Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས། སྒྲུབས་པའི་ཁོག་འབུབས་རིན་པོ་ཆེའི་ཟ་མ་ཏོག
   
   


 
previousདཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས། སྒྲུབས་པའི་ཁོག་འབུབས་རིན་པོ་ཆེའི་ཟ་མ་ཏོགnext

དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས། སྒྲུབས་པའི་ཁོག་འབུབས་རིན་པོ་ཆེའི་ཟ་མ་ཏོག


JLAZ010_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས། སྒྲུབས་པའི་ཁོག་འབུབས་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ་བཞུགས། །


JLAZ010_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཞི་ལས་མི་འགྱུར་རྡོ་རྗེ་ཅན། །སྙིང་རྗེའི་གཞན་དབང་གར་དགུ་ལ་ཆགས་པ། །དཔལ་ཆེན་ཡོངས་རྗོགས་འདུས་པའི་སྒྱུབ་ཆེན་གྱི། །ཁོག་འབུབས་རིན་ཆེན་ཟ་མ་ཏོག་འདིའོ། །དེ་ལ་གཉིས། རྡོ་རྗེ་ཐེག་པའི་སྤྱི་དོན་བཤད་པ་དང༌། བྱ་བའི་ལས་རིམ་བཤད་པའོ། །དང་པོ་ལ་བཞི། སྒྲུབ་གཞི་ལས་ཀྱི་ཕྱག་རྒྱ་དང། སྒྲུབ་བྱེད་དམ་ཚིག་གི་ཕྱག་རྒྱ་དང༌། བསྒྲུབ་བྱ་ཆོས་ཀྱི་ཕྱག་རྒྱ་དང༌། བསྒྲུབ་འབྲས་ཕྱག་རྒྱ་ཆེན་པོའོ། །དང་པོ་ནི། དཀྱིལ་འཁོར་གྱི་ལས་རིམ་རྣམས་ཆོས་བྱ་བ་མོ་ཡུམ་གྱི་མཁའ་ཀློང་དང་འབྲེལ་བའོ། །གཉིས་པ་ནི་དེ་ཐམས་ཅད་ཡིད་བྱེད་པ་པོ་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་དང་འབྲེལ་བའོ། །གསུམ་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས་རིག་འཛིན་རྣམ་པ་བཞིའི་ཆོས་ཉིད་ལ་འབྲེལ་བའོ། །བཞི་པ་ནི་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་རང་བཞིན་ཕྱག་རྒྱ་ཆེན་པོའི་གོང་


JLAZ010_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ལ་འབྲེལ་བའོ། །གཉིས་པ་བྱ་བའི་ལས་རིམ་བཤད་པ་ལ་གཉིས། ཕུན་སུམ་ཚོགས་པ་ལྔ་ལྡན་གྱིས་གཞི་བཟུང་ནས་ལས་ཀྱི་རིམ་པས་དཀྱིལ་འཁོར་བཅའ་བ་དང༌། དེ་ཉིད་བསྙེན་ཅིང་སྒྲུབ་པའི་རིམ་པའོ། །དང་པོ་ལའང་སྔོན་འགྲོའི་ཆོ་ག་དང། དངོས་གཞིའི་རིམ་པ་གཉིས་ལས། དང་པོ་ནི། རང་གཞུང་རྩ་བར། དང་པོ་དབེན་ཞིང་ཉམས་དགའི་གནས། །གྲུབ་ཐོབ་ཞབས་ཀྱིས་བཅགས་པ་དང༌། །ཁྱད་པར་དུར་ཁྲོད་རྩུབ་འགྱུར་ཚལ། །ཞེས་པས་མཚན་ཉིད་དང་ལྡན་པའི་གནས་སུ་སྔོན་འགྲོའི་དང་པོ་སའི་ཆོ་ག་ལ་ལྔ་ལས། དང་པོ་ས་བརྟགས་པ་ནི། ལྟོ་འཕྱེ་ལེགས་པར་བརྟགས་ཏེ་བརྐོས་པའི་རོ་ལྔ་བསལ་བས་ཤུལ་ཕྱུར་བུར་ཁེངས་པ་བཟང༌། མ་ཁེངས་ན་ངན་པས། སྦྱིན་སྲེག་ལ་སོགས་སེལ་ཐབས་བྱའོ། །གཉིས་པ་བླང་བ་ནི། གཞི་དེ་གཟུགས་ཅན་


JLAZ010_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བདག་ན་རིན་བཅལ་ཞིང་ཚིག་གིས་བཀྲོལ་ཏེ་བླང་ངོ༌། །མི་སྣང་བ་ལ་བླང་བ་ནི་གྲུབ་ན་གཉུག་མར་གནས་པ་ལ་ཆ་གསུམ་དང་མིན་ནའང་གསེར་སྐྱེམས་དང་གཏོར་མ་བཤམས་ལ་ཨ་ཀཱ་རོས་བསྔོས་ཏེ་མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འཕྲིན་ལས་བཅོལ། བྱེ་བྲག་ཏུ་ས་ལྷར་མཎྜལ་ཟླུམ་པོ་བ་བྱུང་དང་དྲིས་བྱུགས་པ་ལ་མེ་ཏོག་གི་ཚོམ་བུ་བཀོད་པའི་མདུན་དུ་ཉེར་སྤྱོད་དང་གཏོར་མ་བཤམས་ལ། བདག་ཉིད་ཡི་དམ་གྱི་སྐུར་གསལ་བས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་པཾ་ལས། སའི་ལྷ་མོ་གསེར་བཙོ་མའི་མདོག་ཅན་བུམ་པ་བསྣམས་པ་བསྐྱེད་ནས། ཨོཾ་པྲི་ཐཱི་དེ་ཝི་ས་མ་ཡ་ཛ་ཛཿཞེས་བརྗོད་པས་སའི་ལྷ་མོ་ལ་ཀླུ་གཉན་ས་བདག་གིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོས་བསྟིམ། ཨོཾ་ཨཱཿ་ཧཱུཾ་གིས་མཆོད་པ་བརླབ། རང་སྔགས་ལ་ཨརྒྷཾ་པུཥྤེ་སོགས་བཏགས་པས་ཉེར་སྤྱོད་དང་ཨ་ཀཱ་རོས་གཏོར་མ་བསྔོ། སྐྱོབས་པ་སངས་རྒྱ་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །དེ་ཕྱིར་ས་འདི་གནང་བར་མཛོད། །ཅེས་བརྗོད་པས་དེས་ཀྱང་རྡོ་རྗེ་འཛིན་པ་ཁྱེད་ཅི་དགའ་བར་ལོངས་སྤྱོད་ཅིག་ཅེས་


JLAZ010_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་བྱིན་པར་བསམས་ལ། གཏོར་མ་ཕུལ་ལ་བཛྲ་མུཾ་གྱིས་རང་གནས་སུ་བཏང་ངོ་། །གསུམ་པ་དབང་དུ་བྱ་བ་ནི། ཙན་དན་ནམ་སེང་ལྡེང་གི་ཕུར་བུ་མདུན་དུ་བཀོད་ལ། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་གྱི་སྐུར་གྱུར་པར་བསམས་ཏེ་ཕུར་བུ་ས་ལ་གདབ་པའམ་བཀོད་ནས། ཧཱུཾ་པདྨ་ནྟ་ཀྲྀ་ཏ་ཧཱུཾ་ཕཊ་ཅེས་བཏབ་ཏེ་ལན་བདུན་བཟླས་པས། ཕུར་བུ་ལས་འཕྲོས་པའི་འོད་ཟེར་དམར་པོས་ས་གཞི་ཁྱབ་ཅིང་བདག་གི་དབང་དུ་གྱུར་པར་བསམ་མོ། །བཞི་པ་སྦྱང་བ་ནི། ལག་པ་གཡས་པའི་སོར་མོ་ལྔ་ཕྲལ་བ་རྡོ་རྗེ་རྩེ་ལྔ་པར་བསམས་ལ་ཤར་དང་བྱང་ཅུང་ཟད་གཞོལ་བའི་སྟེང་གི་ཁོར་ཡུག་ཏུ་བསྐོར་ཞིང་ས་ལའང་བཞག་ནས། ཨོཾ་ཧ་ན་ཧ་ན་ཧཱུཾ་ཕཊཿཅེས་བརྗོད་ཅིང༌རྡོ་རྗེ་ལས་བྱུང་བའི་འོད་ཟེར་གྱིས་སྣོད་བཅུད་དུ་འཛིན་པ་སྦྱངས། ཨོཾ་བྷུ་ཁཾ་ཞེས་བརྗོད་པས་ས་ཕྱོགས་ཐམས་ཅད་ནམ་མཁའི་རང་བཞིན་དུ་གྱུར་པར་སྒོམ། ལྔ་པ་སྲུང་བ་ནི། རང་ཉིད་ཡི་དམ་དུ་གསལ་བའི་མིག་གཉིས་ཉི་ཟླ་མིག་འབྲས་ཧཱུཾ་ལས་མེ་དཔུང་འབར་བས་བགེགས་དང་ལོག་པར་འདྲེན་པའི་ཚོགས་ལ་གཟིར་བས་རྣམ་སྨིན་གྱི་ལུས་བསྲེགས་ཤིང་སེམས་ཆོས་ཉིད་ཀྱི་ངང་དུ་ར་རོས་པར་བསམས་ལ་རྐང་པ་རྡོ་རྗེའི་འགྲོས་ཀྱིས་བསྐོར་ཞིང༌ཨོཾ་སཱུརྱ་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་སྤྲོ་ན་


