Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་ཀ་མཁའ་འགྲོའི་ལས་ཚོགས་ལས། བླ་བསླུའི་ལྷན་ཐབས་སྲོག་འཚོའི་ལྗོན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུམ་ཀ་མཁའ་འགྲོའི་ལས་ཚོགས་ལས། བླ་བསླུའི་ལྷན་ཐབས་སྲོག་འཚོའི་ལྗོན་པ།next

ཡུམ་ཀ་མཁའ་འགྲོའི་ལས་ཚོགས་ལས། བླ་བསླུའི་ལྷན་ཐབས་སྲོག་འཚོའི་ལྗོན་པ།


JLAZ010_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཀ་མཁའ་འགྲོའི་ལས་ཚོགས་ལས། བླ་བསླུའི་ལྷན་ཐབས་སྲོག་འཚོའི་ལྗོན་པ་ཞེས་བྱ་བ་བཞུགས། །


JLAZ010_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སྒྲོལ་མ་ཕྱག་འཚལ་ལོ། །མཁའ་འགྲོའི་ལས་ཚོགས་ཉེར་གཅིག་པ་ལ་བརྟེན་ནས་བླ་བསླུའི་ལྷན་ཐབས་ལ། སྦྱོར་དངོས་རྗེས་གསུམ་ལས་དང་པོ་ནི། མཆོད་གཏོར་གྱི་ཉེ་ལོགས་ཅི་བདེ་བར་རི་རབ་མཚོན་བྱེད་ཀྱི་རེ་ཁཱ་གྲུ་བཞི་པ་ཕྱོགས་མདོག་ཅན་གྱི་དབུས་སུ་པད་འདབ་བརྒྱད་ཀྱི་ལྟེ་བ་ལ་སྨེ་བ་གླིང་དགུ་ཤེས་ན་བསྒྲུབ་བྱའི་བབས་སྨེ་དང་བསྟུན། མ་ཤེས་ན་ལྔ་སེར་དབུས་བཞག་དཔེ་ལྟར་བྲིའོ། །འདབ་བརྒྱད་ལ་སྤར་ཁ་བརྒྱད། རི་རབ་ཀྱི་ཕྱོགས་བཞིར་གླིང་བཞི་གླིང་ཕྲན་གྱི་བཀོད་པ། དེའི་ཕྱིར་རིམ་ཟླུམ་སྐོར་ཕྱོགས་མཚམས་བརྒྱད་དུ་བཅད་པ་བྲི། དེ་ཡང་གཞུང་ལས། ཚེ་ལ་མདའ་དང་བླ་ལ་གཡུ། །ཁམས་ཀྱི་རྟེན་དུ་དར་ཚོན་དཔྱང༌། །ཞེས་པས། སྨེ་བ་གླིང་དགུའི་སྟེང་དུ་མདའ་རྒྱང་མ་ལ་དར་ཚོན་སྣ་ལྔ་དྲི་མེད་ཁ་ཚར་མ་ཉམས་པ་དང་བླ་གཡུ་བཏགས་པ་བཙུགས། ལྟོང་གི་ནང་དུ་རྣམ་ཤེས་ཚོགས་བརྒྱད་མཚོན་པའི།


JLAZ010_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀ་ཙ་ཊ་ཏ་པ་ཡ་ཤཿབྲིས་པ་བཅུག །སྤར་ཁའི་སྟེང་དུ་ངར་གླུད་བརྒྱད། གླིང་བཞི་སོ་སོའི་དབུས་སུ་རྒྱལ་ཆེན་སྡེ་བཞི་ལ་ཆབ་གཏོར་དང་ཉེར་སྤྱོད་རེ། ཕྱོགས་མཚམས་བརྒྱད་པོར་གདོན་བརྒྱད་ལ་ཕྱོགས་མདོག་དང་མཐུན་པའི་གཏོར་ཟླུམ་མཛུབ་གང་བ་རེ་ལ་ཆངས་བུ་གང་མང་སོ་སོར་ངར་གླུད་རེ་དང༌། ནམ་རྒྱང༌། མདའ་འཕང༌། ཤིང་རིས་ཚང་བ་རེ་དང༌། འོ་ཕུད། ཆང་སྐྱེམས། ཆུ་ཕུད། འབྱུང་པོའི་ཟས་ཤ་ཆང་ལ་ཕུག །འབྲས་ཆན། འབྲས་བུ་རྣམས་ཀྱང་བཤམ། ཅི་བདེ་བར་ཕྱིང་དཀར་གྱི་སྟེང་འབྲུ་ཚོམ་བརྒྱད་བཀོད་པའི་སྟེང་འཁར་གཞོང་ནང་དུ་རབ་གཙང་བོ། མ་འབྱོར་ན་ཆུ་སྣ་གང་འཛོམ་བླུགས་པའི་སྟེང་མར་གྱི་བླ་ལུག་ཡོལ་གོར་བཅུག་པ་བཞག །ཞག་སྦྲེལ་དུ་བྱེད་ན་རྟེན་འབྲེལ་བརྟག་པའི་ཕྱིར། ཤོག་བུ་གྲུ་བཞི་གཅིག་གི་དཀྱིལ་དུ་ནྲྀ་དང་མཐའ་བསྐོར་དུ་ཚེ་དང་ལྡན་པ་ཆྒཻ་མོའི་བླ་ཚེ་ཡར་བ་ཁུག་


