Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོ་བདེ་ཆེན་རྒྱལ་མོ་ལསཿ སྐུ་གསུམ་བདུད་རྩིའི་བཅུད་ལེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་བདེ་ཆེན་རྒྱལ་མོ་ལསཿ སྐུ་གསུམ་བདུད་རྩིའི་བཅུད་ལེན།next

མཁའ་འགྲོ་བདེ་ཆེན་རྒྱལ་མོ་ལསཿ སྐུ་གསུམ་བདུད་རྩིའི་བཅུད་ལེན།


JLAZ010_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

༂ མཁའ་འགྲོ་བདེ་ཆེན་རྒྱལ་མོ་ལསཿ སྐུ་གསུམ་བདུད་རྩིའི་བཅུད་ལེན་བཞུགསཿ མཁའ་འགྲོ་མ་ལ་ཕྱག་འཚལ་ལོཿརླུང་ཟས་སྟོབས་ཀྱི་བཅུད་ལེན་ནིཿ བགེགས་འདུལ་ཁྲོ་བོའི་རྒྱལ་པོར་སྒོམཿ ཁུ་ཚུར་གདེངས་ཤིང་ཧཱུྃ་གླུ་ལེནཿ ལག་པ་གཡས་གཡོན་གར་སྟབས་བསྒྱུརཿ དབང་པོའི་སྒོ་རྣམས་ཧཱུྃ་གིས་བཀགཿ བགེགས་ཀྱང་སྟོང་པ་ཉིད་དུ་བསམཿ དེ་ནས་བླ་མའི་རྣལ་འབྱོར་སྒོམཿ མོས་གུས་དྲག་པོས་གསོལ་བ་གདབཿ རྐང་པ་རྡོ་རྗེའི་འདུག་སྟངས་ལཿ ལག་པ་སྟ་ཟུར་གཡས་གཡོན་བཞགཿ སྣ་བུག་གཉིས་ནས་དྲག་རླུང་དངཿ ཁོང་འདར་ཐོན་པའི་ཧ་གསུམ་འབུདཿ ངལ་བསོ་ཤེས་པ་དལ་བ་དངཿ ཧུབ་སྒྲ་གསུམ་གྱིས་བསྟུད་མ་རུཿབྱ་ལམ་བཟའ་ཞིང་བུམ་ཅན་བཟུངཿ ཧ་ཅང་མི་བསྡམ་ནམ་མཁའི་བཅུདཿ ཁོང་དུ་འུབ་ཀྱིས་དྲངས་པར་བསམཿ མི་ཐུབ་སྣ་བུག་གཉིས་ཀ་ནསཿ དྲག་འབུད་མ་ཡིན་དལ་བུས་བཏངཿ རེས་འགའ་པུས་བྲང་སྦྱར་བྱས་ལཿ ལག་པ་གཉིས་ཀྱིས་ཨོལ་ཀོ་བརྟེནཿ འཇམ་རླུང་ངང་ནས་དབྱིངས་རིག་བསྲེཿརྟགས་དང་ཡོན་ཏན་བསམ་མི་ཁྱབཿ རགས་པའི་ཟས་ཀྱི་ཞེན་པ་ཆོདཿ འབྱུང་བའི་སྙིགས་མ་ཤུགས་ལ་དེངསཿ སེམས་དང་རིག་པ་དངས་སྙིགས་ཕྱེདཿ གཉིད་ཀྱང་འོད་གསལ་ཆེན་པོར་འཆརཿ ཡེ་ཤེས་ཆེན་པོའི་བཅུད་ལེན་ཡིནཿ


JLAZ010_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡཿ ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་སེམསཿ རྡོ་ཆེན་ཅོང་ཞིའི་བཅུད་ལེན་ནིཿ ཆེ་ཆུང་ནས་ཕྱེད་ཙམ་དུ་བརྡུངསཿ ཚགས་ཀྱིས་བཙགས་ལ་སྙོམས་པར་བྱཿཆུ་ཡིས་ལེགས་བཀྲུ་རྡོ་ཕྱེ་དངཿ ཐལ་དྲི་སྤུ་ཙམ་མ་འདྲེས་གཅེསཿ འབྲི་ཡི་འོ་མ་མར་གསར་དངཿ ཀར་བུར་སྦྲང་རྩི་སྤྱངས་པའི་ནངཿ བཏབ་ནས་མ་ཚིག་ལེགས་པར་སྐོལཿ ཁུ་བ་རང་སིམ་འགྲོ་བར་བྱཿགཡའ་མེད་སྣོད་བླུགས་མ་ཧུམས་གཅེསཿ དགོང་དང་ཐོ་རངས་ཉིན་གུང་གསུམཿ ཐུར་མགོ་རེ་རེ་ཇ་ཡིས་ཕུལཿ འདུ་བའི་ནད་སེལ་སྒྲིབ་པ་བྱངཿ ཉམས་དང་རྟོགས་པ་ཤུགས་ལ་འཕེལཿ དཔའ་བོ་མཁའ་འགྲོ་དབང་དུ་འདུཿ གནད་དུ་སོང་ན་འབྱུང་བའི་ཁམསཿ ཉམས་བརྟས་བཀྲག་དང་གཟི་མདངས་འབརཿ སྟོབས་རྩལ་གླང་པོ་ཆེ་དང་མཉམཿ མི་མ་ཡིན་དང་བརྡ་འཕྲོད་ཅིངཿ མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེདཿ ས་དང་ལམ་གྱི་ཡོན་ཏན་རྫོགསཿ ས་མ་ཡཿསྤྲུལ་སྐུ་འབྲུ་ཆེན་བཅུད་ལེན་ནིཿ ནས་ཆེན་སྦུན་པ་མེད་པ་དེཿརྡུལ་དྲི་བཀྲུས་ལ་ལེགས་པར་བྲུསཿ རྫ་ནང་བླུགས་ལ་ཆང་ལྟར་བཙོཿ སྐྱ་བས་དཀྲུགས་ཤིང་འབྲགས་མི་གཞུགཿ རྒྱུན་དུ་རླངས་པ་མ་ཤོར་གཅེསཿ ཆུ་ཐག་ཆོད་ནས་གཞོང་པའམཿ སྤུ་རྡུལ་མེད་པའི་སྣོད་དུ་སྐམཿ ཉིན་རེ་ནས་ཕུལ་


JLAZ010_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཡི་ཚདཿ མར་ཚིལ་ལན་ཚྭའི་རྡོར་དང་བཅསཿ འབྲུ་ཐུག་ཉིད་དུ་འཚོ་ཤེས་སྤྱོདཿ སྲིན་བུ་འཆི་བར་མི་འགྱུར་ཞིངཿ དཀོར་དང་ལོག་འཚོའི་ཉེས་པ་དགཿ བྱ་བ་བཏང་བའི་རྣལ་འབྱོར་ལཿ ཟས་ཀྱིས་འཕོངས་པ་འབྱུང་མི་སྲིདཿ དེ་ལྟར་བཅུད་ལེན་རྣམ་པ་གསུམཿ བཟའ་དུས་ཡེ་གེ་འབྲུ་གསུམ་དུཿ བསྒོམས་པས་བདུད་རྩིའི་ནུས་པ་འབྱིནཿ ས་མ་ཡཿདེ་ལྟར་སྐུ་གསུམ་བཅུད་ལེན་ནིཿ ཁམས་དང་དབང་པོའི་ཁྱད་པར་གྱིསཿ སོ་སོ་ཉམས་སུ་བླང་ནུས་མོདཿ མོས་པས་སྤྱོད་པའི་གང་ཟག་ཕལཿ རིམ་བཞིན་ཆོས་ལོངས་སྤྲུལ་སྐུའི་ཚུལཿ ཉི་མ་རེ་མོས་ཉམས་བླངས་པསཿ ལུས་སྟོབས་རྒུད་པར་མི་འགྱུར་ཞིངཿ ཡུན་དུ་བསྲིང་བའི་མཐུ་ཆེ་བསཿ ཟླ་བ་རེ་ལ་བདུན་ཕྲག་རེཿརྟག་པ་རྒྱུན་གྱི་ཉམས་ལེན་འབདཿ རྗེས་ལ་ཟོས་ལོག་མི་འབྱུང་ཕྱིརཿ རགས་པའི་ཟས་ལ་རིམ་གྱིས་བསླབཿ བྱང་ཆུབ་བསྒྲུབ་པའི་ཆ་རྐྱེན་ཏེཿསྒྲུབ་པ་པོ་ཡི་དཔལ་དུ་ཤོགཿ ས་མ་ཡཿརྒྱ་རྒྱ་རྒྱཿ


previousམཁའ་འགྲོ་བདེ་ཆེན་རྒྱལ་མོ་ལསཿ སྐུ་གསུམ་བདུད་རྩིའི་བཅུད་ལེན།next