Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལསཿ ཡང་དག་སངས་རྒྱས་མཉམ་སྦྱོར།
   
   
   
   
   
   


 
previousདཔལ་ཆེན་བཀའ་འདུས་རྒྱ་མཚོ་ལསཿ ཡང་དག་སངས་རྒྱས་མཉམ་སྦྱོར།next

དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལསཿ ཡང་དག་སངས་རྒྱས་མཉམ་སྦྱོར།


JLAZ010_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

༃ དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལསཿ ཡང་དག་སངས་རྒྱས་མཉམ་སྦྱོར་བཞུགསཿ


JLAZ010_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མཉམ་སྦྱོར་ལྷ་ལ་འདུདཿ ཡིད་ནི་ཡེ་ཤེས་ལ་སྦྱོར་བཿ ཡང་དག་ཐུགས་ཀྱི་སྒོས་སྒྲུབ་ནིཿ ཁྲག་འཐུང་གལ་པོའི་ཏནྟྲའོཿདཀྱིལ་འཁོར་གཞུང་བཞིན་བཅས་པའམཿ བྷནྡྷ་དགུ་དང་མར་མེ་དགུཿསྒྲུབ་པའི་རྟེན་དུ་ངེས་བྱས་ནསཿ བསྐྱེད་རིམ་བསྒྱུར་ཚུལ་འདི་ལྟའོཿའོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེཿལྟེ་བ་ཟླ་གམ་དམར་པོ་སྒོ་གཅིག་ནངཿ གསེར་འཁོར་རྩིབས་བརྒྱད་ཐབས་ཤེས་ཟླ་གམ་སྟེངཿ པཾ་ལས་པདྨ་ཨ་ལས་ཟླ་བ་དངཿ མ་ལས་ཉི་སྟེང་དབང་ཕྱུག་ཁྱོ་ཤུག་བཀུགཿ དེ་སྟེང་དབྱིངས་ནས་རྒྱུ་ཡི་ཧེ་རུ་བབསཿ ཞུ་བ་གླུས་བསྐུལ་སྒྲ་ཡིས་འོད་དུ་ཞུཿགོང་བུའི་བདག་ཉིད་ཡོངས་སུ་གྱུར་པ་ལསཿ འབྲས་བུའི་ཡང་དག་སངས་རྒྱས་མཉམ་སྦྱོར་ནིཿ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པཿགཡས་དཀར་བཞད་དང་གཡོན་དམར་གཤེ་བའི་ཞལཿ རྩ་ཞལ་རྔམ་བརྗིད་ཧཱུཾ་ཕཊ་གད་རྒྱངས་སྒྲོགཿ ཐོད་སྐམ་དབུ་རྒྱན་ཁྲག་འཐུང་རིགས་ལྔས་མཚནཿ སྤྱན་དགུ་སྡང་མིག་རྫི་སྨིན་ཨག་ཚོམ་འབརཿ གཡས་གསུམ་གནམ་ལྕགས་རྡོ་རྗེ་ཁ་ཊྭཱཾ་དངཿ རུ་ཏྲའི་དཔྱི་ལས་གསང་བའི་རྒྱུད་ལས་བཤད་པའི་རྔེའུ་ཆུང་འདི་བཞིན་ཡིན་ཏེ། བསྟན་པ་སྔ་དར་གྱི་ཚེ་བོན་ཤས་ཤོར་བས་བྲིས་འབུར་ཚོར་དེ་ལྟར་སྣང་ཞིང་། དེས་གསར་མ་འགའ་ཞིག་སྔ་འགྱུར་ལ་བརྟག་དཔྱད་མེད་པའི་ལོག་རྟོག་དང་། རིང་ལུགས་དར་མ་ཐག་གི་ལོ་པཎ་གཉིས་