JLAZ010_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿ ཞེས་བྲིས་པའི་ཁུད་དུ་བསྒྲུབ་བྱའི་ལོ་གྲངས་ཀྱི་འབྲུ་དཀར་བཅུག་ལ་བླ་ལུག་གི་ཁོང་དུ་འཇུག །སྤྲེལ་གླུད་ཆེ་བ་གཅིག་ལ་གླུད་རྫས་འཛོམ་པར་བྱས་པའི་ཉེ་སྐོར་དུ་ཁ་གསོ་རྒྱུའི་གླུད་ཕྲན་བརྒྱ། ཆངས་བུ་བརྒྱ། རིལ་བུ་བརྒྱ་རྣམས་བཤམ་ལ་བཞག །གཉིས་པ་ནི། མཁའ་འགྲོའི་ལས་གཞུང་བསྲང་ལ་བཟླས་པ་ལ་བབས་པ་ན། མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང༌། །འོད་ཟེར་ཅན་མ་སྐུ་མདོག་དཀར། །སྐུ་གསུང་ཐུགས་ལ་ཨོཾ་ཨཱཿཧཱུྃ། །ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང༌། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི། །དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས། །ཨུཏྤལ་ལ་གནས་གསེར་ཉ་འཛིན། །ཡི་གེ་གསུམ་ལས་འོད་འཕྲོས་པས། །གདོན་དང་རོ་ལངས་གནོད་སྦྱིན་གྱིས། །ནད་པའི་བླ་དང་ཚེ་བརྐུས་པ། །སླར་ལ་གནངས་བཞིན་སྤྲད་པར་དམིགས། །ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་རི་ཙྱཻ་ཚེ་བྷྲཱུྃ་ནྲི་ཛཿསྭཱ་ཧཱ། ཞེས་པའི་བཟླས་པ་དམིགས་གནད་དང་ལྡན་པ་ཅི་ནུས་བཟླས་རྗེས། མདོས་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ་གྱེར་བ་ནི། ཀྱེ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆགས་བྲལ་དམ་པའི་ཆོས་ཏེ་བདེན་པའི་མཆོག །རིགས་གྲོལ་དགེ་འདུན་མཆོག་སྟེ་བདེན་པའི་མཆོག །བདེན་པའི་བཀའ་ལ་མི་ཉན་གང་ཡང་མེད། །འཆི་བའི་སྲོག་ལ་མི་ཆགས་གང་ཡང་མེད། །བརྔན་དང་རྒྱགས་


JLAZ010_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་བརྟེན་གང་ཡང་མེད། །ཆོས་ཀྱི་དབྱིངས་སུ་མི་གཅིག་གང་ཡང་མེད། །དེ་བས་ཐམས་ཅད་བདེན་པའི་ངག་ལ་ཉོན། །ཀྱེ་བླ་མ་ཡི་དམ་མཁའ་འགྲོ་གསུམ། །བཀའ་དང་དམ་ལ་གནས་པ་ཡི། །མྱ་ངན་འདས་པའི་གདོན་གྱི་སྡེ། །ལེགས་ཉེས་སྟང་འཛིན་ཕན་གནོད་ཅན། །མཁའ་འགྲོ་ཤུགས་འགྲོ་གནས་ཡུལ་བདག །གང་དང་ལངྒ་མ་བདུན་སྲིང༌། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང༌། །མགྱོགས་མ་བཞི་དང་འབར་མའི་ཚོགས། །སྤོར་མ་ཤུག་འགྲོ་བསྟན་མའི་སྡེ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༌། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ། །གདོན་གྱི་གཙོ་བོ་ཕྱོགས་སྐྱོང་བཅུ། །རྒྱལ་པོ་ཆེན་པོ་སྡེ་བཞི་སོགས། །གཙང་རིས་མགོན་པོ་བདུན་ཅུ་རྣམས། །དེ་རིང་མདོས་དང་གླུད་ལ་སྤྱོན། །དེང་གི་རྒྱུ་སྦྱོར་ཡོན་བདག་འདིའི། །རྩ་རླུང་ཐིག་ལེའི་ཉེར་ལེན་དང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །རྟེན་འབྲེལ་དུས་སྦྱོར་ལོག་པ་ཡི། །བླ་དང་ཚེ་ལ་གཞོམ་སྲིད་ན། །མཆོད་སྦྱིན་འདོད་ཡོན་ལྔ་ལྡན་དང༌། །མདོས་གླུད་བཟང་པོ་འདི་བཞེས་ལ། །བྱད་དང་རྦོད་གཏོང་ཁྲམ་ཁ་བསྒྱུར། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །ཀྱེ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །གླིང་བཞི་བྱེ་བ་ཕྲག་བརྒྱ་སྟེ། །གླིང་བཞིའི་ཁམས་ལ་དབང་བྱེད་པའི། །


