Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་རྒྱ་མཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་རྒྱ་མཚོ།next

དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་རྒྱ་མཚོ།


JLAZ010_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བཞུགས། །


JLAZ010_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་བསམ་གྱིས་མི་ཁྱབ་པའི། །ཡེ་ཤེས་ལྷན་ཅིག་སྐྱེས་པ་ནི། །བླ་མའི་བྱིན་གྱིས་ཐོབ་པའི་ཕྱིར། །དེ་ཉིད་མཆོད་པའི་ཆོ་ག་བཤད། །དེ་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་བླ་མའི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་གྲོལ་ཞིང་དགྲོལ་བར་འགྱུར་བ་འབའ་ཞིག་ལས་སྟེས་དབང་དང་རང་བཟོས་གྲོལ་བ་མ་ཡིན་པའི་ཚུལ་ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པར་ནི། །གྲུས་ཀྱང་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་ཀུན་རྫོགས་ཀྱང༌། །བླ་མ་མེད་ན་སྲིད་མཐའ་མིན། །ཞེས་སོ། །དེ་བས་ན་སྒོམ་པ་ཐམས་ཅད་ཀྱི་ནང་ནས་བླ་མ་སྒོམ་པ་དང༌། མཆོད་པ་ཐམས་ཅད་ཀྱི་ནང་ནས་བླ་མ་མཆོད་པ་ལས་ལྷག་པའི་བསོད་ནམས་མེད་པའི་ཚུལ་ནམ་མཁའ་ཀློང་ཡངས་ལས། ལྷ་སྐུ་འབུམ་ཕྲག་སྟོང་སྒོམས་པས། །བླ་


JLAZ010_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མོས་པ་ཁྱད་པར་འཕགས། །ཞེས་དང༌། དེའི་ཚུལ་ཡང་བསྐྱེད་རྫོགས་གཞན་དག་བསྙེན་སྒྲུབ་ལས་སྦྱོར་དང་བོགས་འདོན་གྱི་གྲོགས་རྐྱེན་ལ་ལྟོས་པ་ལས་རང་ངོ་དེས་མི་གྲོལ་ལ། འདིར་ནི་བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲེལ་མེད་གནས། །ཞེས་དང༌། རྒྱུད་སྡེ་ལྔ་བཅུ་པ་ལས། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཞེས་པ་ལ་དགོངས་ནས། སྡོམ་འབྱུང་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་ཡང་དག་བརྩམ། །འདི་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་པས་འདིར་དེའི་ཚུལ་ལག་ཏུ་བླང་བའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། དབང་དང་


JLAZ010_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ན་ཚོན་དཀྱིལ་གཉིས་གང་རུང་གི་དཀྱིལ་འཁོར་སྒོ་རྫོགས་ཅན་སྤྱི་དང་མཐུན་པ་ལ་དབུས་ནས་རིམ་པར་རིན་ཆེན་ཟུར་བརྒྱད། རིག་འཛིན་སྣམ་བུ། པད་འདབ་བཅུ་བཞི། ཉེར་བཞི། ཞེ་ལྔ་པ་རྣམས་ལ་ལྷ་གནས་ཀྱི་དྲིའི་ཐིག་ལེ་བཀོད་པའི་ཤར་སྒོའི་གཡས་གཡོན་དུ་དབང་རྫས་ཀྱང་བཤམ། ཚོགས་གསོག་སྤྱིར་བཏང་ཙམ་ལ་དཀྱིལ་འཁོར་མ་གྲུབ་ན་བྲིས་སྐུ་ལ་སོགས་པའི་རྟེན་དང་སྤྱན་གཟིགས་དགྲམ། མཆོད་གཏོར་དང་ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་རྒྱ་ཆེན་པོ་འདུ་བྱ་བ་ནི་ཅི་ནས་ཀྱང་གལ་ཆེའོ། །གཉིས་པ་དངོས་གཞི་ལ་རྣམ་གྲངས་ཉེར་གཅིག་ལས། དང་པོ་སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་སོགས་ལན་གསུམ། གཉིས་པ་བླ་མའི་མོས་གུས་ལ་བརྟེན་ནས་རྒྱུད་སྦྱོང་བ་ནི། མོས་གུས་དྲག་པོས། སྙིང་དབུས་དད་པའི་གེ་སར་བཞད་པ་ནས། །སྐྱབས་གཅིག་དྲིན་ཅན་བླ་མ་ཡར་ལ་བཞེངས། །ལས་དང་ཉོན་མོངས་དྲག་པོས་གཟིར་བ་ཡི། །སྐལ་པ་ངན་པ་བདག་ལ་སྐྱོབ་པའི་ཕྱིར། །སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །དྲན་དང་ཤེས་བཞིན་ཀུན་ཀྱང་བཞེངས་སུ་གསོལ། །ད་རེས་དམྱལ་བ་ཡི་དྭགས་དུད་འགྲོ་དང༌། ཚེ་རིང་ལྷ་དང་ཀླ་ཀློ་ལོག་ལྟ་ཅན། །སངས་རྒྱས་མ་བྱོན་ཞིང་དང་ལྐུགས་པ་སྟེ། །མི་ཁོམ་བརྒྱད་ལས་ཐར་པའི་དལ་བ་ཐོབ། །མིར་གྱུར་དབང་པོ་ཚང་དང་ཡུལ་དབུས་སྐྱེས། །


JLAZ010_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཐའ་མ་ལོག་བསྟན་ལ་དད་པ་སྟེ། །རང་ཉིད་འབྱོར་པ་ལྔ་ཚངས་སངས་རྒྱས་བྱོན། །ཆོས་གསུང་བསྟན་པ་གནས་དང་དེ་ལ་ཞུགས། །བཤེས་གཉེན་དམ་པས་ཟིན་དང་གཞན་འབྱོར་ལྔ། །ཐམས་ཅད་རང་ལ་ཚང་བའི་གནས་ཐོབ་ཀྱང༌། །རྐྱེན་མང་ངེས་པ་མེད་པའི་ཆོས་སྤངས་ནས། །འཇིག་རྟེན་ཕ་རོལ་ཉིད་དུ་སོན་པར་འགྱུར། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ད་རེས་དལ་རྟེན་དོན་ཡོད་མ་བྱས་ན། །ཕྱི་ནས་ཐར་བ་བསྒྲུབ་པའི་རྟེན་མི་རྙེད། །བདེ་འགྲོའི་རྟེན་ལ་བསོད་ནམས་ཟད་གྱུར་ནས། །ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་འཁྱམ། །དགེ་སྡིག་མི་ཤེས་ཆོས་ཀྱི་སྒྲ་མི་ཐོས། །དགེ་བའི་བཤེས་དང་མི་མཇལ་མཚང་རེ་ཆེ། །སེམས་ཅན་ཙམ་གྱི་གྲངས་དང་རིམ་པ་ལ། །བསམས་ན་མི་ལུས་ཐོབ་པ་སྲིད་མཐའ་ཙམ། །མི་ཡང་ཆོས་མེད་སྡིག་ལ་སྤྱོད་མཐོང་ན། །ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །གལ་ཏེ་མི་ལུས་རིན་ཆེན་གླིང་ཕྱིན་ཡང༌། །ལུས་རྟེན་བཟང་ལ་བྱུར་པོ་ཆེ་ཡི་སེམས། །ཐར་པ་


JLAZ010_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་རྟེན་དུ་མི་རུང་ཞིང༌། །ཁྱད་པར་བདུད་ཀྱིས་ཟིན་དང་དུག་ལྔ་འཁྲུགས། །ལས་ངན་ཐོག་ཏུ་བབས་དང་ལེ་ལོས་གཡེང༌། །གཞན་ཁོལ་བྲན་གཡོག་འཇིགས་སྐྱོབ་ཆོས་ལྟར་བཅོས། །རྨོངས་སོགས་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླ་ལྷགས་པའི་ཚེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །སྐྱོ་ཤས་ཆུང་ཞིང་དད་པའི་ནོར་དང་བྲལ། །འདོད་སྲེད་ཞགས་པས་བཅིངས་དང་ཀུན་སྤྱོད་རྩུབ། །མི་དགེ་སྡིག་ལ་མི་འཛེམ་ལས་མཐའ་ལོག །སྡོམ་པ་ཉམས་ཤིང་དམ་ཚིག་རལ་པ་སྟེ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླ་ལྷགས་པ་ཚེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ད་ལྟ་ནད་དང་སྡུག་བསྔལ་གྱིས་མ་གཟིར། །བྲན་ཁོལ་ལ་སོགས་གཞན་དབང་མ་གྱུར་པས། །རང་དབང་ཐོབ་པའི་རྟེན་འབྲེལ་འགྲིགས་དུས་འདིར། །སྙོམས་ལས་ངང་དུ་དལ་འབྱོར་ཆུད་གསོན་ན། །འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་པ་ལྟ། །ལྟ་ཅི་གཅེས་པར་བཟུང་བའི་ལུས་འདི་ཡང༌། །མལ་གྱི་ནང་ན་ས་ཕྱོགས་སྟོང་པར་བསྐྱལ། །ཝ་དང་བྱ་རྒོད་


JLAZ010_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་ཡིས་འདྲད་པའི་དུས། །བར་དོའི་ཡུལ་ན་འཇིགས་པ་ཤིན་ཏུ་ཆེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །དགེ་སྡིག་ལས་ཀྱི་རྣམ་སྨིན་ཕྱི་བཞིན་འབྲང༌། །ཁྱད་པར་དམྱལ་བའི་འཇིག་རྟེན་ཉིད་སོན་ན། །ལྕགས་བསྲེགས་ས་གཞིར་མཚོན་གྱིས་མགོ་ལུས་འབྲལ། །སོག་ལེས་གཤོག་དང་ཐོ་ལུམ་འབར་བས་འཚིར། །སྒོ་མེད་ལྕགས་ཁྱིམ་འཐུམས་པར་འོ་དོད་འབོད། །འབར་བའི་གསལ་ཤིང་གིས་འབུགས་ཁྲོ་ཆུར་འཚོད། །ཀུན་ནས་ཚ་བའི་མེས་བསྲེགས་བརྒྱད་ཚན་གཅིག །གངས་རི་སྟུག་པོའི་འདབས་དང་ཆུ་འཁྱགས་ཀྱི། །གཅོང་རོང་ཡ་ངའི་གནས་སུ་བུ་ཡུག་སྦྲེབས། །གྲང་རེག་རླུང་གིས་བཏབ་པའི་ལང་ཚོ་ནི། །ཆུ་བུར་ཅན་དང་ལྷག་པར་བརྡོལ་བ་ཅན། །སྨྲེ་སྔགས་རྒྱུན་མི་ཆད་པར་འདོན་པ་ཡང༌། །ཚོར་པའི་སྡུག་བསྔལ་བརྣག་པར་དཀའ་བ་ཡིས། །ཟུངས་ཀྱིས་རབ་བཏང་འཆི་ཁའི་ནད་པ་བཞིན། །ཤུགས་རིང་འདོན་ཞིང་སོ་ཐམ་པགས་པ་འགས། །ཤའུ་ཐོན་ནས་ལྷག་པར་འགས་ཏེ་བརྒྱད། །དེ་བཞིན་སྤུ་གྲིའི་ཐང་ལ་རྐང་པ་གཤོགས། །རལ་གྲིའི་ཚལ་དུ་ལུས་ལ་བཅད་གཏུབས་བྱེད། །རོ་མྱགས་འདམ་ཚུད་ཐལ་ཚན་


JLAZ010_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རབས་མེད་ཀློང༌། །མནར་བའི་ཉེ་འཁོར་བ་དང་འགྱུར་བ་ཅན། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །རྟག་ཏུ་བཀོལ་ཞིང་སྤྱོད་པའི་ཉི་ཚེ་བ། །རྣམ་གྲངས་བཅོ་བརྒྱད་གང་ལས་འབྱུང་བའི་རྒྱུ། །ཞེ་སྡང་དྲག་པོའི་ཀུན་སློང་སྐྱེས་པའི་ཚེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །དེ་བཞིན་ཕོངས་ལ་ཉམས་མི་དགའ་བའི་ཡུལ། །བཟའ་བཏུང་ལོངས་སྤྱོད་མིང་ཡངས་མི་གྲགས་པར། །ཟས་སྐོམ་ལོ་ཟླར་མི་རྙེད་ཡི་དྭགས་ལུས། །རིད་ཅིང་ལྡང་བའི་སྟོབས་ཉམས་རྣམ་པ་གསུམ། །གང་ལས་འབྱུང་བའི་རྒྱུ་ནི་སེར་སྣ་ཡིན། །གཅིག་ལ་གཅིག་བཟའ་གསོད་པའི་འཇིགས་པ་ཆེ། །བཀོལ་ཞིང་སྤྱོད་པས་ཉམ་ཐག་བླང་དོར་རྨོངས། །ཕ་མཐའ་མེད་པའི་སྡུག་བསྔལ་གྱིས་གཟིར་བའི། །ས་བོན་གཏི་མུག་མུན་པར་འཁྱམས་པ་བདག །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ཆོས་ལམ་ཞུགས་ཀྱང་ཉེས་སྦྱོད་མི་སྡོམ་ཞིང༌། །ཐེག་ཆེན་སྒོར་ཞུགས་གཞན་ཕན་སེམས་དང་བྲལ། །དབང་བཞི་ཐོབ་ཀྱང་བསྐྱེད་རྫོགས་མི་སྒོམ་པའི། །ལམ་གོལ་འདི་ལས་བླ་མས་བསྒྲལ་དུ་གསོལ། །ལྟ་བ་མ་རྟོག་ཐོ་ཅོའི་སྤྱོད་


JLAZ010_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན། །སྒོམ་པ་ཡེངས་ཀྱང་གོ་ཡུལ་འུད་གོག་འཐག །སྤྱོད་པ་ནོར་ཀྱང་རང་སྐྱོན་མི་སེམས་པའི༌། །ཆོས་དྲེད་འདི་ལས་བླ་མས་བསྒྲལ་དུ་གསོལ། །ནངས་པར་འཆི་ཡང་གནས་གོས་ནོར་ལ་སྲེད། །ན་ཚོད་ཡོལ་ཡང་ངེས་འབྱུང་སྐྱེ་ཤས་བྲལ། །ཐོས་པ་ཆུང་ཡང་ཡོན་ཏན་ཅན་དུ་རློམ། །མ་རིག་འདི་ལས་བླ་མས་བསྒྲལ་དུ་གསོལ། །རྐྱེན་ཁར་འཆོར་ཡང་འདུ་འཛིན་གནས་སྐོར་སེམས། །དབེན་པ་བསྟེན་ཀྱང་རང་རྒྱུད་ཤིང་ལྟར་རེངས། །དུལ་བར་སྨྲ་ཡང་ཆགས་སྡང་མ་ཞིག་པའི། །ཆོས་བརྒྱད་འདི་ལས་བླ་མས་བསྒྲལ་དུ་གསོལ། །གཉིད་འཐུག་འདི་ལས་མྱུར་དུ་སད་དུ་གསོལ། །ཁྲིན་མུན་འདི་ལས་མྱུར་དུ་དབྱུང་དུ་གསོལ། །ཞེས་འབོད་པ་དྲག་པོས་ཐུགས་རྗེ་ལྷོངས་པར་བྱའོ། །གསུམ་པ་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་སྡོམ་བླང་བའི་ཐོག་མར་ཚོགས་གསོག་ནི། གང་ཞིག་ལུས་པ་མེད་པའི་སེམས་ཅན་ཀྱི། །མགོན་དང་དཔུང་གཉེན་གྱུར་ཀྱང་བདུད་སྡེའི་དགྲ། །ཇི་ལྟར་ཇི་སྙེད་མཁྱེན་ཅིང་གཟིགས་པ་ཡི། །བཅོམ་ལྡན་བདག་གི་སྡུམ་པར་མཆིས་སུ་གསོལ། །ལས་ཀྱིས་སྤྲུལ་པ་མ་ཡིན་འབྱོན་པའི་ཤུལ། །ཁྲུས་ཀྱི་ཁང་བུ་བརྩེགས་པ་དྲི་བསུང་ཅན། །ཤེལ་དང་ནོར་བུའི་ས་གཞི་ཀ་བར་ལྡན། །གཡུ་དམར་མུ་ཏིག་བླ་བྲེ་དཔྱངས་པ་དེར། །བདེ་གཤེགས་རིགས་ཀྱི་བུ་མཆོག་བཅས་པ་ལ། །སྤོས་ཆུས་གང་


