Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལསཿ རྟ་མགྲིན་ཁམས་གསུམ་རོལ་པ།
   
   
   
   
   
   
   


 
previousདཔལ་ཆེན་བཀའ་འདུས་རྒྱ་མཚོ་ལསཿ རྟ་མགྲིན་ཁམས་གསུམ་རོལ་པ།next

དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལསཿ རྟ་མགྲིན་ཁམས་གསུམ་རོལ་པ།


JLAZ010_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

༂ དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལསཿ རྟ་མགྲིན་ཁམས་གསུམ་རོལ་པ་ཞུགསཿ


JLAZ010_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་སྒྲ་རྣམས་པདྨ་གསུངཿ བརྗོད་མེད་དོན་ལ་རབ་སྦྱོར་བཿ རྟ་མཆོག་རོལ་བའི་སྒོས་སྒྲུབ་ནིཿ དཀྱིལ་འཁོར་གཞུང་བཞིན་བཅས་པའམཿ ཙན་དན་ཕུར་པ་རྟ་ཞལ་གྱིསཿ མཚན་པར་ལེ་བརྒན་དར་གྱི་ངོསཿ པདྨ་ཅན་གྱི་རྡུལ་དང་པོསཿ ༈༼རྟ་མཆོག་རོལ་པའི་རྒྱུད་ལསཿ རྡོ་རྗེ་དབྱིངསཿ གཽ་རཱི་མ་བརྒྱདཿ གོ་ལ་མ་དྲུགཿ ལོང་བ་སོ་གཉིསཿ ཁམ་རྒྱ་དྲུགཿ ཡུམ་བཞིཿཁྱི་བརྒྱདཿ སྤྱང་བརྒྱདཿ སོ་སོས་བསྐོར་བའི་སྒོས་སྒྲུབ་ཀྱང་བཤད་མོདཿ འདི་ནི་རང་གཞུང་རྩ་བའི་དཀྱིལ་འཁོར་ཀུན་འདུས་ཀྱི་དགོངས་པའོཿ༽གནས་ལྔར་ཡི་གེ་འབྲུ་ལྔ་ལཿ རྩ་སྔགས་ཀྱིས་བསྐོར་ཐད་ཀར་བཅིངསཿ བྷནྡྷ་རྟ་ཞལ་བྲིས་པའི་ནངཿ རྒྱབ་་་་་་བརྟེན་པའི་ཚུལ་བཅུག་དར་དམར་དྲིལཿ ལྡིང་གུར་ཕུབ་ལ་མཆོད་པས་བསྐོརཿ དཔལ་ཆེན་འདུས་པའི་སྒྲུབ་གཞུང་གིཿསྐྱེད་རིམ་བསྒྱུར་ཚུལ་འདི་ལྟའོཿའོག་མིན་གསང་ཆེན་རོལ་བའི་ཕོ་བྲང་ཆེཿརྩིབས་འཁོར་བཅུ་དྲུག་པད་འདབ་སོ་གཉིས་པའིཿལྟེ་བར་ཟླ་གམ་དམར་པོ་སྒོ་གཅིག་དབུསཿ བཾ་ལས་པདྨ་མཾ་ལས་ཉི་མའི་གདནཿ རུ་དང་ན་ལས་ཀླུ་སྲིན་བསྣོལ་བའི་སྟེངཿ ཧཱུཾཿརང་བྱུང་སྒྱུ་ཡི་ཧེ་རུ་ཀཿཡེ་ཤེས་དབྱིངས་ནས་གདན་ལ་བབསཿ མཉམ་སྦྱོར་བདེ་བ་ཆེན་པོའི་སྒྲསཿ འཕགས་པ་མཆོད་ཅིང་གཞན་དོན་བྱསཿ ཡོངས་གྱུར་འབྲས་བུའི་ཧེ་རུ་ཀཿདཔལ་ཆེན་རྟ་མཆོག་རོལ་པ་ནིཿ སྐུ་མདོག་དུས་མཐའི་མེ་ལྟར་འབརཿ དབུ་ལྔ་ཕྱག་ནི་བཅུ་དྲུག་ལཿ ཁྱུང་གཤོགས་གདེངས་


