་གསང་གཏམ་ཆེན་མོ་འདིར་བགོད། མེ་གོས་སུ་བཀླུབས་པའི་


JLAZ010_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གླང་གི་ལོའི། །དུས་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ཉིན། །ཕ་རྗེ་བཙུན་ཨོ་རྒྱན་སྙིང་ནས་དྲན། །མིག་མཆི་མའི་དཔའ་རླབས་གཡོ་བཞིན་དུ། །ངག་གདུང་བའི་འོ་དོད་ལྷང་ལྷང་སྙིལ། །ཕ་སངས་རྒྱས་གཉིས་པ་དེ་ཉིད་ཀྱི། །རྣམ་ཐར་དང་བཀའ་དྲིན་དྲན་པའི་མོད། །ཚེས་བཅུའི་དུས་དྲན་གསོལ་འདེབས་བརྩམས། །དེས་ཐུན་མཚམས་ཀུན་ཏུ་གསོལ་བཏབ་པས། །ཞག་གསུམ་འདས་པའི་ཐོ་རངས་ཁར། །སྒོ་ལྔའི་གསལ་སྣང་ནུབ་པ་ཡིས། །ཀུན་གཞིའི་རྣམ་ཤེས་ཀྱི་མེ་ལོང་ངོར། །ལྗོངས་འདི་ཡིན་ངོ་མི་འཚལ་པའི་སར། །མདུན་ངོས་ནས་ལྷག་པར་ལྟར་སྣང་བའི། །གདུགས་རྒྱལ་མཚན་བ་དན་འཕན་ཕུར་སོགས། །བློས་དཔག་ཏུ་མེད་པས་སྔོན་བསུས་ཏེ། །སྤྲུལ་པའི་གུ་རུ་མཚན་བརྒྱད་རྣམས། །སྐུ་ཆེ་ཆུང་མི་ཚད་ཉིས་འགྱུར་ཙམ། །ལྷམ་མེ་ལྷན་ནེ་འབྱོན་པ་མཇལ། །དེར་མིག་འཕྲུལ་ལྟ་བུའི་གསལ་སྣང་ལ། །འཇའ་འོད་ཟླུམ་འཁྱིལ་དངས་པའི་ནང༌། །སྐས་གདང་བུ་ལྔ་ལྡན་བཙན་ཐབས་སུ། །ནམ་མཁའི་ངོས་སུ་བཙུགས་པ་མཐོང༌། །དེར་རྟོག་མེད་དུ་འཛེགས་ཏེ་འགྲོ་བའི་ངང༌། །ཕ་ཨོ་རྒྱན་དང་མཇལ་ལོ་སྙམ་ཙ་ན། །བུ་མ་ཆགས་པདྨའི་ས་ལ་ཤོག །ཅེས་གསུངས་པ་རྣ་བར་ལྷང་གིས་གོ། དེའི་མོད་ལ་རང་སྣང་རྔ་ཡབ་གླིང༌། །དཔལ་གསོ་བུའི་ཁྲ་འབྲུག་ཡིན་སྙམ་པའི། །ངོ་མཚར་གྱི་


JLAZ010_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་མེད་ཁང་དུ་སླེབས། །དབུས་འཇའ་ཚོན་གྱི་ལྡིང་གུར་བཀྲ་བའི་ཀློང༌། །ཡབ་རིག་འཛིན་པདྨ་འབྱུང་གནས་དེ། །སྐུ་གསུམ་རིགས་འདུས་ཀྱི་རྣམ་རོལ་ཅན། །རྟེན་མེད་དུ་བར་སྣང་དབྱིངས་ལ་བཞུགས། །གཡས་གཡོན་ན་བི་མ་བ་གོར་ཞབས། །འཁོར་དཔའ་བོ་ཌཱཀྐིའི་ཚོམ་བུས་མཛེས། །དབུས་རྡོ་ཡི་བཞུགས་ཁྲི་ཆེན་པོའི་སྟེང༌། །རྟོག་མེད་ལ་རང་ཉིད་སླེབས་པའི་མོད། །མོས་གུས་ཀྱིས་དྲན་པ་དབང་མེད་སྟོར། །རིག་པ་སྐར་མདའ་འཕངས་པ་བཞིན། །རྗེ་བཙུན་གུ་རུའི་ཐུགས་ཀར་ཐིམ། །དེར་རིག་པ་རྩལ་གྱི་དབང་ཆེན་ཐོབ། །ལམ་རྫོགས་པ་ཆེན་པོའི་གནད་ཤེས་ཤིང༌། །དབྱིངས་གཞོན་ནུ་བུམ་སྐུའི་ཞིང་ཁམས་དེ། །རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་མཐོང༌། །ཞག་གཅིག་འདས་པའི་ཉམས་སྣང་བྱུང༌། །དེ་སད་པའི་ཤེས་པ་སྐད་ཅིག་མར། །གསང་མཆོག་བདེ་བ་ཆེན་པོ་ནི། །ཡུམ་ཡེ་ཤེས་ཌཱཀྐི་འཚོ་རྒྱལ་མ། །བུ་མོ་མཛེས་མའི་ཆ་བྱད་ཅན། །དེས་མཚན་ལྡན་གྱི་བནྡྷ་སྲུབས་མེད་ཅིག །བདག་ཉིད་ཀྱི་ལག་ཏུ་སྤྲོད་པ་དང༌། །འདི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི། །དབུ་ཐོད་ངོ་མ་ཡིན་ནོ་གསུངས། །ཡང་ཅུང་ཞིག་དགོངས་ནས་ཐོད་པ་དེ། །རེ་ཞིག་ཕར་ལ་བླངས་པའི་མོད། །མིག་འཕྲུལ་ལྟ་བུའི་སྣང་ཆ་ལ། །སྔ་མ་དང་དབྱེ་བར་མི་བཟོད་པའི། །ཐོད་པ་ཞིག་


JLAZ010_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཟླ་ལ་སྦྱར། །གཉིས་ཀ་ལྷན་ཅིག་སྩོལ་བ་དང༌། །ད་འདི་གཉིས་དབྱེ་བ་ཨི་ཕྱེད་གསུངས། །དེ་དཔྱད་དུ་མ་བཟོད་ནེམ་ནུར་དང༌། །གསལ་སྣང་དེ་ནམ་མཁའི་འཇའ་ལྟར་ཡལ། །རྗེ་ཡབ་ཡུམ་དེ་སྙིང་ལ་དྲན་དྲགས་ནས། །སྐྱོ་ཤས་ཀྱིས་གདུངས་བ་བཟོད་ཐབས་བྲལ། །རིག་པ་བདུན་པའི་ཏནྟྲ་ལས། །བརྡ་དང་བརྡ་མཚོན་གོ་བ་ནི། །དབང་གི་ནང་ནས་དབང་ཀའོ། །ཞེས་པའི་དོན་ལ་ངེས་ཤེས་རྙེད། །ལོ་དེ་ཡི་ས་ག་ཉ་བའི་ཟླར། །ལྷ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །ཡན་ལག་བཞི་ལྡན་གྱི་སྒྲུབ་ཆེན་བཙུགས། །སྲོད་ཐུན་དང་པོའི་བྱིན་འབེབས་ཚེ། །ཉམས་གཏད་མེད་ངང་ནས་ཤེས་པ་འུར། །དཀྱིལ་འཁོར་གསུམ་ལྡན་གྱི་ཏིང་འཛིན་དང༌། །ཆོས་ཉིད་ཀྱི་ངང་དུ་དྲན་པ་མྱོས། །དེར་སྤྲོས་བྲལ་ནམ་མཁའི་རྣལ་འབྱོར་པ། །རྗེ་ལྷ་བཙུན་མཁའ་འགྲོའི་དབང་ཕྱུག་དེ། །སྐུ་ཧ་ཅང་མི་བགྲེས་དར་ཡོལ་ཙམ། །མིག་འཕྲུལ་ལྟ་བུའི་ངང་དུ་མཐོང༌། །ཉམས་རྟོགས་ཀྱི་བགྲོ་བས་མཉེས་པར་བྱས། །དུས་དེ་ཚེ་བཀོད་མཛེས་ཀྱི་ཁང་བའི་ནང༌། །བཻ་རོའི་རྣམ་འཕྲུལ་གཏེར་བདག་གླིང༌། །མཇལ་ཏེ་གསུང་ལས་འདི་ལྟར་ཐོས། །འགྲོ་བའི་དོན་དུ་སྲིད་མེས་རྔ། །བསྐུལ་མཁན་བྱུང་ན་སྐད་སྙན་ཡོད། །ཅེས་གསུངས་པ་གང་གི་རྟེན་འབྲེལ་ལས། །རིག་འཛིན་དེ་ཡི་མགུར་ཕུར་དུ། །གྲགས་པའི་ཕུར་


JLAZ010_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངོ་མཚར་ཅན། །འདི་ཀོ་དངོས་གྲུབ་ཀྱི་རྫས་སུ་འབྱོར། །དེའང་སྙིགས་མའི་དུས་ན་རྩོད་པ་དང་བྲལ་བའི་གཏེར་སྟོན་ཆོས་རྗེ་གླིང་པས་ཁ་རེག་མགོ་དགུ་བདུད་མཚོའི་ཀློང་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའི་ལུང་བསྟན་ལས། དབུས་གཡོར་གཞུང་དུ་བྱང་སེམས་པདྨའི་མིངཿ སྤྱིར་བསོད་ནམས་དང་དབང་ཐང་གིས་བརྒྱན་ལ་གོས་ཆེ་བ་ཞིག་ལ་ངོས་འཛིན་པས། བདག་འདྲ་བ་མ་ཡིན་ཀྱང༌། པདྨའི་མིང་ཙམ་ལ་མིང་འདྲ་དང་དུས་འདྲའི་ཐེ་ཚོམ་བཅད་པའི་དཔང་པོ་ནི། བླ་མ་དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་མ་ནས། མ་འོངས་པའི་ཚེ་ལུང་ཟིན་ཐམས་ཅད་ལ་མི་འགྱུར་བའི་བརྡ་རྟགས་གསུམ་གྱིས་གཟེར་ཡོད་པ་དེ་ཉིད་ལས། གར་ཡང་མི་འགྱུར་བརྡ་རྟགས་གསུམ་དང་ལྡནཿ ལུས་ལ་ལྟེ་སྨེ་སྙིང་ཁར་ཤ་མཚན་ཏེཿ ངག་གི་སྙན་མགུར་སྔགས་ཚིག་རྩོལ་བ་ཅནཿ པདྨ་ལས་བྱུང་པདྨའི་མིང་ཅན་གཉིསཿ ཡིད་ནི་རྩེ་གཅིག་གདུང་ཤུགས་ང་ཉིད་དྲནཿ ཕུར་ཚུགས་འདི་མིན་ཡིད་ལ་མི་བྱེད་གསུམཿ དེ་གསུམ་འཛོམ་ན་མཆོག་ཡིན་གཉིས་འཛོམ་འབྲིངཿ གཅིག་འཛོམ་ཐ་མ་གང་ཡང་ལས་ཅན་ཏེཿ ཞེས་པས་བསྟན་པ་ལྟར་ཁོ་བོའི་སྙིང་ཁར་ཕྱི་རྡོ་རྗེའི་དབྱིབས་སུ་མཚན་པའི་སྨེ་བ་དམར་བོའི་ཐིག་ལེ་བཅུ་ཕྲག་གསུམ་དང༌། ལྟེ་བར་དྲིལ་བུའི་དབྱིབས་ཀྱིས་མཚན་པའི་སྨེ་བ་དམར་པོ་སུམ་ཅུ་ཙམ་ཡོད་པས་འདྲ་ཚོད་འོས་ཚོད་ཀྱི་ཞེ་འདོད་བསྒྲུབ་ན་དེ་ཙམ་མོ། །བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལཿ ཞེས་བཀའ་རྙིང་མའི་བསྟན་པ་བཤད་


