Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ།


JLAZ010_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་བཞུགསཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་ཧེ་རུ་ཀཿ རིག་འཛིན་གྱི་རྩ་རྒྱུད་ཐོད་པའི་དུམ་བུ་ཞེས་བྱ་བཿ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོཿ རྒྱུད་ཅེས་བྱ་བ་རྒྱུན་ཆགས་ཏེཿ རྒྱུ་ཡིས་མ་བསྐྱེད་རྐྱེན་ལས་གྲོལཿ རིག་པ་བདེ་གཤེགས་སྙིང་པོའི་རྒྱུདཿ སྤྲོས་པ་རྣམ་དག་ངོ་བོ་ཉིདཿ མ་བཅོས་མ་བསླད་དེ་བཞིན་གཤེགསཿ དེ་ཉིད་མངོན་དུ་བྱ་བའི་ཐབསཿ ལམ་གྱི་རྒྱུད་ནི་མཐའ་ཡས་ཀྱངཿ ཐབས་ལ་བརྟེན་པ་ཕ་ཡི་རྒྱུདཿ ཤེས་རབ་གཙོར་སྟོན་མ་ཡི་རྒྱུདཿ ཆ་མཉམ་གཉིས་མེད་ཟུང་འཇུག་རྒྱུདཿ རྟག་ཆད་ལས་གྲོལ་ལྟ་བ་དངཿ ཡུལ་དུས་འབྲེལ་པའི་སྤྱོད་པ་དངཿ དཀྱིལ་འཁོར་ཕྱག་རྒྱ་གསལ་རྫོགས་དངཿ ཕྲིན་ལས་བཞི་ཡི་མཐའ་སྒྱུར་དངཿ འཇུག་སྒོ་དབང་གི་བྱེ་བྲག་དངཿ དེ་ཡི་སྲོག་འཛིན་དམ་ཚིག་དངཿ ལྷ་ཡི་སྙིང་པོ་གསང་སྔགས་དངཿ བདེན་པའི་མཐུ་ཅན་ཕྱག་རྒྱ་དངཿ ལྷ་དང་སྙིང་ཉེར་བསྙེན་པ་དངཿ ཚོམ་བུ་ཚོགས་ཀྱི་སྒྲུབ་པ་དངཿ བསོད་ནམས་ཚོགས་སྤེལ་མཆོད་པ་སྟེཿ རྒྱུད་ཀྱི་དངོས་པོ་བཅུ་གཅིག་ནིཿ མདོ་ཆིངས་ཡིན་པར་མཁས་པས་བཟུངཿ དེ་ཡང་རྒྱུད་ལུང་མན་ངག་གིཿ ཁྱད་པར་འདི་ནི་ཤེས་བྱ་སྟེཿ


JLAZ010_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པས་བཀའ་སྩལ་རྒྱུད་ཡིན་ལཿ ཞུ་བ་པོ་ཡིས་བསྡུས་པ་ལུངཿ དེ་ལ་གཅུས་དང་དཀྲུགས་དང་གབཿ ཇི་བཞིན་གསལ་བ་མན་ངག་སྟེཿ དབྱེ་ན་ངོ་བོ་ངེས་ཚིག་དངཿ རྣམ་གྲངས་གསུམ་གྱིས་སྟོན་པ་ཡིཿ ངོ་བོ་ཆོས་ཉིད་མ་འཁྲུལ་བཿ ངེས་ཚིག་ཐེ་ཚོམ་བྲལ་བ་སྟེཿ རྣམ་གྲངས་ཤེས་དང་ཉམས་སུ་བླངཿ འཁྲུགས་པ་སྡེབ་པ་རྣམ་གསུམ་མོཿ དེ་ཡང་དྲང་དོན་བསྐྱེད་རིམ་དངཿ ངེས་དོན་རྫོགས་རིམ་དགོངས་པ་ཅནཿ བརྗོད་བྱས་ལྡོག་པའི་དོན་སྟོན་ཅིངཿ དགོངས་མིན་དེ་ལས་ལྡོག་པའོཿ དེ་བཞིན་གབ་དང་མ་གབ་པཿ སྒྲ་ཇི་བཞིན་དང་མ་ཡིན་ཏེཿ མཐའ་དྲུག་གནད་ཀྱི་མན་ངག་གོཿ ཁྱད་པར་ཡིག་དོན་སྤྱི་དོན་གཉིསཿ སྦས་པའི་དོན་དང་མཐར་ཐུག་སྟེཿ ཚུལ་བཞིའི་མན་ངག་ལ་བརྟེན་ནསཿ རྒྱུ་རྒྱལ་ཟབ་མོའི་དོན་ལ་སྤྱོདཿ འབྲས་བུའི་རྒྱུད་ནི་ངོ་བོའི་ཆོསཿ སྣ་ཚོགས་དག་བྱའི་སྒྲིབ་པ་གངཿ ལམ་གྱི་བདེན་པ་ཚོགས་གཉིས་མཐུསཿ མངོན་དུ་གསལ་ནས་སྐུ་གསུང་ཐུགསཿ ཡེ་ཤེས་རྡོ་རྗེའི་རང་བཞིན་དུཿ མངོན་པར་བྱང་ཆུབ་ངོ་བོ་ཉིདཿ ཚིག་དང་དཔེ་ལས་འདས་པའོཿ དེ་དག་གསལ་བར་བྱེད་པ་ནིཿ རང་སྣང་ཉིད་ལས་རང་གིས་སྤྱོདཿ སྟོན་བྱེད་གཙོ་