JLAZ010_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆེན་པོ་སྡེ་བཞི་ནི། །རང་རང་རིགས་ཀྱི་ལྷ་རྣམས་དང༌། །ཉི་ཤུ་རྩ་བརྒྱད་སྡེ་དཔོན་ཡིན། །དེ་དག་འཁོར་ན་གནས་པ་ཡི། །ལྷ་དང་ལྷ་མིན་གསང་བ་པ། །སྟོང་ཕྲག་བྱེ་བ་ཕྲག་བརྒྱའི་གདོན། །འདི་དག་མི་ཡི་འཇིག་རྟེན་ལ། །ཀུན་ནས་གནོད་ཅིང་བླ་ཚེ་བརྐུ། །གནོད་པ་སྣ་ཚོགས་ལས་སྐྱོབས་ཕྱིར། །གདོན་གྱི་སྡེ་དཔོན་གཤེགས་སུ་གསོལ། །གཤེགས་ནས་མཐུན་པའི་དམ་རྫས་བཞེས། །རང་རང་གདོན་ལ་བཀའ་ནན་གསོལ། །ཁྱེད་རྣམས་སྟོན་པའི་ཞལ་མཐོང་ཞིང༌། །བསྟན་པ་ལ་གུས་སེམས་ཅན་ལ། །ཕན་པར་བཞེད་པའི་དམ་ཚིག་ཅན། །ཡིན་ན་རང་གི་རིག་སྔགས་དང༌། །མིང་དང་སྟོབས་དང་དབང་ཕྱུག་གི། བྱིན་གྱི་ནུས་པས་བསྲུང་དུ་གསོལ། །ཀྱེ། ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང༌། །དྲི་ཟའི་གདོན་གྱི་བདག་པོ་སྟེ། །གདོན་དེས་བཏབ་པའི་སྐྱེ་འགྲོ་རྣམས། །གླུ་དང་བྲོ་དང་རྒྱན་ལ་དགའ། །བསྐམས་པ་མ་མཆིས་སྨྲ་ཞིང་རྒོད། །སྐོམ་དད་ཆེ་བའི་རིམས་ཀྱིས་འདེབས། །མིག་འཛུམ་རྒྱབ་ཀྱིས་ཕྱོགས་ཤིང་ལ། །དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །དྲི་ཟའི་བྱད་དུ་ཆུད་པ་དང༌། །བླ་ལ་བརྐུས་སམ་ཚེ་བསྟུངས་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །དྲི་ཟའི་བྱད་དང་གདོན་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །


JLAZ010_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་འཁོར་སྲུང་གི་རིགས་སྔགས་དང༌། །མིང་དང་སྟོབས་དང་དབང་ཕྱུག་གིས། །དྲི་ཟའི་གདོན་ལ་བཀའ་ནན་གསོལ། །བྱིན་གྱི་ནུས་པས་བསྲུང་དུ་གསོལ། །ཀྱེ། ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །གྲུལ་བུམ་གདོན་གྱི་བདག་པོ་སྟེ། །གདོན་དེས་བཏབ་པའི་སྐྱེ་འགྲོ་རྣམས། །སྐོམ་དང་གཡེང་དང་བཞིན་རས་དམར། །འཁུམ་ནས་སར་ཉལ་ཁ་དོག་ངན། །རིད་ཅིང་སྐྲ་དང་སེན་མོ་རིང༌། །དྲི་ང་རྫུན་དང་ཀྱལ་པ་མང༌། །དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །གྲུལ་བུམ་བྱད་དུ་ཆུད་པ་དང༌། །བླ་ལ་བརྐུས་སམ་ཚེ་བསྟུངས་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །གྲུལ་བུམ་བྱད་དང་གདོན་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །འཕགས་སྐྱེས་པོ་ཡི་རིགས་སྔགས་དང༌། །མིང་དང་སྟོབས་དང་དབང་ཕྱུག་གིས། །གྲུལ་བུམ་གདོན་ལ་བཀའ་ནན་གསོལ། །བྱིན་གྱི་ནུས་པས་བསྲུང་དུ་གསོལ། །ཀྱེ། ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང༌། །འདབ་བཟང་གདོན་གྱི་བདག་པོ་སྟེ། །གདོན་དེས་བཏབ་པའི་སྐྱེ་འགྲོ་རྣམས། །སྐྱིགས་བུ་མང་ལ་དབུགས་ཀྱང་གྲང༌། །རྡུལ་ཞིང་ཝུ་བ་ཁ་ཆུ་འབྱུང༌། །གཉིད་ཀྱིས་མྱོས་ཤིང་འདར་སྐྱུག་ཏུ། །དོག་པར་མཆི་ཞིང་སེན་མོ་སྟོན། །དེང་གི་རྒྱུ་