JLAZ010_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནོར་བུའི་བུམ་པ་ནས། །ཁྲུས་ཀྱི་རིམ་འགྲོ་བགྱིད་པའི་སྨིན་ལེགས་མ། །གླུ་གར་རོལ་མོའི་འགྱུར་བ་འགྲན་ལ་བརྩོན། །ཉེ་རེག་ཆོ་ག་མཁས་པའི་རི་དྭགས་མིག །དྲིལ་ཕྱིས་བསྐུ་མཉེའི་སྲི་ཞུས་གཡེང་བ་ཡང༌། །ཁ་དོག་གཅིག་ཏུ་མི་གནས་དབང་པོའི་ཚོན། །ཐགས་སུ་བཏགས་པ་མེད་པའི་ལྷ་རྫས་ཉོ། །དཔག་བསམ་ལྗོན་པས་བཙོང་པའི་པཉྩ་ལི། །ལྕིད་ཀྱིས་ནོན་སྤངས་སྲབ་འཇམ་ཡང་བའི་གོས། །དྲི་དང་སྤོས་ཆུས་བགོས་ཤིང་བྱུགས་པ་དང༌། །རིན་ཐང་བརྗོད་ལ་ཁྲེལ་བའི་རིན་ཆེན་རྒྱན། །གདུ་བུ་དཔུང་རྒྱན་སྙན་ཆ་ཅོད་པན་སོགས། །འདོད་པའི་ཡོན་ཏན་སྤངས་པའི་ཐུབ་དབང་ཀྱང༌། །བཀྲེན་ལྡན་བསོད་ནམས་སླད་དུ་བདག་གིར་བཞེས། །འཇིག་རྟེན་དབང་ཕྱུག་ལ་སོགས་ཉེ་བའི་སྲས། །ངན་སོང་ཀུན་འདྲེན་ལ་སོགས་སྐལ་བཟང་གི། སེམས་དཔའ་བཅུ་དྲུག་དང་ནི་ཁྱིམ་པའི་ཚུལ། །ཆོས་འཕགས་རྟག་ཏུ་ངུ་དང་ལི་ཙ་བྱི། །དྲི་མ་མེད་པར་གྲགས་ལའང་དབུལ་བར་བགྱི། །སྟོང་གསུམ་ཅིག་ཅར་ཁྱབ་པའི་དྲིའི་བཞོན་པར། །འཁྱུད་པའི་ཙན་དན་སྤོས་ཀྱི་བསུང་ཞིམ་དྲིས། །བསོད་ནམས་བྱེ་བའི་འབྱུང་གནས་མཚན་དཔེའི་བྱད། །གསེར་སྤྱངས་བརྟན་པ་འཕྲོག་ལ་བྱུག་པར་བགྱི། །བཏང་སྙོམས་ཡངས་པའི་ཤེལ་གྱི་ས་གཞི་ལ། །བྱམས་པའི་པདྨོ་


JLAZ010_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གེ་སར་སྟོང་བརྡལ་བར། །སྙིང་རྗེའི་ཉི་ཟླ་བཀྲག་ཏུ་འཚེར་བ་བསྟར། །དགའ་ཆེན་བཅོམ་ལྡན་སྲས་བཅས་བཞུགས་སུ་གསོལ། །བབས་ཅོལ་གོམས་པའི་མིན་པའི་ལུས་བཏུད་ཀྱིས། །སྙིང་ཁར་གུས་བཅས་མངོན་རྟོགས་ངོམས་པ་ལ། །མེ་ཏོག་དོག་པས་རབ་བཟུང་སྙིམ་པའི་སྣོད། །ག་བུ་ཆུང་གི་བརྟུལ་ཞུགས་འཛིན་པ་ཡིན། །རིག་དང་ཞབས་སུ་ལྡན་སོགས་བདེ་གཤེགས་ཀྱི། །ཡོན་ཏན་མཐའ་དག་གནས་ཀྱི་བསྐལ་པ་བཞིན། །དད་པའི་སྐྱེད་མོས་ཚལ་དུ་འོངས་པའི་མོད། །སྐྱོ་བ་མིན་པའི་བ་སྤུ་གཅིག་ཏུ་ཟིང༌། །ཟླ་གཞོན་ཁྲུས་ལ་འཇུག་པའི་རྫིང་བུའི་ནང༌། །རྨ་བྱའི་བུ་མོ་འཇོ་སྒེག་རོལ་པ་ལྟའི། །ལང་ཚོའི་གྲངས་སྙེད་རྡུལ་གྱི་རྣམ་གྲངས་དང༌། །ཤིན་ཏུ་འཕྲུལ་པ་སྐྱེད་བྱེད་ཕྱག་གིས་བྲེལ། །གཏོང་བའི་ཡན་ལག་རྫོགས་པའི་དངོས་འབྱོར་དང༌། །དེས་ཀྱང་མཚོན་པ་དཔེ་མེད་ཡིད་ཀྱིས་སྤྲུལ། །བླ་ན་མཆིས་པ་མ་ཡིན་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་ཡན་ལ་ཕྲག་དོག་བགྱིད། །མུ་ཅོར་སྨྲ་བའི་ལས་དང་བག་ཆགས་སྡིག །དགེ་ལ་འཇིགས་ནས་གཞན་དུ་བྲོས་པའི་གཟུགས། །སྲིད་པའི་མུན་ནག་སྟུག་པོར་འཆབ་པ་ཀུན། །སྟོབས་བཞིའི་ཉིན་བྱེད་འབར་བས་སྦྱངས་ཤིང་བཤགས། །སྦྱོར་བ་གང་གིས་


JLAZ010_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་མ་འཁྲུགས་བཞིན། །བསམ་པའི་ཁྱད་པར་གཅིག་གིས་གཞན་དག་གི། རྣམ་དཀར་ཡུད་ལ་འཕྲོག་པའི་ཆོམ་རྐུན་གྱི། །བརྟུལ་ཞུགས་རྗེས་སུ་ཡི་རང་ཁོ་ནས་བྱས། །ཐར་མེད་འཁོར་བའི་སྤྱོད་པ་མ་དུལ་ཞིང༌། །རྣམ་པར་སྲ་མཁྲེགས་ཐ་པ་གང་གིས་ཀྱང༌། །གདུལ་ཐབས་བརྟན་པ་བྲལ་ལ་ཆོས་འཁོར་གྱི། །རྩིབས་རྣོན་མུ་ཁྱུད་འཛིན་དེ་བསྐོར་བར་བསྐུལ། །རྒྱལ་དང་དེ་སྲས་རྣམས་ཀྱིས་སྤངས་གྱུར་བའི། །འགྲོ་འདིས་སྡུག་བསྔལ་གནས་སྐབས་རྟེན་མཐོང་ནས། །མྱ་ངན་འདའ་བ་མེད་པའི་གདན་ཁྲི་ལ། །དངོས་པོ་ཀུན་ཀྱི་རིན་ཐང་གཅིག་ཏུ་སྤུངས། །བདག་ཏུ་ལྟ་བས་འདར་བའི་རྣམ་དཀར་ཡང༌། །སྲིད་པར་ལན་ཅིག་མཐོ་བའི་ཆོ་ངེ་སྟེ། །བྱང་ཆུབ་བསྔོ་བའི་གསེར་འགྱུར་རྩིས་ཐེབས་པ། །འདི་ནི་སྟོན་པ་གཞན་གྱི་ལུགས་ལ་མེད། །ཆོག་ཤེས་བདུད་རྩིའི་བཏུང་བས་མ་ངོམས་ན། །སྐྱེས་བུའི་ཡིད་ལ་མ་བཟུང་མཆོད་སྤྲིན་ཡང༌། །ཚིག་གི་ཕ་མཐར་འཁྱམ་ལ་སྐྲག་གྱུར་ནས། །བདག་ལུས་སྟན་དུ་དབུལ་ལའང་དོ་གལ་བགྱིད། །དཀོན་མཆོག་གསུམ་གྱི་འབངས་སུ་དམ་བཅས་པའི། །གྲིབ་བསིལ་སོ་ཀའི་མེ་ཏོག་འཇོ་སྒེག་ཅན། །རྣམ་ཀུན་འཁྲུགས་པའི་གཤིན་རྗེའི་མདུན་


JLAZ010_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སར་ཡང༌། །ཁྲོ་གཉེར་འཇིག་པའི་རིན་ཐང་ཟད་མི་ཤེས། །དེས་ནི་གཏི་མུག་མཐུས་ནོན་སྡིག་ལྡན་བདག །བྱི་དོར་ཤིན་ཏུ་བསྟེན་པའི་དྭངས་ཤེལ་ལྟར། །བསོད་ནམས་རྙོག་པ་དྭངས་པའི་སེམས་ཀྱི་ནང༌། །སེམས་བསྐྱེད་ཆོ་གས་ཐོབ་པའི་གཟུགས་བརྙན་རྔོམ། །ཉེས་པ་བརྒྱ་ཕྲག་གཡང་སར་ལྷུང་བ་ཡི། །རིམས་ཀྱིས་ཤིན་ཏུ་བཏབ་པའི་ནད་པ་རྣམས། །གསོ་དཔྱད་ཕལ་པའི་མདུན་སར་དབུགས་མི་ཕྱིན། །སྨན་པ་མཆོག་ལ་སྐྱབས་སུ་ལྷག་པར་དོང༌། །མོས་པ་གང་གི་སླད་དུ་འདིར་གཤེགས་ནས། །སེམས་ཅན་ཁམས་ལ་དགོངས་པའི་སྟོན་མཆོག་ནི། །ཐེག་པ་ཆེན་པོའི་སྐྱེས་བུ་འབའ་ཞིག་པའི། །ཚོགས་ཀྱི་དབུས་ན་ལྷམ་མེར་མཛེས་པ་ལ། །སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཅས་ལ། །དགོངས་སུ་གསོལ་བ་གསུམ་གྱིས་སད་བྱས་ནས། །རྒྱལ་བ་སྲས་དང་བཅས་པའི་ཐུགས་བསྐྱེད་དང༌། །བསླབ་པའི་བརྟུལ་ཞུགས་མཐའ་དག་བླང་བ་ཡིན། །ཉོན་སྒྲིབ་ཟུག་རྔུའི་དུམ་བུ་བཅད་གྱུར་ཀྱང༌། །ཤེས་སྒྲིབ་ཡུལ་གྱི་རོ་ལ་བཅགས་པ་ཡི། །ཉན་རང་དགྲ་བཅོམ་མ་བསྒྲལ་བ་ལས་བསྒྲལ། །གཉིས་ཀའི་འཆིང་བས་ཀུན་ནས་དཀྲིགས་པ་ཡི། །ཚངས་པ་ལ་སོགས་སོ་སོའི་སྐྱེ་བོ་ནས། །སློབ་པ་འཕགས་པའི་བར་


JLAZ010_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པ་ཡི། །སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བ་དང༌། ཤིན་ཏུ་སྡུག་བསྔལ་དྲག་པོའི་ཤུགས་རིང་ལས། །དབུགས་འབྱིན་ཐོབ་པ་མེད་པའི་ངན་སོང་གསུམ། །དབུགས་འབྱིན་ཆེན་པོའི་གནས་ལ་སྦྱར་བ་དང༌། །མདོར་ན་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཀྱི། །འཁོར་ལོའི་རྒྱར་ཆུད་སེམས་ཅན་ཡོད་དོ་ཅོག །མི་གནས་ཡེ་ཤེས་མྱ་ངན་འདས་པའི་གྲོང༌། །འགོད་བྱེད་ཆོ་གས་བཟུང་བའི་བརྗོད་པ་ནི། །སྔོན་བྱོན་དྲང་སྲོང་རྣམས་ཀྱི་ལུགས་ལ་བརྟེན། །བཞི་པ་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་སོགས་ལན་གསུམ། ལྔ་པ་སྨོན་འཇུག་སྟབས་གཅིག་ཏུ་བླང་བ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། དྲུག་པ་སེམས་གཟེངས་བསྟོད་པ་ནི། སྔོན་ཆད་གཞན་གྱི་དོན་ལ་ལྟ་ཅི་སྨོས། །རང་དོན་ཉིད་


JLAZ010_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྨི་བའང་མ་མྱོང་བའི། །རིན་ཆེན་སེམས་ཀྱི་ཁྱད་པར་དམ་པ་འདིས། །བདག་གི་སྲིད་པ་རིན་ཐང་མེད་པ་བྱས། །རིགས་ལས་ཉམས་པ་གང་ཞིག་ཆོ་རིགས་ཀྱི། །ལྷག་པར་བཙུན་པའི་གནས་ཐོབ་ཇི་བཞིན་དུ། །རྒྱལ་བ་ཀུན་ཀྱི་སྲས་སུ་དེང་གྱུར་པས། །བྱང་ཆུབ་སེམས་དཔའི་མིང་གི་ཅོད་པན་འཐོབ། །སྲིད་གསུམ་བདག་པོ་བྱས་དང་དེ་ཉིད་ཀྱིས། །རྨོངས་པའི་བླ་དྭགས་དཔྱངས་ལའང་དགའ་བྱེད་ན། །བྱང་ཆུབ་སེམས་དཔའི་གནས་ཐོབ་དེ་རིང་ཙམ། །དགའ་བའི་འཁྲི་ཤིང་སློང་ལ་ལྟ་ཡང་ཕྱོགས། །འཆི་བདག་འཇོམས་པའི་བདུད་རྩི་མི་ཟད་གཏེར། །དབུལ་བ་སེལ་བའི་ནོར་དང་ནད་ཞིའི་སྨན། །སྲིད་ལམ་དུབ་པའི་མགྲོན་པོའི་ངལ་སྟེགས་ཕྱིར། །བདག་ནི་དེང་ནས་འགྲོ་བའི་ཉེར་འཚོར་གྱུར། །བདུན་པ་བགེགས་ལ་བཀའ་བསྒོ་བ་ནི། ཨེ་མ་ང་ནི་རང་བྱུང་བ། །ཁྲོ་རྒྱལ་དཔལ་ཆེན་ཉིད་ཀྱི་སྐུ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །འདི་རུ་མ་འདུག་གཞན་དུ་སོང༌། །ཅི་སྟེ་འགྲོ་བར་མི་བྱེད་ན། །མགོ་བོ་ཚལ་པ་བརྒྱད་འགས་ཤིང༌། །ལུས་ནི་དུམ་བུ་སྟོང་དུ་གཏུབས། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བརྒྱད་པ་མཚམས་གཅོད་ནི། ཧཱུྃ། སྟེང་འོག་ཕྱོགས་མཚམས་ཡེ་ཤེས་མེ་དཔུང་འབར། །རྡོ་རྗེའི་ར་བ་དྲ་བ་གུར་དང་ནི། །བླ་རེ་མཚོན་ཆའི་


JLAZ010_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་ནམ་མཁར་ཁྱབ། །ཁྲོ་བོ་ཁྲོ་མོ་དཔལ་ཆེན་རྔམས་པའི་ཚོགས། །སྤྲིན་ཕུང་འཁྲིགས་ཤིང་ཧཱུྃ་སྒྲ་དི་རི་རི། །ཧཱུྃ་ཧཱུྃ་ཧཱུྃ། དགུ་པ་མཆོད་རྫས་བྱིན་གྱི་རློབ་པ་ནི། ཨ་མྲྀ་ཏས་བསང་སྦྱངས། སྟོང་བའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་དུ་རྒྱས་པར་གྱུར་ཅིག །ན་མཿ སརྦ་ཏ་ཐཱ་ག་ཏ་སོགས་དང༌། སྨན་གཏོར་རཀྟའི་སྔགས་ཀྱིས་བརླབ། བཅུ་པ་ཚོགས་ཞིང་བསྒྲུབ་པ་ནི། བདག་མདུན་བླ་འོག་ལྟར་གསལ་ཀྱང་སྤྱི་བོ་ཆེར་སོན་པ་དང༌། ཚོགས་ཞིང་ཆུང་ངུར་སོན་པའི་ཀུན་རྟོག་རང་རྒྱུད་པ་སྤངས་ཏེ་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཉམས་འོག་ཏུ་ཆུད་པས། ཨོཾ་སྭཱ་བྷཱ་ཝས་སྟོང་པར་སྦྱངས། རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང༌། །བཀོད་པ་རབ་རྫོགས་ཟངས་མདོག་དཔལ་རིའི་དབུས། །རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན། །ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས། །སྤྱི་བོར་པདྨ་འབུམ་བརྡལ་ཉི་ཟླའི་སྟེང༌། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང༌། །དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུ། །དཀར་དམར་མདངས་ལྡན་གཞོན་ནུའི་ཤ་ཚུགས་ཅན། །ཕོད་ཁ་


JLAZ010_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གོས་ཟབ་བེར་འདུང་མ་གསོལ། །ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་པའི་སྟབས། །ཕྱག་གཡས་རྡོ་རྗེ་གཡོན་པ་ཐོད་བུམ་བསྣམས། །དབུ་ལ་འདབ་ལྡན་པདྨའི་མཉེན་ཞུ་གསོལ། །མཆན་ཁུང་གཡོན་ན་བདེ་སྟོང་ཡུམ་མཆོག་མ། །སྦས་པའི་ཚུལ་གྱིས་ཁ་ཊཱཾ་རྩེ་གསུམ་བསྣམས། །འཇའ་ཟེར་ཐིག་ལེ་འོད་ཕུང་ཀློང་ན་བཞུགས། །ཕྱི་འཁོར་འོད་ལྔའི་དྲ་བས་མཛེས་པའི་ཀློང༌། །སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང༌། །རྒྱ་བོད་པཎ་གྲུབ་རིག་འཛིན་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྤྲིན་ལྟར་གཏིབས། །གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལ། །ཞེས་མོས་པས་བསྐྱེད་ནས། རྣམ་པ་བྱེ་བྲག་ཏུ་གསལ་གདབ་པ་ནི། ཧཱུྃ། སངས་རྒྱས་ཀུན་ཀྱི་ངོ་བོ་བླ་མ་རྗེའི། །ཐུགས་ཀ་ཆོས་ཀྱི་འཁོར་ལོའི་ལྟེ་བ་ལ། །མི་འཇིགས་སེང་གེ་བརྒྱད་ཀྱིས་བཏེག་པའི་ཁྲིར། །དང་པོའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་བཞུགས། །པད་འདབ་བཞི་ལ་མདུན་ནས་རིམ་པ་བཞིན། །བདེ་གཤེགས་རི་རབ་མར་མེ་རྒྱལ་མཚན་ནི། །དྲུག་པ་རྡོ་རྗེ་འཆང་གི་རྣམ་པ་དང༌། །ཧེ་རུ་ཀའི་ཆས། དགའ་རབ་ཤྲཱི་སིང་ཛྙཱ་ན་སུ་ཏྲས་བསྐོར། །རྒྱལ་རིག་གང་ཟག་ལས་སྐྱེས་འགོག་ལམ་གྱི། །བདེན་གཉིས་ལུང་གི་ཆོས་ཚུལ་མ་ལུས་པ། །བདེན་པ་དབྱེར་མེད་