JLAZ010_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་སུ་ཞུགས་ཏེ་རྐང་པ་བྱིན་གྱིས་བརླབས་ནས་གར་གྱི་གཞི་བཅའ་བ་སྔོན་དུ་བཏང་སྟེ་ཁྲོ་བོ་བཅུའི་སྟངས་སྟབས་ཕུར་པ་རྒྱུད་ལུགས་ལས་འབྱུང་བ་ལྟར་བྱའོ། །སྐབས་འདིར་དགེ་བའི་དཔུང་བསྐྱེད་ཕྱིར། སཱཙྪ་གདབ་པ། སྲོག་བསླུ་ཉེའུ་འདོན། བཤགས་སྐོང་ཞི་བའི་སྦྱིན་སྲེག །མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར། གཟུངས་མདོ་སྒྲོགས་པ། ཁྱད་པར་གནས་ཀྱི་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་གཤེགས། བྱང་དུ་ཏོག་གཟུངས་འདོན་པ་རྣམས་ཅི་འགྲུབ་བྱའོ། །དེ་ནས་མཚམས་གཅོད་པ་ལ་ལྔའི། དང་པོ་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱི་རོལ་གོམ་པ་བདུན་ཅུ་རྩ་བཞིའི་སར་རྒྱལ་ཐོ་གཟུག་ཅིང་མཆོད་གཏོར་བཤམས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུངས་འཁོར་བཅས། བཛྲ་ས་མ་ཛཿས་སྤྱན་དྲངས་ཛཿཧཱུཾ་བཾ་ཧོས་བསྟིམ། ཨོཾ་དྷྲི་ཏ་རསྟྲ་ཧཱུཾ་ཛཿ ཞེས་བཟླ། རང་སྔགས་དེ་ལ་ཨརྒྷཾ་སོགས་བཏགས་པས་ཉེར་སྤྱོད་དང༌ཨ་ཀཱ་རོས་གཏོར་མ་ཕུལ་ལ། ཧཱུཾ། རི་རབ་གླིང་བཞིའི་ཤར་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་ཡུལ་འཁོར་སྲུང༌། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །དྲི་ཟའི་གདོན་རྣམས་མཚམས་ཆོད་ཅིག །ཅེས་ཕྲིན་ལས་བཅོལ། ཏིཥྛ་བཛྲས་བརྟན་པར་བྱ། དེ་བཞིན་དུ་གཞན་གསུམ་སོ་སོར་ཡང་རིགས་འགྲེ་བས་ལྷོར། རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་འཕགས་


JLAZ010_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པོ་འཁོར་བཅས། རང་སྔགས་བེ་རུ་དྷ་ཀ་ཧཱུཾ་ཛཿ ཧཱུཾ། རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་འཕགས་སྐྱེས་པོ། །ཕྱོགས་བསྲུང་འདི་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །གྲུལ་བུམ་གདོན་རྣམས་མཚམས་གཅོད་ཅིག །ཅེས་དང་ནུབ། རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་བཅས། རང་སྔགས་བེ་རུ་པཀྵ་ཧཱུཾ་ཛཿ ཧཱུཾ། རི་རབ་གླིང་བཞིའི་ནུབ་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་སྤྱན་མི་བཟང༌། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །ཀླུ་དབང་གདོན་རྣམས་མཚམས་གཅོད་ཅིག །ཅེས་དང་བྱང༌། རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་བཅས། རང་སྔགས་བཻ་ཤྲ་མ་ཎ་ཧཱུཾ་ཛཿ ཧཱུཾ། རི་རབ་གླིང་བཞིའི་བྱང་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །གནོད་སྦྱིན་གདོན་རྣམས་མཚམས་ཆོད་ཅིག །ཅེས་སོ་སོར་བསྒྱུར་རོ། །གཉིས་པ་བར་མཚམས་དམ་སྲི་མནན་པ་ནི། རཱུ་པ་བྱ་མགོ་ཅན་གྱི་སྙིང་ཁར་ཡ་མ་དམ་སྲི་གམ་པ་རི་མཱ་ར་ཡ་ཛཿ ཞེས་བྲིས་པ་འབྲུབ་ཁུང་དུ་བཀོད། གསེར་སྐྱེམས་གཏང༌། བདེན་བརྡར་དགུག་གཞུག་བྱས་ནས། དེའི་སྙིང་གར་ཕུར་


JLAZ010_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

པ་གདབ་ཅིང༌། ཨཱརྱཱ་ཨ་ཙ་ལ་དམ་སྲི་བྷནྡྷ་བྷནྡྷ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་བཟླ། ཐུན་གྱིས་བྲབས་ཐོད་པ་མཚན་ངན་ཏུ་བཅུག་སྟེ་སྒྲུབ་ཁང་གི་ཐེམ་པའི་ཕྱི་རོལ་དུ་གནན། རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་གཅད། འབྱུང་བ་ལྔས་རྒྱས་འདེབས། དེའི་སྟེང་དུ་དཔོན་སློབ་རྣམས་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ནས་སུམ་བྷ་ནི་བཟླ་བཞིན་པར་ལས་གཞུང་ལྟར་བྲོ་བརྡུང་ངོ་། །གསུམ་པ་སྒོ་བྱང་གདགས་པ་ནི། རོ་རས་ས་མ་ར་སོག་ལ་གཤེད་པོའི་སྐུ་སྔགས་བྱང་དང་བཅས་པ་བྲིས་པ་སྒོའི་ཡ་ཐེམ་ཕྱི་མར་གདགས་བཛྲ་ས་མཱ་ཛཿས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམཿ ཨརྒྷཾ་ལ་སོགས་པས་མཆོད་ཅིང་གཏོར་མ་བསྔོ། །ཧཱུཾ། ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཁྱོད་ཀྱི་གཡོག་དང་འཁོར་ལགས་ན། །རྣམ་པར་སྨིན་པའི་ཆོས་ཤོད་ལ། །བདག་གིས་འབྲས་བུ་མ་ཐོབ་པར། །སྒོ་འདི་ཚུན་ཆད་མ་གཏོང་ཅིག །ཅེས་མེ་ཏོག་འཐོར། བཞི་པ་གསང་མཚམས་དམ་སྲི་མནན་པ་ནི། མ་ཊཾ་གྱི་གཟུགས་མགོ་བོ་ལྷོ་ནུབ། རྐང་པ་བྱང་ཤར་དུ་བསྟན་པ་གན་རྐྱལ་དུ་བཞག་ལ། ཡི་དམ་གྱི་ང་རྒྱལ་ལ་གནས་པས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ཧཱུཾ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་སྐུ་སྤྲུལ་བ། །རིག་འཛིན་ངེས་པ་མང་པོ་ལ། །དངོས་གྲུབ་འཕྲོག་པར་བྱེད་པ་ཡི། །རུ་ཏྲ་རྟག་པའི་རྒྱལ་པོ་འདི། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །སྡུག་བསྔལ་ཉམས་སུ་མྱོང་བར་གྱིས། །མ་


