Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་དབང་བཤད་ལྷན་ཐབས་སུ་བྱས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་དབང་བཤད་ལྷན་ཐབས་སུ་བྱས་པ།next

ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་དབང་བཤད་ལྷན་ཐབས་སུ་བྱས་པ།


JLAZ010_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་དབང་བཤད་ལྷན་ཐབས་སུ་བྱས་པ་བཞུགས། །


JLAZ010_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཚེ་སྒྲུབ་ཀྱི་དབང་བཤད་ཉེར་བསྡུས་ལྷན་ཐབས་ནི། ཁྲུས་ནས་དབྱུང༌། བགེགས་གཏོར་བཏང༌། སྲུང་འཁོར་བསྒོམས་རྗེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་འདོད་ཀྱི་ལྷག་བསམས་ཡིད་ལ་མཆོག་ཏུ་བཅག་ནས་དམ་པའི་ཆོས་ཉན་པ་ལ་ཞུགས་པ་ནི་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་ངོགས་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་སོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ཐུགས་ལ་བཅངས་ཏེ་གསན་པར་ཞུ། དེ་ཡང་སྣོད་ཀྱི་སྐྱོན་ཁ་སྦུབ་ཞབས་རྡོལ་དུག་ཅན་ཏེ་གསུམ། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་དྲི་མ་དྲུག་དང་བཅས་པའང་སྤང་བྱ་ངེས་པ་བྱས་ནས་འདུ་ཤེས་བཞི་བསྟེན་པར་བྱ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལ་དྲན་པ་ཉེ་བར་བཞག་སྟེ་གསན་པར་ཞུ། འདི་ལྟར་དམ་


JLAZ010_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཀྱི་སྒྲ་ཙམ་ཐ་ན་དུད་འགྲོའི་རྣ་ལམ་དུ་ཐོས་ནའང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བའི་ནུས་པ་ཅན་ཡིན་པར་རྒྱལ་བའི་དབང་པོ་ཀློང་ཆེན་ཞབས་ཀྱིས། ཆོས་རྔ་སྒྲོག་པའི་སྒྲ་ཐོས་སེམས་ཅན་ཡང༌། །ངན་སོང་རྣམ་གྲོལ་ཉན་རྣམ་སྨོས་ཅི་དགོས། །ཅེས་གསུངས་པའི་ཕྱིར་ཁྱེད་ཅག་རྣམས་ཆོས་སྒྲ་སྒྲོགས་པ་ལ་མོས་པ་སྟོབས་སུ་གྱུར་པ་འདི་ཡང་སྲིད་པ་མང་པོར་ཚོགས་བསགས་པ་ཆོས་ཅན། དེ་ལྟར་ནའང་སློབ་དཔོན་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱི་ནས་ཡང་དག་འབྱོར་བ་ག་ལ་འགྱུར། །ཅེས་གསུངས་པས་ན། དེ་རེས་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ལོན་པའི་དཔེས་ཀྱང་བརྒྱ་སྟོང་གི་ཆར་ཡང་མི་ཕོད་པའི་དལ་བའི་རྟེན་བཟང་འདི་ལྟ་བུ་རྙེད་པའི་གནས་སྐབས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་ཐབས་ལྷུར་ལེན་དགོས། དེ་ཅིས་ལེན་ན་ཁམས་དྲུག་ལྡན་གྱི་རྟེན་འདི་ཁོ་ན་ལ་ལྟོས་དགོས་པའི་ཕྱིར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས། ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་