JLAZ010_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཞབས་བརྒྱད་བགྲདཿ གཤོག་རྩེ་བྱ་ཁྱུང་ཉི་ཟླས་མཚནཿ དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགསཿ ཤར་ལྷོ་ནུབ་བྱང་གཟིགས་པའི་དབུཿདྲི་ཟ་གཤིན་རྗེ་ཀླུ་དབང་དངཿ གནོད་སྦྱིན་གདོན་ལ་མྱ་ངན་བསྐྱེདཿ གཡས་སྔོ་གཡོན་སེར་ལྷག་མ་དམརཿ སྟེང་ཞལ་རྔམས་པས་བདུད་བཞི་འདུལཿ ལྔ་ཀའང་རྟ་མགོ་ལྗང་ཞུར་འཚེརཿ རིགས་ལྔའི་རྒྱལ་ལ་གདན་གསུམ་རྫོགསཿ གཡས་པ་བརྒྱད་ཀྱི་དང་པོ་ནསཿ རྡོ་རྗེ་ཁ་ཊྭཱཾ་དྲིལ་བུ་དངཿ ལྕགས་ཀྱུ་སྦྲུལ་ཞགས་འཁོར་ལོའི་མཚནཿ རལ་གྲི་རྡོ་རྗེ་འཕྲེང་བའོཿགཡོན་བརྒྱད་ཐོད་ཁྲག་པདྨ་སྙིངཿ དབྱུག་པ་བརྒྱ་གྲམ་བེ་ཅོན་མེཿཏྲི་ཤུ་ལ་དང་ཁྱུང་ཁྲ་འགྱེདཿ ཞབས་བརྒྱད་ཀླུ་བརྒྱད་རྒྱལ་བསེན་བརྫིསཿ ཡུམ་ཆེན་པདྨ་གཟི་ལྡན་སྔོཿགཡས་པ་ཡིད་བཞིན་ནོར་འཛིན་འཁྱུདཿ གཡོན་ན་རིན་ཆེན་ཟ་མ་ཏོགཿ བརྡ་དང་བརྡ་ལེན་གྱིས་བསྐུལ་ནསཿ སྦྱོར་བའི་རོལ་མོའི་དགྱེས་སྤྲིན་ལསཿ ཆོས་སྐུ་འབྲས་བུར་སྨིན་པའི་ལྷཿརྩིབས་འཁོར་བཅུ་དྲུག་ནང་ཁོངས་སུཿ མདུན་ནས་བརྩམས་ཏེ་གཡས་བསྐོར་དུཿ བྷྱོ་ལས་གོ་ལ་མ་དྲུག་ནིཿ མཛེས་པའི་རྒྱན་ཅན་ཏི་གཡས་ཞིང་དབྱུགཿ གཡོན་ཐོད་ཁྲག་རས་མཚནཿ མ་ལས་གསང་བའི་ཡུམ་ཆེན་ནིཿ དྲྭ་བ་མོ་དང་གློག་འགྱུ་མཿ སྡེར་མོ་ཅན་དང་མཆེ་གཤོག་ཅནཿ


JLAZ010_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སེར་དམར་ལྗང་གཡས་རང་རྟགསཿ གཡོན་པ་དུང་དམར་བརྐྱང་བསྐུམས་ཚུལཿ ཕཊ་དྲུག་ལས་ནི་ཁམ་རྒྱ་མོཿ སྐུ་སྤྲུལ་དཀར་མོ་འཁོར་ལོ་དངཿ གསུང་སྤྲུལ་དམར་མོ་པདྨ་འཛིནཿ ཐུགས་སྤྲུལ་ནག་མོ་རྡོ་རྗེ་དངཿ ཡོན་ཏན་སེར་མོ་དྲིལ་བུ་ལཿ ལས་ཀྱི་ལྗང་གུ་རལ་གྲི་འཛིནཿ སྣ་ཚོགས་མདོག་ཅན་ཁ་ཊྭཱཾ་གཿ ཀུན་ཀྱང་གཡོན་པ་བྷནྡྷ་དམརཿ པད་འདབ་རྣམས་ལ་ལི་ཛ་ལསཿ མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱིཿསྤྲུལ་བ་ལོང་བ་རྒྱབ་འབྲེལ་ནིཿ སྒྲ་མེད་ཁོང་ནས་འབྲུག་སྟོང་ལྡིརཿ སྙིང་མེད་དབྱིངས་ནས་ཡེ་ཤེས་གསལཿ སྙན་མེད་ཆོས་ཉིད་རང་སྒྲ་སྒྲོགཿ མིག་མེད་ཡེ་ཤེས་སྤྱན་གྱིས་གཟིགསཿ སྣ་མེད་འཕགས་པའི་ཚུལ་ཁྲིམས་མྱོངཿ ཁ་མེད་བདེ་བའི་རོ་མྱོང་ཅནཿ ཐོད་སྐྱའི་མགོ་ལ་གྱད་ཀྱི་ལུསཿ གཟའ་རྒོད་མིག་དམར་ཆར་དུ་འབེབསཿ ཕྱོགས་བཞིར་བརྒྱད་ཚན་རེ་རེ་ཡིཿཞོན་པ་སྟག་དང་ཆུ་སྲིན་གླངཿ ཁྱུང་ཆེན་བརྒྱད་བརྒྱད་ལ་ཆིབས་ཤིངཿ ཤར་ནས་རིམ་བཞིན་གཡས་ཀྱི་ཕྱགཿ ཤེལ་གསེར་བྱེ་རུ་གཡུའི་དཎྜཿགཡོན་རྣམས་ཐོད་པ་ཁྲག་བཀང་ཐོགསཿ གྲུ་ཆད་ཕྱི་ནང་གཉིས་པ་ལཿ ཀུ་ཛ་ལས་ནི་ཁྱི་བརྒྱད་དངཿ སྤྱང་བརྒྱད་གཉིས་ཀའི་ཕྱོགས་བཞི་པོཿ དུང་དང་གསེར་དང་ཟངས་དང་


