Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་འཛིན་ཚེ་སྒྲུབ་དམིགས་གནད་གལ་མདོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་འཛིན་ཚེ་སྒྲུབ་དམིགས་གནད་གལ་མདོ།next

རིག་འཛིན་ཚེ་སྒྲུབ་དམིགས་གནད་གལ་མདོ།


JLAZ010_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཚེ་སྒྲུབ་དམིགས་གནད་གལ་མདོ་བཞུགས། །རིག་འཛིན་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་དམིགས་རྐང་ཉེར་བསྡུས། བཅས་ཤོམ་རྣམས་གཞུང་ལྟར་གྲུབ་ནས་སྒོམ་དོན་བདག་དང་སྒྲུབ་རྟེན་དབྱེར་མེད་ཨ་ཏིའི་རྣལ་འབྱོར་གྱི་ངེས་པས་རིག་འཛིན་གྱི་ལས་གཞུང་བསྲང་ལ། བསྟོད་པའི་རྗེས། ཧྲཱིཿ ཚེ་དབང་རིག་འཛིན་པདྨ་འབྱུང༌། །ཞེས་སོགས་ཀྱི་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་སྐུ་མདོག་དམར་གསལ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་རང་འོད་ཀྱི་ཡུམ་དང་འཁྲིལ་ཞིང་ཕྱག་གཉིས་མཉམ་གཞག་གི་སྟེང་ན་པདྨ་རཱ་གའི་ཚེ་བུམ་འཛིན་ཅིང་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་སྣོད་བཅུད་མ་ལུས་པའི་ཁམས་ཀྱི་དྭངས་མ་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་ཐུགས་སྲོག་གི་སྙིང་པོ་ཧྲཱིཿདང༌། དེའི་གཡས་བསྐོར་དུ་སྔགས་ཕྲེང་ལུ་གུ་རྒྱུད་དུ་འཁོར་ཞིང་འོད་ཟེར་བཀྲག་ལྡན་དུ་འཕྲོ་བ་ལ་གསལ་བརྟན་གྱི་རྩལ་རྫོགས་པའི་དམིགས་པ་བརྩེ་གཅིག་ཏུ་བཞུར་ནས་སྙིང་པོ་བགྲངས་པས་སྔགས་ཕྲེང་རྣམས་ལས་འོད་ཟེར་དཀར་འཚེར་བ་ཐག་འཛིངས་པ་ལྟ་བུ་བུན་བུན་འཕྲོས། འོག་མིན་དག་པའི་ཞིང་གི་ངེས་པ་ལྔ་ལྡན་རྟག་པ་རྒྱུན་གྱི་འཁོར་ལོའི་ཡོན་ཏན་དང༌། རིག་འཛིན་དང་དྲང་སྲོང་རྣམས་ཀྱི་སྐལ་བར་གནས་པའི་ཚེ་


JLAZ010_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད། བརྟན་པ་སྣོད་ཀྱི་འཇིག་རྟེན་དང༌། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བཀྲགས་མདངས་གཟི་བྱིན་དྭངས་བཅུད་ཚེ་དཔལ་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་གྱི་ལྕགས་ཕྱེ་ལེན་པ་ལྟར་བསྡུས་ནས་རང་ཉིད་ལ་ཐིམ་པའི་མོད་འཁོར་འདས་ཀྱི་དྭངས་བཅུད་དེ་དག་ཐམས་ཅད་སྐད་ཅིག་ཉིད་ལ་བཅུད་དུ་འདྲིལ་ནས་ཚེ་དཔག་མེད་ཀྱི་སྐུ་རྡུལ་ཕྲ་རབ་ཏུ་གྱུར་པས་ལུས་ཀྱི་ནང་ཁོངས་བ་སྤུའི་བུ་ག་ཚུན་ཆོད་ཀྱང་ཐིམ་གྱིས་འགགས་པས་རྡོ་རྗེའི་སྲོག་ལ་དབང་ཐོབ་ཅིང༌། གཡུང་དྲུང་ལྟ་བུའི་ལུས་སུ་གྱུར་པ་དམིགས་ཤིང༌། དེ་དག་ཀུན་ཀྱང་གཅིག་ལ་གཅིག་མི་རེག །གཅིག་གིས་གཅིག་མི་སྒྲིབ། ཡང་དོག་མེད་པ་ཏིལ་གང་ཕྱུར་བ་ལྟར་གནས་པ་ཐམས་ཅད་ཀྱི་ཞལ་ནས་ཚེའི་སྙིང་པོ་ཀུན་ལས་ཡང་སྙིང་དུ་གྱུར་པ་གནད་བསྐུལ་སྲོག་གི་རིག་པ་ཡི་གེ་འབྲུ་གཅིག་པོ་བུང་བ་ཚང་ཞིག་པ་ལྟར་འཇམ་ལ་སྙན་པ་སྒྲོགས་པར་བསམ་ལ། འཇམ་རླུང་བུམ་ཅན་དང་བཅས་པའི་འགོག་བཟླས་སམ། རྡོ་རྗེའི་བཟླས་པ་ཁོ་ན་ལ་གཞོལ་བ་ནི་དབང་པོ་ཡང་རབ་སྤྲོས་པ་དང་བྲལ་བ་རྣམས་ཀྱིས་རླུང་སེམས་དབྱེར་མེད་ཀྱི་ཚེ་སྒྲུབ་ཡིན་ནོ། །སྤྱིར་བཏང་གཞན་དོན་དུ་བསྒྲུབ་པ་དང༌། ཏིང་ངེ་འཛིན་དང་རླུང་སྟོབས་ཞན་པའི་དང་པོའི་ལས་


JLAZ010_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཀྱིས་རང་ཉིད་ཀྱིས་སྒྲུབ་སྔགས་དང༌། ཚེ་དཔག་མེད་རྣམས་ཀྱིས་ཧྲཱིཿསྒྲ་སྒྲོགས་པར་བསམ་ལ་འོད་ཟེར་སྤྲོ་བསྡུ་བྱ་བ་ནི་གཙོ་བོར་གཅེས་ཤིང༌། གཞན་དོན་ལ་དམིགས་བྱའི་སྲོག་གི་ངོ་བོ་ཡི་གེ་ནྲྀའི་རྣམ་པ་ཐུགས་སྲོག་གི་ཁོང་དུ་བསམ་ནས་དེ་ལ་ཚེ་བཅུད་སྡུད་ཅིང༌། ཀུན་ལ་ཐུན་གྱི་སྨད་ཆར་རྡོ་རྗེའི་བཟླས་པ་ཅུང་ཟད་རེ་བྱས་པས་ལེགས་པར་འགྱུར་ལ། ཐུན་མཚམས་སུ་རིག་འཛིན་སོ་སོ་ལ་ཁྱད་པར་གྱི་དངོས་གྲུབ་བསྐུལ་བའི་ཚེ་འགུགས་ཟབ་གནད་ཅན་ལྟ་བ་བསྐྱེད་རིམ་གདུང་ཤུགས་གསུམ་ཀའི་ངར་ཆ་དང་ལྡན་པས་བྱས་རྗེས། སྐྱེ་ཤི་མེད་པ་ཆོས་དབྱིངས་རང་བྱུང་གི་ཀློང་དུ་རྒྱས་གདབ་ཅིང་ཚེ་སྦ་བ་ཡང་ཤིན་ཏུ་ཟབ་པའི་གནད་དོ། །


previousརིག་འཛིན་ཚེ་སྒྲུབ་དམིགས་གནད་གལ་མདོ།next