JLAZ010_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཡོན་བདག་འདི། །ཀླུ་ཡི་བྱད་དུ་ཆུད་པ་དང༌། །བླ་ལ་བརྐུས་སམ་ཚེ་བསྟུངས་ན། མདོས་གླུད་བཟང་པོ་འདི་བཞེས་ལ། །འདབ་བཟང་བྱད་དང་གདོན་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །མིག་མི་བཟང་གི་རིགས་སྔགས་དང༌། །མིང་དང་སྟོབས་དང་དབང་ཕྱུག་གིས། །ཀླུ་ཡི་གདོན་ལ་བཀའ་ནན་གསོལ། །བྱིན་གྱི་ནུས་པས་བསྲུང་དུ་གསོལ། །ཀྱེ། བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་གདོན་གྱི་བདག་པོ་ཡིན། །གདོན་དེས་བཏབ་པའི་སྐྱེ་འགྲོ་རྣམས། །རྒོད་ཅིང་འཇིགས་ལ་སྨྲ་བར་བྱེད། །ཁྲོ་ཞིང་གཉིད་ལོག་ཤིན་ཏུ་ན། །གྱེན་དུ་བལྟ་ཞིང་སྐར་མ་སྙེགས། །འདར་ཞིང་སྒྲ་འབྱིན་ནུབ་མོ་དགའ། །ཁྱད་པར་ལུས་ངན་པོ་ཡི་བུ། །ཀུན་ཏུ་བརྒྱལ་དང་བསྐྱེད་པ་པོ། །གདོན་པོ་ཆེ་དང་བུམ་པའི་ལྟོ། །སོ་སོའི་འཁོར་ན་གནས་པ་ཡི། །གནོད་སྦྱིན་བྱེ་བ་དྲུག་ཅུ་བཞིས། །དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །གནོད་སྦྱིན་བྱད་དུ་ཆུད་པ་དང༌། །བླ་ལ་བརྐུས་སམ་ཚེ་བསྟུངས་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །གནོད་སྦྱིན་བྱད་དང་གདོན་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁང་ནང་དུ་སྒྱུར། །རྣམ་ཐོས་སྲས་ཀྱི་རིག་སྔགས་དང༌། །མིང་དང་སྟོབས་དང་དབང་ཕྱུག་གིས། །


JLAZ010_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་གདོན་ལ་བཀའ་ནན་གསོལ། །བྱིན་གྱི་ནུས་པས་བསྲུང་དུ་གསོལ། །མདོར་ན་བཅིང་བ་ལྔས་བཅིངས་ཤིང༌། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི། གནོད་སྦྱིན་བྱེ་བ་སྟོང་ཕྲག་སྡེ། །ལྷུན་པོའི་ངོས་དང་ངམ་གྲོག་གཡང༌། །རྒྱ་མཚོ་ཆུ་ཀླུང་ལུ་མ་རྫིང༌། །སྐྱེད་མོས་ཚལ་དང་གཞལ་མེད་ཁང༌། །ཀུན་དགའ་རྭ་བ་ནགས་ཚལ་བྲག །མཆོད་རྟེན་ལྗོན་ཤིང་གཅིག་པ་དང༌། །གྲོང་དང་གྲོང་ཁྱེར་གྲོང་རྡལ་ལྗོངས། །རྒྱལ་པོའི་ཕོ་བྲང་དཀྱིལ་འཁོར་གནས། །ལྷ་ཁང་དུར་ཁྲོད་ཤོ་གམ་འཕྲང༌། །ཁང་སྟོང་ཕྱུགས་ལྷས་གླང་པོའི་བྲེས། །དཀའ་ཐུབ་གནས་དག་དཀོར་ཁང་དང༌། །རི་སྣ་གྲོང་སྣ་བྲག་སྐྱིབས་སོགས། །གནས་དག་གནས་མིན་ལ་དབང་ཞིང༌། །མིང་གཟུགས་སྐྱེ་མཆེད་སྣ་ཚོགས་པས། །དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །བླ་དང་ཚེ་ལ་གཞོམ་སྲིད་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །བཞི་བརྒྱ་རྩ་བཞིའི་ནད་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་གཞལ་ཁ་ནང་དུ་སྒྱུར། །བདུད་ཀྱི་བདུད་ཆེན་རིག་སྔགས་དང༌། །མིང་དང་སྟོབས་དང་དབང་ཕྱུག་གིས། །བླ་རྐུན་གདོན་ལ་བཀའ་ནན་གསོལ། །སེང་གེའི་གཟུགས་དང་གླང་ཆེན་སྟག །དོམ་དང་མ་ཧེ་སྤྱང་ཀི་དྲེད། །