JLAZ010_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཀྱིས་འཛིན་པར་ལུང་གིས་བསྔགས་པ་ལྟར་ཚེ་འདི་ཉིད་ལ་དགེ་བའི་བཤེས་གཉེན་བསྟེན་ནས་ཐ་སྙད་དང་གཞུང་ལུགས་ལ་བཅད་བརྡར་གྱིས་ངལ་དུབ་སོགས་ཅི་ཡང་མ་དགོས་པར་སྔོན་སྦྱངས་ཀྱི་རང་སྟོབས་སྟོན་པའི་རྩལ་རྫོགས་པས་རིག་པ་ཕྱོགས་ཡན་དུ་གྲོལ་བས་རེ་དོགས་གྱི་འཕྲང་ལས་གྲོལ། གང་བྱུང་དེས་ཆོག་ཏུ་ལ་བཟླ་བས་ཞེ་འདོད་ཀྱི་མཚང་བརྡོལ་ནས་སུའི་ཁའང་མི་ཉན་ཞིང་གུ་ཡངས་བྱུང་རྒྱལ་ཆེན་པོར་སྤྱོད་ལ་སྣང་བ་དཔེ་ཆར་ཤར་བས་བྱས་ཚད་མན་ངག་ཏུ་གོ་བ་དེས་བླ་མ་དགོངས་འདུས་ཀྱི་ཆོ་གའི་རྣམ་བཤད་མཁྱེན་བརྩེའི་མེ་ལོང་རྩོམ་པའི་སྒང་ཡོལ་ལ་ཐུག་པའི་ཚེ། ཐོ་རངས་ཀྱི་ཆ་ཞིག་ན་གཉིད་སད་དེ་ཤེས་རིག་སྤྲོས་བྲལ་གྱི་ངང་དུ་ལ་བཟློ་བའི་ཚེ། སྨིན་མཚམས་ཀྱི་ནམ་མཁའ་ནས་རྟ་སྐད་མངོན་སུམ་དུ་འཚེར་བ་ཐོས་པས་སྐད་ཅིག་མ་དང་པོ་ལ་ཤེས་པ་དགའ་ཡལ་ཡལ་བ་དང་འཇིགས་ཆུམ་ཆུམ་པ་གཉིས་ཀ་བྱུང་ངོ༌། །ཨེ་མ། འདིའི་བསྟན་པ་འཛིན་པར་ལུང་བསྟན་པའི། །ཁོང་པདྨའི་ལྗགས་ལྡན་མཆེད་དྲུག་ལས། །རྗེ་མ་ཧཱ་གུ་རུས་མིང་གི་དབང༌། །པདྨ་དབང་ཆེན་དུ་བྱིན་གྱིས་བརླབས། །དབྱིངས་ལྷན་ཅིག་སྐྱེས་པའི་ཌཱཀྐི་མས། །ལྷ་དབང་ཆེན་པདྨའི་སྲོག་གི་སྙིང༌། །མངོན་སུམ་དུ་ལག་པའི་རི་མོ་ལ། །མཐེ་བོང་གཡས་ལ་ཧྱ་དང་ཧྲཱི་སོགས་མཐོང་ཕྱོགས་ཐ་དད་པའི་རི་མོ་གསལ་བར་འདུག །


JLAZ010_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པ་མེད་པར་བཞུགས་ཞེས་བཤད། །སྐབས་དེ་ཚེ་དགོངས་འདུས་སྲུང་བའི་མ། །མི་བསྲུན་ཤ་ཟ་ཧོར་མོ་ཆེ། །གསུང་མཆིམས་ཕུའི་གནས་ནས་ལྷགས་སོ་སྙམ། །སྨན་བཙུན་གཡུ་ཡི་ལན་ཚར་ཅན། །དཔག་ཏུ་མེད་པའི་འཁོར་དང་བཅས། །མི་ཁོ་བོའི་མདུན་དུ་ཁྲོང་གིས་བྱུང༌། །ངག་ཅི་ཡང་མི་སྨྲ་འཛུམ་པའི་ངང༌། །དུང་དཀར་པོ་ཡིད་དུ་འོང་བ་ཞིག །ངེད་ལ་སྤྲོད་པར་རྩོམ་པ་ན། །དེ་འགྱེལ་སྟབས་སུ་ཅུང་ཟད་སོང་བ་ལས། །དུང་ཆག་གིས་དོགས་ནས་སློང་སློང་ཚེ། །དེས་ཧར་གྱིས་ལངས་ནས་སླར་ལ་སྤྲད། །ཁོ་བོས་དཔལ་གྱི་རི་བོ་ཡི། །གཙུག་ལག་གི་སྟེང་ནས་འབུད་སྙམ་ཚེ། །གཉིད་སད་པས་རྟེན་འབྲེལ་དེ་ཙམ་མོ། །དུས་རེ་ཞིག་བསྙེན་བསྒྲུབ་དམ་པོའི་ཚེ། །རང་གཉུག་མའི་བསྟི་གནས་ཡིན་སྙམ་པའི། །ཁང་པ་བཀོད་མཛེས་ཞིག་གི་ནང༌། །རྗེ་རིག་འཛིན་ཧཱུྃ་ཆེན་ཀཱ་ར་དེ། །ཞལ་ཁྱིམ་ཟླ་བ་ལྟ་བུ་ལ། །སྐུ་ཤ་ཡང་རྒྱགས་པ་ལྟར་སྣང་བའི། །གཟི་བྱིན་མཚུངས་པ་མེད་པ་ཞིག །སྒྱུ་མ་ལྟ་བུའི་སྣང་ཆར་མཇལ། །ཉམས་རྟོགས་ཀྱི་གླེང་མོ་མང་ཞུས་མཐར། །ད་ངེད་ཀྱི་སྒྲུབ་ཁང་འདི་ཉིད་དུ། །བློས་བླང་གི་དཀྱིལ་འཁོར་ཞིག་བཞེངས་ཞུས་པས། །ད་བློས་བླང་གསར་དུ་བཞེངས་པ་ལས། །ཆུད་ངུ་ཞིག་གསོ་དགོས་པ་ཞིག །གནས་གཞན་དུ་འདུག་པ་ངས་བླངས་ཏེ། །


JLAZ010_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཁྱོད་ལ་སྤྲད་ཀྱི་ཞིག་གསོ་གྱིས། །ཞེས་གསུངས་ཏེ་མི་སྣང་གཞན་དུ་ཐལ། །ཡང་མཚོ་སྣ་ཕྱོགས་ནས་ཡིན་སྙམ་པའི། །བུད་མེད་མོན་མོའི་ཆ་བྱད་ཅན། །སྐྲ་ཐམས་ཅད་སྤོས་ཤེལ་གྱི་ལན་ཚར་ཅན། །ངོ་ཤེས་ཤེས་འདྲ་བ་གཅིག་ན་རེ། །གཏམ་སྙན་པའི་ངག་གིས་སྔོན་བསུས་ནས། །དཔེ་བམ་པོ་ཞིག་ལག་ཏུ་སྤྲད་བྱུང་བ། །ཁ་ཕྱེ་བས་གསོལ་འདེབས་ལེའུ་བདུན་མ། །ཁ་གསར་པ་ཆེ་ཆུང་གསུམ་དུ་སྣང༌། །སྔར་འདས་པའི་སྲིད་པ་མང་པོ་ལ། །ཆོས་འདི་ཡི་བདག་པོར་གྱུར་པ་དང༌། །ཀློང་ཆེན་གྱི་རིག་རྩལ་རྫོགས་པའི་བརྡར། །མ་མཁའ་འགྲོས་གནང་བ་བྱིན་ནམ་སྙམ། །ཀྱེ་ཧོ། ལོ་དེ་ཡི་ཆུ་སྟོད་ཟླ་བའི་ཉིན། །རྗེ་མཆོག་སྤྲུལ་མངའ་རིས་པཎ་ཆེན་གྱིས། །གཏེར་གནས་གསུམ་ནས་སྤྱན་དྲངས་པའི། །བཙན་གནོད་སྦྱིན་ཡ་པ་རྐྱ་བདུན་གྱི། །སྲོག་གཏད་དང་རྒྱུད་ལུང་ནོད་པའི་ནུབ། །ནམ་ཐོ་རངས་ཐུན་གྱི་སྨད་ཆ་ནས། །གཉིད་ཡིན་མིན་དཔྱད་དུ་མ་བཟོད་པའི། །ཉམས་འཁྲུལ་པའི་སྣང་བ་རྫུན་པོ་ཆེར། །ཁོང་གནོད་སྦྱིན་ཆེན་པོ་བན་ངྷེའི་གཟུགས། །ན་ཆེར་ཡོལ་གྱོན་པ་སྣུམ་བག་ཅན། །འཁོར་དང་བཅས་པ་བདག་དྲུང་ལྷགས། །ཕྱག་ཕུ་དུད་ཆེན་པོས་འཚལ་བ་ལ། །བདག་ཀུན་རྟོག་རང་ཁའི་བག་ཆགས་བློར། །རང་ན་ཚོད་ཆུང་ངུའི་ཕན་གཞོན་


