Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀའི་གསང་སྒྲུབ་སེངྒེའི་གདོང་ཅན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀའི་གསང་སྒྲུབ་སེངྒེའི་གདོང་ཅན།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀའི་གསང་སྒྲུབ་སེངྒེའི་གདོང་ཅན།


JLAZ010_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀའི་གསང་སྒྲུབ་སེངྒེའི་གདོང་ཅན་བཞུགསཿ


JLAZ010_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཆེན་པོ་པདྨ་ལཿ ཚོགས་བརྒྱད་བསྒྲལ་བའི་དུར་ཁྲོད་དུཿ ཆོས་ཉིད་སྒྲ་དང་ཆོས་ཉིད་ཟེརཿ ཆོས་ཉིད་འོད་ཀྱི་ཀློང་དཀྱིལ་ནསཿ དབྱིངས་ཀྱི་མཁའ་འགྲོའི་ཆོས་འདི་གཏདཿ སིནྡྷུ་ར་ཡི་མཎྜལ་ནིཿ ཆོས་འབྱུང་བསྣོལ་མ་པད་འཁོར་ཅནཿ དུར་ཁྲོད་རྡོ་ར་མེ་རིས་བསྐོརཿ ཤེལ་ནི་དཀྱིལ་ཡིན་མེ་ལོང་འཁོརཿ ནང་མཆོད་དམ་རྫས་བཟང་དུ་བཤམསཿ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནིཿ ཧོཿ ཡིད་ཆོས་རྣམ་དག་ཀུན་བཟང་ཡབ་ཡུམ་ལཿ སྣང་སྟོང་གཉིས་སུ་མེད་པར་སྐྱབས་སུ་མཆིཿའགྲོ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དངཿ ཆོས་ཉིད་དེ་བཞིན་ཉིད་དུ་སེམས་བསྐྱེད་དོཿགཉིས་པ་སྔོན་གཏོར་བྱ་བ་ནིཿ ཧཱུྃཿ བགེགས་ཞེས་བྱ་བའང་སྡུག་བསྔལ་


JLAZ010_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་སྟེཿ བདེ་གཤེགས་སྙིང་པོ་རང་བཞིན་མེད་པ་ལཿ གློ་བུར་རྣམ་རྟོག་ཀུན་འབྱུང་མ་རིག་གདོནཿ གཏོར་མ་ལོང་ལ་རྒྱ་མཚོའི་ཕ་མཐར་དེངསཿ ཧཱུྃ་བཞིའི་སྔགས་བརྗོདཿ གསུམ་པ་སྲུང་འཁོར་ནིཿ ཧཱུྃཿ སེམས་ལས་སེམས་བྱུང་ཆོས་ཉིད་སྐྱེ་བ་མེདཿ འགགས་མེད་རྩལ་ལས་རྡོ་རྗེའི་ཆོས་བདུན་གྱིཿ སྲུང་བའི་འཁོར་ལོ་ཡོངས་གྲུབ་ཆེན་པོ་ལཿ གཞན་དབང་ཀུན་བརྟགས་གདོན་གྱིས་གླགས་མི་རྙེདཿ དྷརྨ་དྷཱརྟུ་བཛྲ་རཀྵཿབཞི་པ་མཆོད་པ་བྱིན་བརླབ་ནིཿ ཧོཿཆོས་ཅན་ཀུན་རྫོབ་བདེན་པ་མཐའ་དག་ཀུནཿ ཐབས་དང་ཤེས་རབ་ཟུང་འཇུག་འདོད་ཡོན་རྫསཿ སྨན་གཏོར་རཀྟའི་དངོས་པོ་བྱིན་རླབས་ཤིངཿ ཉེར་སྤྱོད་ཀུན་ཏུ་བཟང་པོའི་སྤྲིན་དུ་གྱུརཿ ཨོཾ་རཱུ་པ་ཤཔྟ་གནྡྷེ་རཱ་ས་པརྴེ་ཨརྒྷཾ་ནས་


