Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་ཡིག
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་ཡིགnext

ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་ཡིག


JLAZ010_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་ཡིག་བཞུགས། །


JLAZ010_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དཔལ་ཆེན་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་པ་བྱེད་པར་འདོད་པ་དག་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་གཞིར་བཞག་ནས་དབེན་ཞིང་བཀྲ་ཤིས་པའི་གནས་སུ། དཀྱིལ་འཁོར་རྩིབས་བཅུ་པ་སྒོ་རྫོགས་ཅན་རྡུལ་ཚོན་རས་བྲིས་གང་རུང་ལ་བརྟེན་པའམ། མ་ནུས་ན། འཁོར་ལོ་རྩིབས་བཅུ་པ་མུ་ཁྱུད་མེ་རི་དང་བཅས་པ། དེ་ཡང་མ་གྲུབ་ན་ཚོམ་བུ་ལ་བརྟེན་དུ་རུང་ཞིང་ཐོད་པ་དཔལ་ཅན་གྱི་ནང་གཙོ་བོའི་བྲིས་སྐུ་རབ་གནས་དང་ལྡན་པའི་རྒྱབ་ཏུ། ཙན་དན་ནམ་སེང་ལྡེང་གི་ཕུར་པ་སོར་མོ་བཅུ་གཉིས་པའི་མགུལ་དུ་དར་ནག་ལ་མཚལ་ལམ་གསེར་གྱིས་སྔགས་བྱང་བྲིས་པ་བཙུགས་པ་དཀྱིལ་འཁོར་གྱི་དབུས་སུ་གཞག །དར་ནག་གི་ལྡིང་གུར་ཕུབ། མཐའ་བསྐོར་དུ་ཕྱི་ནང་གི་མཆོད་པ་བཀོད་ལེགས་སུ་བཤམ། བསྙེན་སྒྲུབ་ལས་རུང་ལ་དཔལ་གཏོར་ཙམ་ལའང་བརྟེན་དུ་རུང་ངོ༌། །དེ་ནས་སྟན་བདེ་བ་ལ་འདུག་སྟེ་ཆོ་གའི་སྦྱོར་བ་ལ་ཚིག་དོན་གྱི་འབྲེལ་བཀོད་པའི་དམིགས་པ་དང༌། མཚམས་ཐོ་གཟུགས་པ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་བརྟེན་ཅིང༌། ཁྱད་པར་བསྐྱེད་རིམ་དངོས་གཞིའི་སྐབས་དོན་ལ་རྣམ་བཤད་འོག་མིན་བགྲོད་པའི་ཐེམ་སྐས་ལ་བློ་རྩལ་