JLAZ010_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཁོང་ཆེ་བགྲེས་ཀྱིས་གུས་ཕྱག་མི་འཐད་སྙམ། །ཁྱེད་དེ་ལྟར་བགྱི་བར་མི་འོས་ཞེས། །ནན་ཆེན་པོས་ལྡོག་ཀྱང་བཙལ་བ་ན། །དེའི་རྐེ་ནས་འུབས་ཀྱིས་བསྡམས་པ་ལས། །ཡིད་གུས་པའི་ཚུལ་གྱིས་འདི་སྐད་ཟེར། །ཁྱེད་ལ་གཏེར་སྟོན་རིན་པོ་ཆེས། །མངའ་རིས་པཎ་ཆེན། གཅུང་དགའ་བོའི་སྐྱེ་བ་ཡིན་གསུངས་པས། །ཤཱཀྱ་ཐུབ་པའི་མཆེད་དུ་སྒྱུ་འཕྲུལ་མའི་བུ། ལོ་རྒྱུས་དཀོན་བརྩེགས་ལས་དགའ་བོ་མངལ་འཇུག་གི་མདོ་དང༌། དགའ་བོ་མངལ་ན་གནས་པ་བསྟན་པ་སོགས་ལས་གསལ། གུས་པས་ལྷ་ཕྱག་འཚལ་བ་ཡིན། །སྔར་བྱང་པ་རིག་འཛིན་སྤྲུལ་པའི་སྐུས། །ཁྱེད་དབུ་བླར་བཞེས་ཤིང་གུས་འདུད་དང༌། །བདག་རྐྱེན་དེ་འདྲ་མཛད་མོད་ཟེར། །དེར་ད་ལྟའི་རྣམ་རྟོག་རང་སར་ཡལ། །བག་ཆགས་འགའ་ཞིག་བློ་ལ་སྣང༌། །ཤེས་པ་གཏད་མེད་དུ་ཡོད་ཙ་ན། །ཡང་ཁོ་ཡིས་ངག་ནས་འདི་སྐད་ཟེར། །ཁྱེད་ལ་གཏེར་སྟོན་རིན་པོ་ཆེས། །ལོ་བཅོ་ལྔ་ཚེ་ཚད་ཡིན་ནོ་གསུངས། །ཞེས་སྨྲས་ཏེ་བདག་ལ་ཆེ་རེ་ལྟ། །ཕྱིས་རྩེ་ཆེན་བྲག་གི་བཀོད་པའང་བསྟན། །སྐྱབས་རིག་འཛིན་པདྨ་འབྱུང་གནས་དང༌། །རྗེ་ཁྲི་སྲོང་ཡང་སྤྲུལ་མངའ་རིས་པ། །ཁོང་རིག་འཛིན་བརྒྱུད་པའི་ཐ་ཚིག་ལ། །ལྷ་འདི་ཡིས་མི་འདར་ཆད་ཐོ་བཙན། །ཚུལ་དེ་ལ་བརྟེན་ནས་འདི་ཉིད་ཀྱི། །གསོལ་ཀ་དུས་ཀྱི་ཕོ་ཉའང་བརྩམས། །ཚེ་མི་རྟག་ལུང་བསྟན་གློག་དང་འདྲ། །


JLAZ010_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གཤིས་གདོད་ནས་དག་པའི་དག་པ་ལ། །དགྲ་སྐྱེ་འཆིའི་བག་ཆགས་མི་མངའ་ཡང༌། །འདུ་བྱེད་ཀྱི་རྟ་བདུན་ཆུ་ལྷར་ཕྱོགས། །འདི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་དང༌། །རྟེན་འབྲེལ་གྱི་བདེན་པས་མ་ཟིན་ན། །མཁའ་དབྱིངས་ལ་ཤར་བའི་རྒན་ཐིག་འདྲ། །ལོ་དེ་ཡི་སྨིན་དྲུག་ཟླ་བའི་ནང༌། །དུས་ཡར་ངོའི་ཚེས་བཅུའི་ཐོ་རེངས་ཁར། །དབྱིངས་འོད་གསལ་གྱི་རྣམ་མཁའ་དངས་པ་ལ། །བོད་གངས་ཅན་གྱི་ལྟ་གཅིག་སྙིང་རྗེའི་གཏེར། །ལྷ་འཕགས་མཆོག་ཕྱག་ན་པདྨའི་སྐུ། །སྡུག་བསྔལ་རང་གྲོལ། ཤར་ནམ་མཁས་གར་ཁྱབ་སྐུས་ཁྱབ་པའི། །མཚན་དཔེའི་སྣང་བརྙན་བཞེངས་སྟབས་ཅན། །དེ་མཐོང་བས་མོས་གུས་ཀྱི་མཆི་མ་འཁྲུགས། །གསོལ་འདེབས་ཀྱི་ཚིགས་བཅད་གསར་དུ་བརྩམས། །དུས་དེ་ནས་རང་ལོ་སུམ་ཅུ་པ། །མགོ་ཟླ་བའི་ཡར་ངོའི་ཚེས་བཅུའི་ནུབ། །བདག་གཅུང་གཞོན་དང་བསྡེབས་ནས་ཕྱིན་པའི་མོད། །ཁང་པ་ཡིན་ནོ་སྙམ་པ་ཡི། །སྒོ་སྤུས་འབྱེད་ཞིག་ཕྱེ་ནས་སོང་ཙ་ན། །དཔལ་མཆིམས་ཕུའི་ལུང་པ་སྐྱིད་ཉམས་ཅན། །ལྗོངས་རྩི་ཤིང་ནགས་ཚལ་སྨན་དྲིས་ཁེངས། །དབྱར་གུང་ཆེན་ལྟ་བུར་སྣང་ཉམས་སྤྲོ། །དབུས་དགེའུ་འོག་གི་ས་འཛིན་དེ། །དབྱིབས་ཕུར་པ་བཙུགས་པ་ལྟ་བུ་ལ། །གཅོང་རོང་ཟབ་པའི་རྣམ་པར་སྣང༌། །བྲག་དེའི་ཤར་སྒོའི་སྐེད་པ་ན། །མ་འཚོ་རྒྱལ་གཟིམས་ཕུག་ཡིན་སྙམ་པའི། །སྒྲུབ་ཕུག་གི་


JLAZ010_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཁུང་ཧ་རེ་མཐོང༌། །དེར་འགྲོ་བའི་ལམ་པོ་ཡིན་རྒྱུ་བའི། །རྡོ་རིང་ལྟ་བུའི་ཐེམ་སྐས་ལ། །མི་དཀྱུས་མས་ཐར་ས་མེད་པར་མངོན། །དེར་ཤེས་པ་གཏད་མེད་དེ་ཁའི་ངང༌། །རྡོ་སྐས་ལ་འཛེགས་ཏེ་འགྲོ་སྙམ་ཚེ། །ཐར་བའི་རེ་བ་མ་བྱུང་བས། །ཡིད་སྐྱོ་ཤས་ཀྱི་སྣང་བར་འདི་ལྟར་སེམས། །སྔར་ཡིན་ན་འདི་འདྲར་འགྲོ་བཞིན་ལ། །ད་ཐར་པའི་རེ་བ་ཟད་པ་འདི། །ལས་ཉོན་མོངས་ཀྱི་སྒྲིབ་པས་ཡིན་ནོ་སྙམ། །སེམས་མ་དགའ་ཏིང་ངེ་ཡོད་པའི་ངང༌། །རིག་པ་ཕུག་པའི་ནང་དུ་གཏད། །འོད་གསལ་གྱི་དགོངས་པས་བལྟས་ཙ་ན། །རྗེས་ལྷ་གཅིག་ཚངས་པ་ལྷའི་མེ་ཏོག །སྐུ་རྡོས་བཅས་མ་ཡིན་འོད་ཀྱི་ལུས། །ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་ཅན། །གཟི་བྱིན་མཚུངས་པ་མེད་པ་ཞིག །རང་སྣང་འོད་གསལ་གྱི་ངང་དུ་མཇལ། །འདི་མངའ་བདག་གིས་མྱང་བན་ཏིང་འཛིན་ལ། །ཆོས་རྫོགས་ཆེན་ཞུས་ནས་བསྒོམས་པའི་ཕུག །ཡིན་སྙམ་པའི་བག་ཆགས་ཝ་ལེར་དྲན། །ཕྱིས་བྲག་སྒོ་སེ་བས་འགགས་པ་ཡིས། །མི་ཀུན་ཀྱི་སྣང་ངོར་མ་གྱུར་ཅིག །མདུན་ངོས་ཀྱི་བྲག་ལ་བྱང་སེམས་ཀྱི། །སྐུ་དོང་བརྐོས་འདུག་པ་སས་ནོན་ནས། །དབུ་རིབ་རིབ་ཙམ་ཡང་མི་འདུག་མོད། །ཉེ་འདབས་ན་རྡོ་ཡི་གཏུན་ཁུང་དང༌། །ནང་ངོས་ལ་དུ་བའི་དྲེག་པ་སོགས། །སྔར་སྒྲུབ་ཕུག་


JLAZ010_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་རིང་བྱས་པའི་ཤུལ། །འདི་གསང་ཆེན་ཕུག་པར་འདུག་པའི་ཕྱིར། །ས་མོ་ཡོས་ལ་གནས་སྒོ་ཕྱེ། །སྟག་ཚང་ཕུར་པའི་ལུང་བསྟན་ལས། བི་མའི་སྤྲུལ་པ་པདྨའི་མིང་འཛིན་ལཿ ཡེ་ཤེས་རྩལ་རྡོལ་དག་སྣང་གནམ་སྒོ་འབྱེདཿ ཅེས་སོ། །མིང་ཡང་མེ་ཏོག་ཕུག་པར་བཏགས། །ལོ་གསུམ་སྒྲུབ་པའི་རྒྱལ་མཚན་བཙུགས། །མི་ཁོ་བོའི་འོད་གསལ་བསྒོམས་པའི་མཐུས། །ཕྱིས་སུ་བསྡད་མི་ལ་ཏིང་འཛིན་འཆར། །བཀྲ་ཤིས་བྱིན་ཆགས་ཀྱི་སྒྲུབ་ཕུག་ཡིན། །དེ་འོན་ཀྱང་ཡུལ་དེར་རང་ཕྱོགས་པ། །སྔར་འདྲིས་ཀྱི་མཉམ་འགྲོགས་ཚོད་ཡོད་དང༌། །འགའ་འགའི་སྡང་ཞེན་མཐུས་ཆེས་བས། །ཕྱུག་རྫིས་ཆར་ཡིབས་རྙེད་པ་བཞིན། །སྟབས་ལེགས་ཙམ་དུ་འཛིན་པ་ལས། །མེད་ཕྱིར་བདེན་དང་རྫུན་པ་ཡི། །དག་སངས་ནི་ཅི་ཡང་བྱ་དོན་མེད། །དུས་དེ་ཚེ་འཁྲུལ་པའི་སྣང་ཆ་ལ། །དཔལ་མཆིམས་ཕུའི་ནང་ནས་འོངས་སྐད་པའི། །སྐྱེ་མཆེད་དངས་པའི་གཞོན་ནུ་ཞིག །ཤིན་ཏུ་འཛུམ་པའི་མདངས་དང་བཅས། །ཤོག་དྲིལ་ཞིག་ལག་པར་སྤྲོད་དུ་བྱུང༌། །ཁ་ཕྱེ་ནས་དེ་ཉིད་བཀླགས་པ་ན། །ཡི་གེ་ལེ་ཚན་གཉིས་སྣང་བའི། །ཡིག་ཕྲེང་གཅིག་འབྱར་གྱི་སྐེད་པ་ན། །ཁྱོད་སྤྲུལ་བའི་དགེ་སློང་ཨ་ཀར་མའི། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྨིན་མཚམས་ལས་སྤྲུལ་ཏེ་ཙནྡན་གོར་ཤི་ཤ་ལེན་དུ་རྒྱ་གར་འཕགས་པའི་ཡུལ་ལ་བགྲོད། རྒྱལ་སྲས་


JLAZ010_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྗེ་དང་ཐུགས་རྒྱུད་གཅིག་པ་ཡིན་པར་གོ། སྐྱེ་བ་ཡིན་ནོ་ཞེས་པ་དང༌། །གཞན་ལུང་བསྟན་གྱི་རྣམ་པ་འགའ་ཞིག་སྣང༌། །དེ་ནས་རང་ལོ་སོ་གཅིག་པ། །ས་མོ་ཡོས་ཀྱི་བགྲང་བྱ་ལ། །ལོ་གསུམ་གྱི་སྒྲུབ་པ་མཐའ་རུ་ཕྱིན། །དཔལ་གྱི་བསམ་ཡས་མཆིམས་ཕུ་རུ། །སྒྲུབ་པའི་རྒྱལ་མཚན་འཛུགས་སུ་ཕྱིན། །མཚུངས་མེད་རིག་འཛིན་བླ་མའི་དྲུང༌། །སྨིན་གྲོལ་ཟབ་མོའི་བཅུད་འཐུངས་ཤིང༌། །རིགས་བསྡུས་པདྨ་གུ་རུ་ཡི། །བྱིན་རླབས་ཉེ་བརྒྱུད་ཐོབ་པ་ལ། །རྟེན་འབྲེལ་ཟབ་མོའི་ཕྲིན་ལས་སྒོ། །དཔལ་མགོན་རིག་འཛིན་བླ་མས་ཕྱེ། །དེ་ཚེ་བླ་མའི་གཟིམས་ཁང་གི། ཡང་ཐོག་ཉིད་དུ་མནལ་བ་ལ། །གཉེན་ཟུར་ཕུད་ལྔ་པ་ཡིན་སྙམ་པའི། །ཁྱེའུ་དར་གྱི་གོ་ཟུ་ཅན། །ཡིད་དུ་འོང་བ་གཅིག་ན་རེ། །ཁྱེད་ཆོས་རྒྱལ་ཕུན་ཚོགས་ཡིན་ཨཱ་ཟེར། །ངས་བཀྲ་ཤིས་སྟོབས་རྒྱལ་ཨེ་ཡིན་བྱས། །དེས་འོ་འོ་ཆོས་རྒྱལ་ཕུན་ཚོགས་ཟེར། །གཏམ་དེ་ཀོ་གཉིས་ཀས་ལན་གསུམ་བསྐྱར། །དམ་ཆོས་གྲོལ་བའི་ཐིག་ལེ་ཡི། །བཀའ་ཡི་སྲུང་མ་ཡིན་པར་རྟོགས། །རྗེ་བཙུན་པདྨའི་བཀའ་ལུང་བཞིན། །ཆོས་འདི་ནམ་མཁའི་ཕ་མཐའ་རུ། །བརྡལ་བའི་རྟེན་འབྲེལ་བསྒྲིགས་ན་ཡང༌། །སྨོན་ལམ་མི་བསྲུན་སྐྱེ་བོ་འགས། །འདུན་པ་གཞན་དུ་བསྒྱུར་བ་ལས། །རེ་ཞིག་ཕྲིན་ལས་དེ་ཙམ་མོ། །དེ་ནས་དཔལ་གྱི་


JLAZ010_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མཆིམས་ཕུ་ཡི། །འོག་མིན་རྡོ་རྗེའི་ཀེའུ་ཚང་དུ། །ལོ་གསུམ་སྒྲུབ་པའི་དམ་བཅའ་བཟུང༌། །མུ་ཏོའི་བརྟུལ་ཞུགས་ལ་གནས་ཚེ། །རྨི་ལམ་སྒྱུ་མའི་བཀོད་པ་ལ། །ནེ་ཙོ་འདྲ་བའི་འདབ་ཆགས་ཀྱིས། །དཀྱིལ་འཁོར་ཡིད་འོང་བཞེངས་པ་མཐོང༌། །དཀྱིལ་འཁོར་གྲུབ་མ་ཐག་པ་ལ། །ཆོ་ག་བཏང་བའི་སེམས་བསྐྱེད་དེར། །སངས་རྒྱས་མེད་ལ་སེམས་ཅན་མེད། །ཡིན་པ་མེད་ལ་མིན་པ་མེད། །སོ་མ་རང་གདངས་ལྷུག་པའི་ངང༌། །རང་གྲོལ་ཆེན་པོར་སེམས་བསྐྱེད་དོ། །ཟེར་མུར་རྨི་ལམ་ཉམས་དེ་སད། །ཡང་གསང་བླ་མའི་སྒྲུབ་པ་དེ། །སྙིང་གི་དབུས་ན་ལྷམ་མེར་གསལ། །ཡང་གཅིག་ཤ་ཟ་ཌཱཀྐི་མ། །བུ་མོ་གཞོན་ནུའི་རྣམ་འགྱུར་ཅན། །ལག་ཏུ་ཟབ་ལམ་ཕོ་ཉའི་སྐོར། །དཔེ་ཆ་ཤོག་ལྡེབས་གཅིག་ཁྱེར་ནས། །འདི་ཡི་བདེ་སྟོང་ཆེན་པོའི་ཉམས། །གང་ཡིན་རྒྱུད་ལ་མ་འཚལ་པས། །ཚིག་གིས་མ་ཡིན་རྒྱུད་ཐོག་ཏུ། །ངོ་སྤྲོད་གནད་སྨིན་ཞུ་ཟེར་བར། །དོན་དམ་ཤེས་རབ་ཡེ་ཤེས་ཀྱི། །དབང་བསྐུར་བྱས་པའི་རྗེས་ཐོབ་ཏུ། །ཟབ་མོའི་སྙན་བརྒྱུད་གདམས་པ་འདི། །ཀློང་ཆེན་ཉམས་ཀྱི་ཚུལ་དུ་གདམས། །ཀྱེ་ཧོཿ བརྗོད་མེད་བློ་འདས་ཀྱི་ཁང་མཛེས་ན། །དབྱིངས་ཆེན་རྣམ་དག་གི་ལུས་ཕྲ་མོ། །མཐའ་བརྒྱད་སྤྲོས་བྲལ་གྱི་བཞིན་རས་མཛེས། །ཡེ་གྲོལ་མཉམ་ཉིད་ཀྱི་རྒྱན་ཆ་


JLAZ010_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས། །མ་བཅོས་རང་བྱུང་གི་སྤྱོད་ལམ་དལ། །སྨན་དེ་ལ་བདག་གིར་སུ་ཡིས་བྱེད། །སྤྱིར་གྲུབ་ཐོབ་ཡོངས་ཀྱི་མཛའ་ན་མོ། །སྒོས་རིག་པའི་དཔའ་བོ་གཞོན་ནུ་ངས། །སྦྱོར་ཚེ་ཟུང་འཇུག་ཡངས་པར་སྦྱོར། །སྒྲོལ་ཚེ་དུག་ལྔའི་རྣམ་རྟོག་སྒྲོལ། །ཏ་ན་ག་ནའི་གསང་སྤྱོད་འདི། །མཛད་མཁན་ཤིན་ཏུ་མང་ལགས་ཏེ། །མཁྱེན་མཁན་མེ་ལོང་རྡོ་རྗེ་ཙམ། །ང་མེ་ལོང་རྡོ་རྗེའི་བརྒྱུད་པ་འཛིན། །དབྱངས་དེ་ལ་བསྐྱར་བཟློས་བྱེད་སྙིང་འདོད། །ཙིཏྟ་རང་བྱུང་གི་གུར་ཁང་ནང༌། །བུ་རིག་པའི་རྒྱལ་པོ་དཔའ་བརྟུལ་ཆེ། །རྩ་ཡོ་འཁྱོག་མེད་པ་དབུ་མའི་ནང༌། །འབངས་སྲོག་རྩོལ་གཉིས་པོ་རང་བཙོན་འཛིན། །ནོར་ཉི་ཟླ་སོ་སོས་བདག་གིར་བྱེད། །རླུང་ནུས་པ་ཅན་གཉིས་མ་འཆམས་པས། །ནད་འདུ་བ་རྣམ་བཞིའི་ཁ་རླངས་གཏོང༌། །དུས་མ་ཡིན་པར་སྲོག་ལ་ཧུར་ཐུམ་བྱེད། །རླུང་ཕྲ་མོའི་ཚོགས་རྣམས་ཡན་དྲག་པས། །འོད་གསལ་འཇའ་སྤྲིན་གྱི་ཁང་མཛེས་བཤིག །འགྱུ་དྲན་མཐའ་མེད་ཀྱི་རྡུལ་ཕྲན་གཡོ། །རྣམ་མཁྱེན་བྱང་ཆུབ་ཀྱི་ཞལ་རས་བསྒྲིབས། །དུས་དེ་ཚེ་རིག་པའི་རྒྱལ་པོ་ངས། །སྙན་བརྒྱུད་མན་ངག་གི་ཕོ་ཉ་བཏང༌། །རྩ་ཨ་ཝ་དྷུ་ཏིའི་ཁྲི་མུན་དུ། །རླུང་ནུས་པ་ཅན་གཉིས་བཙོན་ལ་བཅུག །ཁོང་རྒྱལ་པོའི་དཔའ་ཟིལ་མ་བཟོད་ནས། །