JLAZ010_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་དང་ཕག་རྒོད་སྦྲུལ་གྱི་གཟུགས། །རྟ་དང་བོང་བུ་རྔ་མོ་ལུག །ཁྱི་དང་བྱི་ལའི་གཟུགས་ཅན་སོགས། །མཆུ་སོ་ཁྲག་གིས་གོས་པ་དང༌། །ཀེང་རུས་གཟུགས་དང་མཚོན་ཆ་ཅན། །རྣ་བ་འཕྱང་དག་རྣ་བ་མེད། །རྣ་བོ་ཆེ་དང་སྒྲ་ཆེན་འབྱིན། །ཆེ་ཞིང་གཏུམ་ལ་མི་སྡུག་གཟུགས། །སྤུ་གཞོལ་སེན་མོའི་རང་བ་དང༌། །སྐྲ་བརྫེས་ལྕགས་མཆུ་ཟངས་སོ་ཅན། །ལག་པ་ཁྲག་གིས་དམར་བ་དང༌། །སྙིམ་པར་ནང་ཁྲོལ་ཐོགས་པ་དང༌། །ཡན་ལག་མ་ཚང་ཕྱེད་པའི་ལུས། །གསུས་པ་ཆེ་དང་ནུ་མ་འཕྱང༌། །མགོ་ཆེ་ཡན་ལག་རིང་བ་དང༌། །སྲིན་པོ་འདོད་དགུར་སྒྱུར་བའི་གཟུགས། །ཆུང་མ་ཤ་ཟ་རལ་གཅིག་སོགས། །དཔག་ཚད་བརྒྱད་ཁྲིར་ཁྲག་ལ་རྔམས། །ཤིན་ཏུ་གཟུ་ལུམས་ཆེ་བའི་གདོན། །རྣམ་འགྱུར་རྣམ་པ་སྣ་ཚོགས་དང༌། །བྱད་དང་ཁྲམ་ཁ་ཀུན་ཀྱི་བདག །འདོད་པ་ཁམས་ཀྱི་དབང་ཕྱུག་མས། །དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །བླ་དང་ཚེ་ལ་གཞོམ་སྲིད་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །བཞི་བརྒྱ་རྩ་བཞིའི་ནད་ལས་འཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །བདུད་ཀྱི་བདུད་ཆེན་རིག་སྔགས་དང༌། །མིང་དང་སྟོབས་དང་དབང་ཕྱུག་གིས། །བླ་རྐུན་གདོན་


JLAZ010_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀའ་ནན་གསོལ། །གདོན་གྱི་གཙོ་བོ་ཕྱོགས་སྐྱོང་བཅུ། །དེ་ཡི་འཁོར་ན་གནས་པ་ནི། །ལྷ་དང་ཀླུ་དང་ལྷ་མ་ཡིན། །མེ་དང་རླུང་ལྷ་གཤིན་རྗེ་དང༌། །བདེན་བྲལ་དབང་ལྡན་ནམ་མཁའ་ལྡིང༌། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །ཡི་དྭགས་སྡེ་ཚན་སུམ་ཅུ་གཉིས། །འཕྲོག་མ་མ་བུ་ལྔ་བརྒྱ་དང༌། །དྲི་ཟ་གྲུལ་བུམ་ལུས་སྲུལ་བོ། །སྐེམ་བྱེད་སྨྱོ་བྱེད་བརྗེད་བྱེད་དང༌། །གྲིབ་གནོན་རྣོན་པོ་ཚེར་མ་འདོན། །རེ་ལྡེ་འདོན་དང་ཤ་ཁྲག་རྔམས། །ཞག་དང་ཚིལ་བུ་ལྷ་རྐང་དང༌། །མངལ་དང་སྦྱིན་སྲེག་ཟ་བ་དང༌། །དྲི་དང་ཕྲེང་བ་གཏོར་མ་ཟ། །མེ་ཏོག་འབྲས་བུ་ངར་སྣབས་དང༌། །སྐྱུགས་པ་ལ་སོགས་མི་གཙང་ཟ། །སྟོར་ཁུང་ནས་འབབས་འཐུངས་བ་དང༌། །བྱད་དང་སྐར་མ་རོ་ལངས་གདོན། །སྡིགས་པའི་སེམས་དང་དྲག་ཤུལ་དང༌། །སྡང་བའི་སེམས་ལྡན་ཐམས་ཅད་ཀྱིས། །དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །བླ་དང་ཚེ་ལ་གཞོམ་སྲིད་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །བཞི་བརྒྱ་རྩ་བཞིའི་ནད་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །བདུད་ཀྱི་བདུད་ཆེན་རིག་སྔགས་དང༌། །མིང་དང་སྟོབས་དང་དབང་ཕྱུག་གིས། །བླ་རྐུན་གདོན་ལ་བཀའ་ནན་གསོལ། །དེ་