JLAZ010_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་བརྡ་མ་འཕྲོད་པའི་ཚིག་དང༌། ཡུལ་སྐད་དང་ཤན་མ་འབྱེད་པ་འགའ་རེ་སྣང་བ་ལ་བསྟིང་ཚིག་ཏུ་སྨྲ་ཡང་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་ལ་ངོ་མཚར་དུ་མཐོང་བའི་མིག་ལྡོངས་པའོ། །རྔེའུ་ཆུངཿ གཡོན་གསུམ་དུང་དམར་རྒྱུ་ཞགས་ཁྱུང་ཁྲ་འགྱེདཿ ཞབས་བརྒྱད་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་བགྲདཿ རྡོ་རྗེའི་ཁྱུང་གཤོག་ལ་སོགས་དཔལ་ཆས་དངཿ དུར་ཁྲོད་ཆས་རྫོགས་གར་དགུའི་རོལ་པས་བརྗིདཿ ཀྲོ་ཏི་ཤྭ་རཱི་གཡས་པ་ཡབ་ལ་འཁྱུདཿ གཡོན་པ་ཐོད་ཁྲག་ཁྲོ་མོའི་ཆས་ཀུན་རྫོགསཿ ཧཱུཾ་ལས་ཡབ་ཀྱི་རྡོ་རྗེ་ནོར་བུའི་དབྱིངསཿ ཟླ་བར་ཨོཾ་མཚན་ཨ་ལས་ཡུམ་གྱི་མཁའཿ རྣམ་ཐར་གསུམ་ལྡན་ཟེའུ་འབྲུའི་ཉི་མར་མཱུཾཿ ས་མ་ཧོཿཡིས་ཡབ་ལ་བརྡ་སྦྱར་བསཿ ས་མ་ཡ་སྟྭཾ་ལན་གྱིས་དགྱེས་པ་བསྐྱེདཿ སླར་ཡང་རཱ་ག་ཧཾ་གིས་བརྡས་བསྐུལ་བསཿ རཱ་ག་ཡ་མིས་རྗེས་སུ་གནང་བ་བྱིནཿ ཕྱག་རྒྱ་བཞི་ལྡན་ཛ་ཧཱུཾ་བཾ་ཧོཿའི་སྒྲསཿ སྟོད་སྨད་སྐེད་སྐབས་དབང་པོའི་སྒོ་རྣམས་སྤྲདཿ དགའ་བ་བཞི་ལྡན་བྱང་ཆུབ་སེམས་ཀྱི་སྤྲིནཿ ཨོཾ་གྱིས་ཕབ་ནས་ཧཱུཾ་གིས་དྷཱུ་ཏིར་དྲངསཿ ཕཊ་ཀྱིས་འཕངས་པས་ཡུམ་མཁར་རྡུལ་དང་འདྲེསཿ བདེ་སྟོངས་ངང་ལས་མ་ཏྲཾ་ཛཿསྤྲོས་པསཿ རྩིབས་བརྒྱད་ཟླ་གམ་ཉི་གདན་རོ་ཡིས་མཚནཿ ཤར་དུ་གཾ་ལས་གཽ་རཱི་སྔོན་མོ་ནིཿ གཡས་པ་ཞིང་དབྱུག་གཡོན་


JLAZ010_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུང་ཁྲག་འཛིནཿ སྡུག་བསྔལ་བདེན་པ་འཁོར་བ་ལུགས་ལྡོག་སྦྱོརཿ ལྷོ་རུ་ཙཾ་ལས་ཙཽ་རཱི་ཧ་སེར་མོཿ ཐབས་ཤེས་མཉམ་པར་སྦྱོར་བའི་མདའ་གཞུ་བཀངཿ ཀུན་འབྱུང་རྒྱུ་འབྲས་ཆོས་ཀྱི་དབྱིངས་སུ་འབིགསཿ ནུབ་ཏུ་བཾ་ལས་པྲ་མོ་ཧཱ་དམར་མོཿ རྣ་ལྟག་ཕག་ཞལ་རྡོ་རྗེ་དུང་ཁྲག་བསྣམསཿ ཆགས་སྡང་རྣམ་གཉིས་ཡེ་ཤེས་དབྱིངས་སུ་སྦྱོརཿ བྱང་དུ་བཾ་ལས་བཻ་ཏཱ་ལཱི་ནག་མོཿ ཕྱག་གཡས་རྡོ་རྗེ་གཡོན་པར་བ་དན་འཛིནཿ གཟུང་འཛིན་རྣམ་རྟོག་ཕག་ལ་ཉལ་ཀུན་འཛོམསཿ ཤར་ལྷོར་པུ་ལས་པུཀྐ་སཱི་དམར་སེརཿ འཁོར་བ་མྱ་ངན་འདས་ལ་སྦྱོར་བའི་ཕྱིརཿ ཕྱག་གཉིས་ཞིང་གི་རྒྱུ་མ་འདྲེན་ཅིང་གསོལཿ ལྷོ་ནུབ་གྷཾ་ལས་གྷས་མ་རཱི་སེར་ནགཿ རྡོ་རྗེ་ཐོད་ཁྲག་དཀྲུགས་ཤིང་འཐུང་བ་ཡིསཿ རྗེས་ཆགས་གདངས་ཀྱིས་ཆོས་སྐུ་ཞེ་ལ་གནོནཿ ནུབ་བྱང་སྨཾ་ལས་སྨ་ཤ་ནི་འཐིང་ནགཿ བམ་ཆུང་རེངས་པའི་རྐང་པ་ནས་བཟུང་སྟེཿདོན་སྙིང་ཟ་བས་རྟོག་མེད་དོན་ལ་སྦྱོརཿ བྱང་ཤར་ཙཾ་ལས་ཙཎྜ་ལཱི་སེར་སྐྱཿགཡས་པ་རྩེ་གསུམ་གཡོན་པ་བམ་ཆེན་འདྲལཿ སྐུ་གསུམ་མཚོན་ཆས་འཁོར་བའི་རྒྱུ་འབྲས་གཅོདཿ ཀུན་ཀྱང་ཚོགས་བརྒྱད་ལ་སྡང་ཁྲོས་པའི་ཚུལཿ ཞལ་གདངས་མཆེ་གཙིགས་སྨིན་མ་སྨ་ར་དངཿ དབུ་སྐྲ་དམར་


JLAZ010_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ཕྱག་རྒྱ་ལྔ་ཡིས་བརྒྱནཿ ཐོད་ཕྲེང་མི་ལྤགས་གཡང་གཞི་སྟག་ཤམ་དཀྲིསཿ མེ་འབར་དབུས་ན་གཡོན་བརྐྱང་སྟབས་ཀྱིས་འགྱིངཿ གཙོ་འཁོར་ཀུན་ཀྱི་དབང་པོའི་སྒོ་རྣམས་ལཿ ཁཾ་ཏྲཱཾ་ཧྲཱི་ཧ་ཧཱུཾ་ཧི་ཡོངས་གྱུར་ལསཿ སྤྱན་ལ་རྣམ་སྣང་དཀར་པོ་འཁོར་ལོ་འཛིནཿ རྣ་བར་རྡོ་རྗེ་ཉི་སེར་རིན་ཆེན་བསྣམསཿ ཞལ་ལ་པདྨ་གར་དབང་དམར་རང་རྟགསཿ ཤངས་ལ་རྟ་མཆོག་རོལ་པ་ལྗང་རལ་གྲིཿཡིད་ལ་རྡོ་རྗེ་སེམས་དཀར་རྡོར་དྲིལ་འཛིནཿ ལུས་ལ་ཁྲག་འཐུང་མཐིང་ནག་ཁ་ཊྭཱཾ་དྲིལཿ མ་འདྲེས་ཡོངས་རྫོགས་ཆེན་པོར་ལམ་གྱིས་གསལཿ དབང་བསྐུར་བ་ནིཿ ཧཱུཾ་རང་ལས་ཤར་བའི་དཔལ་ཆེན་ལྷཿལ་སོགས་དཔལ་ཆེན་གཞུང་༼སྔགས་རང་གནས་རིག་བདག་མི་བསྐྱོད་པ།༽ལྟར་ལཿ སྤྱན་འདྲེན་གྱི་ནི་མལ་དག་ཏུཿཧཱུཾ་དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུཿ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱངཿ ཐུགས་རྗེའི་བདག་ཉིད་ཆོས་སྐུ་དག་པ་ལསཿ ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལཿ ཧཱུཾ་ཐུགས་རྗེའི་ལྕགས་ཀྱུས་རྒྱུད་བསྐུལ་ཞིངཿ བྱམས་པའི་ཞགས་པས་སྤྱན་ཡང་འདྲེནཿ ལྕགས་སྒྲོག་བཀའ་ཡི་ཕོ་ཉས་བཏབཿ བདེ་གཤེགས་དྲིལ་བུས་དགྱེས་པ་བསྐྱེདཿ རང་སྣང་དབྱེར་མེད་དཀྱིལ་