JLAZ010_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་འཛིན་གཉིས་ཟླ་སྒྲིལ་བྱེད་པར་འཆམས། །དེ་མི་དབང་གིས་བློན་པོ་རོ་རྐྱང་གཉིས། །ཁྲི་མུན་དུ་ཞལ་ལྕེ་གཅོད་ལ་མངགས། །བཙོན་པ་གཉིས་གཅིག་ཏུ་ཁ་འདྲིལ་བས། །རྩ་ཕྲན་གྱི་རླུང་རྣམས་དབང་མེད་འདུས། །ཁོང་ཐམས་ཅད་འདོད་པ་གཅིག་ཏུ་དྲིལ། །རྩོལ་བས་གཏུམ་མོའི་མེ་སྦར་ཞིང༌། །སྲོག་གི་བདུད་རྩིའི་ཐིགས་པ་གཏིགས། །དེ་ལུགས་འབྱུང་བཞི་ཡི་ཕོ་ཉས་ཕབ། །ཆོས་དབྱིངས་ཡེ་ཤེས་ཀྱི་རྫིང་དུ་བསྐྱིལ། །ལུགས་ལྡོག་བཞི་ཡི་གནས་སུ་སྐྱོལ། །འབྲམ་པར་སོར་རྟོག་ཡེ་ཤེས་སླེབས། །དེས་ཟག་བཅས་ཀྱི་སྡོམ་པ་རྣམ་པ་གསུམ། །རྡོ་རྗེ་གསུམ་དུ་རྣམ་པར་དག །འཁོར་འདས་ཡེ་གྲོལ་གྱི་མནའ་གན་ཕུལ། །སྣང་སེམས་རོ་གཅིག་གི་རྟེན་འབྲེལ་བསྒྲིགས། །དུས་མིན་གྱི་འཆི་བ་ཕ་མཐར་བསྐྲད། །ལམ་རྟགས་ཀྱི་ཡོན་ཏན་མཐའ་ནས་རྒྱས། །དཔའ་བོ་དང་མཁའ་འགྲོ་ཚོགས་ཀྱིས་མཉེས། །སྒོམ་གསལ་འགྲིབ་མེད་པའི་མར་མེ་སྦར། །སྣང་སེམས་དབྱེར་མེད་ཀྱི་སྲོག་མཁར་ཚུགས། །དེ་སེང་གེའི་འོ་མ་མངར་བོ་ཡིན། །མྱོང་མཁན་ཨུ་དུམ་ཝར་ཙམ། །དབང་རིམ་པ་གསུམ་པའི་གསོབ་གྱོན་ཏེ། །ཉོན་མོངས་བྱུང་རྒྱལ་དུ་སྤྱོད་པ་དང༌། །ཐུར་མའི་ཕྱག་རྒྱ་རྔོམ་པ་རྣམས། །འབྱུང་འཇུག་རླུང་གི་རྟེན་འབྲེལ་


JLAZ010_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ཀུནྡ་བཙན་ཐབས་སུ་འཆིངས་ན་ཡང༌། །འབྲས་བུ་དབྱུང་བའི་ཤུགས་འགྲོ་དང༌། །དབྱེ་བ་མེད་པར་རྒྱུད་ལས་བཤད། །ཀྱེ་མ་དུས་མཐར་དེ་འདྲ་མང༌། །ཤལ་མ་རི་ཡིས་འཇིགས་པ་ཆེ། །མི་བདག་ལ་འདྲི་བའི་དོན་གཉེར་མ། །དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ། །རིག་པ་བརྗོད་བྲལ་གྱི་དཔའ་བོས་སྦྱོར། །བདེ་སྟོང་བློ་འདས་ཀྱི་ངང་ལ་ཞོགས། །འཇིག་རྟེན་པའི་སྙིང་སྡུག་ལ་རེ་མ་དགོས། །ཁྱིམ་ཐབས་དང་ཟང་ཟིངམེད་པ་ལ། །སྐལ་བ་དང་མན་ངག་མེད་དོ་སྙམ། །དེ་མནོ་མཁན་འདུ་ཤེས་འཁྲུལ་ཚབས་ཆེ། །མྱུར་ལམ་རྡོ་རྗེའི་ཐེག་པ་ལ། །འཇུག་སྒོའི་དབང་ནི་རྣམ་བཞི་ཡོད། །དེ་ཀུན་ལ་གསང་ལམ་ཁྱད་འཕགས་རེ། །ཉམས་ལེན་ལྷོད་མེད་ཀྱི་གནམ་རུ་འགུགས། །དམ་ཚིག་ཟོལ་མེད་ཀྱི་གཞུ་རྒྱུད་སྒྲོན། །རྟེན་འབྲེལ་སྨོན་ལམ་གྱི་འཐེབ་ལྟོང་སྤྲོད། །མདའ་འཕེན་པ་རྒྱལ་ཁམས་ཀུན་ལ་འཕེན། །འཕོག་པ་ལས་འབྲེལ་ཅན་ལ་འཕོག །འཚེངས་པ་གཏན་འདུན་འཚེངས་པ་ཡིས། །འགྲུབ་པ་ཚེ་གཅིག་སངས་རྒྱས་འགྲུབ། །ཀུན་ཀྱིས་སྤྱོད་ཡུལ་མ་ལགས་པས། །རྐུན་ནོར་བཞིན་དུ་ཨ་ཐམ་རྒྱ། །ཞེས་སྨྲས་པས་མོ་ཡི་སེམས་དགའ་ནས། །སྐྱེས་རབས་འབྲེལ་བའི་ཞབས་བརྟན་


JLAZ010_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས། དགའ་བའི་རྣམ་འགྱུར་སྟོན་བཞིན་དུ། །རང་སྣང་སྟོང་བའི་ངང་ལ་ཡལ། །དེ་ཚེ་རླངས་ཆེན་དཔལ་སེང་གི། ཡང་སྲིད་པདྨ་ཚེ་དབང་རྩལ། །འདི་རླབས་དཔལ་སེང་དངོས་ཀྱི་ཕུར་པ་རྒྱུད་ལུགས་ཀྱི་དོན་དབང་བསྐུར་བ་ཡིན་ཀྱང༌། དེ་དུས་བཀའ་རྒྱ་མ་གྲོལ་ཞིང་གཞན་སྣང་དང་བསྟུན་པའི་གསང་རྒྱའི་རྫུ་འཕྲུལ་གྱི་ངག་ཡིན་ནོ། །མཇལ་ཏེ་རང་གཏེར་སྟག་ཚང་གི། རྡོ་རྗེ་ཕུར་པའི་དབང་བསྐུར་རྨིས། །ཨེ་དབྱིངས་ཉི་གཞོན་འཆར་ཀའི་ཕོ་བྲང་ཆེར། ཝཾ་ཡིག་ཟླ་ཞུན་འཁྱིལ་པ་རྡོ་རྗེའི་ཁམས། །ཟུང་འཇུག་དཔལ་ལྡན་དང་པོའི་སངས་རྒྱས་སུ། །བསྒྲུབ་པའི་རྟེན་འབྲེལ་སྨོན་ལམ་འཇོམས་པའི་ཚེ། །རྡོ་རྗེ་ཕུང་པོའི་གྲོང་ཁྱེར་འཛམ་གླིང་དབུས། །སྒྲ་གཅན་ས་ཡི་ཐིག་ལེར་བྱང་ཆུབ་སེམས། །བདེ་སྟོང་གཉིས་མེད་ཆེན་པོར་སངས་རྒྱས་པ། །གཏི་མུག་ཆོས་དབྱིངས་ཡེ་ཤེས་ངོ་བོར་གྲུབ། །དེ་ཚེ་ཐ་མར་རང་ཁའི་ཀུན་རྟོག་ཀུན། །མཐའ་བྲལ་གཉུག་མའི་རྒྱལ་སར་འཇོགས་པ་ལ། །འགྱུར་དྲན་སྣང་བའི་འཆར་སྒོས་ཕྱག་བྱས་ཤིང༌། །ལྔ་བཅུར་འཚོ་བའི་རྟེན་འབྲེལ་སྲོག་ཤིང་ཚུགས། །གདོད་མའི་གསང་ལམ་སྟོན་པའི་ཆོ་ག་མཁན། །དམ་ཚིག་སེམས་དཔའ་གཡུང་དྲུང་འཁྱིལ་བ་ལ། །དབྱིངས་ཕྱུག་ཨེ་ཀ་ཙ་ཏིའི་སྲོག་འདྲེས་ནས། །སློབ་བརྒྱུད་ཟླ་བ་ཉ་བའི་ཚོམ་བུ་བཀོད། །ལོ་དམར་སེར་ཅན་