JLAZ010_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མངལ་ལ་མ་རུངས་བྱེད། །རྣམ་པ་སྣ་ཚོགས་ནད་ཀྱི་བདག །འཇོམ་པོ་བ་ལང་གཟུགས་ཅན་དང༌། །རི་དྭགས་རྒྱལ་པོ་རི་དྭགས་གཟུགས། །སྐེམ་བྱེད་གཞོན་ནུར་བརྫུ་ཞིང་འཕྲུལ། །བརྗེད་བྱེད་ཝ་གཟུགས་མ་མོའི་དོན། །ཁུ་ཚུར་ཅན་ནི་བྱ་རོག་གཟུགས། །རྟ་ཡི་གཟུགས་ཅན་ཛི་མི་ཀ།།འདོད་ཅན་རྡོ་རྗེ་ནམ་གྲུ་ཁྱི། །སྲུལ་པོ་ཕག་གཟུགས་བྱ་དང་ནི། །བྱི་ལའི་གཟུགས་ཅན་མ་དགའ་བྱེད། །བྱ་གག་གཟུགས་ཅན་གཉའ་ལག་ཅན། །བཞིན་རྒྱན་འུག་པ་མིག་འཕྱང་ནི། །ཕ་ཝང་གཟུགས་སྤྲུལ་བྱིས་པ་རྣམས། །སྐྲག་ཅིང་མ་རུངས་བྱེད་པའི་གདོན། །མི་བརྫུ་དགུ་རུ་བརྫུ་བ་དང༌། །གཞན་ཡང་སྤར་སྨེ་ལོ་ཟླ་བཞག །དུས་ཚོད་ཚེས་གྲངས་གབ་ཚེའི་བདག །ཕྱི་ནང་གསང་བའི་ལྷ་མ་སྲིན། །སྡེ་བརྒྱད་སྟོང་སྡེ་ལན་ཆགས་དང༌། །བགེགས་རིགས་གློ་བུར་ལྷགས་པའི་གདོན། །ཡིད་གཟུགས་ཅན་དང་གསོན་པོ་འདྲེ། །གསོད་དང་གཅོད་དང་མདངས་འཕྲོག་ལ། །དགའ་ཞིང་གནོད་པ་སྣ་ཚོགས་ཅན། །མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱིས། །དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །བླ་དང་ཚེ་ལ་གཞོམ་སྲིད་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །བཞི་བརྒྱ་རྩ་བཞིའི་ནད་ལས་ཕྲོལ། །བླ་ཚེ་རང་


JLAZ010_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྐྱུར། །བདུད་ཀྱི་བདུད་ཆེན་རིག་སྔགས་དང༌། །མིང་དང་སྟོབས་དང་དབང་ཕྱུག་གིས། །བླ་རྐུན་གདོན་ལ་བཀའ་ནན་གསོལ། །ཞེས་གྱེར་ཞིང་གསེར་སྐྱེམས་དང༌། ཁྲག་སྐྱེམས་ཕྱོགས་ཕྱོགས་སུ་གཏོར། དེ་ནས་སློབ་དཔོན་སྒེག་པའི་རྡོ་རྗེའི་ལུགས་སུ་གྲགས་པའི་བླ་འགུགས་ཀྱི་སྔགས་འདི་ཡང་བཟླ་སྟེ། ཨོཾ་རྫབ་རྫབ་རྫུབ་རྫུབ་བྷི་ཏྲ་ཀློང་ནྲྀ་ཁུག་ཛཿཞེས་དང་དམིགས་གནད་ནི་ཕྱག་མཚན་ལ་གནས་པའི་གསེར་ཉ་དེ་ཉིད་བསྒྲུབ་བྱའི་བླ་གཟུགས་སུ་བསམས་ལ་བླ་ཚེ་འོད་ཀྱི་རྣམ་པ་བསྟིམས་པས་བཀྲག་མདངས་ཤིན་ཏུ་འབར་བར་བསམ་མོ། །བཟླས་པ་སྟོང་ཕྲག་རེའི་ཐུན་མཚམས་སུ་གླུད་ཕྲན་བསྔོ་བ་ནི། གཞུང་ལས། ཐུན་མཚམས་བླ་གླུད་བཟང་པོ་ལ། །གླུད་ཕྲན་ཟན་བྲུལ་ཆངས་བུ་བརྒྱ། །འབྲུ་གསུམ་བྱིན་བརླབས་སམ་བྷ་རས། །བརྒྱ་རྩ་བརྒྱད་བསྔོ་ལན་རེ་བཞིན། །ཞེས་པ་ལྟར། གླུད་ཆུང་གཅིག །རིལ་བུ་གཅིག །ཆང་བུ་གཅིག་རྣམས་ལ་ཆུ་ཆང་གིས་བྲན་ནས། ཨོཾ་ཨཱཿཧཱུྃ་གིས་བརླབ། སཾ་བྷ་ར་གཅིག་གི་མཐར། ཧཱུྃ། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང༌། །དྲན་དང་གཟུང་དང་བསམ་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །ཅེས་བརྗོད་པ་དང་གླུད་ཆེན་དུ་དོར། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པའི། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་


