Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་ཀ་བདེ་ཆེན་རྒྱལ་མོ་ལས། སྒྲོལ་མ་རྣལ་འབྱོར་མ་ལ་བརྟེན་ནས་དུག་དབྱུང་བྱབ་བཀྲུའི་ལྷན་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུམ་ཀ་བདེ་ཆེན་རྒྱལ་མོ་ལས། སྒྲོལ་མ་རྣལ་འབྱོར་མ་ལ་བརྟེན་ནས་དུག་དབྱུང་བྱབ་བཀྲུའི་ལྷན་ཐབས།next

ཡུམ་ཀ་བདེ་ཆེན་རྒྱལ་མོ་ལས། སྒྲོལ་མ་རྣལ་འབྱོར་མ་ལ་བརྟེན་ནས་དུག་དབྱུང་བྱབ་བཀྲུའི་ལྷན་ཐབས།


JLAZ010_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཀ་བདེ་ཆེན་རྒྱལ་མོ་ལས། སྒྲོལ་མ་རྣལ་འབྱོར་མ་ལ་བརྟེན་ནས་དུག་དབྱུང་བྱབ་བཀྲུའི་ལྷན་ཐབས་བཞུགས། ན་མོ་ས་ཏ་ཛ་ཡ། སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་པ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོའི་ལས་ཚོགས་བཅོ་བརྒྱད་པ་དུག་དབྱུང་བྱེད་པར་འདོད་པས་བུམ་པ་བཟང་པོ་བཅུད་སྨན་ཉེར་ལྔས་གཏམས་པའི་ཁ་རྒྱན་རྨ་བྱའི་སྒྲོ་ཕོད་ལ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཡན་ལག་བཀྲ་བ། རིན་པོ་ཆེའི་མཆུ་ཅན་གྱི་ཙཀླི་གྲུབ་ན་བཀོད། མ་གྲུབ་ན་ཡིད་ཀྱི་ཆོ་གར་བྱ། ཉེར་སྤྱོད་བཟང་པོས་མཐའ་སྐོར། ལས་གཞུང་གི་བསྟོད་པའི་རྗེས་ལ་འཛབ་དགོངས་ནི། མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ སྒྲོལ་མ་རྨ་བྱ་ཆེན་མོ་དཀརཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ རི་དྭགས་རྟགས་ཅན་ཨུཏྤལ་འཛིནཿ འོད་ཟེར་འཕྲོས་པས་བརྟན་གཡོའི་དུགཿ ལྷག་མ་མེད་པར་གཞིལ་བར་བསམཿ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བི་ཥ་ཏཱ་ར་ཕཊཿཅེས་བརྒྱ་ཙམ་བཟླས་རྗེས། བུམ་པའི་ནང་དུ་འོ་མའི་རྒྱ་མཚོའི་དབུས་ན་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཆེས་མཛེས་ཤིང་བལྟ་ན་སྡུག་པ་རིག་པ་མཆོག་གི་སྔགས་སྒྲ་སྟོང་གསུམ་ཁྱབ་པ་ཙམ་དུ་དི་རི་རི་སྒྲོགས་པས་དམིགས་བྱའི་དུག་རྣམས་རང་བཞིན་མེད་པའི་ངང་དུ་དག་པར་བསམས་ལ་བཟླས་པ་ཅི་


JLAZ010_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་བྱ། ཐུན་མཐར་རྨ་བྱ་ཡེ་ཤེས་པ་ཁ་རྒྱན་ནམ་གཟུགས་བརྙན་དང་འདྲེས། དམ་ཚིག་པ་ཆུར་ཞུ་བར་མོས། དེ་ནས་བཀྲུ་བྱབ་བྱ་བ་ནི། བུམ་ཆུས་བཀྲུ་ཞིང༌། ཧོཿའགལ་རྐྱེན་ཐམས་ཅད་དུག་ལ་བརྟེནཿ དུག་གི་རྒྱུ་ནི་ཉོན་མོངས་པཿརིག་པ་མཆོག་གི་སྨན་ཆེན་འདིསཿ སེམས་ཅན་ཁམས་ན་དུག་མེད་ཤོགཿ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བི་ཥ་ཏཱ་ར་ཕཊཿཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡེ་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཞེས་སྔགས་དང་ཕྱག་འཚལ་སྒྲོལ་མ་བརྒྱ་ཚར་སོགས་ཀྱིས་བཀྲུ། དེ་ནས་བྱབ་པ་ནི། རྨ་བྱ་བཟུང་ལ་དུག་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་བླང་བར་བསམས་ལ། དེ་བཞིན་གཤེགས་པས་ཁྱིམ་བདག་དཔལ་སྤས་ཀྱི་ཁ་ཟས་དུག་ཅན་བདེན་ཚིག་གིས་བསལ་བ་འདི་བྱིན་རླབས་ཤིན་ཏུ་ཆེ་བས། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མེད་པ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་ཆོས་ནི་དུག་མེད་པ། །ཆོས་ཀྱི་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་