JLAZ010_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ངོ་བོར་རྫོགས། །དཀོན་མཆོག་གསུམ་གྱི་བདག་ཉིད་ཨེ་མ་ཧོ།། ༈རང་ཉིད་རྡོ་རྗེ་རྣལ་འབྱོར་མའི། །སྤྱི་བོར་པདྨ་འབུམ་བརྡལ་ནི། །ཟང་ཐལ་སྒྲིབ་གཡོགས་བྲལ་བའི་གཞིའི། །ནང་རིམ་རིན་ཆེན་ཟུར་བརྒྱད་ཀྱི། །ཤར་དུ་ཧཱུྃ་ཀཱར་རྡོ་རྗེ་གདེངས། །ལྷོ་རུ་བཤེས་གཉེན་རིན་ཆེན་འཛིན། །ནུབ་ཏུ་ཀླུ་སྒྲུབ་པདྨ་བསྣམས། །བྱང་དུ་པྲ་ཆེན་རྒྱ་གྲམ་གདེངས། །ཤར་ལྷོ་ནས་བརྩམས་མཚམས་བཞི་རུ། །དྷ་ན་སཾ་སྐྲྀ་ཐོད་རྔ་འཁྲོལ། བི་མ་མི་ཏྲ་ཚེ་བུམ་འཛིན། །གུ་ཧྱ་ཙནྟྲ་མཆོད་སྡོང་བསྣམས། །ཤཱནྟིང་གརྦྷ་འཁོར་ལོ་གདེངས། །ཀུན་ཀྱང་གཡོན་པ་དྲིལ་བུ་འཛིན༌། །འཁོར་ལོས་སྒྱུར་བའི་ཆས་ཀྱིས་རོལ། །དེའི་ཕྱི་རིག་འཛིན་སྣམ་བུ་ལ། །རྒྱལ་གསུང་ལམ་བདེན་སེང་གེའི་སྒྲ། །རྡོ་རྗེའི་ཐེག་པ་རིམ་པ་དགུས། །འདྲེན་པའི་ཤིང་རྟ་ཆེན་པོ་ནི། །དཔལ་ཆེན་གྲུབ་པ་དགུ་ལ་སོགས། །སྤྲུལ་པའི་རྗེ་འབངས་ཉི་ཤུ་ལྔ། །ཕྱོགས་ལས་རྣམ་རྒྱལ་བརྟུལ་ཞུགས་སྤྱོད། །བར་མཚམས་ཏིང་འཛིན་བཟང་པོ་ནས། །དྲིན་ཅན་བླ་མ་ཡན་ཆོད་ཀྱི། །རྫོགས་ཆེན་བརྒྱུད་པ་སྤྲིན་ལྟར་གཏིབས།། ༈དེའི་ཕྱི་པད་འདབ་བཅུ་བཞི་ལ། །སྤྱིར་བརྒྱད་ཅུ་རྩ་ལྔ་ལས་སློབ་དཔོན་པདྨ་དང་ཀླུ་སྒྲུབ་སྙིང་པོ་གོང་དུ་ཡོད་པ་རིག་པར་བྱའོ། །གྲུབ་བརྒྱའི་སྤྱི་མས་ས་ར་ཧ། །མུ་སྟེགས་ཚར་


JLAZ010_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་འཕགས་པ་ལྷ། །ཉ་ལྟོ་ཟ་བ་ལཱུ་ཡི་པ། །ཡི་དམ་ཞལ་གཟིགས་ཡེ་ཤེས་ཞབས། །རིག་མ་ཁྱིར་སྤྲུལ་ཀུ་ཀུ་རི། །ཆུ་བོ་གྱེན་ལྡོག་བི་རཱུ་པ། །རྩོད་པའི་ཁྱུ་མཆོག་ཆོས་ཀྱི་གྲགས། །མཚོ་སྐྱེས་རྡོ་རྗེ་པདྨར་རོལ། །ནམ་མཁར་སྤྱོད་པ་ན་ལནྟྲ། །དགའ་ལྡན་གནས་གཤེགས་ཐོགས་མེད་ཞབས། །རྡོ་རྗེ་དྲིལ་བུ་བུ་སྨད་ཅན། །སྟག་ཞོན་གང་བརྒལ་ཌོཾ་བྷི་བ། །རྩོམ་མཁས་མཁར་གཤེགས་ཞི་བའི་ལྷ། །པདྨ་བཛྲ་ཁྱིམ་པའི་ཚུལ། །དེའི་ཕྱི་པད་འདབ་ཉེར་བཞི་ལ། །འཕགས་པས་ཞལ་བསྟན་བྷ་ཡ་ནི། །དབུ་མའི་དོན་གཟིགས་ཟླ་བ་གྲགས། །ནག་པོ་རྡོ་རྗེ་དགའ་ཐུབ་ཅན། །རམས་མཁན་ཚངས་སྤྱོད་ནི་ལ་བ། །ཨིནྡྲ་བྷུ་ཏི་འདོད་ཡོན་སྤྱོད། །བྱིའུ་གསོད་པ་གྷུཎྜ་རི། །མཁའ་འགྲོས་བྱིན་རླབས་ས་ར་སུ། །རྒྱ་མཚོར་དཀའ་སྤྱད་སེང་གེ་པ། །རྒྱལ་བཏུལ་མཁར་གཤེགས་ཀ་ལ་ཀ།།དགྱེས་རྡོར་ཞལ་གཟིགས་གླིང་བུ་པ། །ཀ་ལ་ལམ་པ་གཤེད་དམར་གྲུབ། །མ་གར་རྒྱལ་བཏུལ་མེ་ཏོག་པ། །སྡོམ་པའི་ཞལ་གཟིགས་ཀུ་བུ་ཙ། །རྣལ་འབྱོར་རྒྱུད་འགྲེལ་ཀུན་དགའ་སྙིང༌། །ཐབས་ལམ་དབང་ཐོབ་ཙརྱ་པ། །བྱ་ལམ་རྒྱུ་བ་ཙ་པ་རི། །དབང་རྫོགས་མཁར་གཤེགས་ད་སི་རི༌། མཉན་པའི་ཚུལ་


JLAZ010_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཀ་རུ་ཀ།།རིགས་ངན་སེང་ཞོན་སེདྷ་པ། །གནས་ལུགས་དོན་གཟིགས་སྒྲ་མཁན་ཞབས། །སྒྲོལ་མས་རྗེས་བཟུང་ཙནྡྲ་གོ། གཏི་མུག་ལམ་ལོངས་ལྭ་ཝ་པ། །ཉི་ཟེར་ལ་ཞོན་ངག་གི་དབང༌། བྷཾ་ག་ལ་པ་སྦྱངས་ཡོན་ཅན། །དེའི་ཕྱི་པད་འདབ་ཞེ་ལྔ་ལ། །གདོལ་བའི་རྣམ་འགྱུར་ཐ་ག་པ། །སྡེ་སྣོད་མཁྱེན་པ་གསེར་གླིང་ཞབས། །བྱང་ཆུབ་སེམས་འབྱོངས་མར་མེ་མཛད། །ཐུགས་དམ་ཞལ་གཟིགས་ས་ར་ཀ །དཔལ་གྱི་རི་བསྐོར་ན་ད་པ། །དུར་ཁྲོད་ཉུལ་བའི་ཀོན་ཏཾ་ལི། །མཛེ་མོ་ཆུང་སྒྲོལ་ཚེམ་བུ་པ། །ཨ་ཝ་དྷཱུ་ཏི་འཇིགས་བརྒྱད་ཐར། །རྩོད་པ་ལས་རྒྱལ་ཛི་ཏ་རི། །བྷ་ལིང་མཁར་དགྲོལ་བཟང་པོ་པ། །དུར་ཁྲོད་ཉུལ་བའི་སྨད་དཀྲིས་ཅན། མགར་པའི་སྤྱོད་ཅན་ཏམ་པ་ཀ།།མདའ་འཚོང་བདག་པོ་ད་ཀི་པ། སུ་ཏ་ལོ་ཀི་སྨད་འཚོང་ཁོལ། ནམ་མཁའི་ལྷར་བགྲོ་སྤྲིན་ཤུགས་ཅན། །ཐགས་ཀྱིས་འཚོ་བ་ཏནྟྲ་པ། །རྫོགས་པའི་ཚུལ་འཛིན་ཟླ་བ་བཟང༌། །ཤཱཀྱ་བཤེས་གཉེན་ཤིང་ཐུན་ལུས། །ཉ་པའི་རིགས་ཅན་ཙནྜ་ལཱི། །ནམ་མཁར་གཤེགས་པ་གླུ་དབྱངས་ཅན། །གདོལ་པ་ཏིལ་རྡུང་བྷ་ཝ་པ། །ཉ་དོལ་འདྲུད་པ་མི་ན་ར། །བརྟུལ་ཞུགས་སྤྱོད་པ་ཨ་ནན་ཏ། །རིགས་ངན་མར་སྤྱོད་ཀརྞ་པ། །འཚོ་བ་སྟན་གཅིག་ཧི་ལ་པ། །འབྲས་སོ་


JLAZ010_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བ་ཀནྟྲ་པ། །རྔོན་པའི་ཚུལ་འཛིན་ཤ་ཝ་རི། །དྲི་མ་འཁྲུད་པའི་སེང་གེ་པ། །ཛ་ལན་དྷ་རི་གསད་གསོ་ནུས། །བར་དོར་གྲོལ་བ་ནག་པོ་སྤྱོད། །སྐྱོང་བྱེད་ཚུལ་འཛིན་ཕག་ཚང་པ། །ཡུམ་བཅས་འབུད་དཀྲོལ་བི་ན་ས། །སྤྱོད་པ་མཐར་ཕྱིན་ཤཱནྟི་བ། །སྣ་ཚོགས་ལུས་ཅན་མར་མེ་ལྷ། །ཏིལ་བརྡུང་གྱིས་འཚོ་ཏེ་ལོ་པ། །ནཱ་རོ་རང་གི་སྲིང་མོ་བརྟེན། །ཁྱོ་ཤུག་མཁར་གཤེགས་ཀཾ་ཀ་ན། །དཱ་རི་ཀ་པ་སྨད་འཚོང་སྤྱོད། །མཆིལ་ལྷུམ་མཁན་པོ་ཀུ་མཱ་ར། །ཞིང་པའི་ལུས་ཅན་ཏོག་རྩེ་པ། །ནཱ་ག་བོ་དྷི་བ་ལང་སྐྱོང༌། །ལྐུགས་པའི་སྤྱོད་ཅན་པ་ཀ་པ། །ཤ་ཆེན་ཟ་བ་སི་ལ་ལི། །སྒྲོལ་མའི་ཞལ་གཟིགས་ཉི་མ་སྦས། །ཚེ་ལ་དབང་ཐོབ་ཀ་མ་ལ། །མདོར་ན་སྔགས་ཀྱི་བརྟུལ་ཞུགས་ཀྱིས། །རྣམ་གྲོལ་ཐོབ་བོ་འཚལ་རྣམས་ཀུན། །གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི། །བདག་ཉིད་སངས་རྒྱས་ཀུན་གྱི་དངོས། །མོས་པའི་ཡིད་ཀྱིས་སྤྱན་དྲངས་ནས། །ཚོམ་བུ་གཅིག་ཏུ་གསལ་བ་ཡི། །གསེར་ཁྱམས་དཔའ་བོ་མཁའ་འགྲོ་དང༌། །ཁྲག་ཁྱམས་དཔལ་མགོན་བདུན་ཅུ་ལ། །སྒོ་བཞིར་འཇིག་རྟེན་སྐྱོང་བ་བཞི། །འདོད་སྣམ་མཆོད་པའི་ལྷ་མོས་གཏིབས། །བརྟན་གཡོ་སྣོད་བཅུད་མ་ལུས་པ། །བླ་མའི་དཀྱིལ་འཁོར་གཅིག་ཏུ་རྫོགས། །བཅུ་གཅིག་པ་


JLAZ010_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རླབས་པ་ནི། དེ་ལྟར་དུ་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གྱུར། སྤྱི་བོ་ནས་རིམ་པར་རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་བཞག་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ། དེ་བཞིན་ལས་མགྲིན་པར་ཝཱཀྐ། སྙིང་གར་ཙིཏྟ། ཞེས་སྦྱོར། བཅུ་གཉིས་པ་དབང་བསྐུར་བ་ནི། གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ་གསལ་བའི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་སྤྲུལ་པ་མདུན་གྱི་ནམ་མཁའ་ལ་བྱོན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧཾ། ཞེས་བསྐུལ་བས། ལྷ་ཚོགས་རྣམས་བདེ་སྟོང་གི་རོས་ཚིམ། རྗེས་ཆགས་ཞུ་བདེའི་ཆུ་རྒྱུན་གྱིས་མགོ་བོའི་གནས་ལྔར་དབང་བསྐུར། ཉོན་མོངས་པ་ལྔ་སྤྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་དང༌། ཁམས་དང་སྐྱེ་མཆེད་ལྷའི་རང་བཞིན་དུ་རྣམ་པར་དག །ཆུ་ལྷག་མ་གྱེན་དུ་བརྟན་པ་ཡོངས་སུ་གྱུར་པ་ལས་གཙོ་བོ་ལ་འོད་དཔག་མེད་དང༌། གཞན་རྣམས་ལ་སོ་སོའི་རིགས་ཀྱི་


JLAZ010_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོས་དབུ་བརྒྱན་པར་གྱུར། བཅུ་གསུམ་པ་སྤྱན་དྲང་བ་ནི། དེ་ལྟར་དུ་གསལ་བའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང༌། རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་རིག་འཛིན་བླ་མའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་བཛྲ་ས་མཱ་ཛཿཧཱུྃཿཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ གུ་རུ་པདྨ་སིདྡྷི་ཧཱུྃཿ ཡུལ་གྱི་མིང་ནི་རྒྱ་གར་ཡུལཿ གནས་ཀྱི་མཆོག་གྱུར་ཨོ་རྒྱན་གནསཿ དྷུ་མ་ཐ་ལ་མཁའ་འགྲོའི་གྲོངཿ གླིང་གི་གླིང་མཆོག་རྔ་ཡབ་གླིངཿ དོན་ལ་འོག་མིན་བདེ་ཆེན་ཞིངཿ རྣམ་པ་མཁའ་སྤྱོད་སྤྲུལ་པའི་གནསཿ རབ་ཏུ་དགའ་དང་དྲི་མ་མེདཿ གནས་དང་ཉེ་བའི་གནས་ཡིན་ཏེཿ དེ་བཞིན་འོད་བྱེད་འོད་འཕྲོ་ལཿ ཞིང་དང་ཉེ་ཞིང་ཞེས་སུ་གྲགསཿ སྤྱང་དཀའ་བ་དང་མངོན་གྱུར་པཿ ཚནྡྷོ་ཉེ་བའི་ཚནྡྷོ་སྟེཿ རིང་དུ་སོང་དང་མི་གཡོ་བཿ འདུ་དང་ཉེ་བའི་འདུ་བའོཿ ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིནཿ འཐུང་སྤྱོད་ཉེ་བའི་འཐུང་སྤྱོད་དེཿ


JLAZ010_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་མེད་དཔེ་མེད་ཡེ་ཤེས་ཆེཿ རྡོ་རྗེ་འཛིན་དབང་ས་རྣམས་ནསཿ རིག་འཛིན་བླ་མའི་ཚོགས་རྣམས་དངཿ དཔའ་བོ་དང་ནི་རྣལ་འབྱོར་མཿ མཁའ་གྲོ་དང་ནི་མཁའ་འགྲོ་མཿ མ་ལུས་འདིར་སྤྱོན་དགྱེས་པར་བཞུགསཿ གནས་མཆོག་འདི་རུ་བྱིན་ཕོབ་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ བཅུ་བཞི་པ་རིག་པའི་མེ་ཏོག་དོར་ནས་རང་སྣང་གི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་ནི། ཨོཾ་བཛྲ་ས་མ་ཡ་ཨོཾཿཨཱ་བཛྲ་མ་ཡ་ཨཱཿཧཱུྃ་བཛྲ་ས་མ་ཡ་ཧཱུྃཿསྭཱ་བཛྲ་ས་མ་ཡ་སྭཱཿཧཱ་བཛྲ་ས་མ་ཡ་ཧཱཿཞེས་བརྗོད་པས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང༌། ཏིང་འཛིན་ལས་སྤྲུལ་པའི་དཀྱིལ་འཁོར་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སོ་སོ་མ་ཡིན་ཐ་མི་དད་པའི་ཚུལ་ཀྱིས་བཞུགས་ནས་དབྱེར་མེད་དུ་བྱ་བའི་ཕྱིར། ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ་གིས་ཡེ་ཤེས་པ་དམ་ཚིག་པ་ལ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་ཐིམ། ཨོཾ་བཛྲ་ས་མ་ཡ་སྟྭཾ་གྱིས་རང་ཉིད་ལྷའི་དཀྱིལ་འཁོར་དུ་སངས་མ་རྒྱས་ཀྱི་བར་དུ་བརྟན་པར་ཞུགས། ཨོཾ་བཛྲ་ས་མ་ཡ་ཧོས་དབང་དུ་གྱུར་ཅིང་དགྱེས་པར་བསམ་མོ། །བཅོ་ལྔ་པ་ཡན་ལག་བདུན་པ་ཕུལ་ནས་གསོལ་བ་


JLAZ010_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པ་ནི། ཧྲཱིཿབདག་ལུས་ཞིང་གི་རྡུལ་སྙེད་དུཿ རྣམ་པར་འཕྲུལ་པས་ཕྱག་འཚལ་ལོཿ དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུསཿ སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལཿ སྒོ་གསུམ་མི་དགེའི་ལས་རྣམས་ཀུནཿ འོད་གསལ་ཚོས་སྐུའི་ངང་དུ་བཤགསཿ བདེན་པ་གཉིས་ཀྱིས་བསྡུས་པ་ཡིཿ དགེ་ཚོགས་ཀུན་ལ་རྗེས་ཡི་རངསཿ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལཿ ཇི་སྲིད་འཁོར་བ་མ་སྟོངས་པརཿ མྱ་ངན་མི་འདའ་བཞུགས་གསོལ་འདེབསཿ དུས་གསུམ་བསགས་པའི་དགེ་རྩ་ཀུནཿ བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོཿ རྗེ་བཙུན་གུ་རུ་རིན་པོ་ཆེཿ ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱིཿ ཐུགས་རྗེ་བྱིན་རླབས་འདུས་པའི་དཔལཿ སེམས་ཅན་ཡོངས་ཀྱི་མགོན་གཅིག་པུཿ ལུས་དང་ལོངས་སྤྱོད་བློ་སྙིང་བྲངཿ ལྟོས་པ་མེད་པར་ཁྱེད་ལ་འབུལཿ འདི་ནས་བྱང་ཆུབ་མ་ཐོབ་པརཿ སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུནཿ རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེནཿ བདག་ལ་རེ་ས་གཞན་ན་མེདཿ ད་ལྟ་དུས་ངན་སྙིགས་མའི་འགྲོཿམི་བཟད་སྡུག་བསྔལ་འདམ་དུ་བྱིངཿ འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུཿ དབང་བཞི་བསྐུར་ཅིག་བྱིན་རླབས་ཅནཿ རྟོགས་པ་སྤོར་ཅིག་ཐུགས་རྗེ་ཅནཿ སྒྲིབ་གཉིས་


JLAZ010_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོངས་ཤིག་ནུས་མཐུ་ཅནཿ ནམ་ཞིག་ཚེ་ཡི་དུས་བྱས་ཚེཿ རང་སྣང་རྔ་ཡབ་དཔལ་རིའི་ཞིངཿ ཟུང་འཇུག་སྤྲུལ་པའི་ཞིང་ཁམས་སུཿ གཞི་ལུས་རྡོ་རྗེ་རྣལ་འབྱོར་མཿ གསལ་འཚེར་འོད་ཀྱི་གོང་བུ་རུཿ གྱུར་ནས་རྗེ་བཙུན་པད་འབྱུང་དངཿ དབྱེར་མེད་ཆེན་པོར་སངས་རྒྱས་ཏེཿ བདེ་དང་སྟོང་པའི་ཆོ་འཕྲུལ་གྱིཿ ཡེ་ཤེས་ཆེན་པོའི་རོལ་པ་ལསཿ ཁམས་གསུམ་སེམས་ཅན་མ་ལུས་པཿ འདྲེན་པའི་དེད་དཔོན་དམ་པ་རུཿ རྗེ་བཙུན་པདྨས་དབུགས་དབྱུང་གསོལཿ གསོལ་བ་སྙིང་གི་དཀྱིལ་ནས་འདེབསཿ ཁ་ཙམ་ཚིག་ཙམ་མ་ཡིན་ནོཿ བྱིན་རླབས་ཐུགས་གྱི་ཀློང་ནས་སྩོལཿ བསམ་དོན་འགྲུབ་པར་མཛད་དུ་གསོལཿ བཅུ་དྲུག་པ་གསོལ་འདེབས་བསྙེན་པས་ཐུགས་རྒྱུད་བསྐུལ་ནས་ཏིང་ངེ་འཛིན་གྱི་དབང་བླང་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ རིག་འཛིན་སྤྱིའི་སྙིང་པོ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃཿ ཞེས་བཟླ་ཞིང༌། གུ་རུའི་སྨིན་མཚམས་ན་ཨོཾ་ཡིག་ཆུ་ཤེལ་ལྟར་འཚེར་བ་ལས་འོད་ཟེར་འཕྲོས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ལས་དང་རྩའི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བུ་རྒྱུད་ལ་


JLAZ010_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །མགྲིན་པ་ན་ཨཱ་ཡིག་པདྨ་རཱ་ག་ལྟར་འབར་བ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ་བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །ཐུགས་ཀའི་ཧཱུྃ་ཡིག་ནམ་མཁའི་མདོག་ཅན་ལས་འོད་ཟེར་འཕྲོས། རང་གི་སྙིང་ག་ནས་ཞུགས། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙཎྜ་ལཱིའི་སྣོད་དུ་གྱུར། ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབས། ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །སླར་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕངས་པ་བཞིན་དུ་སོང༌། རང་སེམས་དད་ཐ་དད་མེད་པར་འདྲེས། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོན་པ་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་


JLAZ010_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱུད་ལ་བཞག་གོ། ཞེས་འདོན་སྒོམ་ཟུང་དུ་འཇུག་པས་ལམ་དབང་ལ་འབད་པར་བྱའོ། །གལ་ཏེ་སྤྲོས་པ་ལ་དགའ་བས་དབང་བཞི་ལེན་པར་སྤྲོ་ན། བུམ་པ་གཞལ་མེད་ཁང་དུ་གསལ་བའི་ནང་དུ། རིགས་ལྔ་ཡབ་ཡུམ་བསྒོམ་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿཞེས་པ་ཅི་ནུས་དང༌། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྒོམ་ལ་ཀུཎྜ་ལི་ཇི་ལྟར་འོས་པ་བཟླར་རྗེས་འོད་ཞུ་ཡང་བྱའོ། །བཅུ་བདུན་པ་མཆོད་པ་ལ་བཞི་ལས། དང་པོ་མཎྜལ་ནི། ཨོཾ་བཛྲ་བྷཱུ་མི་སོགས་བླ་མ་འཕགས་པའི་ལུགས་ལྟར་ཕུལ། གཉིས་པ་ལྷ་མོ་བཅུ་དྲུག་ནི། པདྨ་རྒྱས་པ་ལྟ་བུའི་ལང་ཚོ་ཅན། །རེག་ན་བདེ་བའི་མཆོག་སྟེར་ཨུཏྤལ་མིག །གཟུགས་ཀྱི་རྣམ་འགྱུར་ངོམ་པའི་ཡིད་འཕྲོག་མ། །རྡོ་རྗེ་སྒེག་མོ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ལཱ་སྱེ་ཧཱུྃ་པྲ་ཏཱིཙྪ་ཧོཿསྲིད་ན་རྣམ་པར་མཛེས་པའི་ཟླ་བས་ཀྱང༌། །ལྟ་ན་སྡུག་པའི་གཟུགས་ཀྱི་ཆར་མི་ཉེ། །ནོར་བུའི་དོ་ཤལ་འཛིན་པའི་ཡིད་འོང་མ། །རྡོ་རྗེ་ཕྲེང་བ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་མཱ་ལེ་ཏྲཱཾ་ཏཱིཙྪ་ཧོཿའཇམ་མཉེན་པུཎྜ་རི་ཀའི་ལང་ཚོ་ལ། །རེག་འཇམ་དབང་པོའི་གཞུ་ཡི་འཁྲི་ཤིང་ཅན། །སྐད་སྙན་འགྱུར་ཁུག་སྟོང་གི་གླུ་ལེན་མ། །རྡོ་རྗེ་གླུ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་


JLAZ010_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གཱིརྟི་ཧྲཱིཿཔྲ་ཏཱིཙྪ་ཧོཿབུང་བ་པདྨའི་ཚལ་ན་གཡོ་བ་བཞིན། །ཕྱག་ཞབས་གསེར་གཡུའི་གདུ་བུས་མཛེས་པའི་གར། །མིག་འཕྲུལ་ལྟ་བུར་བསྒྱུར་བའི་གཡོ་ལྡན་མ། །རྡོ་རྗེ་གར་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་ནཱིརྟི་ཨ་པྲ་ཏཱིཙྪ་ཧོཿ༈བཅུ་དྲུག་ལང་ཚོས་མྱོས་པའི་རྣམ་འགྱུར་དེས། །སྙིང་ལ་དགའ་བའི་ཡ་མཚན་ཅིར་ཡང་སྟེར། །དྲི་ཞིམ་སྤོས་ཕོར་ཐོགས་པའི་སྨིན་ལེགས་མ། །རྡོ་རྗེ་བདུག་སྤོས་མ་ཡིས་མཉེས་གྱུར་ཅིག ། གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་དྷཱུ་པེ་ཧཱུྃ་པྲ་ཏཱིཙྪ་ཧོཿཚངས་དབང་འཆི་མེད་བུ་མོའི་འཇོ་སྒེག་ཀྱང༌། །ཤིན་ཏུ་མཛེས་པའི་ལང་ཚོས་བརྟན་པ་འཕྲོག །ཨུ་དུམ་ཝཱ་རའི་ཆུན་འཕྱང་་ཡིད་འཕྲོག་མ། །རྡོ་རྗེ་མེ་ཏོག་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ར་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་པུཥྤེ་ཏྲཱཾ་པྲ་ཏཱིཙྪ་ཧོཿཡིད་འོང་ལྟ་ན་སྡུག་པའི་མཁུར་ཚོས་ལ། །ལི་ཁྲིའི་ཐིག་ལེས་བསྐུས་པའི་རི་དྭགས་མིག །ཉི་ཟླའི་སྒྲོན་མེ་ཐོགས་པའི་བཞིན་བཟང་མ། །རྡོ་རྗེ་སྣང་གསལ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་བཛྲ་ཨཱ་ལོ་ཀེ་ཧྲཱིཿཔྲ་ཏཱིཙྪ་ཧོཿ འཆི་མེད་བུ་མོའི་དཔལ་འཛིན་སྨིན་ལེགས་གཟུགས། །ཞལ་ནས་ཨུཏྤ་ལ་ཡི་དྲི་འཐུལ་ཞིང༌། །བཟང་དྲུག་སྨན་གྱི་བྱུགས་པས་དགྱེས་པ་བསྐང༌། །རྡོ་རྗེ་དྲི་ཆབ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་བཛྲ་གྷནྡྷེ་ཨཿཔྲ་ཏཱིཙྪ་ཧོཿ ༈ ལང་ཚོའི་ཆ་ཤས་རྫོགས་པའི་པདྨ་དང༌། །


JLAZ010_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྱུར་ཅི་ཡང་འཆར་བའི་ཨ་དརྴ། །ཕན་ཚུན་འགྲན་པ་ལྟ་བུའི་གཟུགས་མཛེས་མ། །རྡོ་རྗེ་མེ་ལོང་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་བཛྲ་རཱུ་པ་ཨོཾ་པྲ་ཏཱིཙྪ་ཧོཿ ཏིང་འཛིན་རི་མོ་མཁན་གྱིས་བྲིས་པའི་གཟུགས། །བཞིན་མཛེས་མནྡ་ར་བའི་ཐོད་བཅིངས་ཅན། །ཟླུམ་པོའི་རྔ་ལས་བདེ་སྟོང་སྒྲ་འབྱིན་མ། །རྡོ་རྗེ་རྔ་ཟླུམ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་བཛྲ་མྲྀ་ཏཾ་གི་ཧྲཱིཿཔྲ་ཏཱིཙྪ་ཧོཿ རཏྣའི་སོར་གདུབ་འཁྲོལ་བའི་ཁུ་ཚུར་གྱིས། །དྲི་ཟའི་བུ་མོའི་འགྲན་པའི་ཏམྦུ་ར། །རྣ་བའི་དཔྱིད་དུ་སྦྲེང་བའི་ཡིད་འཕྲོག་མ། །རྡོ་རྗེ་པི་ཝཾ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་བཛྲ་ཝི་ནི་ཧཱུྃ་པྲ་ཏཱིཙྪ་ཧོཿ དགའ་བ་བཅུ་དྲུག་གི་རླུང་གི་རྟར་སྐྱོན་ནས། །ཐིག་ལེ་བཅུ་དྲུག་གནས་སུ་དག་པ་ལས། །སྟོང་ཉིད་བཅུ་དྲུག་གླིང་བུའི་སྒྲར་སྟོན་པའི། །རྡོ་རྗེ་གླིང་བུ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་བཛྲ་ཝཾ་སེ་ཏྲཱྂ་པྲ་ཏཱིཙྪ་ཧོཿ ༈ཟླ་གཞོན་པད་དཀར་ལྟ་བུའི་ལང་ཚོའི་དཔལ། །མིག་གི་བདུད་རྩིར་སྦྱིན་དང་ཆབས་གཅིག་པར། །སྙན་འགྱུར་རྫ་རྔའི་སྒྲ་སྒྲོག་ན་ཆུང་མ། །རྡོ་རྗེ་རྫ་རྔ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་བཛྲ་མུ་ར་ཉྫཻ་ཨཿཔྲ་ཏཱིཙྪ་ཧོཿ སྟོང་ཉིད་ནམ་མཁའི་རྒྱན་གྱུར་ལྷ་ཡི་གོས། །རིན་ཐང་བརྗོད་དུ་མེད་པའི་པཉྩ་ལི། །འཕྲུལ་ལྡན་སོར་རྩེས་སྒྲོན་པའི་མཛའ་ན་མོ། །རྡོ་རྗེ་རེག་བྱ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་བཛྲ་པརྴེ་ཏྲཱཾ་པྲ་ཏཱིཙྪ་ཧོཿ ཆགས་མེད་ཆགས་པ་ཆེན་པོའི་ཟུར་མིག་གིས། །དཔའ་བོའི་ཡིད་ལ་མྱོས་པའི་ཆོམ་རྐུན་འཇུག །ལག་ན་རོ་བརྒྱའི་


JLAZ010_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཛིན་ཞལ་ཟས་ཐོགས། །རྡོ་རྗེ་རོ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་བཛྲ་རྭ་ས་ཧྲཱིཿཔྲ་ཏཱིཙྪ་ཧོཿབདེ་བས་བདེ་བའི་མཐར་སོན་སྟོང་པ་ཉིད། །བདེ་ཆེན་ཆོས་ཀྱི་འབྱུང་གནས་མངལ་ཁུར་ཅན། །བདེ་སྟོང་ངང་ལས་རྒྱལ་ཀུན་བསྐྱེད་པའི་ཡུམ། །ཆོས་ཀྱི་རྡོ་རྗེ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་དྷརྨ་དྷཱརྟུ་ཨཱཿཔྲ་ཏཱིཙྪ་ཧོཿགསུམ་པ་གསང་མཆོད་ནི། དེ་མ་ཐག་པའི་ལྷ་མོ་རྣམས་དང་མཉམ་པར་རོལ་པའི་རྗེས་ཆགས་དགའ་བ་བཞིའི་ཡེ་ཤེས་སུ་ཤར་བའི་གཟུགས། ཆོས་ཉིད་ཀྱི་གླུ་སིད་དང་ཧ་ལ་སོགས་པའི་སྒྲ། ཚོར་བ་བདེ་བ་ལས་འདས་པས་འཛག་བདེའི་རྒྱུན་ལམ་ཁྱབ་པའི་ཚུལ་ཁྲིམས་ཀྱི་དྲི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཀུན་ནས་ཉམས་བརྟས་པའི་རོ། །དཔེ་དོན་འབྲེལ་བའི་ཆོས་ཉིད་ཀྱིས་འཁོར་འདས་ཀུན་ལ་ཁྱབ་པའི་རེག་བྱ་སྟེ། ནང་གི་འདོད་ཡོན་བླ་ན་མེད་པས་མཉེས་པར་བསམས་ལ། ཨཱཿཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་ངང༌། །བདེ་ཆེན་ཡེ་ཤེས་ཡུམ་གྱི་བྷ་གའི་ཀློང༌། །བྱང་ཆུབ་སྙིང་པོ་དགྱེས་མཉམ་མཆོད་པ་ཡཱི། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །ཨ་ནུ་རཱ་ག་སརྦ་པཉྩ་ཧཱུྃ་ཧྲཱིཿཋཱཿབཞི་པ་ཀུན་བཟང་མཆོད་སྤྲིན་ནི། ཨོཾ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱི། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང༌། །མཉེན་འཇམ་རེག་ན་བདེ་བ་དང༌། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང༌། །ཀུན་འབྱུང་རིན་ཆེན་ཕུང་པོར་