JLAZ010_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

འདོན། འདིར་བསྙེན་སྒྲུབ་རང་རྐྱང་གི་དམིགས་གནད་དམར་ཁྲིད་ནི། ཞི་བར་བསྙེན་པ། ཁྲོ་བོར་སྒྲུབ་པ། ལས་ལ་སྦྱར་བ། ཞེས་ས་བཅད་གསུམ་གྱིས་ཁོངས་འཛིན་ཚུལ་ཟླ་བ་གཅིག་ལ་མཚོན་ན། ཞག་བཅུ་བསྙེན་པ། ཞག་བཅུ་སྒྲུབ་པ། ཞག་བདུན་སྒྲུབ་ཆེན། ཞག་གསུམ་ལས་སྦྱོར་ལྟ་བུའི་དཔེས་ཤེས་པར་བྱ་ཞིང། དེ་ཡང་བསྙེན་སྒྲུབ་སྤྱིར་བཏང་ལ། བསྙེན་པར་ཞག་བདུན། སྒྲུབ་པར་ཞག་ཉི་ཤུ། ལས་སྦྱོར་ལ་ཞག་གསུམ་དུ་དཔེས་མཚོན་པའི། དང་པོ་བསྙེན་པ་ནི། རང་ཉིད་ཆེ་མཆོག་ཡབ་ཡུམ་དུ་གསལ་བའི་སྐུ་ལུས་འཇའ་ཚོན་སྒྲུབ་གཡོགས་དང་བྲལ་བ་ལྟ་བུའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ་གསལ་བའི་ཐུགས་ཀའི་ཐད་དབུས་དྲང་པོར་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ས་བོན་ཡི་གེ་གསུམ་གྱི་རྣམ་པར་གནས་པ་ལ་རིག་པ་གཡོ་མེད་དུ་གཏད་ཅིང། འབྲུ་གསུམ་ཡིད་བཟླས་སམ། མ་བདེ་ན་ཤུབ་བུའི་བཟླས་པ་རྒྱུན་མི་འཆད་པས་རླུང་འབྱུང་འཇུག་གནས་གསུམ་གདོད་ནས་དག་པའི་སྔགས་སུ་གོམས་པར་བྱ་བ་དང་ལྷན་ཅིག་དེ་ལས་འོད་ཟེར་འཕྲོས་པས་ཐ་མལ་གྱི་སྣང་ཞེན་སྤྲིན་དང་ཁུ་རླངས་དེངས་བ་བཞིན་དུ་རང་སར་དག་ནས། དབྱིངས་རིག་གཉིས་སུ་མེད་པའི་ལྟ་བའི་ངང་


JLAZ010_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་བསྐྱང་བ་ཡིན་ནོ། །རྟོགས་པ་མཆོག་ལ་གོམས་པར་བསླབ་པ་དང་བྱིན་རླབས་འཇུག་པར་འདོད་པ་རྣམས་འདི་ཁོ་ན་ལ་ཉམས་ལེན་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་ཆེན་པོ་ཡིན་པས། ཞི་ཁྲོའི་རྣམ་པ་རིགས་བརྒྱ། རིགས་ལྔ། རིགས་གཅིག་གང་ཡང་བསྒོམ་ཞིང་བསྙེན་པར་འགྱུར་ཏེ། གཅིག་བསྒྲུབས་པས་ཐམས་ཅད་འགྲུབ་པ་ཡིན་ནོ། །གཉིས་པ་སྒྲུབ་པ་ནི། ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་པད་ཉིའི་གདན་ལ་གསེར་གྱི་རྡོ་རྗེ་རྭ་དགུ་པ་གྱེན་ལངས་སུ་གསལ་བའི་དབུས་རྭ་སྦོམ་མཚམས་ཀྱི་ཁོངས་སེང་ནང་དུ་ཏིང་འཛིན་སེམས་དཔའ་ཡི་གེ་ཧཱུྃ་མཐིང་ག་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ། ཧཱུྃ་གི་ཐད་ཀའི་རྭ་ནས་རིམ་པ་བཞིན་རྭ་བརྒྱད་སོ་སོའི་ཁོངས་སེང་དུ། ཨོཾ། གུ་རུ། ཤྲཱི། བཛྲ། ཡཀྵ། ཀྲོ་ཏ། ཙིཏྟ། ཧཱུྃཿཞེས་པའི་ཡི་གེ་རྣམས་ཁ་དོག་མཐིང་གསལ་སྤུས་བྲིས་པ་ལྟ་བུ་ཐམས་ཅད་ཀྱང་ཁ་དབུས་རྭའི་ཧཱུྃ་ཡིག་ལ་བསྟན་པ་ཉི་མ་འཆར་ཀའི་ཟེར་ལྟར་བཀྲག་མདངས་མི་བཟོད་པ་ཙམ་དུ་བསམ་ལ་རེ་ཞིག་ལྷ་ལ་གསལ་སྣང་མ་ཐོན་བར་དུ་འོད་ཟེར་སྤྲོ་བསྡུ་སོགས་བྱེད་མི་དགོས་ཏེ་ཐོད་སྐུ་ཡོད་ན་དེ་ལ་ཅེ་རེ་བལྟ་བ་དང༌། ཡིད་ཡུལ་དུ་གོམས་འཇུག་པ་ལ་རེས་མོས་སུ་བསླབ། གསལ་སྣང་ཐོན་པ་དང་དོ་ལིའི་བཟླས་