JLAZ010_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་མེད་པ། །དགེ་འདུན་བདེན་པས་དུག་བཅོམ་མོ། །བདེན་པ་གང་གིས་ང་སངས་རྒྱས། །འཇིག་རྟེན་ཀུན་ལ་བླ་ན་མེད། །བདེན་པའི་ཚིག་ནི་དེ་ཡིས་སུ། །གང་ལུས་དུག་གིས་མི་ཚུགས་ཤོག །བདེན་པ་གང་གིས་ང་ཡི་ཆོས། །འཇིག་རྟེན་ཀུན་ལ་བླ་ན་མེད། །བདེན་པའི་ཚིག་ནི་དེ་ཡིས་སུ། །གང་ལུས་དུག་གིས་མི་ཚུགས་ཤོག །བདེན་པ་གང་གི་ང་དགེ་འདུན། །འཇིག་རྟེན་ཀུན་ལ་བླ་ན་མེད། །བདེན་པའི་ཚིག་ནི་དེ་ཡིས་སུ། །གང་ལུས་དུག་གིས་མི་ཚུག་ཤོག །ཤིང་གང་དུག་དང་བཅས་རྣམས་དང༌། །སྲོག་ཆགས་གང་དག་དུག་བཅས་པ། །དེ་ཀུན་འདོད་ཆགས་དུག་ལས་བྱུང༌། །འདོད་ཆགས་དུག་ནི་དུག་གི་མཆོག །ཤིང་གང་དུག་དང་བཅས་རྣམས་དང༌། །སྲོག་ཆགས་གང་དག་དུག་བཅས་པ། །དེ་ཀུན་ཞེ་སྡང་དུག་ལས་བྱུང༌། །ཞེ་སྡང་དུག་ནི་དུག་གི་མཆོག །ཤིང་གང་དུག་དང་བཅས་རྣམས་དང༌། །སྲོག་ཆགས་གང་དག་དུག་བཅས་པ། །དེ་ཀུན་གཏི་མུག་དུག་ལས་བྱུང༌། །གཏི་མུག་འདི་ནི་དུག་གི་མཆོག །དྲག་པོའི་དུག་གིས་དུག་བཅོམ་སྟེ། །སྲུང་དང་ཡོངས་སུ་བཟུང་བ་བྱས། །སངས་རྒྱས་ཀུན་ཀྱིས་དུག་བཅོམ་པས། །རྫོགས་སངས་རྒྱས་ལ་སྐྱབས་སུ་དོང༌། །


JLAZ010_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཅི་ནུས་བརྗོད་པས་ཟླ་བ་སྒྲ་གཅན་ལས་ཐར་བ་ལྟ་བུར་གྱུར་རོ། །ཁྲུས་ཁུ་ཟག་པ་ཟ་བའི་ཡི་དྭགས་ལ་སཾ་བྷ་རས་བསྔོ་ཞིང༌། གདོན་ལ་ཆོས་ཀྱི་སྦྱིན་པས་རྒྱུད་འགྲོལ་བ་ནི་སྙིང་རྗེ་ཆེན་པོའི་བློ་དང་ལྡན་པས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །སོགས་དང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་པས་ངེས་དོན་གྱི་འབྲེལ་པ་བཞག །ཕུན་སུམ་ཚོགས་པ་མངའ་བ་ལ་སོགས་པས་ཤིས་པ་བརྗོད་པར་བྱའོ། །ཞེས་པའང་མཁྱེན་བརྩེའི་ལྷས་སོ།། །།


previousཡུམ་ཀ་བདེ་ཆེན་རྒྱལ་མོ་ལས། སྒྲོལ་མ་རྣལ་འབྱོར་མ་ལ་བརྟེན་ནས་དུག་དབྱུང་བྱབ་བཀྲུའི་ལྷན་ཐབས།next