JLAZ010_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གཡུཿ མཚམས་བཞིར་རང་རང་ཕྱེད་གཟུགས་མདོགཿ མཆེ་བ་བཞི་གཙིགས་རྐན་སྒྲ་གཏོགསཿ མཇུག་མ་སོགས་ལེ་བ་སྤུ་རྩངཿ བྱེ་རུ་དམར་པོའི་ཨ་ལུང་དཔྱངསཿ རྔམ་པའི་སྒྲ་སྒྲོག་ཀུན་ཏུ་རྒྱུགཿ བར་ཁྱམས་བྷྱོ་ལས་ཕོ་ཉ་མོཿ སུམ་བརྒྱ་དྲུག་ཅུ་གློག་ལྟར་འཁྱུགསཿ སྒོ་བཞིར་པདྨ་ཞིང་ཆུང་སྟེཿཧཱུཾ་ལས་ཤར་ནས་རིམ་བཞིན་དུཿ མགོ་དགུ་བདུན་ལྔ་སུམ་བརྩེགས་ལཿ རྐང་པ་གཅིག་པའི་ཁྲོ་བོ་ནིཿ གཡས་རྣམས་འགུགས་འཆིང་སྡོམ་མྱོས་དངཿ གཡོན་པ་ཐོ་ཆེན་འབར་བ་བསྣམསཿ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབཿ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལཿ ཧཱུཾ་རང་ལས་ཤར་བའི་དཔལ་ཆེན་ལྷཿཞེས་སོགས་དཔལ་ཆེན་གཞུང་༼ཤཱུ་ནྱ་ཏ་དང་པྲཱ་ཏྱ་བེཀྵ་བརྗེས་པའི་རིགས་བདག་སྣང་མཐའཿ༽ལྟར་ལཿ སྤྱན་འདྲེན་གྱི་ནི་མ་ལ་དག་ཏུཿཧཱུཾཿཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིངཿ བྱམས་པའི་ཞགས་པས་གནས་ནས་སྤྱན་འདྲེན་ནོཿལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལཿ བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེདཿ བཛྲ་ས་མ་ཡ་ཛཿཛཿཏིཥྛ་ལྷནཿ ཕྱག་འཚལ་ལ་སོགས་གཞུང་ལྟར་ལཿ མི་སྡུག་སྲིན་པོའི་བརྡ་བསྟོད་རྗེསཿ བཻཌཱུར་སྔོན་པོའི་རིན་ཆེན་རི་རབ་ལཿ ཉི་མ་སྟོང་གི་འོད་ཟེར་


JLAZ010_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་ལྟརཿ སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་ཅནཿ དཔལ་དང་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོདཿ འོད་ཕུང་སྟུག་པོ་སྤྲིན་ལྟར་འཐིབས་པ་ཡིསཿ འཇིགས་བྱེད་རྔམ་སྟབས་བརྐྱང་བསྐུམས་ཚུལ་དུ་བཞུགསཿ ཟ་བྱེད་བསྐལ་པའི་མེ་ལྟར་འབར་བ་ཡིསཿ གདུག་པ་ཞལ་དུ་འདྲེན་ལ་ཕྱག་འཚལ་བསྟོདཿ མོ་བཟད་མཆེ་བས་བརྒྱན་པའི་ཞལ་གདངས་ཤིངཿ ཁམས་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅནཿ ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིསཿ བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་བསྟོདཿ དེ་ནས་འཛབ་ཀྱི་དགོངས་པ་ནིཿ ཐུགས་ཀར་རྒྱལ་བ་ཀུན་ཀྱི་ཡུམཿ པདྨ་གཟི་ལྡན་ཞི་མ་ཁྲོཿཕྱག་མཚན་མེད་དེ་འཛིན་འཛིན་འདྲའིཿསྙིང་ག་རིན་ཆེན་ཟུར་བརྒྱད་སྟེངཿ ཉི་མའི་གདན་ལ་ཧྲཱིཿཡིག་མཐརཿ ཨོཾ་ནི་པདྨ་ཧེ་རུ་ཀཿཧུ་ལུ་ཧུ་ལུ་ཡུམ་ཆེན་བཞིཿཕཊ་ནི་ཁམ་རྒྱ་མ་དྲུག་གོཿཨེ་དང་ཨ་ནི་ལོང་བ་སྟེཿར་དང་རི་ནི་དམུས་ལོང་ངོཿཧཱུཾ་ནི་ཁྲོ་བོ་མགོ་བརྩེགས་བཞིཿཧྲཱི་ནི་ཟ་བྱེད་སྤྱང་ཀི་བརྒྱདཿ ཛཿནི་ཁྱི་བརྒྱད་རྔམ་པའི་ཚོགསཿ རྒྱུད་ཀྱི་ཁོང་སྙིང་བྱུང་བ་སྟེཿརྗེས་ཀྱི་ལས་རིམ་གཞུང་ལྟར་བྱཿས་མ་ཡཿརྒྱ་རྒྱ་རྒྱཿ


previousདཔལ་ཆེན་བཀའ་འདུས་རྒྱ་མཚོ་ལསཿ རྟ་མགྲིན་ཁམས་གསུམ་རོལ་པ།next