JLAZ010_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང༌། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་བྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང༌། །རབ་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ལ་རྒྱས་པར་འབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱི། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང༌། །མཆོད་པའི་ཕྱག་རྒྱ་ཆེན་པོ་བསྒོམ། །བཅོ་བརྒྱད་པ་བསྟོད་པ་ནི། ༈གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་དང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་འཆང་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་ཀྱི་བྱེད་པོ་བླ་མ་ཡིན། །བླ་མའི་སྐུ་གསུང་ཐུགས་ལ་འདུད། འདྲེན་པ་རྣམས་ཀྱིས་ཡོངས་སྤངས་ཤིང༌། །ངན་འགྲོ་གཡང་སར་ཕྱོགས་པ་བདག །ཐར་པའི་ལམ་དང་རབ་སྤྲོད་པའི། །དེད་དཔོན་ཆེན་པོ་ཁྱོད་ལ་འདུད། །གནས་དང་གནས་མིན་མི་ཤེས་ཤིང༌། །ལམ་དང་ལམ་མིན་གྱི་ནར་འཕྱན། །མུན་པ་ལས་ཀྱང་མུན་ནག་ཅན། །


JLAZ010_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལྟའི་སྒྲོན་མ་ཁྱོད་ལ་བསྟོད། །གང་སྐུ་མཐོང་བས་སྣང་བར་འགྱུར། །ཞི་བར་གཟིམས་པའི་སྙིགས་མས་ཀྱང༌། །མཚམས་མེད་བྱང་ཞེས་མདོ་ལས་གསུངས། །རྒྱན་སྡུག་པོ་བཀོད་པ་ལས། འཇམ་དཔལ་ཕྱོགས་གང་ན་ཆོས་སྨྲ་བ་དེ་འདུག་གམ་དེའི་རུས་བུའམ། རོ་བམ་པ་ཞིག་ཡོད་པ་མཐོང་ན་ཡང་མཚམས་མེད་པའི་ལས་ལྔ་རྣམ་པར་བྱང་བར་འགྱུར་རོ། །ཞེས་སོ། འབྲེལ་ཚད་དོན་ལྡན་ཆེན་པོ་འདུད། །ཁྱེད་གསུང་ཐོས་པས་བླང་དོར་ཤེས། །ཉེས་སྤྱོད་ཆེན་པོའི་གཡང་ལས་སྐྱོབ། །འགོག་ལམ་བདེན་པའི་ངོ་བོ་ཉིད། །ཐོས་གྲོལ་ཆེན་པོའི་དབྱངས་ལ་བསྟོད། །བདག་གིས་འབད་ཀྱང་མི་ཐར་བ། །ཁྱེད་ཐུགས་གཏད་པས་ཡུད་ལ་སྨིན། །མོས་གུས་ཐོབ་ན་རྟོགས་པ་འཆར། །སྤྲོས་བྲལ་བསམ་མི་ཁྱབ་ལ་འདུད། །གྲངས་མེད་གསུམ་དུ་དཀའ་ཐུབ་ཀྱིས། །གདུངས་བས་དབང་པོ་ཚར་བཅད་ཀྱང༌། །ཐོབ་པར་དཀའ་བའི་རྡོ་རྗེ་སེམས། །མ་ནོར་མངོན་སུམ་སྟོན་ལ་འདུད། །བླ་མ་ཡང་ཏིགབླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ། །འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཚེ་འདིའི་ལེགས་པ་ཀུན་འགྲུབ་ཅིང༌། །བགེགས་དང་བར་ཆད་མེད་པ་དང༌། །འཆི་ཁར་ཟབ་མོའི་འོད་གསལ་ཟིན། །བར་དོའི་འཕྲང་ལས་སྒྲོལ་བར་མཛོད། །


JLAZ010_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་ངག་ཡིད་རྩོམ་པ་ཀུན། །རྟག་ཏུ་གཞན་ལ་ཕན་པ་དང༌། །རྐྱེན་རྣམས་བྱང་ཆུབ་ལམ་མཆོག་ཏུ། །དེ་རིང་ཉིད་ནས་བསྒྱུར་དུ་གསོལ། །བདག་གིས་འབད་ཀྱང་ཐར་བར་དཀའ། །མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་གྲུས། །མགོན་མེད་བདག་དང་འགྲོ་བ་ཀུན། །ཐར་བའི་གླིང་དུ་ཕྱིན་པར་མཛོད། །གང་དག་བདག་ལ་དད་གྱུར་ཏམ། །སྨོད་དམ་སྐུར་པ་འདེབས་ཀྱང་རུང༌། །དེ་དག་སྡིག་ཟད་ཉོན་མོངས་མེད། །སྲིད་པའི་ཆུ་བོ་སྤངས་པར་ཤོག །ནམ་ཞིག་བདག་གིས་མིང་ཙམ་གྱིས། །འགྲོ་བའི་འདོད་དགུ་རབ་འགྲུབ་ཅིང༌། །ཕྱོགས་བཅུ་གང་བའི་ཞིང་རྣམས་སུ། །མཆོད་པའི་སྤྲིན་གྱི་ཆར་འབེབས་ཤོག །དགེ་བ་འདི་ཡིས་ལུས་ཅན་ཀུན། །ཐམས་ཅད་སྲིད་ལས་རྣམ་གྲོལ་ནས། །ཡེ་ཤེས་དམ་པ་གཉིས་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །བཅུ་དགུ་པ་བཤགས་པ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཐོག་མར་འཁྲུལ་པ་ནས་བཟུང་སྟེ་དུས་དེ་རིང་ལ་ཐུག་གི་བར་དུ་མ་རིག་པའི་གཞན་དབང་དུ་སོང་སྟེ། ཀུན་འབྱུང་གི་ཉེ་བར་ལེན་པའི་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་


JLAZ010_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མུག་མངོན་པར་འདུ་བྱས་ཏེ། ལུས་ཀྱི་སྒོ་ནས་སྲོག་བཅད་པ་དང་གསོད་སེམས་སྐྱེས་པ། མ་བྱིན་བླངས་པ་དང༌། འདོད་པས་ལོག་པར་གཡེམ་བའི་རིགས། ངག་གི་སྒོ་ནས་རྫུན། ཕྲ་མ་ཚིག་རྩུབ་ངག་ཀྱལ། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་མིང་དགེ་བ་བཅུ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལ་སོགས་ཏེ་མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ་ལ་སོགས་ཏེ་མི་དགེ་བའི་ཕྱི་མོ་རྣམས་ཀྱི་སྟེང༌། བཅས་པའི་ཁྲིམས་དགེ་བསྙེན་དང༌། དགེ་ཚུལ་དང༌། དགེ་སློང་སྟེ་སོ་སོར་ཐར་པའི་སྡོམ་པ་རིགས་བདུན་ལ་ཕམ་ལྟུང་དང་ཉེས་བྱས་བྱུང་བ་དང༌། བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་བསླབ་བྱ་སྤྱི་དང༌། རྩ་ལྟུང་དང་སྦོམ་པོའི་རྣམ་གྲངས་ཐ་དད་པ་དང་འགལ་བ་དང༌། ཁྱད་པར་དུ་རིག་པ་འཛིན་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས། རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་པའི་ནོངས་པ་བླ་མ་སྨོད་པ་ལ་སོགས་པའི་རྩ་བའི་ལྟུང་བ་བཅུ་བཞི་དང༌། ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད་ལས་ཕས་ཕམ་པ་དང༌། ཁ་ན་མ་ཐོ་བའི་མཐུས་བཅོམ་སྟེ་གསང་སྔགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་པ་ཕྲ་ཞིབ་བསྲུང་དཀའ་བ་ལས་འདས་པ་ཐམས་ཅད་དང༌། རང་བཞིན་དུ་ཉོན་མོངས་


JLAZ010_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞན་དབང་གིས་སེམས་ཟིལ་གྱིས་མནན་ནས་དཀོན་མཆོག་གསུམ་དང་བླ་མ་ལ་བརྙས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། མཁན་པོ་ལ་མ་གུས་པ་དང༌། བྱང་ཆུབ་སེམས་དཔའ་ལ་སྐུར་བ་བཏབ་པ་དང༌། ཕ་མའི་དྲིན་ལན་མ་བཅལ་བ་དང༌། དཀོན་མཆོག་གི་དཀོར་འཕྲོག་པ་དང༌། ཚངས་པར་མཚུངས་སྤྱོད་སུན་ཕྱུང་བ་དང༌། བསམ་གཏན་སྒོམ་པའི་ཐུགས་དཀྲུགས་པ་དང༌། དགེ་བ་ཅན་གྱི་ཚོགས་བཅག་པ་དང༌། དད་པ་ཅན་སུན་ཕྱུང་བ་དང༌། རྒྱུ་འབྲས་ལ་སྐུར་པ་བཏབ་པ་དང༌། སེམས་ཅན་ལ་གནོད་པའི་ལས་བྱས་པ་དང༌། ཁྲེལ་དང་ངོ་ཚ་སྤངས་པ་ལ་སོགས་ཏེ་མདོར་ན་སྡིག་པ་མི་དགེ་བའི་ལས་རང་གིས་བགྱིས་པ་དང་གཞན་ལ་བྱེད་དུ་བཅུག་པ་དང༌། བྱས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དེ་དག་ཀྱང་རྟག་པའི་སེམས་དང༌། མངོན་པར་ཞེན་པ་དང༌། གཉེན་པོ་སྟོབས་ཞན་པ་དང༌། ཡུལ་ཁྱད་པར་ཅན་དང་བཞི་ལས་བྱུང་བ་ལ་སོགས་པས་ཁ་ན་མཐོ་བ་ཆེན་པོར་གྱུར་པས་མཚོན། མདོར་ན་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་ཐོགས་མེད་ཀྱི་གཟིགས་པར་ལྡན་


JLAZ010_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་སྤྱན་སྔར་ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས་སོ། །སྔོན་ཆད་ནི་བཀའ་ལས་འདས་སོ། །ད་ནི་ཉེས་པ་ལ་ཉེས་པར་མཐོང་ལགས་པས་མི་འཆབ་པོ། །མངོན་གྱུར་དུ་སྒྲོག་པས་མི་སྦེད་དོ། །ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་ལགས་སོ། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སྡིག་ལྡན་བདག་ལ་དགོངས་ཤིག །དེང་བདག་གི་འགྱོད་མཚང་དང་དུ་མ་བཞེས་ན་སྐྱབས་མེད་དོ། །མགོན་མེད་དོ། །དཔུང་གཉེན་དང་བྲལ་ལོ། །དེ་བས་ན་སེམས་ཅན་གྱི་རང་བཞིན་ལས་དང་ཉོན་མོངས་པའི་གཞན་དབང་ཅན་ལགས་པས་དེ་ལ་དགོངས་ཏེ་མཚང་པར་སྩལ་དུ་གསོལ། ཉི་ཤུ་པ་དབང་བླང་བར་མོས་ན། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། བགེགས་གཏོར་གཏང༌། ཐོགས་མར་སྡོམ་བཟུང་ནི། ཀྱེ་བླ་མ་རྡོ་རྗེ་འཛིན་པ་དང༌། །རིགས་ལྔ་བདེ་བར་གཤེགས་པ་ནི། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །བླ་མ་ལ་ཡང་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང༌། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །རིགས་ལྔའི་དམ་ཚིག་ལེགས་བཟུང་སྟེ། །རྡོ་རྗེ་དྲིལ་བུ་ལ་སོགས་


JLAZ010_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དམ་ཚིག་རྫས་རྣམས་བཟུང་བར་བགྱི། །བླ་ན་མེད་པའི་དཀོན་མཆོག་གསུམ། །ནམ་དུ་ཡང་ནི་མི་གཏོང་ཞིང༌། །རྡོ་རྗེ་སློབ་དཔོན་མི་གཏོང་ངོ༌། །རྡོ་རྗེ་སྤུན་སྲིང་རྣམས་ལ་ཡང༌། །ནམ་ཡང་སྨད་པར་མི་བྱའོ། །སེམས་ཅན་རྣམས་ལ་འཚེ་བ་སྤང༌། །འཕགས་པ་རྣམས་ལ་སྨད་མི་བགྱི། །ཐེག་པ་དམན་ལ་མི་བརྙས་ཤིང༌། །སྔགས་འཆང་སྤང་བར་མི་བྱའོ། །བསྙེན་སྒྲུབ་ལས་ཀྱི་མཐའ་བཟུང་ཞིང༌། །དཀྱིལ་འཁོར་འཁོར་ལོ་བསྒོམ་པར་བགྱི། །དམ་ཚིག་སྡོམ་པ་ལ་གནས་ཤིང༌། །འཁྲུལ་བའི་བྱ་བ་མི་བགྱིའོ། །རང་གི་སེམས་ནི་ཡོངས་འདུལ་ཞིང༌། །ཕྱོགས་མཐའ་གཏུགས་པའི་སེམས་ཅན་གྱི། །དོན་ནི་བླ་མེད་བདག་གིས་སྒྲུབ། །མ་གྲོལ་བ་རྣམས་དགྲོལ་བ་དང༌། །མ་སྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་འབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ལན་གསུམ། དེ་ནས་འཇུག་པའི་བྱ་བ་རྣམས་ནི་སྔོན་དུ་རིག་པའི་མེ་ཏོག་དོར་བ་ལ་དོན་གྱིས་ཚང་བར་མ་ཟད་གཟོད་ནས་སྣང་བ་བླ་མའི་དཀྱིལ་འཁོར་དུ་སྦྱང་ཤིང་གསལ་སྣང་དག་པ་རབ་འབྱམས་སུ་སློབ་པའི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ད་གདོད་ཀྱི་འཇུག་ཡུལ་མེད་པས། ལམ་དབང་ཐོད་རྒལ་དུ་བླང་བ་ནི། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམས་པར་སྤྱན་དྲངས།


JLAZ010_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཅིང་བསྟོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལའང་སྩལ་དུ་གསོལ། ཞེས་གསོལ་བཏབ་པས། གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། གཤེགས་མ་རྣམས་ཀྱི་དབང་བསྐུར། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ་ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་ཀྱི་བདག་ཉིད་རིག་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དེ་ཡང་ཆོས་ཉིད་མ་འཁྲུལ་པའི་བདེ་གཤེགས་སྙིང་པོ་ནི་རྡོ་རྗེ་སློབ་དཔོན་སྤྲུལ་པར་བཅས་པའི་དཀྱིལ་འཁོར་དུ་རྫོགས་པ་ལ། ཚོགས་བརྒྱད་འདུས་བྱས་པ་སློབ་མའི་ཚུལ་དུ་ཤར་བའི་ཕུང་ཁམས་སྐྱེ་མཆེད་དང༌། ཉོན་མོངས་པ་ལྔའི་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་སོ་སོའི་རང་བཞིན་ཁོང་དུ་ཆུད་པས་རིགས་དབང་ལྔའི་དང་པོར་སློབ་མ་མི་བསྐྱོད་པར་གསལ་ལ། རྣམ་བུམ་བཏེག་ནས། ཧཱུྃ། རྣམ་ཤེས་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །དཔལ་


JLAZ010_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རིགས་ཀྱི་བུ་ཁྱོད་ལ་མི་བསྐྱོད་པ་ཆུ་ཡི་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང། ཆུའི་ཁམས་མཱ་མ་ཀཱིར་སངས་རྒྱས། ཞེ་སྡང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེའི་རིགས་ཀྱི་ཐུགས་འཁྲུལ་པ་མེད་པས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་རིན་འབྱུང་དུ་གསལ་ཞིང་དབུ་རྒྱན་བསྐོན་ལ། ཧཱུྃ། ཚོར་བའི་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ང་རྒྱལ་སྦྱོང་བ་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾཿ། རིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་སའི་ཁམས་སངས་རྒྱས་སྤྱན་དུ་དག །ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེ་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་སྣང་བ་མཐའ་ཡས་སུ་གསལ་ལ། རྡོ་རྗེ་དབང་བསྐུར་ཞིང༌། ཧཱུྃ། འདུ་ཤེས་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོག་པའི་


JLAZ010_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །ཨོཾ་པདྨ་ཨ་བྷི་ཥྀཉྩ་ཧྲཱིཿརིགས་ཀྱི་བུ་ཁྱོད་ལ་རྡོ་རྗེས་དབང་བསྐུར་བས་ངག་གི་སྒྲིབ་པ་ཐམས་ཅད་དག་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་པ་མཐའ་ཡས་དང་མེའི་ཁམས་གོས་དཀར་མོར་སངས་རྒྱས། འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་པདྨའི་རིགས་ཀྱི་གསུང་འགགས་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཀྱིས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་དོན་གྲུབ་ཏུ་གསལ། དྲིལ་བུ་འཛིན་པས། ཧཱུྃ། འདུ་བྱེད་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །དཔལ་ལྡན་འཕྲིན་ལས་དབང་བསྐུར་རོ། །ཨོཾ་ཀརྨཱ་ཨ་བྷི་ཥིཉྩ་ཨཿརིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཀུན་གཞིའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་རླུང་གི་ཁམས་དམ་ཚིག་སྒྲོལ་མར་སངས་རྒྱས། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ་ལས་ཀྱི་རིགས་ཀྱི་ཕྲིན་ལས་ཐོགས་པ་མེད་པར་གྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་རྣམ་སྣང་དུ་གསལ་ལ། མིང་དབང་བྱིན་པར་མོས་ཏེ། ཧཱུྃ་གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་གཏི་མུག་སྦྱོང་བྱེད་པའི། །