JLAZ010_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཊཾ་ཀ་རུ་ཏྲ་ཛཿ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པས་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་ཨ་ཀརྵ་ཛཿ ཏྲི་ཡཾ་ཛཿཛཿ ཧཱུཾ་བཾ་ཧོས་བསྟིམས་ལ། སྙིང་རྗེས་ཁྱོད་བསྒྲལ་དམ་ཚིག་གི། །གསད་གནན་བྱ་བ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ལ། །རྣམ་པར་ཤེས་པ་མྱ་ངན་འདའ། །ཧཱུཾ། ཆོས་ལ་བལྟ་དང་གང་ཟག་བལྟ། །རྟག་ཆད་བལྟ་བའི་སྡིག་ཅན་ཁྱོད། །བདག་མེད་སྟོང་པའི་ཐོ་བས་གཞོམ། །འཇིགས་བྱེད་ཆེན་པོའི་ཞབས་ཀྱིས་གནོན། །མ་རིག་སྒོ་ལྔའི་སྦུབས་ལས་བྲལ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ། །ཅེས་རྩེ་གསུམ་གྱི་ཕྱག་རྒྱ་སྙིང་གར་བསྣུན་པས་གཟུགས་ཕུང་ཧྲུལ་གྱིས་ཞིག་པའི་ཁོག་པར་བྲོས་སྦྱང་བ་ནི། ཧཱུཾ། སྟོང་གསུམ་སྟོང་གི་ལོ་ཀ་ན། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །དྲེགས་པ་བསྣོལ་བའི་གདན་སྟེང་ན། །རྡོ་རྗེ་ཁྲག་འཐུང་བྲོ་རར་ཆས། །ཞལ་གཅིག་ཕྱག་གཉིས་མཐིང་ནག་སྐུ། །རྡོ་རྗེ་དབྱིངས་ཕྱུག་ཡུམ་ལ་འཁྱུད། །རྡོ་རྗེ་ཐོད་ཁྲག་དཀྲུགས་ཤིང་གསོལ། །དུར་ཁྲོད་ཆས་ཀྱི་ལྷ་སྲིན་འདུལ། །རྡོ་རྗེ་གཤོག་པས་བར་སྣང་བརྒྱངས། །སྤྱན་གསུམ་དམར་ཟླུམ་སྟོང་གསུམ་བསྲེགས། །མཆེ་བ་གཙིགས་པས་བདུད་བཞི་འཇོམས། །ལྗགས་དམར་གློག་སྟོང་འཁྱུགས་པ་ཡིས། །སྟོང་


JLAZ010_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མ་ལུས་གསལ་བར་བྱེད། །ཧཱུཾ་གི་སྒྲ་ནི་འབྲུག་བཞིན་སྒྲོགས། །བརྐྱང་བསྐུམ་ཞབས་གཉིས་བྲོ་བརྡུངས་པས། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །ཀླུ་ནི་ཡོངས་སུ་བརྗོད་པའི་བྲོ། །བགེགས་རྣམས་མེར་ནི་སྲེག་པའི་བྲོ། །མ་བདུད་ཐལ་བར་བརླག་པའི་བྲོ། །དུར་ཁྲོད་འདི་ལ་བྲོ་བརྡུངས་པས། །དམ་ཉམས་གཤེད་ནི་བརླག་པར་འགྱུར། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཕྱོགས་བཞིར་རིགས་བཞིའི་བྲོ་བརྡུངས་པས། །བར་ཆད་བགེགས་ནི་སྦྱང་བར་འགྱུར། །ཁྲོ་བཅུ་རྡོ་རྗེ་འགྲོས་ཀྱིས་བླངས། །དྲག་པོ་བྱ་བའི་འགྲོས་ཀྱིས་བླངས། །བདུད་ཀྱི་སྒོ་ལ་འཇུག་ཐག་བཅད། །ས་ཡི་རྟེན་ཕུར་འོག་ཏུ་དགོད། །རྡོ་རྗེ་རྒྱ་གྲམ་ཐག་པས་དྲགས། །དཀྱིལ་འཁོར་སྟན་དུ་རུ་ཏྲ་བཞིན། །དུར་ཁྲོད་གཞལ་ཡས་ཁང་དུ་བཟུང༌། །སྒྲུབ་པ་བྱེད་པའི་རྫས་སུ་བཟུང། །ཐུགས་དམ་སྐོང་བའི་བདུད་རྩིར་བཟུང༌། །ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཤཱིནྟཾ་སྭཱ་ཧཱ། པུཥྚིཾ་སྭཱ་ཧཱ། པཱ་ཤཾ་སྭཱ་ཧཱ། མཱ་ར་ཡ་ཕཊ། ཅེས་བརྗོད་ལ་ཡན་ལག་ལྔ་སོ་སོ་དང༌། དོན་སྙིང་དང༌། ནང་ཁྲོལ་དང༌། མཚན་མ་བརྒྱད་དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་བཀོད། བདག་གི་ཐུགས་ཀ་ནས་བྷྲཱུཾ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་མཐའ་བསྐོར་དུར་ཁྲོད་བརྒྱད་ཀྱིས་བསྐོར་བར་གྱུར་པར་བསམ་ཞིང་ཁུ་ཚུར་དཔུང་མགོར་བསྣོལ་དབྱེ་དང་བཅས། ཧཱུཾ་པྲ་བེ་ཤ་


JLAZ010_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཕཊཿཅེས་ལན་བདུན་གྱིས་སྤྲུལ་པའི་དཀྱིལ་འཁོར་གྱི་སྒོ་ཕྱེ། ཧཱུཾ་ཧཱུཾ་ཧཱུཾ་ཧ་ན་ཧ་ན་ཕཊ་ཕཊ་ཕཊ་ཅེས་རྡོ་རྗེའི་གར་འགྲོས་ཀྱིས་ལན་གསུམ་བསྐོར་ནས་དཀྱིལ་འཁོར་གྱི་ནང་དུ་ཚུད་པར་བསྒོམ་མོ། །ལྔ་པ་འབར་བ་ལྟ་སྟངས་སོགས་ཀྱིས་ནང་མཚམས་གཅོད་པ་ནི། སོ་སོའི་དམིགས་པ་ཁོང་དུ་ཆུད་པས། ཧཱུཾ། བདག་ཉིད་ཞེ་སྡང་རྡོ་རྗེ་ཡི། །སྤྱན་མིག་ཉི་ཟླ་འབར་ཞིང་བསྲེགས། །ཐུགས་ལས་ཁྲོ་བོའི་ཚྭ་ཚྭ་འཕྲོ། །སྟོད་གསུམ་སྤྲུལ་པའི་མེ་ཡིས་འགེངས། །ཕྱོགས་མཚམས་མཚོན་ཆ་འཆོལ་བས་གཏམས། །བདག་མེད་སྟོང་པར་མཚམས་བཅད་དོ། །ཨོཾ་སཱུརྱ་ཙནྡྲ་བཛྲ་ཀྲོ་ཏ་ཛྭ་ལ་རཾ་རཾ་ཙཀྲ་ཝརྟི་མ་ཧཱ་ཀྲོ་དྷ་སརྦ་དུཥྚཾ་ཨེ་ཧཱུཾ་ཕཊ། གཉིས་པ་དངོས་གཞི་ཐིག་ཚོན་གྱི་རིམ་པའི་དང་པོ་ཐིག་ལས་ནི། གང་དུ་འདེབས་པའི་གཞི་དེར། བདུད་རྩི་ལྔ་དང་འབྱུང་ལྔས་བྱུག་ཅིང༌། ཨོཾ་བཛྲ་ཨ་མྲྀ་ཏ་མཎྜ་ལ་ཧཱུཾ། ཁྲག་ཆེན་གྱིས་བྱུག་ཅིང༌། ཨོཾ་རཀྟ་མཎྜ་ལ་ཧཱུཾ། ཀླད་ཆེན་གྱིས་བྱུག་ཅིང༌། ཨོཾ་ཀཾ་ཀ་པཱ་ལ་མཎྜ་ལ་ཧཱུཾ། ཞེས་བརྗོད་ཅིང་ཁྱེམ་མེད་པར་བྱུག་ཅིང༌། གཞན་དོན་དུ་དབང་བསྐུར་བ་སོགས་ཀྱི་ཚེ། ལྷ་དང་བུམ་པ་སློབ་མ་སྟ་གོན་ཀྱང་སྐབས་འདིར་བྱ་བ་དབང་གི་སྤྱི་དོན་ལས་ཤེས་པར་བྱ་ལ། ཐིག་སྐུད་ཀྱི་རྒྱུ་དཔའ་བོའི་རིན་གྱིས་ཉོས་པའི་རས་བལ་ལ་གཞོན་ནུ་མས་བཀལ་བའི་སྲད་བུ་ཚོན་སྣ་ལྔ་པ་སྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་ལ་སྦོམ་ཕྲ་སྒོའི་ཉི་ཤུ་ཆར་བྱས་པ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་ལ་གནས་པ་ཤར་དང་ཐིག་གཡོག་


