Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད།


JLAZ010_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད་བཞུགསཿ


JLAZ010_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་རིག་འཛིན་སྐུ་ལ་འདུདཿ ཚེ་སྒྲུབ་བདུད་རྩི་བུམ་བཅུད་བསྟནཿ དབེན་པའི་གནས་སུ་སྟེགས་བུའི་ཁརཿ རྡུལ་ཚོན་རས་ཚོན་སྐབས་སྦྱར་གྱིཿ དཀྱིལ་འཁོར་དབུས་སུ་ལྡིང་ཁྲིའི་ཁརཿ ཚེ་བུམ་དབུས་ལ་ཚེ་རིལ་གཡསཿ ཚེ་མདའ་རྒྱབ་ལ་ཚེ་ཆང་གཡོནཿ ཚེ་གཏོར་མདུན་བཤམ་མཆོད་པས་བསྐོརཿ བདག་དང་སྒྲུབ་རྟེན་དབྱེར་མེད་དུཿ རིག་འཛིན་འདུས་པའི་ལས་གཞུང་བསྲངཿ བསྟོད་པའི་མཇུག་ཏུ་ཛབ་ཁང་དབྱེཿ ཧྲཱིཿ ཚེ་དབང་རིག་འཛིན་པདྨ་འབྱུངཿ སྣང་སྲིད་ཟིལ་གནོན་ཐུགས་ཀ་རུཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེདཿ དམར་གསལ་ལོངས་སྐུ་ཡུམ་དང་སྦྱོརཿ པདྨ་རཱ་གའི་བུམ་པ་འཛིནཿ ཐུགས་ཀར་ཉི་ཟླའི་གྭ་བུའི་ནངཿ སྲོག་གི་སྙིང་པོ་ཡི་གེ་ཧྲཱིཿ ཐ་མར་སྔགས་ཀྱི་ཕྲེང་བས་བསྐོརཿ འོད་ཟེར་འཕྲོས་པས་བརྟན་གཡོའི་བཅུདཿ རྒྱལ་བ་རིག་འཛིན་དྲང་སྲོང་གིཿ ཚེ་བཅུད་བསྡུས་ལ་བཅུད་དུ་འདྲིལཿ བ་སྤུའི་བུ་ག་ཚུན་ཆོད་ཀྱངཿ ཚེ་དཔག་མེད་པས་ཐེམ་གྱིས་གངཿ ཀུན་ཀྱང་བུང་བ་ཚང་ཞིག་ལྟརཿ ཧྲཱིཿསྒྲ་འཇམ་ལ་སྙན་པར་སྒྲོགཿ འཆི་མེད་རིག་འཛིན་འགྲུབ་པར་གྱུརཿ ངག་ཏུ་བརྗོད་ཅིང་ཡིད་ལ་བསམཿ འཇམ་རླུང་བུམ་པ་ཅན་དང་སྦྲགསཿ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཚེ་བྷྲཱུཾ་ནྲི་ཛཿསརྦ་སིདྡྷི་ཧཱུྃཿཐུན་མཚམས་རིག་འཛིན་ཚེ་འགུགས་ནི། མདའ་དར་ཚད་བཞག་


JLAZ010_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་ཤུགས་བསྐྱེདཿ ཨོཾཿརང་སྣང་ཟངས་མདོག་དཔལ་གྱི་རིཿ ལྔ་ལྡན་རང་བྱུང་ཕོ་བྲང་ནསཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེདཿ འཇའ་ལུས་རིག་འཛིན་ཚོགས་དང་བཅསཿ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངསཿ འཆི་མེད་ནམ་མཁའི་བཅུད་བསྡུས་ལཿ རྣམ་ཤེས་ཁམས་ནས་ཡར་བའི་ཚེཿ དབྱིངས་ཕྱུག་རིག་པའི་ཀློང་དུ་བསྐྱིལཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ རྩ་སྔགས་བརྗོད། ཧཱུྃཿཤར་ནས་རིག་འཛིན་ཧཱུཾ་ཀཱ་རཿ ཡང་དག་ཐུགས་ཀྱི་ཀློང་ནས་བཞེངསཿ འབྱུང་བ་ཆུ་ཡི་བཅུད་བསྡུས་ལཿ ཁྲག་གི་ཁམས་ནས་ཡར་བའི་ཚེཿ མཱ་མ་ཀཱི་ཡི་ཀློང་དུ་བསྐྱིལཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ རྩ་སྔགས་བརྗོད། ཏྲཱཾཿལྷོ་ནས་རིག་འཛིན་མཉྫུ་ཤྲཱིཿ འཇམ་དཔལ་སྐུ་ཡི་ཀློང་ནས་བཞེངསཿ འབྱུང་བ་ས་ཡི་བཅུད་བསྡུས་ལཿ ཤ་ཡི་ཁམས་ནས་ཡར་བའི་ཚེཿ སངས་རྒྱས་སྤྱན་མའི་ཀློང་དུ་བསྐྱིལཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ


JLAZ010_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ རྩ་སྔགས་བརྗོད། ཧྲཱིཿནུབ་ནས་རིག་འཛིན་ནཱ་གཱརྫུཿ པདྨ་གསུང་གི་ཀློང་ནས་བཞེངསཿ འབྱུང་བ་མེ་ཡི་བཅུད་བསྡུས་ལཿ དྲོད་ཀྱི་ཁམས་ནས་ཡར་བའི་ཚེཿ གོས་དཀར་མོ་ཡི་ཀློང་དུ་བསྐྱིལཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་མཆི་མེད་པའི་དངོས་གྲུབ་སྩོལཿ རྩ་སྔགས་བརྗོད། ཨཱཿབྱང་ནས་རིག་འཛིན་པྲ་བྷ་ཧཿ ཕྲིན་ལས་ཕུར་པའི་ཀློང་ནས་བཞེངསཿ འབྱུང་བ་རླུང་གི་བཅུད་བསྡུས་ལཿ དབུགས་ཀྱི་ཁམས་ནས་ཡར་བའི་ཚེཿ དམ་ཚིག་སྒྲོལ་མའི་ཀློང་དུ་བསྐྱིལཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ རྩ་སྔགས་བརྗོད། ཛཿཤར་ལྷོ་རིག་འཛིན་དྷ་ན་སཾཿ རྦོད་གཏོང་ཟིལ་གནོན་བརྟུལ་ཞུགས་བསྐྱེདཿ ཀློང་གྱུར་ཡེ་ཤེས་ལྕགས་ཀྱུ་ཡིསཿ འཁྱམས་དང་ཡར་བའི་བླ་ཚེ་ཁུགཿ འགྱུར་མེད་སྲོག་གི་ཀ་བ་ཚུགཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩི་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ རྩ་སྔགས་བརྗོད། ཧཱུྃཿལྷོ་


JLAZ010_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་རིག་འཛིན་བི་མ་ལཿ ཚེ་ལ་དབང་བའི་བརྟུལ་ཞུགས་བསྐྱེདཿ འདའ་དཀའ་ཡེ་ཤེས་ཞགས་པ་ཡིསཿ འཐོར་བ་ཁུག་ལ་ཟད་པ་སྲིངསཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ རྩ་སྔགས་བརྗོད། བཾཿནུབ་བྱང་རིག་འཛིན་རོམྦུ་གུཿ དྲེགས་པ་ཟིལ་གནོན་བརྟུལ་ཞུགས་བསྐྱེདཿ དབྱིངས་གྲོལ་ཡེ་ཤེས་ལྕགས་སྒྲོག་གིསཿ ལྷ་འདྲེས་བརྐུས་པའི་བླ་ཚེ་ཕྲོགསཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ རྩ་སྔགས་བརྗོད། ཧོཿབྱང་ཤར་རིག་འཛིན་ཤཱནྟིཾ་གྷརཿ མངོན་སྤྱོད་དམོད་པའི་བརྟུལ་ཞུགས་བསྐྱེདཿ མཐའ་གྲོལ་ཡེ་ཤེས་དྲིལ་བུ་ཡིསཿ བྱད་དུ་བཅུག་པའི་བླ་ཚེ་བསྡུསཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ རྩ་སྔགས་བརྗོད། ཞེས་བཀུག་ཚེ་པྲ་བརྟགས་པའི་རྗེསཿ རྒྱས་གདབ་ཚེ་མདའ་དྲང་པོར་བསྲངཿ ཨཱཿའབྱུང་ལྔའི་དབྱིངས་སུ་འཁྱམས་པའི་ཚེཿ ཡུམ་ལྔའི་ཀློང་དུ་རྒྱས་བཏབ་པསཿ ཡེ་ཤེས་ལྔ་ལ་སྐྱེ་འཆི་མེདཿ སྐུ་ལྔའི་