JLAZ010_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ཨོཾ་བུདྡྷ་ཆེ་གེ་མོ་ཨ་བྷི་ཥིཉྩ་ཧཱུྃ། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡིས་དབང་ཐོབ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་རྒྱས། གཏི་མུག་མེ་ལོང་ཡེ་ཤེས་སུ་གྲོལ་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །རྡོ་རྗེ་སློབ་དཔོན་གྱི་དབང་ནི། ཐུགས་ཀྱི་དམ་ཚིག་རྡོ་རྗེ་གསོར་བ་དང༌། གསུང་གི་དམ་ཚིག་དྲིལ་བུ་འཁྲོལ་བ་དང༌། སྐུའི་དམ་ཚིག་འཁྱུད་རྒྱ་བྱེད་པ་སྟེ་དམ་ཚིག་གསུམ་བྱིན་ལ། ཨོཾ་ཨཱཿཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་ཅིང༌། །སྣང་སྟོང་དབྱེར་མེད་འདི་བཟུང་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་གཟུང་བར་མཛོད། །རིགས་ཀྱི་བུ་ཁྱོད་ལ་གསང་བ་སྔགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗེ་དང་དྲིལ་བུ་དཀྱིལ་འཁོར་ཐམས་ཅད་པའི་བདག་ཉིད་འདི་ལག་ཏུ་གཏད་པ་ཙམ་གྱིས། རྣམ་པ་ཐམས་ཅད་མཁྱེན་པའི་ས་བོན་ཐེབས། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་སངས་རྒྱས་ཏེ་སེམས་


JLAZ010_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནུས་པར་གྱུར་ཅིག །སླར་ཡང་རྣམ་རྒྱལ་བུམ་པ་བཟུང་ལ། ཧཱུྃ༔བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས། །ལྷ་དང་གཉིས་མེད་བདུད་རྩིའི་ཆུས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། །རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང༌། །ཀུན་ཏུ་འོད་ཀྱི་ས་ནོན་ཤོག །རྩ་སྔགས་དང༌། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རིགས་ཀྱི་བུ་ཁྱོད་ལ་དབང་ཐམས་ཅད་བརྟན་པར་བྱེད་པ་རྣམ་རྒྱལ་གྱི་བུམ་པས་དབང་བསྐུར་བས་སྣོད་བཅུད་ལྷ་དང་གཞལ་ཡས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་ལྷ་དང་ལྷ་མོར་གནས་དག་པ་ཡིན་པས་ཕྱི་ནང་ཐམས་ཅད་ལ་བརྙས་པ་བྱས་ན་ལྟུང་བར་གྱུར་བ་ཡིན་པས་དག་སྣང་དང་མོས་པ་གྱིས་ཤིག །དེ་ལྟར་བུམ་པའི་དབང་གིས་ལུས་དང་རྩའི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་ལ་དབང༌། ཕུང་ཁམས་སྐྱེད་མཆེད་ཚོགས་བརྒྱད་དབང་ཡུལ་དང་བཅས་པ་སྐུ་དང་ཡེ་ཤེས་སུ་འགྱུར་བའི་ས་བོན་ཐེབས། སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ། གསང་རྫས་མགྲིན་པར་བཞག་སྟེ། ཧཱུྃཿཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས། །དཀར་དམར་བྷཱནྡྷའི་ནང་དུ་བསྐྱིལ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩ་ཁམས་ཡི་གེའི་རྣམ་པར་སྨིན། །ཚེ་ལ་དབང་བའི་རིག་འཛིན་


JLAZ010_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །པདྨ་ཅན་གྱི་ས་ནོན་ཤོག །རྩ་སྔགས་དང༌། ཝཱཀྐ་ཨ་བྷི་ཥིཉྩ་ཨཱ། རྗེས་འབྲེལ་དུ་བཟླས་ལུང་སྦྱིན་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང༌། སློབ་མའི་མགྲིན་པ་ནས་ཞུགས། སྙིང་གར་འཁོར་བས་འགྱུ་བའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འཁོར་ལོར་རྫོགས་པར་བསམ། རྩ་སྔགས་ཀྱི་རྗེས་ཟློས་ལན་གསུམ། དེས་ངག་དང་རླུང་གི་སྒྲིབ་པ་དག །བླ་མེད་ཀྱི་དམ་རྫས་ཁྱད་པར་ཅན་སྤྱོད་ཅིང་བཟླས་བརྗོད་དང་གཏུམ་མོའི་རྣལ་འབྱོར་ལ་དབང༌། རླུང་བཅུ་ལས་སུ་རུང་བའི་ཡོན་ཏན་ཐམས་ཅད་ཐོབ། ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ། རིག་ཙག་གཏད་ལ། ཧོཿཆོས་རྣམས་ཀུན་ཀྱི་འབྱུང་གནས་ཏེ། །བདེ་བ་ཆེན་པོ་གསང་བའི་ཡུམ། །རིགས་ཀྱི་བུ་ལ་བྱིན་པ་ཡིས། །དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ། །འཁོར་ལོ་ཚོགས་ཆེན་ས་ནོན་ཤོག །རྩ་སྔགས་དང༌། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏད་བས། རིག་མ་དེས་པདྨ་བྷཉྫ་མོཀྵཧོཿཞེས་པའི་སྒྲས་ཐར་པ་བརྟེན་པ་ལ་བསྐུལ། རྗེས་སུ་ཆགས་པའི་རོལ་མོས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང༌། ཡིད་དང་ཐིག་ལེའི་སྒྲིབ་པ་དག །རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགགས། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་གོ། དབང་བཞི་པ་ལ་མེ་ལོང་དང་ཤེལ་རྡོ་མཚོན་པའི་བརྡ་


JLAZ010_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དཔེ་དོན་འབྲེལ་བའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ལ། ཧོཿཀ་དག་མེ་ལོང་གཙང་མའི་ངོགས། །ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ། །བརྡ་རྟགས་རྫོགས་པའི་དབང་བསྐུར་བས། །དྲི་མེད་རིག་པའི་གནས་ལུགས་རྟོགས། །ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས། །བདེ་བ་ཆེན་པོའི་ས་ནོན་ཤོག །རྩ་སྔགས་དང༌། དྷརྨ་དྷཱརྟུ་ཨ་བྷི་ཥིཉྩ་ཨཱཿཞེས་པའི་མཐར། རང་བཞིན་མེད་པའི་ཆོས་ཉིད་ལ་མཉམ་པར་བཞག །རྗེས་ལ་དམ་ཚིག་ཁས་བླང་པ་ནི། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །གཏང་རག་གི་མཎྜལ་ཕུལ། ཉེར་གཅིག་པ་སྨན་གཏོར་རཀྟ་དང༌། ཚོགས་ཀྱི་འཁོར་ལོ་ཕྱི་ནང་གི་འདོད་ཡོན་ལ་བརྟེན་པའི་དམ་ཚིག་སྐོང་བཤགས་ཆེན་མོ་ནི། རིག་འཛིན་གྱི་ཚོམ་བུ་དེ་དག་གི་ཐུགས་རྒྱུད་ཀྱི་སྤངས་རྟོགས་ཐེག་པ་རིམ་པ་དགུའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་པས་རྣམ་སྤྲུལ་ཀྱང་མདུན་གྱི་ནམ་མཁའ་ལ་མགྲོན་ཐབས་ཀྱི་རྣམ་པར་སད་པར་བྱ་བ་ནི། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབཿ སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིངཿ འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུཿ འདི་ན་སྣོད་མིན་སེམས་ཅན་གང་ཡང་མེདཿ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷཿ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནིཿ སེམས་ཅན་དོན་ལ་དགོངས་པའི་


JLAZ010_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམཿ ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུཿ རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལཿ བཛྲ་ས་མཱ་ཛཿཞེས་སྤྱན་དྲངས། པདྨ་ཀ་མཱ་ལཱ་ཡ་སྟྭཾཿགྱིས་གདན་འབུལ། དེ་ནས་གཏོར་ཚོགས་རྣམས་ལ་ནང་མཆོད་བྲན་ནས། ཨོཾ་ཀུན་བརྟགས་སྣང་བ་སྣོད་ཀྱི་གཏོར་གཞོང་དུཿ གཞན་དབང་སྲིད་པ་བཅུད་ཀྱི་གཏོར་མར་སྦྱངསཿ ཡོངས་གྲུབ་ཆོས་དབྱིངས་ཀློང་ཆེན་དགོངས་པ་ཡིསཿ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པའི་སྤྲིནཿ འཕོ་མེད་ནམ་མཁའ་མཛོད་དུ་མངའ་དབང་སྒྱུརཿ ཨོཾ་ཨཱཿཧཱུྃ། ལན་བདུན་གྱིས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་དང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་བྱིན་གྱིས་བརླབས། ཨཱཿརང་བྱུང་ལྷུན་གྲུབ་འཇའ་ཟེར་ལུས་ཀྱི་སྦུབསཿ སྒྱུ་འཕྲུལ་ཚོགས་བརྒྱད་རོལ་པ་སྲིན་པོའི་གྲོངཿ སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ནསཿ རིགས་འདས་མ་ཧཱ་གུ་རུའི་ཐུགས་དམ་བསྐངཿ གཞི་དབྱིངས་སྟོང་གསལ་ཀུན་ཏུ་བཟང་པོ་ཡིཿ གཞི་སྣང་ལོངས་སྐུའི་རྩལ་ལ་དགོངས་པ་འཕོསཿ བརྡ་ཚིག་བློ་ལས་འདས་པའི་དཀྱིལ་འཁོར་ནསཿ དགོངས་བརྒྱུད་དག་པ་གཉིས་ལྡན་ཐུགས་དམ་བསྐངཿ ངེས་པ་ལྔ་ལྡན་ལྷུན་གྲུབ་ལོངས་སྐུའི་རྩལཿ རིག་འཛིན་རིག་པའི་འཁོར་ལ་བརྡ་སྟོན་ཞིངཿ དགོངས་བརྡའི་དོན་རྒྱུད་ཆིག་རྫོགས་སྤྲུལ་པའི་གརཿ


JLAZ010_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་ཐོས་གྲོལ་ཆེན་པོའི་ཐུགས་དམ་བསྐངཿ མཚོན་བྱེད་རྟགས་ཀྱི་བརྡ་ཤོག་ཆེན་པོའི་དབངཿ ལས་ཅན་སྐྱེས་བུའི་སྙིང་ལ་བསྐུལ་བ་ལསཿ མཚོན་བྱ་དོན་གྱི་དགོངས་པའི་གསང་མཛོད་བརྡོལཿ གཏད་རྒྱ་སྨོན་ལམ་དབང་རྒྱུད་ཐུགས་དམ་བསྐངཿ གདོད་ནས་ཀུན་ཏུ་བཟང་པོ་རང་རིག་ལཿ ཁྱབ་གདལ་དགོངས་པ་གུད་དུ་བཅད་པ་དངཿ སངས་རྒྱས་གཞན་དུ་བཙལ་བའི་ནོངས་པ་ཀུནཿ དག་ནས་བྱ་རྩོལ་བྲལ་བའི་ས་ལ་སྐྱོལཿ ཀ་དག་ཕྱོགས་ཡན་ཆེན་པོའི་དགོངས་པ་ལཿ བགྲང་བྱའི་ཐེག་པ་ཐ་དད་མ་གྲུབ་ཀྱངཿ ཀུན་རྟོག་གདུལ་བྱའི་ཁམས་དབང་བསམ་པའི་ཕྱིརཿ ཐེག་པ་རིམ་དགུར་ཤར་བའི་ཐུགས་དམ་བསྐངཿ འཁོར་བ་སྡུག་བསྔལ་ཆེན་པོར་ཤེས་པ་ཡིསཿ ཀུན་རྫོབ་བདེན་བཞིའི་ལམ་ལ་རབ་བཞུགས་ནསཿ བདག་འཛིན་འཆིང་བ་གཅོད་པ་ཉན་ཐོས་ཀྱིཿ ཚོམ་བུའི་དཀྱིལ་འཁོར་ལྔ་ཡི་ཐུགས་དམ་བསྐངཿ སོ་ཐར་འདུལ་བའི་སྡེ་སྣོད་ཆེན་པོ་ཡིསཿ བཅས་དང་རང་བཞིན་འགལ་བའི་ཉེས་པ་ཀུནཿ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱིཿ བདག་ལ་འཕགས་པ་དགྲ་བཅོམ་བྱིན་གྱིས་རློབསཿ ལྷག་པའི་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིངཿ ཕུང་སོགས་རང་བཞིན་མེད་པར་


JLAZ010_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་དངཿ རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་ཡིཿ རང་རྒྱལ་དཀྱིལ་འཁོར་བཞི་ཡིས་ཐུགས་དམ་བསྐངཿ རྣམ་དག་ཚུལ་ཁྲིམས་མི་གཡོ་ཏིང་འཛིན་གྱིཿ བསླབ་པ་མདོ་སྡེའི་སྲུང་མཚམས་ཉམས་པ་ཀུནཿ འགྱོད་པས་བཤགས་སོ་བྱང་ཞིང་དག་པ་དངཿ ཚོགས་དང་བསེ་རུའི་རང་རྒྱལ་དངོས་གྲུབ་སྩོལཿ ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པའི་ངངཿ སྙིང་རྗེས་གཞན་དོན་སྒྲུབ་ལ་ཆེས་དཔའ་ཞིངཿ བདེན་གཉིས་ལམ་འཁྱེར་མངོན་པའི་སྡེ་སྣོད་ཀྱིཿ དཀྱིལ་འཁོར་ཕྱོགས་ཀྱི་གྲངས་ལྡན་ཐུགས་དམ་བསྐངཿ སོ་སོར་རྟོག་པའི་ཤེས་རབ་ཏིང་ངེ་འཛིནཿ རྟག་ཆད་མུ་བཞིའི་ལམ་དུ་གོལ་བ་དངཿ སྙིང་རྗེའི་མྱུ་གུ་སྐམ་པའི་ནོངས་པ་ཀུནཿ དག་ནས་ཀུན་ཏུ་འོད་ཀྱི་ས་ལ་སྐྱོལཿ དག་པ་གསུམ་དང་གཙང་སྦྲ་གསུམ་སྤྱོད་ཅིངཿ དམ་ཡེ་ཐ་དད་རྗེ་ཁོལ་རྣམ་པར་བསྒྲུབཿ བལྟས་པས་བདེ་བ་ལམ་བྱེད་བྱ་རྒྱུད་ཀྱིཿ དཀྱིལ་འཁོར་དྲུག་གི་ལྷ་ཚོགས་ཐུགས་དམ་བསྐངཿ ཀྲི་ཡའི་ཐབས་དང་ཡོ་གའི་རྣལ་འབྱོར་ལཿ ཆ་མཉམ་སྤྱད་པས་མ་ནིང་ཐེག་པ་སྟེཿ མངོན་བྱང་ལྔ་ཡིས་དཀྱིལ་འཁོར་རྒྱལ་མཆོག་བསྒྲུབཿ སྤྱོད་རྒྱུད་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐངཿ བྱ་སྤྱོད་རྒྱུད་སྡེའི་ལྷ་སྔགས་ཏིང་འཛིན་དངཿ ཕྲ་རགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ


JLAZ010_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་ལ་སོགས་གྲུབ་ཆེན་རྣམ་བརྒྱད་ཀྱིཿ ཐུན་མོང་དངོས་གྲུབ་འཛད་མེད་ཆར་དུ་སྙིལཿ ཕྱི་ནང་གསང་གསུམ་རྣམ་དག་བདེན་པ་ཡིཿ ལྷ་དང་རྣལ་འབྱོར་གཉིས་མེད་ཆེན་པོར་རྟོགསཿ ཕྱག་རྒྱ་བཞི་དང་ཟབ་གསལ་ཏིང་འཛིན་བརྙེསཿ ལིང་ཚེ་དགུ་ལྡན་ཡོ་གའི་ཐུགས་དམ་བསྐངཿ བདག་དང་ལྷ་ལ་བཟང་ངན་བལྟས་པ་དངཿ བསྙེན་སྒྲུབ་མཆོད་པ་སྦྱིན་བསྲེག་ཆག་པ་དངཿ དཀྱིལ་འཁོར་སྒྲུབ་པའི་ཡན་ལག་ཉམས་པ་ཀུནཿ བཟོད་པར་བཞེས་ནས་མཆོག་གི་དངོས་གྲུབ་སྩོལཿ ཞེས་པའི་མཚམས་ཚོགས་ཕུད་རིམ་པ་གསུམ་ལྷག་མ་དང་བཅས་པར་སྤེལ་ཞིང་སྨན་རཀ་འཐོར་བཞིན་པས། བདེ་སྟོང་ཀློང་ཡངས་ཏིང་འཛིན་གསུམ་གྱི་སྦུབསཿ བསྐྱེད་རིམ་སྣོད་བཅུད་དག་པ་རབ་འབྱམས་སུཿ ཡོངས་ཤར་སྒྱུ་འཕྲུལ་ཞི་ཁྲོ་བཀའ་བརྒྱད་སོགསཿ ཚོམ་བུའི་དཀྱིལ་འཁོར་བཅུ་གཉིས་ཐུགས་དམ་བསྐངཿ ཤེས་བྱ་ལྔ་དང་མི་སྤང་དང་དུ་བླངཿ སྒྲུབ་དང་སྤྱད་བྱའི་དམ་ཚིག་ཉི་ཤུ་ལྔཿ གསང་བཅུ་ལ་སོགས་ཉམས་ཆག་སྡིག་སྒྲིབ་ཀུནཿ བཤགས་སོ་རིག་འཛིན་རྣམ་བཞིའི་ས་ལ་སྐྱོལཿ བཀོད་པ་ལུས་ཀྱི་གཞལ་མེད་ཁང་ཆེན་ནངཿ རྩ་གསུམ་འཁོར་ལོ་ལྔ་ཡི་འཇའ་ཟེར་སྦུབསཿ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རིག་པའི་རྩལཿ ཨ་ནུ་ཡོ་གའི་དཀྱིལ་འཁོར་