JLAZ010_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པར་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཀུན་ཏུ་སྤྱད། །ཅེས་གསུངས་པ་ལྟར་མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་དོན་དུ་གཉེར་བའི་ཆེད་དུ་ཚེ་དང་བསོད་ནམས་ལ་སོགས་པ་གནས་སྐབས་མངོན་པར་མཐོ་བའི་དཔལ་དང་ཡོན་ཏན་ལ་བརྟེན་པ་གསང་སྔགས་ཀྱི་ཁྱད་པར་ཡིན་ལ། དེ་ལྟ་བུའི་ཚུལ་ལ་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་འཆི་མེད་སྒྲུབ་པའི་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་བསྟན་པ་རྣམས་ཀྱི་ནང་ནས་འདི་ནི་སྔ་འགྱུར་རྡོ་རྗེ་ཐེག་པའི་ཕྱོགས་སུ་གཏོགས་ལ། དེ་ལ་ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་མ་སྟེ་བརྒྱུད་པའི་བཀའ་སྲོལ་ཆེན་པོ་གསུམ་དུ་གྲགས་པ་ལས། ཁྱད་པར་དུ་གྱུར་པ་འདིའི་ལོ་རྒྱུས་ཅུང་ཟད་སྙན་དུ་གསོལ་ན། ལུང་བསྟན་བཀའ་རྒྱ་མར། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ། །ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་བདྲེན། །འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང༌། །ཞེས་སྙིང་ཐིག་གི་རྫོགས་རིམ་དང༌། རིག་འཛིན་གྱི་བསྐྱེད་རིམ་ལ་བརྟེན་ནས་རིམ་པ་བཞིའི་རྣལ་འབྱོར་ལ་སྦྱོར་བའི་ལམ་སྟོན་དུ་བསྔགས་པའི་ཕྱིར་རིག་འཛིན་འཛམ་གླིང་རྡོ་རྗེའི་


JLAZ010_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ལུང་ལས་ཀྱང༌། དབུས་གཡོར་གཞུང་དུ་བྱང་སེམས་པདྨའི་མིང༌། །བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལ། །ཞེས་རྡོ་རྗེའི་ལུང་གིས་དཔང་པོར་བྱས་པ་བཞིན། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱིས་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པར་མིང་གིས་དབང་བསྐུར་བའི་སྐྱེས་བུ་ཉིད་ཀྱི་རྗེས་ལ་ཐོབ་པའི་རོལ་པ་དང་རྨི་ལམ་གྱི་སྣང་ཆ་སྒྱུ་མའི་རང་བཞིན་གཅིག་ཏུ་མཉམ་པའི་མིག་འཕྲུལ་ལྟ་བུའི་གསལ་སྣང་ལ་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་གམ་དུ། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་མངོན་དུ་སྤྲད་པ་ལས་བྱུང་བའི་ཆོས་སྡེ་གནད་བྱང་ཐུགས་ཀྱི་སྒྲོམ་བུ་ལས། དེ་དུས་ད་ལྟའི་རྗེ་འབངས་གྲོགསཿ བི་མ་རྒྱལ་སྲས་ལྷ་རྗེ་རྣམསཿ སྨོན་ལམ་ཐུགས་རྗེས་སྤྲུལ་པའི་སྲསཿ རང་བྱུང་རྡོ་རྗེ་པདྨ་དབངཿ གསང་མཚན་གར་དབང་འཇིགས་མེད་གླིངཿ རྟོགས་གྲོལ་དུས་མཉམ་ཐུགས་གཏེར་བདགཿ འཕགས་པས་རྗེས་སུ་བཟུང་བའི་རྟགསཿ ལག་གཡས་མཐིལ་ན་པདྨའི་སྤྱནཿ དབང་ཆེན་གསུང་གི་རིག་འཛིན་ཕྱིརཿ མཐེ་བོང་ཐུགས་སྲོག་ཧྱ་ཡིས་མཚནཿ རྟོགས་པ་ཀློང་དུ་གྱུར་པའི་རྟགསཿ ཚེམས་ལ་སྐྱེ་མེད་ཡི་གེ་ཨཿ སྙིང་རྗེ་