JLAZ010_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དུ་གསལ་ལ་ནུབ་ཏུ་གནས་པས་ཐིག་སྐུད་ཨོཾ་ཧཱུཾ་ཏྲཱཾཿཧྲཱིཿཨཱ་ཞེས་བརྗོད་པས་རིགས་ལྔའི་ངོ་བོར་གྱུར་པ་ཤར་ནས་ནུབ་ཏུ་དྲངས་པ་བྷྲུཾ་ཛྙཱ་ན་མ་དཱ་ལ་ཧཱུཾ་ཞེས་ལན་གསུམ་བརྗོད་ཅིང་སེ་གོལ་གཏོགས་པ་དང་བཅས་ནམ་མཁའི་དབྱིངས་ལ་ཡེ་ཤེས་ཀྱི་ཐིག་ཚངས་ཐིག་གཉིས་སམ་བཞི་དང་བརྒྱད་ལ་སོགས་པ་གཡས་བསྐོར་དུ་གདབ་ཅིང་ཐིག་གི་སྒྲ་ལས་བྲི་བྱའི་དཀྱིལ་འཁོར་ནམ་མཁའ་ལ་བཀྲ་ལམ་གྱི་གསལ་བ་ལ་མཆོད་བསྟོད་བྱ། དེ་ནས་ལས་ཐིག་གདབ་པ་ནི་ཐིག་སྐུད་ལོགས་སུ་ཡོད་ན་དང༌། མེད་ན་དེའི་ཡེ་ཤེས་པ་བཛྲ་མུཾ་གྱིས་གཤེགས་པ་བདུད་རྩི་ལྔ་དང་དཀར་ཆལ་གྱིས་སྦགས་ལ་གདབ་ཚུལ་ནི། ཤར་ནས་ནུབ་ཐད་ཚངས་ཐིག་གདབ། །ལྷོ་བྱང་ཚད་ན་གཉིས་པ་གདབ། །ཕྱོགས་བཞི་ཚད་ན་མཚམས་བཞི་གདབ། །དཀྱིལ་འཁོར་ཆེ་ཆུང་ཇི་ཙམ་པའི། །ཏོག་ནས་དབུས་ཀྱི་ལྟེ་བའི་བར། །ཆ་མཉམ་གསུམ་གསུམ་རེ་རེ་ཡང༌། །གསུམ་ཆར་དབྱེ་བ་ཆ་ཆེན་རེ། །ཀུན་ཀྱང་ནང་ནས་རིམ་པ་བཞིན། །དང་པོ་ཕྱེད་གདབ་ཕྱི་མའང་གདབ། །གཉིས་ལ་ཆ་བཞི་བགོ་བར་བྱ། །གསུམ་བཞི་མི་གདབ་ལྔ་དབུས་དོར། །དྲུག་པ་ཕྱེད་གདབ་ཕྱེད་མའང་གདབ། །དབུས་ཀྱི་ལྟེ་བ་འཁོར་ལོའི་ས། །ཆ་ཆེན་གཅིག་དང་ཆ་ཕྲན་གཅིག །བསྐོར་བ་མུ་ཁྱུད་ནང་མ་ལ། །དེའི་ཕྱིར་ཆ་ཆེན་གཅིག་དང་ནི། །ཆ་ཕྲན་གཅིག་སྐོར་རྩིབས་བརྒྱད་ཀྱི། །ཕྱི་ཐིག་མུ་ཁྱུད་ཆ་ཕྲན་གཅིག །དབུས་ཀྱི་ལྟེ་བར་ཆོས་འབྱུང་སྟེ། །ཕྱི་རོལ་ཆ་ཆེན་གསུམ་པོ་ནི། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ནང་མ་གཉིས་པོ་ཆ་བཞིར་དབྱེ། །ཕྱི་མའི་དབུས་དོར་མཐའ་གཉིས་གདབ། །


JLAZ010_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བབ་དང་པོ་ཀ་རྒྱན་མཉམ། །གཉིས་པ་གསུམ་པ་གཅིག་ཕྱིར་བསྐྱེད། །བཞི་པ་གཉིས་བསྐུམ་ལྔ་པ་གཅིག །ཕྱིར་འཕྱར་དྲུག་པ་གཉིས་སུ་བསྐུམ། །བདུན་པ་བརྒྱད་པ་རེ་རེ་འཕྱར༌། །སྣམ་བུ་གསུམ་པའི་ཕྱི་ཐིག་དང༌། །ཚངས་ཐིག་རྒྱ་གྲམ་ཐེབས་མཚམས་ནས། །ཆ་ཕྲན་གཉིས་བསྐོར་གླང་རྒྱབ་དབུས། །སྣམ་བུ་དང་པོའི་ཕྱི་ཐིག་དང༌། །སྒོ་ཚད་གཡས་གཡོན་ཕྲད་མཚམས་ནས། །ཆ་ཕྲན་གཉིས་རེའི་གཡས་གཡོན་དང༌། །མུ་རན་ཆ་ཕྲན་རེ་རེའི་སྐོར། །སྣམ་བུ་གསུམ་པའི་ཕྱི་ཐིག་དང༌། །ཚངས་ནས་གཉིས་ཕྱིན་འཛོམ་ས་ནས། །བཟུང་སྟེ་ཀ་རྒྱན་རྩེ་མོ་དང༌། །དེ་ནས་འཕྲེད་གཉིས་གཅིག་ཕྱིར་ཕྱིན། །སྣ་ཚོགས་རྡོ་རྗེའི་ཕྱི་མཐའ་སྐོར། །པདྨ་ཆོས་འཁོར་གདུགས་ཀྱི་ས། །ཆ་ཆེན་ཕྱི་མར་རང་འགྲིགས་འགྱུར། །སྣ་ཚོགས་པད་འཁོར་ཆ་ཆེན་ཕྱེད། །འོད་ལྔའི་མུ་ཁྱུད་ཆ་ཕྲན་གཅིག །དུར་ཁྲོད་ཆ་ཆེན་རྡོ་ར་ཕྱེད། །མེ་རི་ཆ་ཆེན་གཅིག་རྣམས་སོ། །སྒོས་སྒྲུབ་སོ་སོའི་ཚེ་ནི་ལྟེ་བ་བསྒྱུར་བ་དང་སྒྲུབ་རྫས་ཀྱི་ཁྱད་པར་སོ་སོའི་གཞུང་ལས་ངེས་པར་བྱའོ། །གཉིས་པ་ཚོན་འགྱེད་པ་ནི། ཚོན་སྣ་ལྔ་པོ་མདོག་རིགས་ཀྱིས་དབྱེ་བས་ཕྱོགས་བཞི་དབུས་དང་ལྔར་གཞག་ཅིང་ཨོཾ་ཧཱུཾ་སྭཱ་ཨཱཾ་ཧཱ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་རྡུལ་ཚོན་ལ་ཐིམ་ཡེ་ཤེས་ལྔའི་རང་བཞིན་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། འབྲུ་ལྔ་བརྒྱ་རྩ་སོགས་བཟླས་པས་བརླབས་ཏེ་ཚོན་ཐོབ་ནི་མངོན་རྟོགས་