JLAZ010_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐངཿ རྣམ་ཤེས་ཚོགས་བརྒྱད་ཉེ་ཉོན་ཉི་ཤུ་དངཿ སེམས་བྱུང་ལྔ་བཅུ་བརྒྱད་ཁྲི་བཞི་སྟོང་གིཿ རྟོག་ཚོགས་དག་ནས་དྲན་རྫོགས་ཕྱག་རྒྱའི་སྐུཿ ལྷན་སྐྱེས་བདེ་བ་ཆེན་པོའི་ས་ལ་སྐྱོལཿ ཤེས་རིག་ཟང་ཐལ་གཉུག་མའི་གཞལ་ཡས་སུཿ ཡེ་གདངས་སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་ཀློངཿ རིག་པ་བཅུད་དུ་སྨིན་པ་ཨ་ཏིའི་ལྷཿ ཞལ་ཕྱག་འཛིན་པ་དག་པའི་ཐུགས་དམ་བསྐངཿ རང་གྲོལ་རིག་པ་རྡོ་རྗེ་ལུ་གུ་རྒྱུདཿ བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིསཿ གཅུན་ཏེ་སྣང་བཞི་ཆོས་ཟད་གདོད་མའི་དབྱིངསཿ ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་སྐྱོལཿ མདོར་ན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཀློངཿ ཐ་དད་རིག་པས་བཏགས་པའི་སྲི་ཞུའི་བགྲོནཿ རྡུལ་སྙེད་མ་ཚང་མེད་པ་ཐམས་ཅད་དངཿ སྣང་བ་ཡབ་ཀྱི་རང་བཞིན་རཱ་ཧུ་ལཿ སྟོང་པ་ཡུམ་གྱི་ངོ་བོ་ཨེ་ཀ་ཙཿ ཟུང་འཇུག་ཐུགས་རྗེ་བཛྲ་ས་དྷུ་སོགསཿ སྙིང་ཐིག་གཉན་པོའི་བཀའ་སྲུང་ཐམས་ཅད་དངཿ ཨོ་རྒྱན་རྒྱ་གར་བལ་ཡུལ་ཁ་ཆེའི་གླིངཿ འ་ཞའི་ཡུལ་དང་བྲུ་ཤ་ཟངས་གླིང་ཡུལཿ གསེར་གླིང་རྔ་ཡབ་ལངྐའི་གླིང་ཕྲན་དངཿ རྒྱ་ནག་ལྗོངས་ཡུལ་གེ་སར་དམག་གི་གླིངཿ ཙ་རི་ཏྲ་དང་ལྷོ་མོན་འབྲས་མོའི་གཤོངསཿ མངའ་རིས་བསྐོར་


JLAZ010_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དབུས་གཙང་རུ་བཞི་དངཿ མདོ་ཁམས་སྒང་དྲུག་སྦས་གནས་གཉན་པོའི་ཡུལཿ ལྗོངས་ལྔ་གླིང་དྲུག་གསེར་རི་ལྷུན་པོའི་སྤོཿ སུམ་ཅུ་རྩ་གསུམ་གནས་ཡུལ་དུར་ཁྲོད་གཉནཿ ཆོས་འཁོར་གཙུག་ལག་སྒྲུབ་གནས་དབེན་གནས་ཀྱིཿ འཁོར་ཡུག་ལྗོན་ཤིང་བྲག་རི་མཚོ་གླིང་ལཿ གནས་པའི་དཔའ་བོ་ཌཱཀྐི་ཆོས་སྲུང་ཚོགསཿ ཞལ་ནས་གསུངས་དང་རྗེས་སུ་གནང་བ་དངཿ བྱིན་བརླབས་ལུང་བསྟན་དག་སྣང་བསྟན་བཅོས་དངཿ ཐུགས་གཏེར་དགོངས་གཏེར་ཟབ་གཏེར་རྫས་གཏེར་སོགསཿ གཏེར་རིགས་བཅོ་བརྒྱད་ཆོས་ཀྱི་བཀའ་གཏད་ཅིངཿ དཀྱིལ་འཁོར་རྒྱ་མཚོའི་མུ་རན་ལ་གནས་པའིཿ དམ་ཅན་ཌཱཀྐི་བསྟན་སྲུང་རྒྱ་མཚོ་ཡིཿ ཐུགས་དང་འགལ་གྱུར་ནོངས་བ་ཅི་མཆིས་པཿ སྙིང་ནས་བཤགས་སོ་ཚངས་པའི་ཞལ་རས་སྟོནཿ རྟག་ཆད་མཐའ་བྲལ་དབུ་མ་ཆེན་པོའི་སྦུབསཿ འཁོར་འདས་རོ་རྐྱང་ཟུང་འཇུག་ཕྱག་རྒྱ་ཆེརཿ སྦྱར་བས་སྣང་སེམས་ཞེན་གྲོལ་རྫོགས་པ་ཆེའིཿ ཏིང་འཛིན་ནམ་མཁའི་མཛོད་ཀྱི་སྒྱུ་འཕྲུལ་ལསཿ གཟུང་འཛིན་ཕཊ་ཀྱིས་གཏོར་བའི་རྗེས་གཞིག་ཆེརཿ བློ་བྲལ་ཐུག་ཕྲད་ཤེས་པའི་ངོ་བོ་རུཿ ཚོགས་བརྒྱད་ཀ་ནས་དག་པའི་བཀྲ་ཤིས་རྟགསཿ སྣང་བ་རྒྱན་དུ་ཤར་བའི་རྒྱལ་སྲིད་བདུནཿ རིག་སྟོང་རྗེན་པར་གྲོལ་


JLAZ010_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདོད་ཡོན་ལྔཿ རྐྱེན་ངན་ལམ་དུ་ལོངས་པའི་ཕྱག་རྒྱ་གརཿ འབུལ་ལོ་མཆོག་ཐུན་དངོས་གྲུབ་རྒྱ་མཚོར་བསྐྱིལཿ ཀློང་ཆེན་གཞོན་ནུ་བུམ་སྐུའི་ཀ་པཱ་ལརཿ དུག་གསུམ་རྣམ་རྟོག་དྲེགས་པ་བཏུལ་བའི་ཁྲགཿ སྐུ་གསུམ་ཡོངས་གྲོལ་ཆེན་པོའི་བ་ལིང་ཏཿ རེ་དོགས་ཚར་གཅོད་ཤ་ལྔ་བདུད་རྩི་ལྔཿ ཉི་ཟླའི་དྭངས་མ་རྩ་བརྒྱད་ཡན་ལག་སྟོངཿ རང་བྱུང་ལྷུན་གྲུབ་ནང་གི་དམ་རྫས་ཀུནཿ འབུལ་ལོ་བརྟུལ་ཞུགས་མཐར་ཕྱིན་དངོས་གྲུབ་སྩོལཿ གདོད་མའི་སྟོང་ཆེན་དབྱིངས་ཀྱི་བྷ་གའི་ཀློངཿ རྣམ་ཀུན་མཆོག་ལྡན་རིག་པའི་རྡོ་རྗེ་ཡིསཿ རྟེན་འབྲེལ་ལུགས་ལྡོག་འཁོར་བའི་བག་ཆགས་བསྒྲལཿ བདེ་སྟོང་དགའ་བཞིའི་ཉམས་རྩལ་རྫོགས་པའི་གརཿ སྦྱོར་སྒྲོལ་བརྟུལ་ཞུགས་མཐར་ཕྱིན་གསང་བའི་རྫསཿ འབུལ་ལོ་གཞན་སྣང་དབང་འདུས་དངོས་གྲུབ་སྩོལཿ མཚན་མ་རྫས་དང་མཚན་མེད་ཏིང་འཛིན་གྱིཿ ལས་བཞིའི་ཕྲིན་ལས་བསྒྲུབ་པའི་ཕྱག་རྒྱ་དངཿ ཤུགས་སྒྲོལ་དམོད་པའི་མཚོན་ཆ་ཁྱོད་ལ་འབུལཿ སྨོན་འཇུག་སེམས་བསྐྱེད་ཕྲག་ཕུག་ཞྭ་ལྟར་གྱོནཿ ཆགས་མེད་འཁོར་བ་སྤངས་པའི་རྣལ་འབྱོར་ལཿ མ་ཉེས་ཁ་གཡོགས་ཅལ་སྒྲོག་ངན་སྦྱོར་གཤོམཿ སྒྲུབ་ལ་བར་གཅོད་ཐུགས་རྒྱུད་དཀྲུགས་པ་ཡིཿ སྨོན་ལམ་ལོག་པའི་དགྲ་འདྲེའི་སྙིང་ཁྲག་འཐུངསཿ


JLAZ010_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཐོན་མཐིང་རལ་བའི་གླེགས་བམ་མན་ཆད་ནསཿ བདོག་པའི་ཉེར་སྤྱད་ཕྲ་མོ་ཡན་ཆོད་དུཿ མདོར་ན་རྣལ་འབྱོར་ཡིད་ལ་མཛའ་བའི་རྫསཿ རྩ་གསུམ་དམ་ཅན་ཌཱཀྐིའི་བླ་རྡོར་འབུལཿ ནགས་ཁྲོད་བས་མཐའ་མཚོ་གླིང་བྲག་སྐྱིབས་སོགསཿ ངེས་མེད་གནས་སུ་བྱང་ཆུབ་བསྒྲུབ་པའི་ཕྱིརཿ སྟག་མོ་རི་སུལ་འགྲིམ་ལྟར་རྒྱུ་བའི་ཚེཿ རྣལ་འབྱོར་ལུས་ལ་གྲིབ་མ་བཞིན་དུ་འགྲོགསཿ བརྟན་གཡོ་སྣང་སེམས་ཞེན་པས་བཅིངས་པ་ཡིཿ ཕྲ་རགས་རྣམ་རྟོག་གྱ་གྱུའི་སྒྱུ་འཕྲུལ་ཅནཿ སྲིད་ཞི་གཉིས་མེད་ཤར་གྲོལ་དུས་མཉམ་ཀློངཿ འབུལ་ལོ་ཆོས་ཉིད་ཟད་སར་འཁྱོལ་བར་ཤོགཿ ཀུན་གཞིའི་ངང་ནས་ལས་རླུང་གཡོས་པའི་འཕྲུལཿ བག་ཆགས་སེམས་ཉིད་མངལ་རྒྱར་འཐུམས་པ་ལསཿ བྱུང་བའི་ཤ་ཁྲག་དྲོད་དབུགས་ཕུང་པོའི་ཁམསཿ འབུལ་ལོ་བདག་གིས་འཇའ་ལུས་འགྲུབ་པར་ཤོགཿ འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུནཿ དྲན་རིག་ཟག་པ་མེད་པའི་ཡེ་ཤེས་ཀྱིསཿ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་བཏབ་ནསཿ གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་ཨཱཿ ཞེས་པའི་མཐར། ལྷག་མ་ཕྱི་རོལ་དུ་གཤེགས། གསུམ་པ་རྗེས་ཀྱི་བྱ་བ་ལ་བརྒྱད་ལས། དང་པོ་དངོས་གྲུབ་ཀྱི་དམ་རྫས་ཚོགས་ལ་རོལ་བ་ནི། ལས་སློབ་ཀྱིས་


JLAZ010_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་གཙོ་བོ་ལ་བཏུད་དེ་ཕྱག་བྱས་ནས་རྣམ་ལྔ་འདོད་སྐོར་གྱི་ཕྱག་རྒྱ་དང་སྦྲགས། ཧོཿབླ་མ་དཔའ་བོ་ཆེན་བོ་དགོངས་སུ་གསོལ། །འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་ཡང༌། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་པའི་ལན་དུ་སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ་ཉིད་དང་བཅས། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་འཛིན་རྣམ་པར་བྲལ་བ་ཡི། །དེ་བཞིན་ཉིད་ལ་བདག་ཀྱང་འཚལ། །ཨ་ལ་ལ་ཧོ། ཞེས་པས་བླང་ཞིང༌། ལག་སོར་གཡས་གཡོན་རིགས་ལྔ་ཡབ་ཡུམ་དུ་མོས་ནས་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་ནང་གི་སྦྱིན་སྲེག་ལྟར་འབུལ་ནི། སློབ་དཔོན་གྱིས་བསྐུལ་ལ་ཚོགས་པ་ཐམས་ཅད་ཀྱིས། ཧོཿབདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར། །གཉིས་མེད་མཉམ་པའི་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ཟས་ཀྱི་སྒྲིབ་པར་མི་འགྱུར་ཞིང༌། །གཏན་པ་མེད་པའི་སྦྱིན་བདག་ཀྱང༌། །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །ཅེས་བརྗོད་ཅིང་ཐ་མལ་གྱི་རྟོག་པ་སྤངས་ལ་རང་ལུས་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་བདག་ཉིད་


JLAZ010_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མོས་པ་ལ་མཆོད་པའི་ཚུལ་གྱིས་ཚིམ་པར་རོལ་རྗེས། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །སོགས་ཀྱིས་སྨོན་ལམ་གདབ། དེའི་ཚེ་ཚོགས་ཀྱི་དམ་རྫས་ལ་སྨོད་པ་དང༌། ཐེག་དམན་གྱི་བློས་བླང་དོར་དུ་ལྟ་བ་དང༌། འཐབ་རྩོད་དང༌། ཀུ་ཅོ་དང༌། ཤགས་ལ་སོགས་པ་ནི་སྦོམ་པོ་བརྒྱད་ཀྱི་ཡ་གྱལ་ཡིན་པས་སྤང་བར་བྱའོ། །གཉིས་པ་རྡོ་རྗེའི་གླུ་གར་བྱ་བར་མོས་ན། སྐྱེ་བོ་ཐ་མལ་པས་དབེན་པས་གནས་སུ། ལས་སློབ་གྱིས་སློབ་དཔོན་ལ་ཕྱག་བྱས་ཏེ། ཧོཿདགོངས་སུ་གསོལ། མངའ་དབང་རྫོགས་པའི་དཀྱིལ་འཁོར་ཆེན་པོར་ཀུན་ཏུ་བཟང་པོའི་ཚོགས་མཆོད་རྒྱ་མཚོས་ཕྱི་ནང་གི་འདུ་བ་དང་ཉེ་བའི་འདུ་བ་ལེགས་པར་མཆོད་ཟིན་པའི་གནས་སྐབས་འདིར་ནི་མུ་ཏིག་ཕྲེང་བ་ལས། ཚོགས་དང་དབང་བསྐུར་དཀྱིལ་འཁོར་འཇུག །དེ་ནས་གླུ་ལ་བརྩོན་པར་བྱ། །ཞེས་པའི་དོན་ལྟར་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དགོངས་སྤྱོད་རྒྱ་མཚོས་རྡོ་རྗེའི་གླུ་གར་ལ་ཐུགས་གཏད་པར་ཞུ། ཞེས་གསོལ་ནས། དཔོན་སློབ་ཐམས་ཅད་འཁོར་ལོས་སྒྱུར་བའམ། ཧེ་རུ་ཀའི་ཆས་སུ་བཞུགས་ནས་བསམ་གཏན་གྱི་ངང་ལས་ལངས་ཏེ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱུང་རྒྱལ་དུ་བསྐྱང་བའམ། མོས་པས་སྤྱོད་པ་རྣམས་ནི་རང་བཞིན་གྱི་བསམ་གཏན་ལ་གནས་པས་ཆོས་ཉིད་ཀྱི་གླུ། ཨ་དཱི་ཀ་དཱི་རིང་བོ་དང༌། ཐུང་ངུ་དང༌། འཁྱོག་པོར་སྤེལ་བའི་དབྱངས་སྙན་པོས་བླང་ཞིང༌། དེ་ནས་ཨོཾ་དང༌། ཨེ་དང༌། ཧཱུྃ་དང༌། ཧེ་དང༌། ལྱཱཻ་ཤག་སོགས་པས་