JLAZ010_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབྱུག་གུ་ཟླའི། །དུས་ཡར་ངོའི་ཚེས་བཅུའི་ནུབ་མོ་དེ། །ཡིད་ཀུན་རྟོག་གི་མེ་ལོང་དྭངས་བའི་ངོས། །དཔལ་ཨཽ་ཌཱི་ཡ་ནའི་སངས་རྒྱས་ཆེ། །སྐུ་གཞོན་མཛེས་གཡས་ན་ཧཱུྃ་ཀཱ་ར། །གཡོན་ཕྱོགས་ན་རང་ཉིད་འདུག་པའི་མོད། །དེས་ཕྱག་རྒྱའི་བརྡ་ཐབས་ནམ་མཁར་གདེངས། །མ་དབྱིངས་ཕྱུག་བདེ་ཆེན་འཚོ་རྒྱལ་དང༌། །རྒྱ་གར་གྱི་རིག་འཛིན་ཧཱུྃ་ཀཱ་ར། །ཐུགས་ཡེ་ཤེས་ཆེན་པོར་གཉིས་སུ་མེད། །ཧཱུྃ་ཀཱ་ར་གསང་འཛིན་རྡོ་རྗེ་འཆང༌། །བདག་ཉིད་ནི་འཕགས་མཆོག་སྙིང་རྗེའི་གཏེར། །ངེད་རྣམ་གསུམ་རིགས་གསུམ་སྤྲུལ་པའི་གར། །ཞེས་གསུངས་པའི་མོད་ལ་གཏད་མེད་ཡལ། །ཡང་ཁྱུ་མཆོག་དབྱུག་གུའི་ཟླ་བ་ལ། །འོག་མིན་གྱི་ལྗོན་པའི་བསིལ་གྲིབ་འོག །ལྭ་ཝའི་ལྡིང་གུར་ལ་བརྟེན་ནས། །དགོངས་འདུས་ཀྱི་དཀྱིལ་འཁོར་ཆེན་པོ་རུ། །བདུད་རྩིའི་སྒྲུབ་ཆེན་བཙུགས་པའི་ཚེ། །ཤིན་ཏུ་གྲང་བའི་ནམ་ཟླ་ལ། །མེ་ཏོག་པད་སྡོང་ཁ་བྱེ་ཞིང༌། །ཐོ་རངས་འོད་གསལ་གྱི་སྣང་ཆ་ལ། །རི་དོ་ཆད་ཅིག་གི་རྩེ་མོ་རུ། །རྒྱ་གར་གྱི་ཛོ་གི་གཉིས་དང་ཕྲད། །དེ་ལ་བདག་གིས་འདི་སྐད་དུ། །རི་འདི་ལ་བསྐོར་བ་བྱས་པ་ན། །གྲུབ་ཐོབ་བརྒྱད་ཅུ་མཇལ་ཡོང་སྨྲས། །ཛོ་གི་དེས་ཅུང་ཞིག་བསམས་ནས་སུ། །རི་འདི་འདྲའི་རྒྱུས་ལ་ང་རང་ཞིབ། །གྲུབ་ཐོབ་བརྒྱད་ཅུ་དང་


JLAZ010_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་ཀྱང་མཇལ། །ཁྱེད་གཡས་ཀྱི་ཕྱག་ན་ནེའུ་ལེ་འཛིན། །མཚན་ན་མཚན་ལྡན་གཟུངས་མ་བརྟེན། །གཡོན་གྱི་འགྲམ་པ་གཟེངས་བསྟོད་ནས། །མགུར་ཡིད་ཁ་འཕྲོག་པར་ལེན་པ་མཐོང༌། །དུས་ད་རེས་ཇི་བཞིན་ངོ་འཕྲོད་ཀྱང༌། །མི་གཞན་གྱི་བློ་ལ་མ་ཤོང་དོགས། །ཁ་རོག་འདུག་པ་ལགས་སོ་ཟེར། །དེར་ངེད་ཀྱི་ལན་དུ་གྲུབ་ཐོབ་དེའི། །མཚན་ཅི་འདྲ་བྱ་བ་ལགས་དྲིས་པས། །བྲག་ཁུང་པ་ཞེས་པར་གྲགས་སོ་ལོ། །ཤ་བ་ཁྱི་ཁྲིད་ཀྱི་གདམས་པའི་གནད། །དེར་ངེད་ལ་ཞུའོ་ཟེར་བ་ན། །ངས་དེ་འདྲའི་དཔེ་ཆ་མེད་ཀྱང་མེད། །སྤྱིར་རྣལ་འབྱོར་གྱི་རི་ཁྲོད་འགྲིམ་པ་ལ། །མཐུ་ངན་སྔགས་ཀྱི་བསམ་པ་མི་རིག་བྱས། །དེར་རྣལ་འབྱོར་ཟླའོ་ཞིག་བྱུང་ནས། །དེས་བསྟན་ལ་ཕན་ན་དགོས་སོ་ཟེར། །དེའི་མོད་ལ་ཉམས་སྣང་དེ་སད་དོ། །གང་ཚེ་རྡོ་རྗེ་གཡུ་ཡི་སྒྲོན་མ་དེས། །སྣམ་དཀར་ཡིད་དུ་འོང་བ་རྣམ་པ་གཉིས། །ཤིན་ཏུ་བརྩེ་བའི་འཛུམ་གྱིས་སྔོན་བསུས་ནས། །བདག་ལ་བྱིན་ནས་རིག་འཛིན་བུ་ཁྱོད་ཀྱི། །གྱོན་པའི་བསྣོན་མ་གྱིས་ཞེས་ཟེར་བ་དང༌། །བརྩེ་དུངས་མོས་བར་ལྡན་པའི་གླུ་འདི་བླངས། །རྒྱལ་སྲས་ལྷ་རྗེའི་སྤྲུལ་པ་བརྒྱ་རྩ་བརྒྱད། །ཡ་གྱལ་གཅིག་ནི་ཡར་རྗེ་ཨོ་རྒྱན་གླིང༌། །འོད་གསལ་བླ་མ་ཨོ་རྒྱན་བསམ་གཏན་གླིང༌། །ཞལ་མཇལ་འབྲེལ་པ་ཐོགས་པ་


JLAZ010_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་མཛོད། །ཅེས་པའི་མོད་ལ་གཏད་མེད་ཆོས་སྐུར་འགྱིལ། རེ་ཞིག་གི་ཚེ་ཐོར་ཐུན་གྱི་སྒང་ལ་གཉིད་དུ་ཅུང་ཟད་ཤོར་བའི་སྣང་བ་ལ། གནས་བསྐོར་དུ་འོངས་པ་ཡིན་སྙམ་པའི་བུད་མེད་ལྔ་དང་སྦྲགས་ནས་བྱིན་པ་ལས། དེའི་ཁྲོད་ནས་རང་གི་མ་ཡིན་སྙམ་པའི་བུད་མེད་རྒན་སོང་ཞིག་གིས་ངོ་ཚ་དང་ཚུལ་འཆོས་བཤིག་ནས་ངེད་ལ་ཤིན་ཏུ་བརྩེ་བའི་རྣམ་འགྱུར་མས་བུ་ཆུང་ལ་བྱེད་པ་ལྟར་བཞིན་གཏུགས་པ་དང༌། ཁ་སྦྱར་བ་མང་པོ་བྱེད་པའི་ངང་ནས་བྲག་ཕུག་ཡིད་དུ་འོང་བ་ཨོ་རྒྱན་ཆེན་པོའི་དབུ་རྗེས་ཡོད་པ་ཞིག་ཏུ་ཁྲིད། དེར་གནས་བཤད་ཀྱི་ཚུལ་དུ་འདི་འཚོ་རྒྱལ་གྱིས་ཕུར་པ་བསྒྲུབས་པའི་གཟིམས་ཕུག་ཡིན་ཟེར། ཁོང་རང་རྣམས་ཀྱིས་སྐད་སྒྲ་སྙན་པོས་མཎྜལ་དང༌། གསོལ་འདེབས་ཡིད་འཕྲོག་པ་ཞིག་བྱས་སོང༌། དེའི་མོད་ལ་བུད་མེད་ཅུང་གཟུགས་མི་སྡུག་པ་ཞིག་འདུག་པ་དེས་བསྐུལ་ནས་ངེད་རང་ལ་ཁ་གཏད་ནས། བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །ཞེས་པའི་ཤོ་ལོ་ཀ་ཚར་གསུམ་རྒྱ་གླིང་ལས་སྙན་པའི་དབྱངས་རྟ་ལ་དྲངས་ནས་ཟེར་བྱུང་བས་སྣང་བ་ཟི་བུན་པ་ཞིག་བྱུང༌། དེའི་ཚེ་ལྷན་སྐྱེས་ཀྱི་ཤེས་པ་སྐད་ཅིག་མར། ད་ཁོང་རྣམས་ཡར་ཀླུངས་རྟེན་གསུམ་མཇལ་དུ་འགྲོ་ཡོང་བས་སྨོན་ལམ་འདེབས་ལུགས་ཤིག་བསླབ་


JLAZ010_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་བསམ་པ་དང༌། སྐད་ཅིག་ལ་རང་གི་ཕུ་བོ་ཡིན་སྙམ་པ་ཞིག་ཁྲོང་ངེ་བྱུང་ནས་དེས་བྱང་དྲངས་ཏེ། ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། ཞེས་སོགས་ཤོ་ལོ་ཀ་བརྗོད་མཐར་ནམ་མཁའ་ལ་བྱ་ཁྱུ་འགྲོགས་པ་བཞིན་ཅོ་དིར་གྱིས་གྱེས་སོང༌། དེར་སྤུན་ཡིན་སྙམ་པའི་བུད་མེད་གཅིག་ད་དུང་བསྡད་ནས་བསླབ་དོན་ཞུ་རྒྱུ་འདྲ་ཡོད་དེ་འགོལ་འགོལ་ཞིག་གཏན་ནས་མ་བྱུང་ཟེར་ཞིང༌། ངེད་ཀྱི་རྣ་བ་གཡོན་པ་ལ་ཁ་སྦྱར་ནས་གཏམ་ཤབ་ཤུབ་ཐོས་རྒྱུ་རང་མེད་པ་མང་ཞིག་ཟེར་པའི་ཐོས་པ་ཞིག་ལ་མི་ཆེན་ཚོ་ལའང་ངོ་འཛིན་རང་ཆེར་གནང་ཞན་འདྲ་ཟེར་བ་དང༌། ཡང་ཤབ་བི་ཤུབ་བི་ཁོ་ན་ཟེར་བའི་སྒྲ་མ་གོཡང་ཐོས་པ་ཞིག་ལ། ཉིད་རང་ལུས་དབེན་པར་བཞུགས་དང༌། སྟོན་དཔྱིད་ལ་སོགས་པའི་འཚོ་ཆས་ནི་འབད་མེད་དུ་ཡོང༌། ངག་དབེན་པར་བཞུགས་དང་ཟེར་བའི་མོད་ལ་སྐད་ཤུགས་ཆུང་ངུ་རང་བཏང་བྱུང་བས། དེ་དག་མ་གོ། དེ་ལས་སྒྲ་དག་པར་གྱིས་དང་བྱས་པས་ད་དུང་སྐད་ཤུགས་དེ་བས་ཀྱང་ཇེ་ཆུང་དུ་སོང་བས་ཁོ་བོས་རྨི་ལམ་ཡིན་པར་ཤེས་ཏེ་དགོངས་པ་དབྱིངས་ལ་གཏད་པས་གཉིད་ལས་སད་དེ། དྲན་པ་བདེ་སྟོང་ཆེན་པོའི་ངང་དུ་རིང་ཞིག་འདས། ལུང་བསྟན་དེ་ལ་བརྟེན་ནས་མི་ཆེན་སྡིག་ཏོ་ཅན་རྣམས་ཀྱི་ངོ་སྲུང་མ་བགྱིས་སོ། །དེའི་ཚེ་ཟླ་བ་བརྒྱད་པའི་ཚེས་བཅུ་དྲུག་གི་ཉིན་སྒྲུབ་