JLAZ010_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཞིང་རིག་པ་ཧུརཿ ཤེས་རབ་ཆེ་ཞིང་འཛིན་ཆགས་ཆུངཿ ཐུགས་སྒམ་ཚིག་བཙན་བློ་གྲོས་ཟབཿ ངེས་མེད་སྤྱོད་པ་ཅིར་ཡང་སྟོནཿ འཇིགས་པ་མེད་པའི་བརྟུལ་ཞུགས་ཅནཿ ཞུམ་མེད་སྣང་བ་ཟིལ་གྱིས་གནོནཿ དེ་ལ་ཐུགས་རྒྱུད་དངོས་གཏེར་རམཿ ཡང་ན་དགོངས་གཏེར་ཚུལ་དུ་འབེབསཿ ཞེས་གསུངས་པ་ལྟར་ཀློང་བྱང་བརྡ་བསྒྱུར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་རིག་འཛིན་གྱི་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་ཚེ་དབང་འབུལ་བར་སྐབས་སུ་བབས་པ་ཡིན་ཏེ། དེ་ཡང་རྩ་བར། ལྷ་སྔགས་ཏིང་འཛིན་དམིགས་པའི་གནདཿ ཀུན་ལས་ཁྱད་འཕགས་རིག་འཛིན་གྱིཿ ཚེ་སྒྲུབ་བདུད་རྩི་བུམ་བཅུད་འདིཿཆོས་བདག་སྐྱེས་བུའི་སྲོག་མཐུད་ཕྱིརཿ ཀློང་བྱང་མཁའ་འགྲོའི་བརྡ་རུ་བསྟནཿ ཅེས་གསུངས་པ་ལྟར། ཡེ་ཤེས་སེམས་དཔའ་ལ་བརྟེན་ནས་རྒྱལ་བ་འོད་མཚན་སྟོང་འབར་མངོན་དུ་བསྒྲུབ་ཅིང་ཚེ་དཔག་མེད་ཀྱི་གོ་ཆ་བསྐོན་པ། རིགས་ལྔའི་རིག་འཛིན་ལ་བརྟེན་ནས་འབྱུང་ལྔའི་ཁམས་ནས་བླ་ཚེ་བསྡུ་བ། དྷ་ན་སཾ་སྐྲྀ་ལ་བརྟེན་ནས་བླ་འཁྱམས་འགུགས་པ། བི་མ་མི་ཏྲ་ལ་བརྟེན་ནས་ཚེ་ཟད་པ་བསྲིང་བ། རོམྦུ་གུ་ཧྱ་ལ་བརྟེན་ནས་ལྷ་འདྲེ་མཐུ་བོ་ཆེས་བརྐུས་པའི་བླ་ཚེ་འཕྲོག་པ། ཤཱིནྟཾ་གརྦྷ་ལ་


JLAZ010_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་ཕ་རོལ་བན་བོན་གྱིས་བྱད་དུ་བཅུག་པའི་བླ་ཚེ་བསྡུ་བ། འབྱུང་འཇུག་གནས་གསུམ་སྔགས་ཀྱི་ངོ་བོར་རྒྱས་འདེབས་པ་ལ་སོགས་ཏེ་ཁྱད་ཆོས་དུ་མ་དང་ལྡན་པའི་ཕྱིར། ཐུགས་རྗེ་ལྡན་པའི་སློབ་དཔོན་གྱིསཿ མོས་གུས་ལྡན་པའི་སློབ་མ་ལཿ གཞུང་བཞིན་འདི་ནི་སུས་བསྐུར་བཿ འཆི་བདག་ཁ་རུ་ཚུད་ཀྱང་ཐོནཿ བྱད་དུ་བཅུག་ཀྱང་ཡ་མི་ངཿ དེ་ཕྱིར་སྙིང་ལས་གཅེས་པར་ཟུང༌། ཞེས་ཆེད་དུ་བསྔགས་པ་ཡིན་ལ། དེ་ལྟ་བུའི་ཚེ་དབང་ཟབ་མོ་བསྐུར་བར་བྱེད་པ་ལ། བདག་རྡོ་རྗེ་སློབ་དཔོན་ཚེ་དབང་རིགས་འཛིན་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་ངོ་བོར་རྫོགས་པ་ལ་མཎྜལ་འབུལ་བ་ཐུགས་ལ་བཏགས་པ་ཞུ། འོ་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་གཞི་བརྟན་པར་བྱ་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་ཕྱིར། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ། རྒྱུད་དག་པར་བྱ་ཕྱིར་ཡན་ལག་བདུན་གྱིས་ཚོགས་བསག་པ་རྣམས་ཚེགས་ཆུང་ངུས་དོན་ཆེན་པོ་སྒྲུབ་པར་མ་ཟད། དབང་གི་འབྲས་བུ་ཆགས་པ་ལའང་མེད་དུ་མི་རུང་བ་ལགས་པས་དེ་དག་རང་རང་གི་ཚིག་དོན་ཡིད་ལ་བརྣག་པས་འདི་ནི་རྗེས་ཟློས་མཛད་པར་ཞུ། རྡོ་རྗེ་སློབ་དཔོན་སངས་