JLAZ010_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་སྟེ། ཨོཾ་ཡིག་ནས་བཟུང་ཡིག་འབྲུ་སོ་སོ་ལས་ཡི་གེ་དེ་འདྲ་བ་རེ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཐོལ་ཐོལ་བྱུང་སྟེ། སྔགས་ཕྲེང་དུ་གྱུར་པ་ལུ་གུ་རྒྱུད་དུ་འབྲེལ་ཡེ་ཤེས་སེམས་དཔའི་གཙུག་ཏོར་ནོར་བུའི་རྩེ་མོ་ནས་ཐོན་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁའ་གསང་ནས་ཡབ་ཀྱི་རྡོ་རྗེ་ནོར་བུའི་ལམ་བརྒྱུད་དེ་ཡེ་ཤེས་སེམས་དཔའི་སྦྱོར་མཚམས་ནས་ཞུགས། དབུས་རྭའི་ཏིང་འཛིན་སེམས་དཔའ་ཧཱུྃ་ལ་བསྐོར་བ་བྱས་ནས་ལྔ་མ་རྣམས་ཧཱུྃ་ལ་ཐིམ་པར་བསྒོམས་པས་ཐུགས་སྲོག་ཀྱང་གཟི་བྱིན་ལྷག་པར་འབར། དེ་ལས་འོད་ཟེར་འཕྲོས་རྟེན་དང་བརྟེན་པ་ཐམས་ཅད་མུན་ཁོང་དུ་སྒྲོན་མེ་བཏེག་པ་བཞིན་དུ་གསལ། རྒྱབ་མདུན་སྟེང་འོག་གོ་མཚམས་མེད་པ་ནས་འོད་ཟེར་འཕྲོས་པའི་སྣེ་ལ་མཆོད་པའི་ལྷ་མོ་མཛེས་ཤིང་ཡིད་དུ་འོང་བ་ཞིག་གི་རྡུལ་དང་མཉམ་པ་སྤྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་བདེ་སྟོང་གི་མཆོད་པ་ཕུལ། དབང་དང་བྱིན་རླབས་དངོས་གྲུབ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཐམས་ཅད་བསྡུས་ནས་བདག་ཉིད་ལ་ཐིམ། ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད། ལམ་དང་འབྲེལ་བ་རིག་འཛིན་བཞི། མཆོག་གི་དངོས་གྲུབ་མི་སློབ་པའི་