JLAZ010_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཆེན་མོ་ཉིད་ལ་གནས་བསྟོད་ཅིག་བརྩམས་ཏེ་འོད་གསལ་འགྲོ་འོང་མེད་པའི་ངང་དུ་མནལ་བ་ན། དབང་བོའི་ཡུལ་ལྔའི་ཐ་མལ་གྱི་འཛིན་པ་དྭངས། གཟུང་ཡུལ་རགས་པ་ཡིད་ཤེས་ཀྱི་ཆུ་མཚོར་ཐིམ། ཀུན་གཞི་མི་རྟོག་པའི་ངང་དུ་སྣང་ཆའི་རྟེན་འབྲེལ་ནུབ་པ་དང༌། ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱི་སྣང་བའི་འོད་གསལ་གྱི་མེད་ལོང་ཕྱིས་པའི་ངོས་ཤིན་ཏུ་དྭངས་པར་མ་བྱོན་བདེ་གཤེགས་སྟིང་པོ་རི་རབ་མར་མེའི་རྒྱལ་མཚན་སྣང་བའི་གྲོང་ཁྱེར་དུ་ཁམས་དྲུག་ལྡན་གྱི་མིའི་ཟོལ་ལ་བརྟེན་པ། དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོ་སྐུ་གཟུགས་བཟང་ལ་ན་བཟའ་ཆོས་གོས་རྣམ་གསུམ་གྱིས་མཛེས་ཤིང༌། སྐུ་ན་ཅུང་ཟད་སྨིན་པ། དེ་བཞིན་གཤེགས་པ་ལྟར་མཐོང་ན་མི་མཐུན་པ་མེད་པ་ཞིག་དང་མིག་འཕྲུལ་ལྟ་བུར་མཇལ་ཏེ། བརྗོད་བྱ་དོན་གྱི་ཐུགས་རྒྱུད་འཕོ་བར་གྱུར་ཅིག །འཕོ་བར་གྱུར་ཅིག །རྗོད་བྱེད་ཚིག་གི་བརྒྱུད་པ་རྫོགས་པར་གྱུར་ཅིག །རྫོགས་པར་གྱུར་ཅིག །ཅེས་གསུང་སྒྲ་ལྷང་ལྷང་ཞལ་འདོན་མཛད་པ་ཐོས། དེར་དྲན་པ་འཐོར་འགྲོ་བ་ལྟ་བུའི་དད་པ་དང་མོས་གུས་བཟོད་བླག་མེད་པ་ཞིག་སྐྱེས། ཕྱག་འཚལ་ལོང་མེད་པར་ཀུན་མཁྱེན་བླ་མའི་ཕྱག་གཉིས་ནས་འུབ་ཀྱིས་འཇུས། སྤྱི་བོ་བདེ་ཆེན་གྱི་འཁོར་


JLAZ010_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་ཅོད་པན་དུ་བཏགས་ནས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན། ཞེས་མོས་གུས་ཀྱིས་བརྒྱལ་བ་ཙམ་དུ་གསོལ་བ་བཏབ། ཁོ་བོ་ལ་དུས་ཕྱིས་དེ་སྐད་ཟེར་མཁན་ཡོང་ཕེབས། དེར་སྣང་བ་ལ། ཁམས་འདུས་མེ་ཏོག་ཕྲེང་ལྡན་ལ་སོགས་པར་གསུངས་པ་ལྟར་སེམས་ཅན་བསོད་ནམས་དམན་པས་སྐུ་དངོས་སུ་བཞུགས་དུས་དད་མོས་མེད་ཅིང་ལོག་སྒྲུབ་ཆེ་བའི་ཤུགས་ཀྱིས་ཐུགས་མུག་པར་བྱུང་འདུག་པའི་གསུང་ཅོང་ཡིན་པར་གོ་སྟེ། ངོས་ནས་ཁྱོད་ཀྱི་མཛོད་བདུན་དང༌། སྙིང་ཐིག་རྣམས་ཀྱི་དགོངས་གཏེར་གཅིག་པུའི་སྒོ་ནས་བསྟན་པ་དང་སེམས་ཅན་ལ་ཕན་བཏགས་པའི་བཀའ་དྲིན་དྲན་ཅིང༌། ཆེ་བའི་ཡོན་ཏན་སངས་རྒྱས་དངོས་དང་མཚུངས་པའི་མོས་གུས་རྒྱུན་གཏན་བྱེད་བཞིན་པར་ལགས་མོད་ཞུས་པས། ང་ལ་སྤྱན་ཧུར་གྱིས་གཟིགས་ནས། རིགས་ཀྱི་བུ་ཁྱོད་ལ་ད་ཅི་སྨོན་ལམ་གཏད་རྒྱའི་སྒོ་ནས་དོན་རྒྱུན་ཀྱི་དགོངས་པ་འཕོས་པ་ཡིན་པསཿ སྒྲུབ་པའི་སྲོག་མཁར་ཚུགས་ལ་སྐལ་ལྡན་ལ་རྒྱ་ཆེར་སྟོན་ཅིག །ཁྱོད་རང་གི་མགུར་མ་ཡང་ཤིན་ཏུ་ལེགས་པ་བྱུང་འདུག །གསུང་པའི་མོད་ལ་བསླབ་སྟོན་འདྲ་ཞུ་སྙམ་པ་དང༌། སྐུ་གསུམ་གྱི་སྣང་ཆ་མིག་འཕྲུལ་ལྟ་བུར་དབྱིབས་སུ་ནུབ་


JLAZ010_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཀུན་མཁྱེན་བླ་མ་དྲན་པ་ལ་ཚུགས་ཐབས་མེད་པ་ཞིག་བྱུང་ངོ༌། །བྲག་ཕུག་འགྲིམ་པའི་སྤྲང་བཙུན་བྷུ་སུ་ཀུ། །དབེན་པར་གནས་ནས་ན་ཚོད་མ་རྒས་པས། །རྟོགས་པ་སྐྱེ་བ་ཤེས་བྱར་མི་སྲིད་སྙམ། །དྲེགས་རློམ་ཅན་གྱིས་ག་ཞ་བྱེད་ན་ཡང༌། །རྒྱལ་སྲས་པདྨ་དགེ་བའི་བཤེས་གཉེན་གྱི། །རྫུ་ལ་ཞུགས་པ་ཀློང་གསལ་དྲི་མེད་ཀྱི། །ཞལ་མཐོང་ཙམ་གྱིས་བག་ཆགས་སྡིག་སྒྲིབ་ཟད། །གསུང་ཐོས་ཙམ་གྱི་རྟོགས་པའི་ཀློང་ཆེན་རྡོལ། །ཐ་སྙད་ཆོས་ལ་བསླབ་གཉེར་མ་བགྱིས་ཀྱང༌། །དཔེ་མཐོང་ཙམ་གྱིས་གདམས་པའི་གནད་མཚང་རིག །ཉིན་ཞག་གཅིག་ལ་སེམས་ཅན་སངས་རྒྱས་སུ། །བསྒྱུར་བའི་བཀའ་དྲིན་བསམ་གྱིན་བླ་མ་དྲན། །ཕྱི་ལྟར་ཧཱུྃ་ཆེན་འགྲོ་འདུལ་དྲི་མེད་རྗེ། །ནང་ལྟར་སིངྒའི་སློབ་དཔོན་མཉྫུ་ཤྲཱི། །གསང་བ་ཡེ་ཤེས་སྐུ་ཅན་ཀློང་ཆེན་པས། །བརྡ་ཐབས་རྟེན་འབྲེལ་དུ་མས་དོན་རྒྱུད་བྱིན། །མཐོང་སྣང་ཟ་ཟི་ནམ་མཁའི་གློག་དང་འདྲ། །རྡོ་ལ་ཞབས་རྗེས་མུ་སྟེགས་ནག་པོས་འཇོག །ཉམས་རྟོགས་དབང་པོའི་ཡུལ་དུ་མི་སྣང་བས། །གཞན་ལ་རྟག་བརྟན་ཐེར་ཟུག་སྨྲ་དོན་ཅི། །སྐུ་ཡི་བྱིན་གྱིས་བརླབས་པ་སྟེ་དང་པོའོ། །འདི་གནས་ཡིག་རྙིང་པར་ཉང་ཕུག་གོང་མར་གྲགས་པའི་དོན་ལ་ཉང་ཏིང་འཛིན་