JLAZ010_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མ་འདྲེས་པར་བྲིས་ལ། ལྷ་མཚན་དགོད་པ་ནི་ཡིག་འབྲུ་ཕྱག་མཚན་སྐུ་མདོག་དང་མཚུངས་པའི་ཐིག་ལེ་སོགས་ཅི་རིགས་པ་བཀོད་ལ་ཐིག་ཚོན་གྱི་ལྷག་མའི་ཡེ་ཤེས་པ་གཤེགས་གསོལ་བྱའོ། །སྒྲུབ་རྫས་དང་རྒྱན་དགོད་པ་ནི། བྷནྡྷ་དུམ་བུ་གཅིག་པའི་ནང་རོ་རས་ཀྱིས་གླན་པའི་དཔྲལ་བ་ངོས་སུ་དབུ་བསྟན་པའི་དཔལ་ཆེན་བོའི་སྐུ་མངོན་རྟོགས་བཞིན་བྲིས་པ་རབ་གནས་དང་ལྡན་པ་ལྕགས་སམ་ཙན་དན་སེང་ལྡེང་གང་རུང་གི་ཕུར་བའི་མགུལ་དུ་དར་ལེ་བརྒན་ལ་གསེར་རམ་མཚལ་གྱིས་སྔགས་བྱང་བྲིས་པ་དབུས་སུ་བཀོད་པ་ལ་བྷནྡྷ་རྒྱབ་བརྟེན་པའི་ཞལ་ཤར་སྒོར་ཕྱོགས་པར་གཞག་ཅིང་ཐོད་སྐུུ་མ་འབྱོར་ན་སྒྲུབ་ཕུར་ཙམ་ལའང་བརྟེན་དུ་རུང་ངོ༌། །སྒྲུབ་དབང་སོགས་དང་འབྲེལ་ཚེ། རྣམ་རྒྱལ་གྱི་བུམ་པ་ཤར། དབུ་རྒྱན་ལྷོ། རྡོ་རྗེ་ནུབ། དྲིལ་བུ་བྱང་སྟེ་ལྷ་གནས་དང་མཐུན་པར་དགོད་ཅིང༌། ལས་ཐམས་ཅད་པའི་བུམ་པ་སོགས་ཀྱང་དབང་གཞུང་བཞིན་དུ་འདུ་བྱའོ། །དཀྱིལ་འཁོར་གྱི་མཐའ་བསྐོར་ཁྲོ་བོ་བཅུའི་ཕུར་པ་འབྱོར་ན་སྔགས་ཀྱིས་གཟི་བྱིན་བསྐྱེད་དེ་ཕུར་གདན་ལ་བཀོད། གཞན་ཡང་སྲིད་པའི་དྲྭ་བ་གཅོད་ཕྱིར་ཕྱོགས་བཞིར་རལ་གྲི་བཞི། ཡེ་ཤེས་བཞིས་མ་རིག་པ་རྩད་ནས་གཅོད་ཕྱིར་མདའ་དར་མེ་ལོང་དང་བཅས་པ་བཞི་རྣམས་ཕྱོགས་མཚམས་སུ་བཀོད་པ་རིགས་ལྔ་ཡེ་ཤེས་ལྔ་མཚོན་བྱེད་ཚོན་སྐུད་སྣ་ལྔས་དྲྭ་བར་སྦྲེལ། གདུགས། རྒྱལ་མཚན། བ་དན། དར་གྱི་ལྡ་ལྡི་ལ་སོགས་པས་མཛེས་ཤིང་བཀོད་ལེགས་པར་བརྒྱན་ཅིང༌། མཆོད་རྫས་ཀྱི་ཤར་སྒོ་ནས་བཟུང༌། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་སོགས་ཐུན་མོང་གི་


JLAZ010_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ལྔ་དང་། དབང་པོའི་མེ་ཏོག་ལ་སོགས་པའི་ནང་མཆོད། དཔལ་གྱི་བཤོས་བུ་ཤ་ཁྲག་གིས་བརྒྱན་པའི་གཏོར་མ། རྩ་བརྒྱད་ཡན་ལག་སྟོང་ལས་སྦྱར་བའི་སྨན། དཔའ་བོའི་སྙིང་ཁྲག་པདྨ་རཀྟ་ལ་སོགས་པའི་ཚད་ལྡན་གྱིས་རཀྟ་སོ་ལྔ་སྟེ་གསང་སྔགས་བླ་མེད་ཀྱི་ནང་གི་དམ་རྫས་དང། གསང་བ་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་ག་འུའམ་ཟླ་གམ་སྟེ། གཞན་ཡང་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་དང་ཕྱི་ནང་གི་མཆོད་པའི་བྱེ་བྲག་ཅི་འབྱོར་པ་གཙང་ཞིང་དག་པས་མཐའ་བསྐོར་ཞིང་བཀོད་ལེགས་པར་བཤམ་མོ། །སྤྱི་དོན་གཉིས་པ་སྒྲུབ་ཅིང་མཆོད་པའི་རིམ་པ་གསུམ་གྱི། དང་པོ་སྒྲུབ་པ་པོ་རྣམས་གནས་སུ་དགོད་པ་ནི། རྡོ་རྗེ་རྒྱལ་པོ་དབུས་སུ་བཞུགས་པའི་དཀྱིལ་འཁོར་གྱི་ཤར་སྒོ་ནས་བརྩམ་ཏེ་རྡོ་རྗེ་རྒྱལ་ཐེབས། ཕྲིན་ལས་གཞུང་བསྲང་རྡོ་རྗེ་ལས་པ་དང༌། བར་གཅོད་བགེགས་སྒྲོལ་སྤྲུགས་པའི་རྡོ་རྗེ་གིང་མཚམས་པ། དངོས་གྲུབ་བར་ཆད་ཀྱི་དུས་དང་དྲོད་འཛིན་རྡོ་རྗེ་སྤྱན་པ། ཕྲིན་ལས་སྐབས་སྦྱོར་གྱི་དུས་འཛིན་རྡོ་རྗེ་དུས་མཚམས། ཕྱི་ནང་བྱ་བྱེད་ཀྱི་དྲོད་འཛིན་རྡོ་རྗེ་ཕྱག་ཚང་པ་སོགས་སྒྲུབ་པ་ཆེན་པོ་ལ་འདུ་བར་འོས་པའི་མཆེད་ལྕམ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་ནས་བཟུང་སྟེ་རིམ་པར་གྲལ་ཕྱག་དང་བཅས་སྟན་ལ་འདུག་སྟེ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ཏེ་སྤྲོས་བཅས་ཀྱི་བྱད་དུ་བཞུགས་པས་བྱ་ཞིང༌། རྡོ་རྗེ་ཐེག་པའི་དམ་ཚིག་གི་རྟེན་ཅིག་ཤོས་རྡོར་དྲིལ་བྱིན་གྱིས་རློབ་པ་ནི། ཧཱུཾ། ཡེ་ཤེས་འབར་བའི་རྡོ་རྗེ་ཆེ། །ཁྲོ་རྒྱལ་འབར་བའི་ཐབས་ཀྱི་སྐུ། །བདེ་ཆེན་ཡབ་རྣམས་སྐུར་བཞུགས་པས། །


JLAZ010_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པ་མཆོག་གི་ཕྲིན་ལས་མཛད་དུ་གསོལ། །མ་ཧཱ་བཛྲ་ཧཱུཾ་ཞེས་རྡོ་རྗེ་ལན་གསུམ་གསོར། ཧཱུཾ། ཤེས་རབ་ཆེན་པོའི་རང་བཞིན་ནི། །ཆོས་ཉིད་སྟོང་པ་ཆེན་པོའི་སྒྲས། །འཁོར་བའི་བག་ཆགས་ཟིལ་གྱིས་གནོན། །དུས་གསུམ་རྒྱལ་བ་ཀུན་ཀྱང་མཉེས། །མ་ཧཱ་གཎྜེ་ཧོཿཞེས་དྲིལ་བུ་འཁྲོལ་བ་གསུམ་སྟེ་དེ་ཁོ་ན་ཉིད་ངེས་པ་ནི་རྣམ་པ་ཐམས་ཅད་དུ་དྲན་པར་བྱའོ། །གཉིས་པ་སྒྲུབ་པའི་ཕྲིན་ལས་གཞུང་བསྲང་བ་ནི། ལས་གཞུང་གི་སྔོན་འགྲོ་ནས་བཟུང་བསྟོད་པའི་བར་མཐར་ཆགས་སུ་གྱེར་ལ་ཛཔ་ལ་བབ་པ་ན། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿཞེས་པས་ཛཔ་ཁང་ཕྱེ་ལ་བདག་མདུན་རྣམ་པ་གཉིས་སུ་བྱས་ནས་གསལ་བརྟན་གྱི་ངེས་པར་བསྐྱེད་ཅིང་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་ཕྲིན་ལས་ཀྱི་རིམ་པས་ཞི་བར་བསྙེན་པ། ཁྲོ་བོར་སྒྲུབ་པ། ལས་ལ་སྦྱར་བ་སྟེ་རྩ་བའི་ས་ཁོངས་གསུམ་བཟུང་ནས་སྨིན་པར་སློབ་ཚུལ་རྣམ་བཤད་འོག་མིན་བགྲོད་པའི་ཐེམ་སྐས་དང༌། རྩ་བའི་བསྙེན་ཡིག་ལས་གོ་དོན་ལྷོངས་པར་བྱས་ཤིང༌། སྒྲུབ་མཆོད་ཙམ་པོ་ལ་བསྙེན་སྒྲུབ་པས་གསུམ་སྟབས་གཅིག་ཏུ་བསྒྲུབ་པའི་ཚུལ་ནི། ཐུན་བཞིའི་དང་པོར་བསྙེན་སྒྲུབ་གཉིས་ཕྱེད་ཁྱེར། གཉིས་པར་སྒྲུབ་སྔགས། གསུམ་པར་ཁྲོ་བོའི་སྤྱི་སྔགས། བཞི་པར་ཁྲོ་བོའི་སྤྱི་སྔགས་མཐར་ལས་སྦྱོར་དམིགས་གནད་དང་ལྡན་པ་འོས་འཚམ་བཟླའོ། །ལས་སྦྱོར་མ་གཏོགས་པའི་ཐུན་ཐམས་ཅད་ལ་སྟོང་ཚིག་མཆོད་པ་དང༌ལས་སྦྱོར་གྱི་ཐུན་མཐར་དྲང་སྲོང་དམོད་བཟློག་གི་ཐལ་མོ་བརྡེབ་ཅིང་ཐུན་མཚམས་ཐམས་ཅད་དུ་ཟབ་མོ་ཐུགས་ཀྱི་སྒྲུབ་པ་ཧཱུཾ་སྒྲུབ་ལ་འབད་པར་བྱའོ། །དུས་གསུམ་