JLAZ010_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལཿ ཐུགས་རྗེའི་མགོན་གྱུར་མ་ལུས་རྣམསཿ མི་ཕྱེད་དབྱིངས་ལ་འགོད་མཛད་པཿབདག་ལ་དགྱེས་ཤིང་ཐིམ་པར་བཞུགསཿ ཨོཾ་ཨེ་ཧྱ་ཧི་བྷ་ག་ཝཱནཿ ཞེས་པད་རྒྱ་གཡོན་བསྐོར་དང་བཅས་སེ་གོལ་གཏོགས་པ་གསུམ་དངཿ ཛཿཧཱུཾ་བཾ་ཧོཿརུ་ལུ་རུ་ལུ་ཛཿཧཱུཾ་བཾ་ཧོཿཨེ་ཧྱ་ཧི་ཏྲྀ་ཤ་ཧོཿས་མ་ཡ་ཧོཿས་མ་ཡ་སྟྭཾཿཨེ་ཨ་ར་ལི་ཧོཿཧྲིཾ་ཧྲིཾ་ཧྲིཾཿཛཿཕྱག་འཚལ་ལ་སོགས་གཞུང་ལྟར་ལཿ མི་སྡུག་སྲིན་པོའི་ཤླཽ་ཀ་ཡི་རྗེསཿ བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིངཿ བྱམས་དང་སྙིང་རྗེར་དགྲ་ཟུན་མི་མངའ་ཡངཿ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའིཿའཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོདཿ མི་གནས་མི་དམིགས་ཆོས་སྐུར་དག་པ་ལསཿ བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྤྲུལ་བཿ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལཿ སངས་རྒྱས་ཀུན་དང་མཉམ་པར་སྦྱོར་ལ་བསྟོདཿ ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིངཿ ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་འདིརཿ མཁའ་འགྲོ་མི་བཟད་འབར་མའི་སྤྲིན་འཕྲོ་བཿ གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་བསྟོདཿ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེདཿ འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེཿ མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་


JLAZ010_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པཿགཽ་རཱི་ལ་སོགས་བརྒྱད་ལ་ཕྱག་འཚལ་བསྟོདཿ དེ་ནས་འཛབ་ཀྱི་དགོངས་པ་ནིཿ ཧཱུཾཿདཔལ་ཆེན་བཛྲ་ཧེ་རུ་ཀཿདུང་ཁང་དཀར་པོའི་གཞལ་ཡས་ཁངཿ མགྲིན་པ་པདྨའི་གསང་ཆེན་དངཿ ཐུགས་ཀ་གསང་བའི་དཀྱིལ་འཁོར་དུཿ རང་སེམས་བྱང་ཆུབ་འབྲུ་བརྒྱད་ཉིདཿ རུ་ལུ་གསེར་ཕྲེང་རིན་པོ་ཆེཿགསེར་གྱི་བ་དག་འཛིངས་པ་དངཿ མགལ་མེ་ཀླད་ལ་བསྐོར་བ་དངཿ ལྕགས་ཀྱི་ཚྭ་ཚྭ་གཏམས་པ་ལྟརཿ ཕར་འཕྲོས་པས་ནི་ཐུགས་དམ་བསྐུལཿ ཡེ་ཤེས་ལྷ་ལ་བསྙེན་པ་ཕུལཿ སླར་འདུས་ཐུགས་ཀྱི་དཔལ་བེར་ཐིམཿ གཽ་རཱི་ལ་སོགས་བརྒྱད་རྣམས་ལཿ དཔལ་བེ་རིན་ཆེན་ཟུར་བརྒྱད་སྟེངཿ རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུཿ དངོས་གྲུབ་མཆོག་གི་གཏེར་དུ་བསམསཿ ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾཿའདི་ནི་ཐུགས་ཀྱི་སྒྲུབ་པ་སྟེཿདག་པ་ཐམས་ཅད་ཆོས་སྐུ་ལཿ སྦྱོར་བས་མཆོག་གི་དངོས་གྲུབ་མྱུརཿ ཁྲག་འཐུང་གལ་པོའི་བཅུད་དུམ་ཡིནཿ རྗེས་ཀྱི་ལས་རིམ་གཞུང་ལྟར་བྱཿས་མ་ཡཿརྒྱ་རྒྱ་རྒྱཿ


previousདཔལ་ཆེན་བཀའ་འདུས་རྒྱ་མཚོ་ལསཿ ཡང་དག་སངས་རྒྱས་མཉམ་སྦྱོར།next