JLAZ010_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །ཞེས་ཐལ་མོ་ལན་གཅིག་བརྡེབ། དེ་འདྲ་བ་བརྒྱ་རྩ་བྱ། ཡས་གླུད་མ་འཛོམ་པའི་རིགས་ལ་ཆུ་གཏོར་གྱི་རྗེས་སུ་རང་ཉིད་སྒྲོལ་མར་གསལ། གླུད་ཆུང་སོགས་ལ་བརྟེན་ནས་འདི་ལྟར་བྱས་པས་ཀྱང་རུང་ངོ༌། །ལྟས་བརྟག་པ་ནི། བར་མཚམས་ཅི་རིགས་པར་བསྒྲུབ་བྱ་དངོས་སམ་མིན་ནའང་རུང་སྟེ་བསྒྲུབ་བྱའི་བླ་ཚེའི་རྟེན་ཚེ་མདའ་ལ་དམིགས་ནས་བླ་ལུག་གི་སྣོད་བསྐོར་བས་དེ་ཕྱོགས་ལ་བླ་ལུག་གིས་བལྟས་ན་བླ་ཁུག་པའི་ལྟས་དང༌། མ་ཁུག་ན་ཕྱིར་ལོག་ཏུ་བལྟ་བས་བསྐྱར་བའི་ཚུལ་གཞུང་ལས། རྟེན་འབྲེལ་བླ་ལུག་ཉིད་ལ་བརྟག །མ་གྲུབ་བར་དུ་བསྐྱར་ཞིང་འབད། །ཅེས་དང༌། སྲོག་བསླུ་བྱ་ཞིང་ཉེའུ་འདོན། །དུས་མིན་འཆི་བ་ངེས་པར་བཟློག །ཅེས་སོ། །ཚུལ་དེ་ལྟ་བུ་ཞག་སྦྲེལ་ལམ་ཉིན་ཆོག་ཇི་ལྟ་བུ་བྱ་ཡང་ཐུན་ཕྱི་མར་ཆོས་སྲུང་གི་བསྐང་གསོ་དང༌། ཚོགས་མཆོད་སོགས་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། རྒྱལ་ཆེན་སྡེ་བཞིའི་མཆོད་གཏོར་རྣམས་མ་གཏོགས་ཡས་གླུད་ཐམས་ཅད་སྣོད་དུ་བསྡུས་ཆུ་ཆང་གིས་བྲན། །གསེར་སྐྱེམས་དང་གསུར་དུད་ཀྱིས་སྣ་དྲངས་ལ་འདེགས་པ་དང་སྦྲགས། ཀྱེ། སྟོང་གསུམ་སྟོང་གི་འཇིག་རྟེན་ནས། །གློ་བུར་ལྷགས་པའི་གདོན་ཚོགས་རྣམས། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི། དཀོར་ལ་ངོ་སོ་མཆིས་པར་མཛོད། །མི་དང་དེ་ནི་གླུད་དུ་བརྗེས། །མི་བས་གླུད་དགའ་སྐྱེ་མཆེད་