JLAZ010_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་དྲུག་ཏུ་ཉུལ་ལེ་བསྐྲད་པ་ནི། ཕུར་ཐུན་དང་བཅས་གུ་གུལ་གྱི་དུད་པས་བདུག་ཅིང་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི་རོལ་མོ་དང་བཅས། ཧཱུཾ། ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས། །ཁྲག་མདོག་དམར་པོ་བསེ་ཡི་ལན་ཕྲན་ཅན། །སྤྱན་རྩ་དམར་པོ་ཉི་ཟླ་ལྟར་དུ་འཕྲོ། །སྨིན་མ་གློག་འགྱུ་བར་སྣང་གོ་སྐབས་འབྱེད། །བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུགས། །བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས། །རྔམས་པའི་ལྗགས་འགྲིལ་བསྐལ་བའི་མེ་ཆེན་འབར། །ཨག་ཚོམགས་མེ་འབར་རབ་འབྱམས་སྲིད་པ་བསྲེགས། །བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོགས། །ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས། །སེན་མོ་ལྕགས་ཀྱུའི་རྩེ་ལས་བསྐལ་པའི་མེ་ཆེན་འབར། །བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས། །སྨིན་མ་ལྕགས་ཀྱི་ཁྲོ་བཅུ་ཆར་འབེབས་ཤིང༌། །ཞལ་གྱི་ཕུར་པས་སྲིན་པོ་ལྔ་བརྒྱ་གཟེར། །རལ་བའི་གསེབ་ནས་ཁྲག་གི་ཆར་ཆེན་འབེབས། །ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུངས་མ། །སྲིན་པོའི་སྙིང་འབྱིན་ཆང་པར་བཅུག་ནས་གསོལ། །ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ། །དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་མ་ལུས་སྒྲོལ། །ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ། །ན་བཟའ་དམར་པོ་སྲིན་གྱི་གཡང་


JLAZ010_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་གྱོན། ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱི་གནོན། །དུས་ལ་བབས་ན་སྙིང་ཁྲག་དྲོན་མོ་འཐུངས། །སྲི་ལ་བབས་ན་སྲོག་རྩ་དམར་པོ་གཅོད། །དགྲ་ལ་བབས་ན་དུག་གི་ཁ་ཆུ་འབེབས། །བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག །དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་བྱུང༌། །དམ་ཉམས་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས། །ཕུང་པོ་དུམ་བུར་གཏུབ་ཅིང་དོན་སྙིང་མ་ལུས་བསྲེགས། །གྲུམ་བུ་པ་རྩེ། རཱུ་པ་རྩེ། རྩ་མེ་ཐུན་དན་ཤ་སྟམ་བྷ་ཡཀྵ། བི་ན་ཡ་ག །ཕྱེ་མ་ཕྱེ་མ་རྡུལ་ཕྲན་རྡུལ་ཕྲན། ཙིཏྟ་རྦད། ཅེས་བསྐུལ་ཞིང་ཐུན་གྱིས་བྲབས་ལ་གཟིར་རོ། །བྱིན་འབེབས་ནི། སྒྲུབ་པ་པོ་རྣམས་ལག་ཏུ་མདའ་དར་དང་རོལ་མོ་ཐོགས་ཏེ་དཀྱིལ་འཁོར་ལ་སྐོར་ཞིང་རིག་འཛིན་བརྒྱད་ཀྱི་བྱིན་དབབ་པ་ནི། རོལ་མོ་དབྱངས་ཀྱི་འགྱུར་བ་དང་བཅས། ཧཱུཾ། བསྐལ་པ་སྲིད་པའི་དང་པོ་ལ། །བདག་མེད་རྡོ་རྗེ་ཧེ་རུ་ཀས། །གཟུང་འཛིན་རུ་ཏྲ་བསྒྲལ་བའི་ཚེ། །ཚོགས་བརྒྱད་དག་པའི་དུར་ཁྲོད་བྱུང༌། །ཁོག་པ་གྲུ་བཞི་སྒོ་བཞི་པ། །བདེ་གཤེགས་བཞུགས་པའི་གཞལ་མེད་ཁང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གདན་གསུམ་ངོ་བོར་བྱིན་ཕོབ་ཅིག །ཡུལ་གྱི་མིང་ནི་འཛམ་བུའི་གླིང༌། །ཤར་ཕྱོགས་དུར་ཁྲོད་བསིལ་བའི་ཚལ། །རཱུ་ཏྲའི་སྙིང་དང་ཞིང་སྐྱོང་ནི། །གླང་མགོ་དཀར་པོ་གྲི་ཐོད་འཛིན། །ཕྱོགས་སྐྱོང་


JLAZ010_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་རྡོ་རྗེ་ཅན། །ཀླུ་དབང་མཐའ་ཡས་སྦྲུལ་མགོ་གདེངས། །ཆུ་སྤྲིན་དཀར་ལ་ལྗོན་ཤིང་སེར། །གནས་མ་ཆེན་མོ་ཀེའུ་རཱི་མ། །མཆོད་རྟེན་བདེ་བྱེད་བརྩེགས་པ་ནས། །ཡང་དག་གྲུབ་པའི་རིག་འཛིན་ནི། །ཧཱུཾ་ཆེན་ཀཱ་རས་བྱིན་ཕོབ་ཅིག །ཧཱུཾ། ལྷོ་ཕྱོགས་དུར་ཁྲོད་ཁུ་ཕྱུག་ཚལ། །རཱུ་ཏྲའི་ལག་གཡས་ཞིང་སྐྱོང་ནི། །མ་ཧེའི་གདོང་ཅན་སྦྲུལ་ཞགས་བསྣམས། །ཕྱོགས་སྐྱོང་གཤིན་རྗེ་བེ་ཅོན་ཅན། །ཀླུ་དབང་འཇོག་པོ་སྤྲིན་སྔོ་སྐྱ། །ཆུ་ཀླུང་རླབས་ཅན་ལྗོན་ཤིང་ལྗང༌། །གནས་མ་ཆེན་མོ་ཙཽ་རཱི་མ། །མཆོད་རྟེན་རིན་ཆེན་འོད་འཕྲོ་ནས། །འཇམ་དཔལ་གྲུབ་པའི་རིག་འཛིན་ནི། །མཉྫུ་མི་ཏྲས་བྱིན་ཕོབ་ཅིག །ཧཱུཾ། ནུབ་ཕྱོགས་དུར་ཁྲོད་པདྨ་བརྩེགས། །རཱུ་ཏྲའི་མཚན་མ་ཞིང་སྐྱོང་ནི། །ཆུ་སྲིན་གདོང་ཅན་ལ་ལི་ཧ། །ཕྱོགས་སྐྱོང་ཆུ་ལྷ་ཀླུ་དུང་སྐྱོང༌། །སྤྲིན་ཆེན་སྒྲ་སྒྲོགས་ཆུ་ཤིང་དམར། །གནས་མ་ཆེན་མོ་པྲ་མོ་ཧ། །མཆོད་རྟེན་གཟི་འོད་འབར་བ་ནས། །རྟ་མགྲིན་གྲུབ་པའི་རིག་འཛིན་ནི། །ཀླུ་སྒྲུབ་སྙིང་པོས་བྱིན་ཕོབ་ཅིག །ཧཱུཾ། བྱང་ཕྱོགས་དུར་ཁྲོད་ལངྐ་བརྩེགས། །རཱུ་ཏྲའི་རྐང་གཡོན་ཞིང་སྐྱོང་ནི། །རྟ་གདོང་དུད་ཁ་ཆུང་མར་བཅས། །ཕྱོགས་སྐྱོང་གནོད་སྦྱིན་ཀླུ་སྟོབས་རྒྱུ། །ཆུ་ཀླུང་མྱོས་དང་སྤྲིན་ལྗང་འཁྲུགས། །ལྗོན་ཤིང་ཨ་སུ་ཏ་ན་མཛེས། །གནས་མ་ཆེན་མོ་བེ་ཏ་