JLAZ010_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་ཚེ་སྦས་པཿ རིགས་ལྔའི་རྒྱལ་བས་ཀྱང་མི་གཟིགསཿ དྷརྨ་དྷཱརྟུ་བཛྲ་རཀྵཿ ཞེས་བརྗོད་སྤྲོས་བྲལ་ངང་ལ་བཞག་ས་མ་ཡཿ ལྷ་སྔགས་ཏིང་འཛིན་དམིགས་པའི་གནདཿ ཀུན་ལས་ཁྱད་འཕགས་རིག་འཛིན་གྱིཿ ཚེ་སྒྲུབ་བདུད་རྩི་བུམ་བཅུད་འདིཿ ཆོས་བདག་སྐྱེས་བུའི་སྲོག་མཐུད་ཕྱིརཿ ཀློང་བྱང་མཁའ་འགྲོའི་བརྡ་རུ་བསྟནཿ དུས་བབ་འགྲོ་དོན་སྤྱོད་པར་ཤོགཿ གུ་ཧྱཿ དྷ་ཐིམཿ གཞན་ལ་ཚེ་ཡི་དབང་བསྐུར་ནཿ སློབ་མ་ཁྲུས་བྱ་བགེགས་དང་ཕྲལཿ སྲུང་འཁོར་བསྒོམ་ལ་མཎྜལ་ཕུལཿ ལོ་རྒྱུས་བཤད་ལ་སྐྱབས་སེམས་དངཿ རྒྱུན་བཤགས་བྱས་རྗེས་གསོལ་བ་གདབཿ འཆི་མེད་མགོན་པོ་པདྨ་འབྱུངཿ སྲོག་གི་འཇིགས་པས་སྐྲག་པ་ལཿ ཐུགས་རྗེ་ཆེན་པོས་ཉེར་དགོངས་ནསཿ ཚེ་ཡི་དབང་དང་དངོས་གྲུབ་སྩོལཿ ལན་གསུམ་རྗེས་སུ་སློབ་མ་ནིཿ ལས་ཆུས་བསངས་ལ་གུ་རུར་བསྐྱེདཿ སྤྱི་བོར་ཚེ་དཔག་མེད་ཡབ་ཡུམཿ མཉམ་པར་སྦྱོར་བའི་མཁའ་གསང་ནསཿ བདེ་ཆེན་བྱང་སེམས་བདུད་རྩིའི་རྒྱུནཿ བབས་པས་ལུས་ངག་བདེ་བས་མྱོསཿ རྡོ་རྗེའི་སྲོག་ལ་དབང་ཐོབ་དམིགསཿ སྤོས་རོལ་དང་བཅས་ཡེ་ཤེས་དབབཿ ཏིཥྛ་བཛྲས་བརྟན་པར་བྱཿ དེ་ནས་ཚེ་བུམ་སྤྱི་བོར་བསྐུརཿ ཧྲཱིཿསྣང་སྲིད་གཞོན་ནུ་བུམ་པའི་སྐུཿ སྐྱེ་འཆི་བྲལ་བའི་བཅུད་ཀྱིས་གཏམསཿ སྐལ་ལྡན་བུ་ལ་དབང་བསྐུར་བསཿ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོགཿ རྩ་སྔགས་དང༌།


JLAZ010_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾཿ བདུད་རྩི་མགྲིན་པར་གཏད་ལཿ ཧྲཱིཿབདེ་ཆེན་ཡུམ་ལྔའི་བྷན་དྷ་རུཿ འཆི་མེད་བྱང་སེམས་བདུད་རྩིར་འཁྱིལཿ སྐལ་ལྡན་བུ་ལ་བྱིན་པ་ཡིསཿ སྐྱེ་འཆི་མེད་པའི་དབང་ཐོབ་ཤོགཿ རྩ་སྔགས་དང༌། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཚེ་རིལ་སྙིང་གར་གཏུགས་ལཿ ཧྲཱིཿབརྟན་གཡོའི་ཁམས་དང་སྟོབས་བཅུའི་དཔལཿ ཡོངས་ཀྱི་བཅུད་འདུས་ཚེའི་རིལ་བུཿ རིགས་ཀྱི་བུ་ལ་སྦྱིན་པ་ཡིསཿ རྡོ་རྗེའི་སྲོག་ལ་དབང་ཐོབ་ཤོགཿ རྩ་སྔགསཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ རྗེས་ལ་ཚེ་འགུགས་རྒྱ་ཡིས་གདབཿ གཏང་རག་འབུལ་ཞིང་དམ་ཚིག་བསྲུངཿ ཐུགས་རྗེ་ལྡན་པའི་སློབ་དཔོན་གྱིསཿ མོས་གུས་ལྡན་པའི་སློབ་མ་ལཿ གཞུང་བཞིན་འདི་ནི་སུས་བསྐུར་བཿ འཆི་བདག་ཁ་རུ་ཚུད་ཀྱང་ཐོནཿ རིག་འཛིན་དམོད་པའི་སྟོབས་བཙན་པསཿ བྱད་དུ་བཅུག་ཀྱང་ཡ་མི་ངཿ དེ་ཕྱིར་སྙིང་ལས་གཅེས་པར་ཟུངཿ བཀའ་སྲུང་ལྕམ་དྲལ་མེལ་ཚེ་ཀྱིསཿ ས་མ་ཡཿརྒྱ་རྒྱ་རྒྱཿ སརྦ་མདྒ་ལཾཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད།next