JLAZ010_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས། །བླ་ཡི་རིན་དུ་མཐུན་རྫས་བཅལ། །བླ་ལས་གྱ་ནོམ་ཟང་ཟིང་མང༌། །ཚེ་ཡི་འཇལ་དུ་ཡོད་དགུ་སྤྲུགས། །ཚེ་ལས་བཟའ་ཆེ་དཀོར་ཆ་འཛོམ། །ཏིང་འཛིན་སྔགས་རྒྱས་འདོད་དགུར་སྤེལ། །ཁྱེད་ལ་རྫོངས་སུ་བཏབ་ཟིན་ན། ཟས་སྐོམ་ནོར་ལ་མི་ཆགས་མེད། །བརྔན་དང་དྲིན་ལ་མི་བསམ་མེད། །མནའ་དང་ཆད་ལ་མི་བརྩི་མེད། །དེ་བས་ངོམས་ཤིང་ཚིམ་གྱིས་ལ། །ཚིམས་པའི་ངོ་ཅིག་དེང་འདིར་མཛོད། །བདེན་པའི་ཚིག་ལ་མེ་ཡང་ཉན། །འབྱུང་བའི་ཆུ་ལ་ས་ཡང་འཐུང༌། །བྱམས་པའི་དྲིན་ལ་རླུང་ཡང་གཟོ། །སྟོང་པའི་སེམས་ལ་ནམ་མཁའ་ཤོང༌། །དེ་ཕྱིར་ཡས་དང་དཀོར་བསྣམས་ལ། །རང་རང་སོ་སོའི་གནས་སུ་དེངས། །རྒྱ་མཚོ་རྡོལ་བའི་ནང་ཤེད་ན། །རིན་པོ་ཆེ་ཡི་གླིང་ཡང་ཡོད། །ནོར་འདོད་ཅན་རྣམས་དེར་གཤེགས་ཤིག །གྲུ་གསུམ་ས་དང་རྒྱ་གྲམ་ལམ། །ལ་ཀླུང་བརྒལ་བའི་བཞི་མདོ་ན། །ལྷ་སྲིན་འདུ་བའི་གནས་ཤིག་ཡོད། །དེ་ན་དམ་ཚིག་ཉམས་པ་དང༌། །སེམས་ཅན་ཡོངས་ལ་གནོད་པ་དང༌། །ལས་འབྲས་ཁྱད་དུ་གསོད་པ་ཡི། །བླ་ཚེ་འཁྱམས་པོ་ཡོད་དོ་ཅོག །ཁྱེད་རྣམས་ཀུན་ཀྱི་བཟའ་སྐལ་དུ། །དཀོན་མཆོག་བདེན་པའི་མཐུས་བཅད་ན། །


JLAZ010_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རུ་གཤེགས་ཤིག་ཤ་ར་ར། །ཤུལ་རིང་ཞགས་པ་བཞིན་དུ་བསྡོག །ལ་ཆེན་ཐེམ་པ་བཞིན་དུ་རྒོལ། །ཆུ་ཆེན་དར་ལམ་བཞིན་དུ་བགྲོད། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིག་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་འགྱུར་བའི། །བར་ཆད་ཉེ་བར་སོལ་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡི། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང༌། །འདིར་ནི་མཆོད་ཡོན་འཁོར་བཅས་ཀྱི། །བར་ཆད་ཉེ་བར་སོལ་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། །སརྦ་བྷཱུ་ཏ་གཙྪ། ཞེས་ཡས་རྣམས་ཆུ་ཀླུང་ངམ་བཞི་མདོ་ཆེན་པོར་བསྐྱལ། དེ་ནས་རྒྱལ་ཆེན་གྱི་གཏོར་མ་རྣམས་ཨ་ཀཱ་རོས་བརླབ་ལ། མཆོད་སྦྱིན་གཏོར་མ་འདི་


JLAZ010_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ། །སོགས་ནས་ཐོག་གི་ཡང་སྟེང་ཕྱོགས་སོ་སོར་གཤེགས་ལ་སྲུང་འཁོར་གྱིས་ཚུལ་དུ་བཞུགས་པར་བསམ། ཆོ་གའི་རྗེས་ཆོག་རྣམས་སྤྱི་ལྟར་བྱའོ། །དེ་ལྟར་གྲུབ་ནས་ཚེ་མདའ་དང༌། བླ་ལུག་བསྒྲུབ་བྱ་ལ་དངོས་གྲུབ་ཀྱི་ཚུལ་དུ་གཏད་ལ་ཞག་བདུན་ཕྲག་ལ་སོགས་པར་སྔས་མགོར་འཇོག །ཕྱི་ནས་བླ་གཡུ་མགུལ་དུ་གདགས་ཤིང༌། བླ་ལུག་ལོངས་སྤྱོད། འབྲུ་ནས་མ་ཚང་ན་བླ་བསླུ་བསྐྱར་བར་བྱའོ།། །།


previousཡུམ་ཀ་མཁའ་འགྲོའི་ལས་ཚོགས་ལས། བླ་བསླུའི་ལྷན་ཐབས་སྲོག་འཚོའི་ལྗོན་པ།next