JLAZ010_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་སྒྲུབ་ཕུག་བྱ་གཡབས་ཕུག་པ་ལྟ་བུའི་སྒོ་ལོགས་གཡས་ཟུར་ན་ད་ལྟ་བྲག་གསེང་དུ་ཤིང་སྒྲོ་དཀར་སྐྱེས་ཤིང༌། བྲག་ལོགས་ལ་མཆོད་རྟེན་གྱི་རི་མོ་གསུམ་ཡོད་པའི་བྲག་གཞོལ་འདེབས་དེར་འཇག་མའི་ལྷག་སྐྱོབ་ཙམ་ལ་བརྟེན་ནས་འདུག་པའི་སྐབས་ཡིན་ནོ། །དེ་ནས་ཉང་ཕུག་འོག་མའི་ཐ་སྙད་གྲགས་པ་ལ་བརྟེན་ནས་སྔ་རབས་པ་དག་གིས་ལྷོ་ཕྱོགས་ཀྱི་ཕྱིས་བྱུང་གི་བྲག་ཕུག་དེ་ལ་ཉང་ཕུག་གི་ཁ་བྱང་བྲིས་འདུག་ཀྱང༌། སྔར་བཤད་པ་ལྟར་གསལ་སྣང་གི་བདེན་པས་ངེས་ཤེས་རྙེད་པའི་སྔོན་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་དང༌། དེ་རྗེས་མངའ་བདག་ཉང་གི་མངའ་བདག་ཉང་གི་སྐྱེ་བ་བཅུ་གསུམ་དྲན། སྒྲུབ་ཕུག་ཡིན་པས་ཉང་ཕུག་འོག་མར་གྲགས་པ་ངེད་རང་གིས། ངོས་བཟུང་ཞིང་མེ་ཏོག་ཕུག་ཏུ་བཏགས་པའི་གནས་སུ་བཅད་མཚམས་ཤིན་ཏུ་དམ་ཞིང་ངེས་འབྱུང་གིས་རྒྱུད་བརླན་པ་ཞིག་གི་ཚེ། ཨ་འཐས་གཟུང་ཡུལ་གྱི་འཛིན་ཆ་ཞིག་པའི་སྣང་ངོར་ཡང་གཅིག་ཀུན་མཁྱེན་སངས་རྒྱས་གཉིས་པ་དང་མཇལ་བ་ན། དཔེ་ཆ་བམ་པོ་ཞིག་གནང་ནས་འདིས་ཤིང་རྟ་ཆེན་མོ་ན་གབ་པའི་ཚུལ་དུ་ཡོད་པ་མཐའ་དག་གསལ་བ་ཡོད། ཅེས་དང༌། གསང་མཛོད་ཆེན་མོའི་བརྡ་འགྲོལ་གྱི་སྐོར་སྐབས་འདིར་གསུངས་པ་ཡིན། ཡང་འདི་ཁྱེད་རང་གི་སྐྱེ་བརྒྱུད་ལུང་བྱང་ཡིན་ནོ་ཞེས་ཤོག་དྲིལ་ཞིག་གནང་བྱུང་བ་ཁ་ཕྱེ་


JLAZ010_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བས། ཡི་གེ་གོང་འོག་རིམ་པ་གཉིས་ཀྱི་རྣམ་པར་འདུག་པའི་གོང་མར། སྐྱེ་བ་སྔོན་མ་ནི་ཀུན་མཁྱེན་ཆོས་རྗེའོ། །ཞེས་འདུགཕྱི་མ་རྣམས་ཀློག་པར་རྩོམ་པ་ན། གསལ་སྣང་དེ་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་སོང་ལ། འདིའི་ཚེ་སྐུའི་བྱད་དབྱིབས་སོགས་འདི་ལྟར་འདུག་སྙམ་པའི་འཛིན་ཤེས་རགས་པ་གང་ཡང་མ་བྱུང་ངོ༌། །གསུང་གི་བྱིན་གྱིས་བརླབས་ནས་བསྟན་བཅོས་བརྩམ་པར་རྗེས་སུ་གནང་བ་སྟེ་ཞལ་མཐོང་གཉིས་པའོ། །དེ་ནས་ཟླ་ཤས་སོང་ཙ་ན། ཀུན་མཁྱེན་བླ་མ་ཉིད་པཎྡྲི་ཏའི་ཆ་བྱད་སྣུམ་བག་དང་ལྡན་ཞིང༌། ཤིན་ཏུ་གཞོན་ཤ་ཆགས་པ་དགུང་ལོ་ཉི་ཤུ་རྩ་གྲངས་པའི་སྐུ་ན་ཅན། དབུ་ལ་པཎ་ཞྭ་རྣ་རིང་བཞེས་པ་ཞིག་དང་མཇལ་ཏེ། རྡོ་རྗེ་ཕུང་པོའི་དཀྱིལ་འཁོར་ལུས་དཀྱིལ། རྨད་དུ་བྱུང་བའི་རྟ་བབས་གོང་མ་གཉིས་ཀྱི་འཕྱང་འཕྲུལ་ལ་བརྟེན། ལྷུན་གྲུབ་རིགས་ལྔ་ཡབ་ཡུམ་ཟུང་དུ་འཇུག་པའི་བརྡས། འོད་གསལ་དག་པ་རབ་འབྱམས་ཀྱི་དབང་བསྐུར་ནས། ཅི་ཡང་མི་གསུང་པར་ཤིན་ཏུ་དགྱེས་པ་ཆེན་པོའི་ཞལ་འཛུམ་མུ་ལེ་བའི་ངང་ལ། དག་ཆེན་ཡེ་ཤེས་ཀྱི་སྣང་ཆ་དབྱིངས་སུ་ཐིམ་པར་གྱུར་པ་ནི་ཐུགས་ཀྱི་བྱིན་གྱིས་བརླབས་ནས་དོན་རྒྱུད་རྟོགས་པའི་བདག་པོར་རྗེས་སུ་གནང་བ་སྟེ་ཞལ་མཐོང་གསུམ་པའོ། །དེའི་ཚེ་ཕྱི་ཡུལ་གྱི་སྣང་བ་གཏད་མེད་དུ་གྲོལ་ཏེ་མཉམ་གཞག་གི་དགོངས་


JLAZ010_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕྱོགས་ལྷུང་གི་རིས་མེད། ནང་འཛིན་པའི་འདུ་ཤེས་པ་ལ་རྩིས་གདབ་ཀྱི་རིས་མེད་པས་རང་གྲོལ་ཕྱོགས་ཡན་དུ་སངས། རྗེས་ཐོབ་ཤེས་རབ་ཀྱི་སྣང་ཆར་དགའ་བ་དང་སྐྱོ་བའི་ཡིད་ཀྱིས་དུས་འདས་ཏེ། དད་པ་དང་གདུང་ཤུགས་དྲག་པོའི་རྐྱེན་གྱིས་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ་ཞེས་བྱ་བ་དེ་ཡང་བརྩམས། ཤིང་རྟ་གསུམ་དང་མཛོད་ཆེན་བདུན་གྱི་བརྗོད་བྱའི་དོན་སྙིང་ལ་ཤར་བས་ཀུན་མཁྱེན་ཞལ་ལུང༌། པདྨ་དཀར་པོ། གོལ་ཤོར་ཚར་གཅོད་སོགས་མན་ངག་གི་གནད་ལྟ་སྒོམ་གྱི་བཅུད། ཉམས་ལེན་གྱི་མཚང་ལྟ་བུའི་གནད་ལག་བཅངས་མ་ཚིག་ཉུང་དོན་གསལ་མང་པོ་ཡང་བྲིས། དེ་ཡང་སྒོམ་ཆེན་པ་ནི་བཤད་རལ་དང་རྟོག་དཔྱོད་ལ་གཙོར་འདོན་མི་བྱེད་ཅིང༌། ཁྱད་པར་དུ་ཐོས་བསམ་ཙམ་ལ་བརྟེན་པའི་ཐ་སྙད་དང་གནས་ལུགས་བརྗོད་བྲལ་གྱི་དོན་གོ་བའི་ཕོ་ཚོད་ཙམ་གྱིས་གཏན་ལ་ཕབ་པའི་བསྟན་བཅོས་དང་མི་འདྲ་པར་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རྫོགས་པའི་སངས་རྒྱས་དང༌། ཨོ་རྒྱན་ཆོས་རྗེ། བི་མ་ལ། མགོན་པོ་ཀླུ་སྒྲུབ་ལྟར་དབང་སྒྱུར་ནུས་པའི་བརྟུལ་ཞུགས་ཀྱིས་བསྟན་པའི་སྲོག་ཤིང་དུ་བསྒྲུབས་པ་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་ཉི་ཟླའི་སྣང་བ་ལྟ་བུ་རྩོད་པ་དང་རྒོལ་ངན་གྱིས་གླགས་ལྟ་བར་མི་བཟོད་པ་འདི་དག་ཡོད་བཞིན་དུ། རང་ཅག་གི་སྲིན་བུའི་མེ་འོད་ལྟ་བུའི་


JLAZ010_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་ཆེན་པོ་བཅོས་པ་ལ་དགོས་པ་མེད་སྙམ་ནས་ལྷོད་དེ་སྡོད་པ་ལ་འདུན་ནོ། །འོན་ཀྱང་དགོངས་གཏེར་ཆེན་པོ་དེ་དག་གི་དོན་ལ་ཐོས་པ་དང༌། བསམ་པ་དང༌། སྒོམ་པ་དང༌། བཀུར་སྟི་དང༌། རི་མོར་བྱ་བ་དང༌། བཤད་པ་དང༌། སྒྲུབ་པའི་སྒོ་ནས་རང་རྒྱུད་སྨིན་གྲོལ་དུ་བསྒྲུབ་ཅིང་གཞན་དག་ལའང་བསྔགས་པར་བརྗོད་པ་དང༌། རྒྱ་ཆེར་འདོམས་པའི་སྤྱོད་པ་ལ་བསླབ་པར་དམ་བཅས་ཤིང༌། དེ་ཡང་གཞོན་ནུ་ནོར་བཟང་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་སྨོན་ལམ་དུ་བཏབ་པར། ལན་གཅིག་ཙམ་ཡང་དད་པ་སྐྱེས་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་བཤད་པ་ལྟར། གདུལ་བར་བྱ་བ་གང་ཟག་གི་དད་པའི་མྱུར་གུ་གསར་དུ་བསྐྱེད་པ་དང༌། བྱིན་རླབས་དོན་གྱི་ཉེ་བརྒྱུད་ལག་པའི་མཐིལ་དུ་ཟིན་པའི་རྟེན་འབྲེལ་གྱི་བདེན་པ་མི་འགོག་པའི་ཕྱིར་དུ། ཆོས་ཀྱི་རྣམ་གྲངས་དེ་དག་གི་དོན་ཟབ་པ་དང་རྒྱ་ཆེར་བ་ཇི་སྙེད་ཅིག་དགོངས་པའི་ཀློང་ནས་རང་ཤར་བའི་ཚུལ་དུ་བཀོད་པ་མན་ངག་གི་བསྟན་བཅོས་རིན་པོ་ཆེ་ལུང་གི་གཏེར་མཛོད་ལ་སོགས་པའང་བགྱིས་ནས་རྡོ་རྗེའི་གནས་ཆེན་པོ་རྣམས་གསལ་བར་བགྱིས་པ་ཡིན་ནོ། །


previousགསང་བ་ཆེན་པོ་ཉམས་སྣང་གི་རྟོགས་བརྗོད་ཆུ་ཟླའི་གར་མཁན།next