JLAZ010_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྡུད་བྱེད་འཁོརཿ བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ཀུནཿ རང་ལས་ལོགས་སུ་མ་ཡིན་ཏེཿ ཡེ་ཤེས་ལྟར་དུ་ཀློང་དགུའི་རྩལཿ ཡི་དམ་ལྟར་དུ་སྒྲུབ་སྡེ་བརྒྱདཿ བྱང་སེམས་ལྟར་དུ་ཉེ་བའི་སྲསཿ རིག་འཛིན་ལྟར་དུ་འདི་ལྟ་སྟེཿ ཨོ་རྒྱན་རང་བྱུང་མཁའ་འགྲོའི་གླིངཿ རོ་གླིང་བསིལ་བའི་ཚལ་ཆེན་དུཿ གདན་འཛོམས་གདུལ་བྱ་དུས་བབས་ཚེཿ འོག་མིན་གནས་སུ་ཧེ་རུ་ཀསཿ ལེགས་གསུངས་བདེ་གཤེགས་ཡོངས་རྫོགས་རྒྱུདཿ མཆོད་རྟེན་བདེ་བྱེད་བརྩེགས་པ་རུཿ སྩལ་པ་ལས་ཀྱི་དབང་མོ་ཆེསཿ ཕྱུངས་ཏེ་རིག་འཛིན་བརྒྱད་ལ་གཏདཿ ཟ་ཧོར་ཡུལ་དུ་སྐུ་འཁྲུངས་པའིཿ དྲི་མེད་ཆོས་ཀྱི་བཤེས་གཉེན་ལཿ ཆེ་མཆོག་བདུད་རྩིའི་སྒྲོམ་བུ་གཏདཿ མ་ལ་ཡར་འཁྲུངས་བྲམ་ཟེའི་བུཿ མི་ཏྲ་མཉྫུ་ཤྲཱི་ལཿ སྐུ་མཆོག་འཇམ་དཔལ་སྒྲོམ་བུ་གཏདཿ བཻ་ཏའི་ཡུལ་འཁྲུངས་བྲམ་ཟེའི་རིགསཿ བློ་ཆེན་ནཱ་ག་རྫུ་ན་ལཿ གསུང་མཆོག་པདྨའི་སྒྲོམ་བུ་གཏདཿ སིང་ག་ལ་ཡི་ནགས་གླིང་དུཿ འཁྲུངས་པའི་ཧཱུྃ་ཆེན་ཀཱ་ར་ལཿ ཐུགས་མཆོག་ཡང་དག་སྒྲོམ་བུ་གཏདཿ ཨོ་རྒྱན་ཐོར་ཅོག་ཅན་གྱི་ཡུལཿ འཁྲུངས་པའི་པྲ་བྷ་ཧསྟི་ལཿ ཕྲིན་ལས་ཕུར་པའི་སྒྲོམ་བུ་གཏདཿ ཐོ་གར་