JLAZ010_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་དྲངས་ཏེ་ཐོད་རྔ་དང་ཅང་ཏེའུའི་སྒྲ་དང་བཅས། ཨེ་མ་ཀཱི་རི་ཀཱི་རི། མསྟ་བཱ་ལི་བཱ་ལི། ས་མི་ཏ་སུ་རུ་སུ་རུ། ཀུ་ཏ་ལི། མ་སུ་མ་སུ། ཨེ་ཀ་རཱ་སུ་ལི་བྷ་ཏ་ཡཱེ། ཙི་ཀི་ར་བྷུ་ལི་པ་ལ་ཡེ། ས་མུན་ཏ་ཙརྱ་སུ་གྷ་ཡ། བྷི་ཏ་ས་ན་བྷྱ་ཀུ་ལ་ཡཱི། ས་ཀ་རི་དྷཱུ་ཀ་ན། མ་ཏ་རི་བཱཻ་ཏ་ན། པ་ར་ལི་ཧི་སཱ་ན། མ་ཁརྟ་ཀེ་ལ་ནཱཾ། སཾ་བྷུ་ར་ར་མེ་ཀ་ཙ་དྷི་པ། སུརྱ་བྷ་ཏར་ཨེ་པ་ཤ་ན་པ། ར་ན་བྷི་ཏི་ས་གྷུ་ར་ལཱ་པ། མ་སྨིན་ས་གུ་ལི་ཏ་ཡ་བ། འགུ་ར་འགུ་ར་ས་ག་ཁ་ར་ན་ལཾ། ན་ར་ན་ར། ཨི་ཐ་ར་པ་ཀཱ་ལཾ། སི་ར་ཎ་སི་ར་ཎ། བྷེ་ས་ར་ས་པ་ལ། བྷུན་དྷ་བྷུན་དྷ། ཚི་ཥ་ས་ཀེ་ལཾ། ས་སཱ། རཾ་རཱི། ལི་ལཱི། ཨི་ཨཱི། མི་མཱི། ར་ར་རཱ། མ་སྐྱེས་པས་ན་མི་འགགས་ཅིང༌། །འགྲོ་དང་འོངས་མེད་ཀུན་ཏུ་ཁྱབ། །བདེ་ཆེན་ཆོས་མཆོག་མི་གཡོ་བ། །མཁའ་མཉམ་རྣམ་གྲོལ་གོས་པ་མེད། །རྩ་བ་མེད་ཅིང་རྟེན་མེད་ལ། །གནས་མེད་ལེན་མེད་ཆོས་ཆེན་པོ། །ཡེ་གྲོལ་ལྷུན་འབྱམས་ཡངས་པ་ཆེའི། །བཅིངས་མེད་རྣམ་པར་བགྲོལ་མེད་པ། །ཁྱབ་གདལ་ཁང་བཟང་ཡེ་ཡོད་ཉིད། །ཁྱབ་མཉམ་པ་ལས་རྣམ་འདས་པ། །ཡངས་སོ་ཆེའོ་ནམ་མཁའི་དབྱིངས། །ཆོས་ཆེན་འབར་བ་ཉི་ཟླའི་དཀྱིལ། །ལྷུན་གྱིས་གྲུབ་དང་མངོན་སུམ་པ། །རྡོ་རྗེ་རི་བོ་པདྨ་ཆེ། །ཉི་མ་སེང་གེ་ཡེ་ཤེས་གླུ། །སྒྲ་ཆེན་རོལ་མོ་མཚུངས་པ་


JLAZ010_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །སངས་རྒྱས་སངས་རྒྱས་ཀུན་མཉམ་ཞིང༌། །ཀུན་བཟང་ཡངས་པ་ཆོས་ཀྱི་རྩེ། །མཁའ་དབྱིངས་བཟང་མོའི་དབྱིངས་རུམ་དུ། །ཀློང་གསལ་ལྷུན་གྲུབ་ཡེ་རྫོགས་ཆེ། །ཞེས་བླང་ངོ༌། །ཕན་ཡོན་ཉི་ཟླ་ཁ་སྦྱོར་ལས། ཟག་པ་མེད་པའི་རྡོ་རྗེའི་གླུས། །སངས་རྒྱས་ཀུན་གྱི་ཡིད་ཀྱང་ཚིམ། །རྣལ་འབྱོར་ང་ཡི་ཉམས་ཀྱི་གྲོགས། །མཁའ་འགྲོ་མ་ཡི་ཡིད་རྣམས་འཕྲོག །རིགས་དྲུག་འཁོར་བའི་ཞེན་པ་བཟློག །ཅེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་བཤགས་པ་ནི། མ་འབྱོར་པ་དང་ཉམས་པ་དང༌། །གཙོ་བོ་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་བགྱིས་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཡི་གེ་བརྒྱ་བའི་མཐར་བརྗོད་མེད་དོན་བཤགས་ནི། ཧོཿརང་བཞིན་ངང་ལ་ཉེས་པའི་སྐྱོན་མེད་པས། །བཤགས་དང་བཤགས་པར་བྱེད་པ་ཅུང་ཟད་མེད། །ཀུན་རྫོབ་སྒྱུ་མ་ཙམ་དུ་བཤགས་ན་ཡང༌། །གཉིས་མེད་སེམས་ཀྱི་ངང་དུ་དག་གྱུར་ཅིག །ཅེས་རྟོགས་པ་བསྐྱེད། བཞི་པ་གཤེགས་གསོལ་ནི། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །སོགས་བརྗོད་ལ། བཛྲ་མུ། ཡེ་ཤེས་པ་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། འཇིག་རྟེན་པའི་མགྲོན་རྣམས་རང་གནས་སུ་བཏང༌། རས་བྲིས་ཡིན་ན་བརྟན་བཞུགས་བྱའོ། །ལྔ་པ་བསྔོ་བ་ནི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་


JLAZ010_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཚོགས་རྫོགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། སོགས་ཤླཽ་ཀ་གཉིས་བརྗོད། དྲུག་པ་སྨོན་ལམ་གདབ་པ་ནི། ཧོཿསྣང་སྲིད་ཐམས་ཅད་བླ་མའི་དཀྱིལ་འཁོར་དུ། །ཡོངས་གྲུབ་ཆེན་པོའི་མོས་གུས་ལ་གོམས་པས། །འོད་སྣང་མཐའ་ཡས་བདེ་ལྡན་ཞིང་གི་མགོན། །མངོན་སུམ་འགྲུབ་ནས་འགྲོ་ཀུན་འདྲེན་པར་ཤོག །ཅེས་དང༌། དེ་མ་ཐོབ་པའི་ཚེ་རབས་ཀུན། །འཁྲུལ་པ་ལས་ཀྱང་ཉིང་འཁྲུལ་ཅན། །འཁོར་བ་སྡུག་བསྔལ་ཅན་ཕུང་པོར། །རྟག་འཛིན་འཆིང་བ་ལས་གྲོལ་ཤོག །སྙིགས་མ་ལྔ་ཡི་མཐར་སྐྱེས་པའི། །ཉོན་མོངས་གདོན་གྱིས་གཟིར་བ་རྣམས། །རྒྱུ་འབྲས་སྔ་ཕྱི་ལྟར་སྨིན་པའི། །དྲང་དོན་ལམ་གྱིས་རྒྱུད་སྦྱངས་མཐར། །ཐེག་པ་གཞན་གྱིས་མི་འདུལ་བས། །གསང་ཆེན་རྡོ་རྗེའི་ཐེག་པ་མཆོག །མ་ནོར་ཚུལ་བཞིན་སྟོན་ནུས་པའི། །བླ་མ་དམ་པ་མཇལ་བར་ཤོག །མཇལ་ནས་ཀུན་ཏུ་མཉེས་བྱེད་ཅིང༌། །བར་གཅོད་རྐྱེན་གྱིས་མི་བརྫི་བར། །ཚུལ་བཞིན་བསྒྲུབ་པའི་རང་དབང་དང༌། །དབང་བཞིས་རང་རྒྱུད་སྨིན་པར་ཤོག །བསྐྱེད་རྫོགས་གནད་ལ་མ་འཁྲུལ་བས། །སྣང་བའི་བདེན་ཞེན་ཞིག་པ་དང༌། །རྩ་རླུང་ཐིག་ལེ་ལས་རུང་ནས། །


JLAZ010_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལམ་མྱུར་དུ་སྐྱེ་བར་ཤོག །བདེན་པ་མཐོང་བའི་ཆོས་ཉིད་ལ། །གཟུང་འཛིན་འཁྲུལ་པ་མི་གནས་པས། །རྒྱུ་འབྲས་དག་གྲོལ་ལ་ཞེན་རྣམས། །བརྟུལ་ཞུགས་སྤྱོད་པས་འདུལ་བར་ཤོག །བདག་ལ་གཤེའམ་སྨོད་ཀྱང་རུང༌། །སེམས་ཅན་ཉོན་མོངས་རང་བཞིན་ལ། །བཟོད་པ་ཐོབ་པའི་བྱང་ཆུབ་སེམས། །མི་སློབ་ལམ་གྱི་འབྲས་བུར་ཤོག །བདུན་པ་ཤིས་བརྗོད་ནི། གདོད་མའི་མགོན་པོ་རིགས་ལྔ་གང་ཆེན་མཚོཿ སྐུ་ལྔ་ལྷུན་རྫོགས་སྤྲུལ་པའི་ཞིང་ཁམས་ལཿ བསྐལ་བཟང་སངས་རྒྱས་སྟོང་རྩ་བྱོན་པ་ཡིསཿ སྒྲོན་མེའི་བསྐལ་པ་བཟང་པོའི་བཀྲ་ཤིས་ཤོགཿ སྟོང་གསུམ་མི་མཇེད་རྡོ་རྗེ་ཐེག་པའི་ཞིངཿ འཕུར་འགྲོའི་བསྟན་པ་འབྱུང་གནས་ཨོ་རྒྱན་ཡུལཿ གངས་རིའི་ཁྲོད་དུ་འབོད་པ་ཁྲི་སྲོང་རྗེའིཿ ཐུགས་བསྐྱེད་བསྟན་པ་མཐར་རྒྱས་བཀྲ་ཤིས་ཤོགཿ འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེའི་གདནཿ པཎ་གྲུབ་ཆོས་རྒྱལ་འཛོམ་པ་ཆོས་འཁོར་གསུམཿ མདོ་སྔགས་བསྟན་པ་དར་བ་གངས་ཅན་ལྗོངསཿ རྒྱལ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོགཿ བརྒྱད་པ་ཕན་ཡོན་བསྟན་པ་ནི། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཞེས་པས་དཀྱིལ་


JLAZ010_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་འཁོར་ལོ་ནི་བླ་མའི་ཏིང་ངེ་འཛིན་གྱི་རྣམ་པར་སྤྲུལ་པ་ཙམ་ཡིན་ལ། བླ་མ་ནི་དཀྱིལ་འཁོར་གང་གི་དབང་ཕྱུག་གམ་སྤྲུལ་གཞིའི་ངོ་བོ་ཉིད་ཡིན་པས་རྡོ་རྗེ་ཐེག་པའི་ལམ་གྱི་སྨིན་གྲོལ་ཟབ་མོའི་བྱིན་རླབས་ཐམས་ཅད་དང་པོར་བླ་མ་ལ་མ་བརྟེན་པར་མི་འགྲུབ་སྟེ། འདི་ལྟར་གཟུགས་བརྙན་ནམ། རས་བྲིས་སམ། རྡུལ་ཚོན་ནམ། བློས་བླང་ལ་སོགས་པའི་མདུན་དུ་རང་བཟོ་དང་ཡིད་བྱེད་ཀྱིས་གྲོལ་བ་ཐོབ་པའི་གཏན་ཚིགས་གཅིག་ཀྱང་མེད་པའི་ཕྱིར། དེ་ཁོ་ན་ཉིད་བསྡུས་པར་ཡང་ལོང་བས་རང་དགར་རི་བོ་ལ། འཛེགས་པས་བདེ་བར་འགྱུར་མ་ཡིན། །ཞེས་པ་ལྟར་རོ། །རྒྱུ་དེས་ན་སྤྱི་མདོ་ལས། བསྐལ་པ་འབུམ་གྱི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པར་བྱ། །ཞེས་སོ། །གཉན་པའི་རྒྱུ་ཅིས་ཤེ་ན། དུས་གསུམ་དུ་གཤེགས་ཤིང་འབྱོན་པའི་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་ཡེ་ཤེས་ལ་སྒྲིབ་པ་མེད་ཅིང༌། ཉེ་རིང་དང་ཕྱོགས་ཆ་མེད་ཀྱང་རང་ངོ་ནས་ཡོད་ལོ་དང་མོས་པ་ཙམ་བྱེད་པ་ལས་དངོས་སུ་ཞལ་སྐྱིན་མི་མཇལ། གསུང་མ་ཐོས་པས་ལམ་བདེན་མངོན་སུམ་པར་འདོམས་པའི་མཐུ་མེད་ལ། བླ་མ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཡིན་བཞིན་དུ་རང་དང་སྤྱོད་ཡུལ་མཐུན་པ་ལྟར་གྱི་འགྲོ་བའི་གཟུགས་སུ་བྱོན་ནས་འགོག་ལམ་གཉིས་ཀྱི་བདེན་པ་མངོན་སུམ་དུ་འདོམས་པས་ཉི་མའི་སྔ་འདྲེས་ལའང་སེམས་ཅན་སངས་རྒྱས་སུ་གནས་བསྒྱུར་བ་མཐོང་ཆོས་ལ་གནས་པའི་ཕྱིར་ཏེ། འཇམ་དཔལ་རྩ་རྒྱུད་ལས། གང་ཕྱིར་སངས་རྒྱས་ཐམས་ཅད་ནི། །འདས་དང་མ་བྱོན་ད་ལྟར་གྱི། །ཐམས་ཅད་མི་ཡི་འཇིག་རྟེན་


JLAZ010_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །མི་ཡི་ལུས་སུ་ཡང་དག་འབྱུང༌། །ཞེས་དང༌། གུར་ལས། གང་ཞིག་རྡོ་རྗེ་སེམས་དཔའ་ཞེས། །རྡོ་རྗེ་སློབ་དཔོན་གཟུགས་སུ་གནས། །སེམས་ཅན་ཕན་བཏགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་སྤྲུལ། །ཞེས་གསུངས་པས་དད་པའི་ཁམས་གསོལ་བའི་གང་ཟག་ལ་རྣམ་པར་བསྒྱུར་བ་ཡང་མ་བཤད་དོ། །དེ་ལྟར་ཡིན་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་བླ་མ་ལ་དུས་གསུམ་དུ་ཕྱག་མཛད་ན། །རང་ཅག་འཁོར་བའི་བཙོན་རར་ནི་ཆུད། ཉོན་མོངས་པའི་ལྕགས་སྒྲོག་གིས་བཅིངས་པ་རྣམས་ནི་ཅིའི་ཕྱིར་བླ་མ་མཆོད་པའི་ཆོ་ག་ལ་བརྩོན་པར་མི་བྱེད། དེ་སྐད་དུ་རྡོ་རྗེ་གཙུག་གཏོར་གྱི་རྒྱུད་ལས། སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པ། །དུས་གསུམ་དུ་ནི་མོས་ཕྱག་མཚལ། །ཞེས་སོ། །མདོར་ན་སངས་རྒྱས་ཐོབ་པར་འདོད་པ་རྣམས་ཀྱིས་ནི་བསྟི་སྟང་དང༌། རིམ་གྲོ་བསྐྱེད་ཅིང༌། བསྒོམ་ཞིང་མཆོད་པར་བྱ་བའི་ཡུལ་བླ་མ་གཅིག་པོ་ལ་རག་ལས་པའི་ཚུལ་སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་ཀྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་པ་སོགས་པའི་བརྗོད་བྱ་ཟད་མི་ཤེས་པ་ཡོད་དོ། །འདི་ནི་མདོ་ཁམས་རྫོགས་ཆེན་སྤྲུལ་པའི་སྐུ། །གཞོན་ནུ་སངས་རྒྱས་སྨོན་ལམ་འོད་ཟེར་དེའི། །རིགས་ཀྱི་བདག་པོ་བྲལ་ཐོབ་མེད་པའི་ལྷ། །སྟོན་པའི་ཞལ་སྐྱིན་གཅིག་ཏུ་མངོན་པར་གྲུབ། །རྒ་བས་


JLAZ010_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ནོན་པའི་ལང་ཚོས་མ་བརྟོལ་ཡང༌། །འཕེལ་འགྲིབ་སྤངས་པ་བསྟན་པའི་ཉི་མ་ནི། །བདེན་པ་གཉིས་ཀྱི་ཤིང་རྟའི་བཞོན་པ་ཅན། །དམ་པའི་བློ་གྲོས་ཉིན་མོའི་དཔལ་དུ་སྤྱོན། །ཐུགས་ཡིད་འདྲེས་པའི་སྨོན་པ་དུས་གསུམ་ཀུན། །འདུ་འབྲལ་དབྱེན་གྱིས་མི་ཕྱེད་དམ་ཆོས་འཛོད། །གདན་གསུམ་མངོན་རྟོགས་ངོམ་པའི་རྣམ་སྣང་ཞལ། །མངོན་སུམ་མཐོང་བའི་དགེ་མཚན་འགྲུབ་གྱུར་ཅིག །ཅེས་པའང་སློབ་དཔོན་བཻ་རོ་ཙ་ནའི་བསྒྲུབས་གནས་རྒྱལ་རོང་བྲག་ལྷ་མགོན་པོ་དང་ཉེ་བའི་རྡོ་ཡུལ་ཞེས་བྱ་བར་སྔོན་གྱི་ལེགས་སྨོན་སྟོབས་སུ་གྱུར་བའི་ལས་ཅན་གྱི་སློབ་མ་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་ཉེ་བར་ལེན་པའི་རྟེན་འབྲེལ་གྱིས་མཚམས་སྤྱར་ཏེ། བླ་སྒྲུབ་རྩ་བའི་གཏེར་གཞུང་ལ་མཁའ་འགྲོའི་བརྡ་བསྒྱུར་ཇི་ལྟར་གནས་པ་བཞིན་རིག་འཛིན་འཇིགས་མེད་གླིང་པས་དཔལ་ལྡན་པདྨ་འོད་གླིང་དུ་སྤྱར་བས་འགྲོ་ཀུན་བླ་མའི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།


previousདཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་རྒྱ་མཚོ།next