JLAZ010_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྟ་དྷརྨ་དྷཱརྟུ་ཨཱཿཧཱུྃཿ ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཨཱཿཧཱུྃཿ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃཿ ཨོཾ་མ་ཧཱ་བྷ་ལིཾ་ཏ་ཨཿ ཧཱུྃཿ སྨན་རག་གཏོང་མའི་སྔགས་ཀྱིས་བརླབསཿ ལྔ་པ་རྣམ་བྱང་དང་མཐུན་པའི་ལྷའི་རྣལ་འབྱོར་སྒོམ་པ་ནིཿ ཨཱཿ སྟོང་པ་ཉིད་དང་མཚན་མ་མེད་པ་དངཿ སྨོན་པ་མེད་པའི་ཏིང་འཛིན་རྣམ་གསུམ་ལསཿ རྣམ་ཐར་ཡོངས་རྫོགས་རྡོ་རྗེ་བཙུན་མོའི་མཁའཿ འོད་སྣང་སྟོང་གཟུགས་ཆོས་འབྱུང་བསྣོལ་མའི་དབུསཿ ཆུ་སྐྱེས་གེ་སར་ཐབས་ཤེས་ཉི་ཟླའི་སྟེངཿ སྐྱེ་མེད་རྡོ་རྗེ་ཨ་ཡིག་ཡོངས་གྱུར་ལསཿ སྣང་སྟོང་ལྷུན་གྲུབ་གཞོན་ནུ་བུམ་པའི་སྐུཿ སྐྱེ་མཆེད་ཡོངས་རྫོགས་རྡོ་རྗེ་བདག་མེད་མཿ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ག་ལཿ ཁམས་གསུམ་ཟ་བྱེད་སེང་གེའི་གདོང་པ་ཅནཿ ཕྱག་གཡས་གྲི་གུག་འཕྱར་བས་གཟུང་འཛིན་གཅོདཿ གཡོན་པས་ཐོད་ཁྲག་སྐྱེ་ཤིའི་རྩ་བ་འཇོམསཿ མཆན་ཁུང་རྡོ་རྗེ་རྩེ་གསུམ་ཁ་ཊྭཱཾ་གཿ མཚན་ཉིད་ཡོངས་རྫོགས་ཅང་ཏེའུ་དྲིལ་བུ་འཕྱངཿ ཐབས་མཆོག་བདེ་ཆེན་ཡབ་དང་འདུ་འབྲལ་མེདཿ ཞབས་གཉིས་གཡས་བསྐུམས་འཁོར་བའི་སྐྱེ་སྒོ་དགགཿ གཡོན་བརྐྱངས་བདུད་བཞིའི་སྟེང་ན་སྒེག་ཅིང་འགྱིངཿ ཕ་རོལ་ཕྱིན་དྲུག་རྫོགས་པའི་རུས་རྒྱན་དངཿ ཐོད་སྐམ་དབུ་རྒྱན་ཕྱག་རྒྱ་ལྔ་ཡིས་སྤྲསཿ འདུ་བྱེད་ལྔ་བཅུ་དག་པའི་མགོ་ཕྲེང་འཕྱངཿ ང་རྒྱལ་རྩད་གཅོད་སེང་གེའི་གཡང་གཞི་གསོལཿ རྩིབས་དྲུག་མདུན་ནས་རིམ་པས་གཡས་བསྐོར་


JLAZ010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དུཿ དབང་ཡུལ་སྐྱེ་མཆེད་དག་པའི་ཕྲ་མེན་དྲུགཿ གཟུགས་ལ་མི་སྤྱོད་ནག་མོ་བྱ་ལོང་གདོངཿ སྒྲ་ལ་མི་སྤྱོད་མཐིང་ནག་སྐྱ་གའི་མགོཿདྲི་ལ་མི་སྤྱོད་དམར་སེར་ངུར་བའི་གདོངཿ ་རོ་ལ་མི་སྤྱོད་ལྗང་ནག་དམུ་བྱའི་མགོཿརེག་བྱར་མི་སྤྱོད་ནག་མོ་སོ་བྱའི་གདོངཿ ཆོས་དབྱིངས་ནམ་མཁར་སྤྱོད་པའི་བྱ་རྒོད་དཀརཿ ཀུན་ཀྱང་གཟུང་འཛིན་གཅོད་པའི་གྲི་གུག་དངཿ ཆགས་སྡང་དབྱིངས་སུ་སྦྱོར་བའི་ཐོད་ཁྲག་འཛིནཿ རྟོག་མེད་རོ་ཡི་གདན་ལ་དོར་སྟབས་འགྱིངཿ གཅེར་མོ་རིན་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱནཿ པད་འདབ་རྣམས་ལ་མཁའ་འགྲོ་སོ་གཉིས་དངཿ གིང་ལང་དབང་ཕྱུག་བསྟན་མའི་ཚོགས་ཀྱིས་བསྐོརཿ ཕྱག་རྒྱ་བཞི་ལྡན་རྡོ་རྗེ་གསུམ་གྱི་ངངཿ རང་དབང་རང་ཐོབ་རྡོ་རྗེ་ཕྱེད་པས་མཚནཿ མ་བསྐྱེད་རང་བྱུང་ཡོངས་གྲུབ་ཆེན་པོར་གསལཿ དྲུག་པ་སྤྱན་འདྲེན་ནིཿ ཧཱུྃཿདེ་བཞིན་ཉིད་དབྱིངས་སྤྲོས་བྲལ་ཆེན་པོ་ལཿ གཤེགས་བྱོན་བཞུགས་སུ་གསོལ་བ་མི་དམིགས་ཀྱངཿ ཐུགས་རྗེའི་སྣང་ཆ་གཟུགས་སྐུར་རོལ་པ་ལསཿ དམ་ཡེ་གཉིས་མེད་ཆེན་པོར་གཤེགས་སུ་གསོལཿ ཨོཾ་སེང་ཧ་མུ་ཁ་ཧཱུྃ་ཧ་ཧེ་ཕཊ་ཛཿབདུན་པ་བཞུགས་གསོལ་ནིཿ ཧཱུྃཿ གདོད་ནས་དམ་ཚིག་ཡེ་ཤེས་གཉིས་མེད་ཀྱངཿ གློ་བུར་བློ་ཡི་དག་


JLAZ010_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྦྱང་བྱའི་ཕྱིརཿ གསལ་སྣང་ལྷ་སྐུར་རྫོགས་པའི་བསམ་གཏན་ལཿ ལྷག་མཐོང་གསལ་བའི་ཡེ་ཤེས་བརྟན་པར་བཞུགསཿ བཛྲ་ས་མ་ཡ་ཏིཥྛ་སྭཱ་ཧཱཿབརྒྱད་པ་ཕྱག་འཚལ་བ་ནིཿ ཧཱུྃཿ སྐྱེ་མེད་ཆོས་སྐུའི་ངང་ལས་འགག་མེད་རྩལཿ ལོངས་སྤྱོད་རྫོགས་མཛད་མཁའ་འགྲོ་སེང་གེའི་གདོངཿ ང་རྒྱལ་གཟུགས་ཀྱིས་ངར་འཛིན་འཇོམས་མ་ལཿ མངོན་སུམ་བལྟ་བ་མཇལ་བའི་ཕྱག་བགྱིའོཿཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿདགུ་པ་མཆོད་པ་ནིཿ ཧོཿགཟུགས་སྣང་ལྷར་རྫོགས་མཆོད་པའི་ཕྱག་རྒྱ་ཆེཿསྒྲ་གྲགས་བཟླས་བརྗོད་རྡོ་རྗེའི་རོལ་མོར་འཁྲོལཿ དྲི་མཆོག་ཚུལ་ཁྲིམས་སྤོས་ཀྱི་གླང་པོའི་ངདཿ རོ་དྲུག་ཚོགས་ཀྱི་འཁོར་ལོའི་འདོད་ཡོན་ཅནཿ རེག་བྱ་རྡོ་རྗེ་བདེ་ཆེན་དབྱིངས་ལ་སྤྱོདཿ ཆོས་ཀྱི་འབྱུང་གནས་རྡོ་རྗེ་བཙུན་མོའི་མཁའཿཨེ་ཝཾ་ཟུང་འཇུག་སྨན་གཏོར་རཀྟ་དངཿ བྱང་ཆུབ་སེམས་ཀྱི་འོད་ཟེར་ཀུན་བཟང་སྤྲིནཿ བླང་དོར་མེད་པའི་དགྱེས་མཆོད་ཆེན་པོར་བཞེསཿ ཤྲཱི་བཛྲ་སེང་ཧ་མུ་ཁ་རཱུ་པ་ཤཔྟ་གྷནྡྷེ་རཱ་ས་པརྴེ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྷེ་ནེ་ཝི་ཏྱ་ཤཔྟ་སརྦ་པཉྩ་རཀྟ་བྷ་ལིངྟ་དྷརྨ་དྷཱརྟུ་ཧོཿབཅུ་པ་བསྟོད་པ་ནིཿ ཧཱུྃཿབདེ་བའི་བདག་ཉིད་སྣ་ཚོགས་གཟུགས་ཅན་ལཿ བདག་མེད་སེདྒེའི་སྒྲ་ཡིས་བདག་འཛིན་འཇོམསཿ ཡིད་དང་ཆོས་སུ་འཛིན་པའི་བྱ་བྱེད་ཀུནཿ རྣམ་ཀུན་མཆོག་ལྡན་དབྱིངས་སུ་སྦྱོར་ལ་བསྟོདཿ སྣང་