JLAZ010_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་མངོན་དུ་ཐོབ་པར་བསྒོམ། ཡང་འོད་ཟེར་འཕྲོས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་ཐམས་ཅད་འོད་ཟེར་དེས་རེག་པ་ཙམ་གྱིས་སྦྱངས། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་དུ་འཛིན་པའི་རྟོག་འཛིན་མ་དག་པ་ཐམས་ཅད་འོག་མིན་གྱི་ཞིང་དུ་བསྒྱུར་བ་ལ་བསླབ་པས་ལྷ་དང་ཞིང་ཁམས་ཆོས་ཉིད་གསུམ་བློས་བཀོད་པ་མ་ཡིན་པར་གཉིས་མེད་རང་ཤར་མ་བསྒོམས་ལྷུན་གྱིས་གྲུབ་པའི་བསྐྱེད་རིམ་རང་རྒྱུད་ལ་གྲུབ་པའི་ཚེ་རང་སྣང་དོན་གྱི་འོག་མིན་དུ་མྱུར་བ་ཉིད་དུ་འཚང་རྒྱའོ། །དེ་ཡང་བཟླས་པས་སྐྱོ་ན་ཟབ་མོ་ཐུགས་ཀྱི་སྒྲུབ་པ་ཡིན་པས་སྐབས་ཅི་རིགས་པ་དང་ཐུན་མཚམས་ཐམས་ཅད་ལ་ཧཱུྃ་གི་བཟླས་པ་བགྱིས་པས་ཀྱང་འཐུས་པ་ཡིན་ནོ། །དེ་ལྟར་གཙོ་སྔགས་ཅི་ཙམ་བཟླ་བའི་བཅུ་ཆ་སྤྱི་དྲིལ་ཁོ་བོའི་སྤྱི་སྔགས་ལ་བཟླ་བ་ཡིན་ཏེ། དོ་ལིའི་ཁྱད་པར་བདག་ཉིད་བླ་མ་དཔལ་ཆེན་པོ་ཡེ་ཤེས་སེམས་དཔའ་དང་བཅས་པའི་ཐུགས་ཀའི་པད་ཉི་ཟླ་གདན་སྟེང་ན་གནས་པའི་རྡོ་རྗེའི་མཐའ་སྐོར་དུ་ཁྲོ་བོ་སྤྱི་སྔགས་གཡས་སྐོར་དུ་ཀྱི་ལི་ལི་འཁོར་ཞིང་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་ལས་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང་གཙོ་བོའི་ཞལ་ནས་ཐོན། ཡང་དག་གི་ཐུགས་ཀར་ཞུགས་སྦྱོར་མཚམས་ནས་འཐོན། གཤིན་རྗེའི་དཔྲལ་བར་


JLAZ010_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་སྦྱོར་མཚམས་ནས་འཐོན། རྟ་མགྲིན་གྱི་མགྲིན་པ་ནས་ཞུགས་སྦྱོར་མཚམས་ནས་འཐོན། ཕུར་པའི་གསང་གནས་ནས་ཞུགས་ཞལ་ནས་འཐོན། རིམ་བཞིན་མ་མོ། རིག་འཛིན། མཆོད་བསྟོད། དྲག་སྔགས་རྣམས་ཀྱི་ཞལ་ནས་ཞུགས་སྦྱོར་མཚམས་ནས་འཐོན། ཅིག་ཤོས་ཀྱི་ཞལ་དུ་ཞུགས། སྦྱོར་མཚམས་ནས་འཐོན་ཏེ་འཁོར་བས་སྔགས་ཕྲེང་འོད་ཟེར་གྱི་དྲྭ་བས་ལྷ་ཚོགས་རྣམས་གསལ་བརྟན་ཤིན་ཏུ་འབར་ཞིང་བདེ་སྟོང་གི་རོས་ཚིམ། ཀུན་ཀྱང་སྤྱི་དྲིལ་གྱི་དྲག་སྔགས་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུ་འུར་ཆེམ་དུ་སྒྲོགས་པར་བསྒོམས་པས་བསྐྱེད་རིམ་ལ་བརྟུལ་ཞུགས་བརྟན་པོ་ཐོབ་ཅིང་རིག་པའི་རྩལ་འབར་བར་འགྱུར་ལ། སྔགས་ཕྲེང་ལས་འོད་ཟེར་ཁ་དོག་ལྔ་པ་ཕྱོགས་བཅུར་འཕྲོས་པས། དཀར་པོས། ནད་དང་མུ་གེ། མེ་དང་ཆུ་ཆེན། དམག་དང་མཚོན་ཆ། རྒྱལ་པོའི་ཆད་པ་དང༌། དུས་མ་ཡིན་པའི་འཆི་བ་སྟེ། འཇིགས་བརྒྱད་ཞི་བའི་ཕྲིན་ལས། སེར་པོས། ཚེ་དང་བསོད་ནམས། དཔལ་དང་གཟིག་བརྗིད། འཁོར་དང་ལོངས་སྤྱོད་དེ། འབྱོར་པ་དྲུག །དམར་པོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་བདག་བླ་མར་མཐོང་བ། རྒྱལ་པོར། སྡེ་དཔོན་དུ། ཕ་མར་མཐོང་བ་སྟེ། མོས་པ་བཞིས་བསྡུ་བའི་དབང་