JLAZ010_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་སྐུ་འཁྲུངས་པའིཿ དྷ་ན་སཾ་སྐྲྀ་ཞེས་བྱ་བརཿ ཁྲག་འཐུང་མངོན་རྫོགས་སྒྲོམ་བུ་གཏདཿ མཁའ་འགྲོའི་གླིང་དུ་སྐུ་འཁྲུངས་པའིཿ ལྷ་ཡི་ཟླ་བ་ཞེས་བྱ་ལཿ མཆོད་སྟོད་དྲེགས་པའི་སྒྲོམ་བུ་གཏདཿ མཚོ་གླིང་ཚལ་དུ་སྐུ་འཁྲུངས་པའིཿ ཞི་བའི་སྙིང་པོ་ཞེས་བྱ་བརཿ དྲག་སྔགས་དམོད་པའི་སྒྲོམ་བུ་གཏདཿ ཀུན་ཀྱང་རང་རྒྱུད་མ་ཡིན་ཏེཿ ལྷ་དང་བཀའ་བབས་ལྟར་བསྟན་ཡངཿ བསྒྲུབ་བྱ་སྒྲུབ་བྱེད་རོ་གཅིག་སྟེཿ གདུལ་བྱའི་ངོ་རུ་སྣང་བ་ཙམཿ དེ་བཞིན་ཡོངས་རྫོགས་རིན་ཆེན་སྒྲོམཿ དྷ་ན་ཀོ་ཤའི་མཚོ་གླིང་དུཿ རྫུས་ཏེ་བྱོན་པའི་རིག་འཛིན་ལཿ ལས་ཀྱི་དབང་མོ་ཆེ་ཡིས་གཏདཿ འདི་ནི་རིག་འཛིན་རྡོ་རྗེ་ཆོསཿ སྟོན་པ་རང་ཉིད་སྡུད་བྱེད་ཀྱིཿ ཚུལ་བཟུང་ཟབ་མོའི་གསང་བ་འཛིནཿ གཙོ་དང་འཁོར་གྱི་ཚོམ་བུའི་ཚུལཿ ལྟར་དུ་བསྟན་པའི་མན་ངག་བཅུདཿ གསང་སྔགས་ཀུན་ཀྱི་འབྲས་བུ་སྟེཿ མངའ་བདག་རྒྱལ་པོའི་ཆོས་སྐལ་ཡིནཿ ཁྱོད་ཉིད་དག་དང་མ་དག་གིཿ སྲིད་པའི་རྣམ་རོལ་བཅུ་གསུམ་གྱིཿ སྐྱེ་བའི་མཐའ་བཅད་ཐུགས་རྗེའི་སྤྲུལཿ ཉི་ཤུ་རྩ་གཅིག་ལ་སོགས་པཿ གྲངས་ཅན་གྲངས་མེད་འགྱེད་པའི་དུསཿ རང་རྒྱུད་སྤས་ཚུལ་ལྟར་བཞུགས་པའིཿ གསུང་སྤྲུལ་བདུན་གྱི་གཅིག་


JLAZ010_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཤོས་ལཿ སྨོན་ལམ་གཏད་རྒྱའི་དབང་བསྐུར་བསཿ ནམ་ཞིག་འགྲོ་དོན་དུས་བབ་ཚེཿ རིག་འཛིན་ཁྱོད་ཀྱིས་བལྟར་ཡོད་ལཿ ཕལ་གྱིས་བཟུང་དུ་མེད་པ་ཡིཿ མཁའ་འགྲོའི་ཡི་གེ་རྫུ་འཕྲུལ་ཅནཿ སྐུ་གདུང་འབར་བའི་བརྡ་རིས་འདིཿ དབྱིངས་ཀྱི་མཁའ་འགྲོས་སྤྲད་པའི་མོདཿ སོ་སོ་ཡང་དག་རིག་པ་བཞིཿ དག་པ་ཆེན་པོའི་བརྟུལ་ཞུགས་ལཿ དབང་སྒྱུར་ཆོས་ཀྱི་གཏེར་ལ་དབངཿ འདི་མེད་བློ་ཡིས་བྱས་པའི་ཆོསཿ ཟབ་མོའི་གཏེར་དུ་ཁུངས་འཕྱིན་ཅིངཿ རྫས་གསབ་སྙན་གྱི་རི་མོ་ཡིཿ པདྨའི་ཆོས་ལ་ཡ་ག་འབོདཿ དེ་ཚེ་རྨོངས་པས་བརྟགས་དཀའ་ཡངཿ མཁས་པས་རང་བཞིན་ཤེས་པ་ཡིཿ གར་གྱི་དབང་ཕྱུག་འཇིགས་མེད་གླིངཿ འབྲེལ་ཚད་དོན་དང་ལྡན་པར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུ་ཧྱཿ དྷ་ཐིམཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ།next