JLAZ010_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དབྱེར་མེད་ནམ་མཁའི་རྡོ་རྗེ་ཅནཿ ཆགས་སྡང་དབྱིངས་སུ་སྦྱོར་བའི་གྲི་ཐོད་འཛིནཿ སྐྱེ་མཆེད་རྩ་བ་གཅོད་པའི་ཁ་ཊྭཱཾ་ཀཿ ཐབས་མཆོག་ཡབ་དང་འདུ་འབྲལ་མེད་ལ་བསྟོདཿ ཀུན་འབྱུང་འཁོར་བའི་རྒྱུ་འབྲས་རྣམ་ཤེས་ཚོགསཿ ཡུལ་དང་ཡུལ་ཅན་གཉིས་མེད་བདེ་ཆེན་ཀློངཿ སྦྱོར་མཛད་ཡེ་ཤེས་དབྱིངས་ཀྱི་ཕྲ་མེན་དྲུགཿ གནས་ཡུལ་ཉེར་བཞིའི་བདག་ཉིད་ཀུན་ལ་བསྟོདཿ བཅུ་གཅིག་པ་འཛབ་ཀྱི་དགོངས་པ་ནིཿ གཙོ་ལ་སེམས་བཟུང་བསྙེན་པ་སྟེཿགཙོ་འཁོར་ཡོངས་རྫོགས་ཉེ་བསྙེན་ནོཿབཟླས་བརྗོད་བརྩོན་པ་སྒྲུབ་པ་སྟེཿའོད་ཟེར་སྤྲོ་བསྡུ་སྒྲུབ་ཆེན་པོཿཐུགས་ཀར་ཉི་གདན་ཧཱུྃ་གི་མཐརཿ བསྙེན་སྔགས་སྤུ་ཤད་ལྟ་བུས་བསྐོརཿ ཨོཾ་བཛྲ་སེདྷ་མུ་ཁ་ཧཱུྃ་ཧ་ཧེ་ཕཊཿལས་རུང་འབྲུ་འབུམ་དུས་བསྙེན་བཞིཿསྒྲུབ་སྔགས་མགལ་མེའི་འཁོར་ལོ་བཞིནཿ གཡོན་བསྐོར་མེ་སྟག་འཕྲོ་བར་བསྒོམཿ ཨཿཀཿསཿ མཿ རཿ ཙཿཤཿདཿ རཿ སཿ མཱཿརཿ ཡཿཕཊཿའོད་ཟེར་ཕར་འཕྲོས་རྒྱལ་བ་མཆོདཿ བྱིན་རླབས་དངོས་གྲུབ་ཚུར་ལ་བསྡུཿསླར་འཕྲོས་འགྲོ་བའི་ལས་ཉོན་སྦྱངསཿ ཡུལ་དྲུག་རང་གར་འཛིན་པའི་དགྲཿ ཡུལ་ཅན་རྣམ་པར་རྟོག་པའི་བགེགསཿ དག་པའི་སྣོད་བཅུད་ཆེན་པོར་སྦྱངསཿ གྲངས་དུས་བསྙེན་པ་གོང་བཞིན་ལཿ མཚན་མའི་བསྙེན་པ་རྟགས་མཐོང་སྟེཿ


JLAZ010_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ་རིགས་འཛིན་རྣམ་བཞི་ལའོཿ རྗེས་ཆོག་ཡུམ་ཀའི་གཞུང་ལྟར་ལསཿ རྗེས་ཀྱི་རིམ་པ་ཚོགས་སྐོང་ནིཿ བསོད་ནམས་ནང་ནས་ཚོགས་འཁོར་མཆོགཿ མཁའ་འགྲོ་འདུ་བའི་དམ་ཚིག་རྫསཿ ནང་མཆོད་ཁྱད་པར་བཟང་དུ་བཤམསཿ ཧོཿ བདེ་བ་ཆེན་པོའི་སྣོད་མཆོག་ཏུཿ ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ནིཿ བླང་དོར་མེད་པའི་དམ་ཚིག་རྫསཿ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུརཿ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོཿ ཧཱུྃཿ འོག་མིན་གནས་དང་མཁའ་སྤྱོད་ཞིངཿ དཔའ་བོ་མཁའ་འགྲོ་འདུ་བའི་གནསཿ ཉི་ཤུ་རྩ་བཞི་སྤྲུལ་པའི་ཡུལཿ ནང་ལྟར་རྡོ་རྗེ་ཕུང་པོའི་གྲོངཿ སྤྱི་བོ་ཛ་ལནྡྷ་ར་དངཿ སྨིན་མཚམས་པུལླཱི་ར་མ་ལཿ ལྟག་པའི་རྩ་ཁམས་ཨརྦུ་ཏཿམཛོད་སྤུ་རཱ་མེ་ཤྭཱ་རཱ་དངཿ རྣ་བ་གཡས་པ་ཨོ་རྒྱན་ཡུལཿ གཡོན་པ་གོ་དྷཱ་ཝཱ་རཱའི་ཞིངཿ མིག་གཉིས་དེ་ཝཱི་ཀོ་ཊཱ་དངཿ ཕྲག་པ་མཱ་ལ་ཝ་བརྒྱད་ནཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྕང་ལོའི་ཟར་བུ་ཏ་ལ་ལཿ སྙན་ཆ་གདུ་བུ་ཀྱི་ལི་ལིཿརུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿཅང་ཏེའུ་དྲིལ་བུའི་སྒྲ་དང་བཅསཿ རྡོ་རྗེའི་གླུ་དང་གར་ལ་རོལཿ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལཿ དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ


JLAZ010_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་བར་གཅོད་དབྱིངས་སུ་སྒྲོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ལོངས་སྤྱོད་འཁོར་ལོ་ལཾ་པཱ་ཀཿ མཆན་དང་མཁལ་ཁུང་ཀཱ་མ་རུཿ ནུ་མ་གཉིས་ནི་ཨོ་ཊི་སྟེཿ ལྟེ་བ་ཏྲི་ཤ་ཀུན་ནའི་གྲོངཿ སྣ་ཡི་རྩེ་མོ་ཀོ་ས་ལཿ ཡ་རྐན་ཀ་ལིང་ཀ་ཡི་ཡུལཿ སྙིང་ག་ཀཉྩི་ཀ་དང་ནིཿ ཧི་མཱ་ལ་ཡི་གྲོང་ཁྱེར་ནསཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྕང་ལོའི་ཟར་བུ་ཏ་ལ་ལཿ སྙན་ཆ་གདུ་བུ་ཀྱི་ལི་ལིཿརུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿཅང་ཏེའུ་དྲིལ་བུའི་སྒྲ་དང་བཅསཿ རྡོ་རྗེའི་གླུ་དང་གར་ལ་རོལཿ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལཿ དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ ཕྱི་ནང་བར་གཅོད་དབྱིངས་སུ་སྒྲོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ མཚན་མ་པྲེ་ཏ་པུ་རིའི་ཞིངཿ བཤང་ལམ་གྲྀ་ཧ་དེ་བའི་ཡུལཿ མཐེ་བོང་མ་རོ་བརླ་རཱཥྟཿབྱིན་པ་སུ་ཝརྣ་དྭཱི་པཿསོར་མོ་བཅུ་དྲུག་ནཱ་ག་རཿ པུས་མོ་ཀུ་ལནྟཱ་དང་ནིཿ བོལ་གོང་སིནྡྷུའི་གྲོང་ཁྱེར་ནཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམཿ ལྕང་ལོའི་


JLAZ010_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཟར་བུ་ཏ་ལ་ལཿ སྙན་ཆ་གདུ་བུ་ཀྱི་ལི་ལིཿ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅསཿ རྡོ་རྗེའི་གླུ་དང་གར་ལ་རོལཿ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལཿ དམ་ཚིག་ཉམས་པ་མཐོལ་ལོ་བཤགསཿ ཕྱི་ནང་བར་གཅོད་དབྱིངས་སུ་སྒྲོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཚོགས་སྐོང་སྦྲེལ་མ་བྱེད་ནཿ ཧོཿཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས་སུ་གསོལཿ འདོད་ཆགས་ཞེ་སྡང་གཏི་མུག་དབང་གྱུར་པསཿ ལུས་ངག་སེམས་ཀྱི་སྡིག་སྤྱོད་མཐོལ་ཞིང་བཤགསཿ ཐེག་པ་དམན་པའི་དབང་དུ་གྱུར་པས་ནཿ ཡང་དག་དོན་མ་རྟོག་པ་མཐོལ་ལོ་བཤགསཿ སྙིང་རྗེ་ཆུང་ཞིང་ཞེ་སྡང་དབང་གྱུར་པསཿ འགྲོ་བའི་དོན་མ་བགྱིས་པ་མཐོལ་ཞིང་བཤགསཿ ལེ་ལོ་གཉིད་ཀྱི་དབང་དུ་གྱུར་པ་ཡིསཿ སྒོམ་དང་སྒྲུབ་པ་གཡེལ་བ་མཐོལ་ཞིང་བཤགསཿ སེར་སྣ་འཇུར་གེགས་དབང་དུ་གྱུར་པས་ནཿ མཆོད་པ་ལོ་ཟླར་འདས་པ་མཐོལ་ཞིང་བཤགསཿ ང་རྒྱལ་ཁེངས་སེམས་དབང་དུ་གྱུར་པས་ནཿ བླ་མའི་སྐུ་གསུང་ཐུགས་དང་འགལ་བ་བཤགསཿ བརྩེ་གདུང་ཆུང་བའི་དབང་དུ་གྱུར་པས་ནཿ གྲོགས་མཆེད་ཐུགས་དང་འགལ་བ་མཐོལ་ཞིང་བཤགསཿ ཟླ་གྲོགས་ངན་པའི་དབང་དུ་གྱུར་


JLAZ010_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནཿ ཕུད་དང་ལྷག་མར་གྱུར་པ་མཐོལ་ཞིང་བཤགསཿ ཕུད་དང་ལྷག་མ་ཉམས་པའི་སྐྱོན་དབང་གིསཿ ཕུད་ཉུལ་ཐུགས་དང་འགལ་བ་མཐོལ་ཞིང་བཤགསཿ ཕུད་ཉུལ་ཐུགས་དང་འགལ་བའི་སྐྱོན་དབང་གིསཿ མཁའ་འགྲོའི་བཀའ་ཆད་གནས་གྱུར་མཐོལ་ལོ་བཤགསཿ སྒྲོལ་བའི་དུས་ན་སྙིང་རྗེ་ཆུང་བ་ཡིསཿ སེམས་ཅན་གནས་མ་སྟོབས་པ་མཐོལ་ལོ་བཤགསཿ ཉོན་མོངས་གནས་མ་སྟོབས་པའི་སྐྱོན་དབང་གིསཿ ཡུན་གྱི་སྒྲིབ་པར་གྱུར་པ་མཐོལ་ལོ་བཤགསཿ སྦྱོར་བའི་དུས་སུ་ཏིང་འཛིན་མ་གསལ་བསཿ གཟུངས་མའི་ཐུགས་དང་འགལ་བ་བཟོད་པར་གསོལཿ གཟུངས་མའི་ཐུགས་དང་འགལ་བའི་སྐྱོན་དབང་གིསཿ ཆགས་ཤིང་འཁོར་བར་སྐྱེ་བ་མཐོལ་ལོ་བཤགསཿ བཤགས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ ཞེས་སྙིང་ཐག་པ་ནས་བཤགས་ན་དམ་ཚིག་ཉམས་ཆག་སོར་ཆུད་པར་འགྱུར་རོཿདེ་ནས་ལྷག་མ་ནི་ཁ་ཕྲུས་བཏབ་ལཿ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱཿཕཻཾཿལྷག་ལ་དབང་བའི་བཀའ་ཉན་ནིཿ མཁའ་འགྲོ་སུམ་ཅུ་རྩ་གཉིས་དངཿ གིང་ཆེན་ཁྱོ་ཤུགས་ལངྐ་འབུམཿ ཕོ་ཉ་སུམ་བརྒྱ་དྲུག་ཅུའི་སྡེཿ མགྱོགས་མ་བཞི་དང་འབར་མ་བརྒྱདཿ