JLAZ010_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྲིན་ལས། ལྗང་གུས་དགུག་པ་དང་བསྒྲལ་བ་ལ་སོགས་ཏེ་དྲག་ཤུལ་གྱི་ལས་ཆེན་རྣམ་པ་བཅུ་གཉིས། འོད་ཟེར་མཐིང་ཁས་ཕྲིན་ལས་བཞི་པོ་མཆོག་ཏུ་བསྒྱུར་བ་ནི། ལས་དང་ཉོན་མོངས་པ་དང་། ཀུན་གཞིའི་སྒྲིབ་པ་ཞི་བ། ལུང་དང་རྟོགས་པའི་ཡོན་ཏན་རྒྱས་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་དབང་དུ་འགྱུར་བ། རྟོགས་པས་བདག་བསྒྲལ་ནས་ཐུགས་རྗེས་གཞན་སྒྲོལ་བ་སྟེ་མཆོག་གི་ཕྲིན་ལས་དང་རྣམ་པ་ལྔའི་རང་བཞིན་དུ་གྱུར་པར་བསམ། དེ་ཡང་གཙོ་བོར་གཤིས་མ་བཅོས་པའི་གདངས་ཀྱི་སྣང་ཆ་ལྷའི་སྐུར་ལམ་མེར་བསྒོམ་པ་ནི་གསལ་སྣང་མཚན་ཉིད་པ་ཡིན་ནོ། །སྐྱོ་བའི་ཚེ་ང་རྒྱལ་བརྟན་པོ་ལ་བསླབ་པས་བར་ཆད་ཀྱིས་མི་ཚུགས་པའི་དགོས་པ་ཙམ་ཡོད་ལ། གཞན་དུ་ཡི་དམ་གྱི་སྣང་ཆ་དང༌། རྒྱན་དང་ཆ་ལུགས་སོགས་ལ་བརྡ་རྟགས་ཀྱི་རྩིས་མ་ཟིན་ན་ཞི་བས་འདོད་པའི་ཁམས། ཁྲོ་བོས་རུ་ཏྲ་དང་སྲིན་པོར་གོལ་བས་སྐྱེ་མཆེད་ཀྱི་བརྡ་རྟགས་དོན་གསུམ་ལས་གཞུང་གི་བསྟོད་པའི་དོན་དྲན་པར་བྱ། དུར་ཁྲོད་དཔལ་ཆས་ཀྱི་བརྡ་དོན་སྔ་འགྱུར་རྒྱུད་སྡེ་ནས་གསུངས་པ་དང༌། བདེ་གསང་གཉིས་ནས་རང་ལུགས་དམིགས་བསལ་བཤད་པ་སོགས་ཀྱི་འཐད་པ་འདིར་མ་བཀོད་ལ། བདུད་བཞི་བཅོམ་པ། འཕྲང་གསུམ་བསལ་བ། གསང་བའི་