JLAZ010_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དཔལཿ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོཿམཆོག་གསུམ་བསྟེན་པའི་ཞིང་གྱུར་ལཿ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆིཿདངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའིཿདག་པའི་མཆོད་པ་བཞེས་སུ་གསོལཿ དངོས་གྲུབ་ཆུ་བོ་གཅོད་པའི་གེགསཿ ཉེས་བྱས་མ་ལུས་བཤགས་པར་བགྱིཿ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོསཿ མ་ཆགས་སྤྱོད་ལ་རྗེས་ཡི་རངཿ དག་པའི་མཐའ་བཞི་དྲི་མ་མེདཿ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོཿབདེ་གཤེགས་དབང་ཕྱུག་སེམས་ཅན་ལཿ དགོས་པ་གསུམ་ཕྱིར་ལུས་འབུལ་ལོཿཚེ་རབས་བགྲངས་པའི་དགེ་བ་ཀུནཿ བསྡུས་ཏེ་བྱང་ཆུབ་ཆེན་པོ་བསྔོཿཞེས་པའི་རྗེས་ལཿ འཆི་མེད་མགོན་པོ་པདྨ་འབྱུངཿ སོགས་ཀྱི་རྗེས་ཟློས་མཐར། བྱིན་འབེབས་ཚེ་འགུགས། ཨ་མྲྀ་ཏས་བསངས། སྣ་ཚོགས་པདྨ་ཉི་ཟླའི་སྟེངཿ ཧཱུཾ་ལས་སྐད་ཅིག་དྲན་རྫོགས་སུཿ སློབ་མ་སངས་རྒྱས་ཀུན་ཀྱི་དངོསཿ སྣང་སྲིད་ཟིལ་གནོན་པདྨ་འབྱུངཿ ཞལ་གཅིག་ཕྱག་གཉིས་དཀར་དམར་མདངསཿ ཐེག་གསུམ་རྫོགས་པའི་བརྡ་རྟགས་སུཿ ཕོད་ཁ་ཆོས་གོས་བེར་མདུང་མནབསཿ ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྡིགསཿ གཡོན་པ་བྷནྡྷ་ཚེ་བུམ་བསྣམསཿ མཆན་ཁུང་གཡོན་ན་ལྷ་ལྕམ་མཛེསཿ དབུ་ལ་པདྨའི་མཉེན་ཞུ་གསོལཿ


JLAZ010_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་རོལ་པའི་སྟབས་སུ་འགྱིངཿ སྤྱི་བོར་ཚེ་དཔག་མེད་ཡབ་ཡུམཿ མཉམ་པར་སྦྱོར་བའི་མཁའ་གསང་ནསཿ བདེ་ཆེན་བྱང་སེམས་བདུད་རྩིའི་རྒྱུནཿ བབས་པས་ལུས་གང་བདེ་བས་མྱོསཿ རྡོ་རྗེའི་སྲོག་ལ་དབང་ཐོབ་དམིགསཿ ཧཱུྃཿ སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནསཿ སོགསཿ ཏིཥྛ་བཛྲས་བརྟན་བྱ། དེ་ནས་སློབ་དཔོན་ཚེ་དཔག་མེད་དུ་གསལ་བ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་འཚེར་བ་ཐག་འཛིངས་པ་ལྟ་བུ་བུན་བུན་འཕྲོས་འོག་མིན་དག་པའི་ཞིང་ངེས་པ་ལྔ་ལྡན་རྟག་པ་རྒྱུན་གྱི་འཁོར་ལོའི་ཡོན་ཏན་དང་ཕྲིན་ལས་རིག་འཛིན་དྲང་སྲོང་རྣམས་ཀྱི་བསྐལ་པར་གནས་པའི་ཚེ་བཅུད། བརྟན་པ་སྣོད་ཀྱི་འཇིག་རྟེན་དང༌། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བཀྲག་མདངས་གཟི་བྱིན་དྭངས་བཅུད། ཚེ་དཔལ་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ནས་ཁྱོད་རང་ལ་ཐིམ་པའི་མོས་པར་མཛོད། ཨོཾ་རང་སྣང་ཟངས་མདོག་དཔལ་གྱི་རིཿསོགས། དབང་དངོས་གཞི་གཏང་རག་མཎྜལ་དགེ་བ་བསྔོ་བ་རྣམས་བྱའོ།། །།


previousཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་དབང་བཤད་ལྷན་ཐབས་སུ་བྱས་པ།next