JLAZ010_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ལཱི། །མཆོད་རྟེན་རང་བྱུང་བདེ་ཆེན་ནས། །ཕུར་པ་གྲུབ་པའི་རིག་འཛིན་ནི། །པྲ་བྷ་ཧ་སྟིས་བྱིན་ཕོབ་ཅིག །ཧཱུཾ། ཤར་ལྷོ་དུར་ཁྲོད་ལྷུན་གྲུབ་བརྩེགས། །རཱུ་ཏྲའི་ནང་ཁྲོལ་ཞིང་སྐྱོང་ནི། །ར་གདོང་ཕྱོགས་སྐྱོང་མེ་ལྷ་སེར། །ཀླུ་ཆེན་པདྨ་ནོར་བུ་འཛིན། །ཆུ་ཀླུང་དུར་བྱེད་སྤྲིན་དམར་སེར། །ལྗོན་ཤིང་ཁྲོ་བོ་གེལ་པའི་སྟབས། །གནས་མ་ཆེན་མོ་པུཀྐ་སཱི། །མཆོད་རྟེན་ཀེའུ་ཏི་ཤན་ནས། །མ་མོ་གྲུབ་པའི་རིག་འཛིན་ནི། །དྷ་ན་སཾ་སྐྲྀས་བྱིན་ཕོབ་ཅིག །ཧཱུཾ། ལྷོ་ནུབ་དུར་ཁྲོད་མ་ཧཱ་གུ་ཧྱ། །རཱུ་ཏྲའི་མགོ་བོ་ཞིང་སྐྱོང་ནི། །ཁ་དོག་སྔོན་པོ་མི་ལ་ཞོན། །ཕྱོགས་སྐྱོང་འབོད་སྒྲོག་ཀླུ་པད་ཆེན། །སྤྲིན་སེར་ག་ན་ཆུ་རླུང་དམར། །ལྗོན་ཤིང་ཤཱིནྟཾ་ཨུ་པ་ལ། །གནས་མ་ཆེན་མོ་གསྨ་རཱི། །མཆོད་རྟེན་ཆེན་པོ་ཀ་ནི་ནས། །ཡོན་ཏན་གྲུབ་པའི་རིག་འཛིན་ནི། །བི་མ་མི་ཏྲས་བྱིན་ཕོབ་ཅིག །ཧཱུཾ། ནུབ་བྱང་དུར་ཁྲོད་ཧེ་ཆེན་པོ། །རཱུ་ཏྲའི་ལག་གཡོན་ཞིང་སྐྱོང་ནི། །ཤ་བའི་གདོང་ཅན་འཕྱེ་པོའི་ཚུལ། །ཕྱོགས་སྐྱོང་རླུང་ལྷ་ཀླུ་ནོར་རྒྱས། །སྤྲིན་ཆེན་ཆར་འབེབས་ཆུ་ཀླུང་ནག །ལྗོན་ཤིང་ཛ་ལ་ནག་པོ་ལ། །གནས་མ་དུར་ཁྲོད་བདག་མོ་གནས། །མཆོད་རྟེན་རང་བྱུང་ཀུ་མ་ནས། །མཆོད་བསྟོད་གྲུབ་པའི་རིག་འཛིན་ནི། །གུ་ཧྱ་ཙཎྜས་བྱིན་ཕོབ་ཅིག །ཧཱུཾ། བྱང་ཤར་དུར་ཁྲོད་ལོ་ཀ་ནས། །རཱུ་ཏྲའི་རྐང་གཡས་ཞིང་སྐྱོང་


JLAZ010_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཅེ་སྤྱང་གདོང་ཅན་རྩེ་གསུམ་འཆང༌། །ཕྱོགས་སྐྱོང་དབང་ལྡན་ཀླུ་རིགས་ལྡན། །ཆུ་ཀླུང་ནག་པོ་སྤྲིན་ཉ་ཅན། །ལྗོན་ཤིང་ཧ་ལ་ཀཱ་ལ་ལ། །གནས་མ་ཆེན་པོ་ཙཎྜ་ལཱི། །མཆོད་རྟེན་གོ་མ་སཱ་ལ་ནས། །དྲག་སྔགས་གྲུབ་པའི་རིག་འཛིན་ནི། །ཤཱནྟིཾ་གར་བྷས་བྱིན་ཕོབ་ཅིག །ཅེས་ཛབ་དབྱངས་བཟླ་བ་དང་བཅས་བྱིན་དབབ་པར་བྱའོ། །སྒྲུབ་ཆེན་གྱི་ཚེ་ཕྱག་རྒྱ་རྒྱས་པའི་མངོན་རྟོགས་དུས་གསུམ་མམ་བཞིར་བྱེད་ཅིང། བདུད་རྩི་སྨན་གྱི་སྒྲུབ་པ་ལ་ནི། སྔ་ཐུན་དང་པོ་ལ་རྩ་བའི་སྒྲུབ་གཞུང་བསྲང་སྟེ་བདག་བསྐྱེད་ཀྱི་བཟླས་པ་ཅི་ནུས་པས་བདག་རང་བཞིན་གྱི་དཀྱིལ་འཁོར་བསྒྲུབས་པའི་མཇུག་ཕྱག་རྒྱ་རྒྱས་པའི་མངོན་རྟོགས་གཞུང་བསྲང་སྟེ་མདུན་རྟེན་གྱི་ལྟེ་བ་ཞལ་བསྒྱུར་ནས་དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད་ལྡན་གྱི་བརྟེན་པ་སྒྲ་ཇི་བཞིན་པར་གསལ་བཏབ་ནས་རྒྱ་དར་ཀྱི་བཟླས་པ་བྱ་བ་ཉིད་དོ། །གང་གི་ཚེ་ཡང་ཐུན་མཐར་སྤྲོ་ན་ལྷ་མོ་བཅུ་དྲུག་གིས་མཆོད་ཅིང་བསྟོད་པ་མདོར་བསྡུས་དང་ཡི་གེ་བརྒྱ་པར་ཉེས་བྱས་བཤགས། ཚོགས་ཀྱི་འཁོར་ལོ་དུས་གསུམ་མམ་བཞིར་བསྐོར་བའི་ལྷག་མ་དཀྱིལ་འཁོར་གྱི་བྱང་ཤར་དུ་བཙོན་དུ་བཟུང༌། སྲོད་ཐུན་གྱི་མཐར་ཆོས་སྲུང་སྤྱི་བྱེ་བྲག་གི་བསྐང་གསོ་དང་ཆད་ཐོ་བསྟན་སྐྱོང་སོགས་མཇུག་ཆོག་རྣམས་དཀྱུས་བཞིན་ལ་ཉལ་བའི་རྣལ་འབྱོར་ཀྱི་ཚེ་བདག་ཉིད་གཉུག་མའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དུང་ཁྲག་འཛིན་པའི་ཐུགས་ཀར་ཉི་ཟླའི་སྟེང་ཐུགས་སྲོག་ཧཱུཾ་གིས་མཚན་པ་ལ་རིག་པ་གཏད་དེ་དེ་ཉིད་བཟླ་བཞིན་པར་ཉལ་ལོ། །གསུམ་པ་དངོས་གྲུབ་བླང་བ་ནི། ནངས་པར་སྒྲུབ་པ་ཐོན་པའི་ཚེ་རྩ་བའི་