JLAZ010_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་གསུམ་བསད་པ་ལ་སོགས་པའི་རྣམ་གཞག་ལུགས་འདིར་བརྡ་རྟགས་ལ་མི་འཇོག་པར་བདག་སྲས་གཞན་སྲས་ཀྱི་གོ་དོན་སློང་བའི་ཚུལ་དཔལ་ཆེན་ཞལ་ལུང་གིས་གོ་བར་བྱ་ཞིང༌། དེས་མཚུངས་པར་བསྐྱེད་རིམ་གྱི་ལམ་ནས་གང་ཟག་གཅིག་བགྲོད་པ་གཞན་ལ་མ་ལྟོས་པར་འཚང་རྒྱ་བའི་མཚན་ཉིད་ལེགས་པར་ཤེས་དགོས་པས་གབ་བྱང་གནས་ཀྱི་མིག་ཚགས་དང༌། རྣམ་བཤད་འོག་མིན་བགྲོད་པའི་ཐེམ་སྐས་སོགས་ལས་ཤེས་པར་བྱའོ། །གསུམ་པ་ལས་སྦྱོར་ནི། གནམ་ལྕགས་ཀྱི་རྡོ་རྗེ་སྟོང་གསུམ་གྱི་ཁམས་མ་ལུས་པ་ཁེངས་པའི་ལྟོ་བ་སྦུབ་སྟོང་ཁྱོན་ཡངས་པའི་ཁོངས་སུ་དཔལ་དགུའི་ལྷ་ཚོགས་གསལ་ཞིང༌། ཡར་མར་གྱི་རྭ་བརྒྱད་པོ་ཤིན་ཏུ་གདེངས་པའི་དབུས་རྭར་ཐུབ་དབངས་གནོན་མཉམ་གཞག་ཤཱ་རིའི་བུ་སོགས་ཐུན་མོང་གི་འཁོར་རྣམ་པ་བཞིས་བསྐོར་བ། རྭ་བརྒྱད་པོར་རྒྱ་གར་གྱི་རིག་འཛིན་བརྒྱད་མངོན་རྟོགས་ལྟར་ཞལ་ནས་དགུག་པ་ཛཿདང༌། བསྒྲལ་བ་བྷྱོཿརྣམ་ཤེས་ཆོས་དབྱིངས་སུ་ཕཊཿཀྱིས་སྤར་བའི་མངོན་སྤྱོད་ཀྱི་བརྟུལ་ཞུགས་ཅིག་ཅར་བ་ལ་བརྩོན་པ། རྭ་ཤམ་མ་བརྒྱད་དབུས་རྭ་དང་བཅས་པས་འགོང་པོ་སྤུན་དགུའི་གདོན་གཟུགས་ཀྱི་སྙིང་ག་ཕུགས་པས་སྐད་ངན་ཙི་རི་རི་སྒྲོགས་པ། འཆང་ཟུང་ལ་སྤུ་གྲི་འཁོར་ལོ་གཡོན་


JLAZ010_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་དུ་འཁོར་བས་ལོག་པར་འདྲེན་པ་གཏུབས་ཤིང། མཆན་ལ་སྤྲུལ་པའི་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས་པས་ལྷག་མེད་དུ་ཟོས་པར་བསམ་ཞིང་སྤྲོ་ན་དྲང་སྲོང་དམོད་པའི་ཐལ་བརྡེབ་ཀྱང་བྱ་ལ་རྗེས་ཀྱི་ལས་ཁྲིགས་དང་ཁ་སྐོང་སྦྱིན་སྲེག་སོགས་སྤྱི་དང་མཐུན་པ་ཉིད་དུ་བྱའོ། །འདི་ནི་བླ་མ་ཡི་དམ་གྱི་རྣམ་པར་སྒྲུབ་པས་བྱིན་རླབས་ཤིན་ཏུ་མྱུར་ལ། སྙིགས་མའི་དུས་ན་རྒྱལ་འགོང་དམ་སྲི་དར་བའི་དུས་ན་གཉེན་པོ་སྟོབས་ཀྱི་ལྷ་ཚན་ཆེ་ལ་བཀྲ་ཤིས་པ་ཡིན་པས་བར་ཆད་འདུལ་བའི་ཡི་དམ་ཀྱི་བཅུད་ཕུར་དུ་གཟུང་བར་བྱའོ། །ཞེས་པའང་མོན་རྫ་དཀར་བླ་མའི་གསུང་གིས་ནན་ཆེན་བསྐུལ་བ་ལས་རྫོགས་ཆེན་པ་མཁྱེན་བརྩེའི་ལྷས་མཚོ་རྫོང་ལྷུན་གྲུབ་ཡང་རྩེར་སྦྱར་བའོ། །


previousཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་ཡིགnext