JLAZ010_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོ་བདུན་དང་སྲིང་མོ་བཞིཿཤུག་འགྲོ་གནས་ཉུལ་ཕྲ་མེན་རྣམསཿ ལྷག་ལ་གདུང་ཞིང་ཚོགས་ཁང་འགྲིམཿ ཕམ་ཕབ་བཟང་པོ་འདི་བཞེས་ལཿ མི་མཐུན་རྐྱེན་ངན་བར་ཆད་སོལཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཅེས་ཕྱི་རོལ་དུ་དོརཿ ཐུགས་དམ་བསྐུལ་བ་ནིཿ ཧཱུྃཿབཞེངས་ཤིག་མཁའ་འགྲོ་འདུས་པའི་ལྷཿཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལཿ བྱང་ཆུབ་བསྒྲུབ་པའི་བར་ཆད་ཐུལཿ སྣོད་བཅུད་འབྱུང་བའི་རྒུད་པ་སོལཿ རྩ་རླུང་དབང་ཐང་ཉམས་པ་གསོསཿ སྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ ཆད་ཐོ་བྱ་བ་ནིཿ ཧཱུྃཿདུས་གསུམ་ལས་འདས་ཀུན་ཏུ་བཟངཿ རང་བཞིན་རྣམ་དག་འོག་མིན་དུཿ གདན་གསུམ་ཚང་བའི་སྟོན་འཁོར་གྱིསཿ གསང་ཆེན་རྡོ་རྗེའི་ཆོས་འཁོར་བསྐོརཿ དངོས་འཛིན་དག་པའི་ལྷ་གནས་གསུམཿ རྒྱུད་སྡེ་འབྱུང་བའི་གནས་སུ་བསྟནཿ སྔགས་ནི་ལས་ཅན་སྤྲུལ་པའི་ངོརཿ རང་བཞིན་ཉིད་དུ་འབྱུང་བའི་ཚེཿ སྒྲགས་མདའ་མཚོ་རྒྱལ་བླ་མཚོ་རུཿདཔལ་ལྡན་རང་བྱུང་རྡོ་རྗེའི་རྒྱུདཿ གནས་གསུམ་མཁའ་འགྲོས་བྱིན་རླབས་ཤིངཿ སྲེད་ལེན་མེད་པའི་བརྡ་ཡིག་ལསཿ འཛད་མེད་གཏེར་གྱི་སྒོ་ཕྱེ་ཚེཿའཁྲུལ་པ་གཞི་ལ་དག་པ་ཡིཿ རྟེན་འབྲེལ་བཞིན་དུ་ཕྲིན་ལས་མཛོདཿ བསྟན་མ་སྐྱོང་བ་ནིཿ ཧཱུྃཿདཔལ་གྱི་བཀའ་ཉན་བོད་ཁམས་


JLAZ010_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོངཿ མ་སྲིང་བརྟན་མ་བཅུ་གཉིས་རྣམསཿ འདིར་སྤྱོན་གཏོར་མའི་བཤལ་ཆུ་བཞེསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ རྟ་བྲོ་བྱ་བ་ནིཿ ཧཱུྃཿཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་འདིརཿ ལོག་པར་འདྲེན་པའི་དམ་སྲི་ཀུནཿ མནན་ནོ་ཐེག་པ་རིམ་དགུའི་རྒྱཿནམ་ཡང་ལྡང་བར་མ་གྱུར་ཅིགཿ སྟྭཾ་བྷ་ཡ་ནནཿ དེ་ནས་མཆོད་ཅིང་བསྟོད་ལཿ དངོས་གྲུབ་བླང་བ་ནིཿ ཧོཿམཁའ་འགྲོ་སྒྲུབ་པའི་དམ་ཚིག་ད་ནང་ཐེམསཿ དངོས་གྲུབ་སྩོལ་བའི་དུས་ལ་ད་བབ་ནཿ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནསཿ སྐུ་གསུང་ཐུགས་དང་མཉམ་སྦྱོར་དབང་བཅུའི་སྟོབསཿ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལཿ ཨོཾ་བཛྲ་སེང་ཧ་མུ་ཁ་ཧཱུྃ་ཧ་ཧེ་ཕཊ་བཛྲ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿསྒྲུབ་རྫས་གནས་གསུམ་དུ་གཏུགས་ཤིང་མྱོངཿ ནོངས་པ་བཤགས་པ་ནིཿ ཧཱུྃཿཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུཿ མཆོད་རྫས་མ་ཚང་སྒྲུབ་པ་གཡེལཿ ཏིང་འཛིན་བྱིང་རྨུགས་འཐིབ་ལ་སོགསཿ འགལ་འཁྲུལ་ནོངས་པ་བཟོད་པར་གསོལཿ ཨོཾ་བཛྲ་ས་ཏྭ་ས་མ་ཡཿསོགས་བརྗོདཿ རྫོགས་རིམ་ནིཿ ཧོཿཆུ་ལས་ཆུ་བུར་རྡོལ་བ་བཞིནཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷཿ ཡེ་ཤེས་དབྱིངས་སུ་བཛྲ་མུཿ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡངཿ བསྔོ་བ་


JLAZ010_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ནིཿ ཧོཿམཁའ་འགྲོ་མ་ཡི་དཀྱིལ་འཁོར་དུཿ བསྐྱེད་རྫོགས་བཟླས་བརྗོད་བགྱིས་པ་ཡིཿདགེ་བའི་རྩ་བ་གང་ལགས་པཿའགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོཿསྨོན་ལམ་ནིཿ ཧོཿསྣང་སྲིད་ཐམས་ཅད་དག་པ་མཁའ་སྤྱོད་ཞིངཿ བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མཿ རྣམ་ཀུན་མཆོག་ལྡན་དོན་གྱི་ཕག་མོ་དངཿ རང་ཞལ་མཇལ་ཏེ་མངོན་པར་བྱང་ཆུབ་ཤོགཿ བཀྲ་ཤིས་ནིཿ ཧོཿརིག་འཛིན་བརྒྱུད་པའི་བྱིན་རླབས་དངཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིསཿ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོགཿ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོགཿ སྣང་བ་དབང་འདུས་བཀྲ་ཤིས་ཤོགཿ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོགཿ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲར་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོག་འོད་གསལ་ཆོས་སྐུར་སྨིནཿ འཇལ་ལུས་ཟང་ཐལ་བཀྲ་ཤིས་ཤོགཿ གཞན་ཡང་བཀྲ་ཤིས་གང་རྒྱས་བྱའོཿགསང་སྒྲུབ་སེང་གེའི་གདོང་ཅན་འདིཿཤིན་ཏུ་ཟབ་ཕྱིར་གུད་དུ་སྦསཿ རྣམ་བཅས་འཕུར་འགྲོའི་བརྡ་རིས་ལསཿ རྒྱལ་རིག་གང་ཟག་བརྒྱུད་པ་རྫོགསཿ ས་མ་ཡཿརྒྱ་རྒྱ་རྒྱཿཟབ་རྒྱཿགསང་རྒྱཿཤོག་སེར་བྱ་ཁྲའི་གཟུགས་བརྙན་ལ་བརྡ་ཡིག་བྲིས་པ་ཞིག་ལས་ཕབ་པའོཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀའི་གསང་སྒྲུབ་སེངྒེའི་གདོང་ཅན།next