JLAZ010_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་ཅི་རིགས་པ་ཐོན་རྗེས་ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྐོར་ཞིང་དངོས་གྲུབ་བསྐུལ་པའི་དོན་དུ་ཐུགས་དམ་བསྐུལ་ཞིང་རྩ་སྔགས་མཐར། དྷརྨཱ་ཀཱ་ཡ། སམྦྷོ་ཀཱ་ཡ། ནིརྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕཱ་ལ་ཧཱུཾ་ཞེས་བརྒྱའམ་ཉེར་གཅིག་བཟླས་ལ། ཉུལ་ལེ་བསྐྲད། རིག་འཛིན་གྱི་བྱིན་འབེབས་ལ་སྒྲུབ་རྫས་རྣམས་བཏེགས་ཏེ་ལས་གཞུང་གི་དངོས་གྲུབ་བླང་བའི་ཚིག་གིས་སྒྲུབ་རྫས་གནས་གསུམ་དུ་གཏུགས་ཤིང་མྱོང༌། གཏང་རག་མཆོད་བསྟོད་བྱས་ལ་དངོས་གྲུབ་ཀྱི་རྫས་དང་ཚོགས་ཀྱི་འཁོར་ལོ་ལ་རོལ། སྤྲོ་ན་དེའི་མལ་དུ་བདག་འཇུག་ལེན་ཆོག་དབང་དོན་རྒྱ་མཚོས་དབང་བསྐུར་བདག་འཇུག་བླངས་པའི་མཐར་དངོས་གྲུབ་བླང་ངོ་། །གཞན་དོན་དུ་དབང་བསྐུར་བྱེད་ནའང་སྐབས་འདིར་བྱའོ། །དེ་ནས་བསྒྲུབ་པའི་དཀྱིལ་འཁོར་གྱི་ལྷ་རྣམས་སྦྱིན་སྲེག་གིས་ཞལ་བསྲོ་བ་ནི་སྒྲུབ་ཁང་གི་ཕྱི་རོལ་ལྷོ་ཕྱོགས་སམ། དཀྱིལ་འཁོར་གྱི་མདུན་ངོས་སུ་རྒྱས་པའི་སྲེག་བླུགས་ཀྱི་ཐབ་ཏུ་དཀྱིལ་འཁོར་གྱི་ལྷ་རྣམས་མཚོན་པ་མེ་ཏོག་གི་ཚོམ་བུའམ་དབུ་རྒྱན་གྱི་རྣམ་པས་སྤྱན་དྲངས་པ་དཀྱིལ་འཁོར་གྱི་བདག་པོ་ལ་གཡས་སུ་བསྐོར་བ་དེ་ཉིད་ཀྱིས་བླངས་ཏེ་ཐབ་ཏུ་མེ་ཏོག་ཅུང་ཟད་དོར་ལ་གཞུང་བཞིན་ལྷ་རྣམས་གསལ་བཏབ་སྟེ་སྦྱིན་སྲེག་གི་མཆོད་འབུལ་དང་དངོས་གྲུབ་བླང་པའི་རྫས་དང་གཏོར་མ་ནས་ཀྱང་ཅུང་ཟད་འབུལ། སླར་ཡང་དཀྱིལ་འཁོར་གྱི་ལྷ་རྣམས་མཚོན་བྱེད་ཀྱི་སྤྱན་དྲངས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བསྟིམ་སྟེ་ཇི་སྲིད་མ་བསྡུས་ཀྱི་བར་དུ་མཆོད་པས་སྲི་ཞུར་བྱའོ། །གལ་ཏེ་བསྙེན་པའི་ཁ་སྐོང་ལ་སོགས་པའི་དོན་དུ་སྦྱིན་བསྲེག་བྱ་བར་སྤྲོ་ན་ཞི་བའི་ཐབ་ཏུ་སྲེག་རྫས་རྣམས་རྩ་


JLAZ010_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འབའ་ཞིག་གིས་འབུལ་བ་ཁྱད་པར་རོ། །དེ་ནས་ཆོས་སྐྱོང་གི་གཏང་རག་དང་སྔར་བཙོན་དུ་བཟུང་བའི་ལྷག་མ་དང་སྒྲུབ་པ་པོ་རྣམས་ཀྱིས་རོལ་པའི་ལྷག་མ་བསྡུས་ཏེ་དྲག་ཤུལ་གྱི་ལས་ལ་ཤིས་པར་འདོད་ན་དམེ་ལྷག་སྟེང་དང་བཀྲ་ཤིས་པར་འདོད་ན་གཙང་ལྷག་སྟེང་དུ་བསྣན་པ་རྡོ་རྗེ་སློབ་དཔོན་གྱི་ཁ་ཕྲུས་བཏབ་ཅིང་སྨན་རག་ཀྱང་བྲན་ཏེ་ཨ་ཀཱ་རོ་སོགས་ཀྱིས་བསྔོས་ཤིང་ཕྲིན་ལས་བཅོལ་ཏེ་རྒྱལ་ཐོའི་ཕྱི་རོལ་དུ་དོར། ཆོས་སྐྱོང་གི་གཏོར་མ་ཐོག་སྟེང་སོགས་གཙང་སར་གཤེགས། ཆོ་གའི་མཇུག་ཆོག་རྣམས་དཀྱུས་བཞིན་ལ་བཀྲ་ཤིས་སྨོན་ལམ་གྱིས་མཐའ་རྒྱས་སུ་བྱའོ། །དེ་ནས་ཁྱད་པར་གྱི་ལས་མཇུག་བསྡུ་བ་ནི། རྒྱལ་ཆེན་ལ་གཏང་རག་གཏོང་སྟེ་ཕྱི་ནང་གི་ཐོ་རྣམས་འགྲོལ་ཤིང་གཤེགས་བསྡུ་བྱ། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་དེ་བཟོད་པར་གསོལ་ལ་ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད༌ཅེས་སོགས་དང༌བཛྲ་མུཾ་གྱིས་རང་བཞིན་ཡི་ཤེས་ཀྱི་དཀྱིལ་འཁོར་གཤེགས། རས་བྲིས་ཡིན་ན་བརྟན་བཞུགས་བྱ། ཐོད་སྐུ་ལ་སོགས་པའི་སྒྲུབ་རྫས་དང་རྒྱན་བསྡུས་ཏེ་དབེན་པར་འཇོག །ཨ་ཀཱ་རོའི་སྔགས་བརྗོད་ཅིང་ལག་གཡས་རྡོ་རྗེ་དང་བཅས་པས་དབང་ལྡན་ནས་བཟུང་རྡུལ་ཚོན་ཕྱགས་ལ་དམ་ཚིག་གི་དཀྱིལ་འཁོར་སྙིང་ཁའི་ཐིག་ལེར་འདུས་པར་བསམ། ཕུར་བུ་ཕྱུང་བའི་ཕུར་རྩེ་འོ་མས་བཀྲུ་ཞིང་


JLAZ010_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཤུལ་དུ་རིན་པོའི་གཏེར་གཞུག །རྡུལ་ཚོན་རྣམས་ལས་ཅུང་ཟད་ཕྲིན་ལས་གྱི་དོན་དུའང་བཟུང་ཞིང་བྱིངས་རྣམས་རིན་པོ་ཆེའམ་རྫའི་བུམ་པར་བླུགས་ལ་གཏོར་མ་དང་ལྷན་ཅིག་གཏེར་དུ་སྦ་བའམ་ཡང་ན་དབུ་རྒྱན་བསྐོན་ཏེ་མཆོད་རྫས་ཀྱིས་སྣ་དྲངས་ལ་ཆུ་ཀླུང་ཆེན་པོར་དོར་བའི་སྣོད་ཆུས་བཀང་སྟེ་ནང་དུ་ལོག་ནས་བསངས་གཏོར་བྱ། སླར་ཡང་རྡོ་རྗེའི་གླུ་གར་སོགས་དགའ་སྟོན་གྱི་མཐའ་རྒྱས་སུ་བྱའོ། །རྒྱ་རོང་སྐུ་སྐྱེའི་གསུངས་ནན་མ་ལྡོག་པས། །རྒ་བར་ནོད་ཀྱང་ཀླད་ཀྱི་དོན་སྨོས་ནས། །ཀུན་ཏུ་སྦྱོར་བ་དཔོན་པོ་འོད་ཟེར་ལ། །རྗེས་སུ་གནང་ནས་དཔྱད་གསུམ་དག་པས་བསྒྲུབས། །དགེའོ། །དགེའོ། །དགེའོ།། །།


previousདཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས། སྒྲུབས་པའི་ཁོག་འབུབས་རིན་པོ་ཆེའི་ཟ་མ་ཏོགnext