Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་སྙིང་བཀའ་འདུས་རྒྱ་མཚོ་ལསཿ བདག་འཇུག་དབང་དོན་རྒྱ་མཚོ།


 
previousཀློང་སྙིང་བཀའ་འདུས་རྒྱ་མཚོ་ལསཿ བདག་འཇུག་དབང་དོན་རྒྱ་མཚོ།no next

ཀློང་སྙིང་བཀའ་འདུས་རྒྱ་མཚོ་ལསཿ བདག་འཇུག་དབང་དོན་རྒྱ་མཚོ།


JLAZ010_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཀློང་སྙིང་བཀའ་འདུས་རྒྱ་མཚོ་ལསཿ བདག་འཇུག་དབང་དོན་རྒྱ་མཚོ་བཞུགསཿ


JLAZ010_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་ཡེ་ཤེས་བདག་ཉིད་ཅནཿ མངོན་པར་བྱང་ཆུབ་བླ་མ་ནིཿ ཅིང་ཡང་སྤྲུལ་བའི་ཡི་དམ་ལྷཿ ཁྲག་འཐུང་འདུས་པའི་ལྷ་ལ་འདུདཿ འདིར་དཔལ་ཆེན་བཀའ་འདུས་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་བསྐུར་བདག་འཇུག་བླང་བའི་ཆོ་ག་དབང་དོན་རྒྱ་མཚོ་ཞེས་བྱ་བ་ལཿ སྦྱོར་དངོས་རྗེས་གསུམ་ལསཿ དང་པོ་ནིཿ ས་ཆོག་ནས་བཟུང་དཀྱིལ་འཁོར་འདུ་བྱ་བའི་ལས་རིམ་དབང་གི་སྤྱི་དོན་ལྟར་རོཿ གཉིས་པ་དངོས་གཞི་ལ་གཉིསཿ དཀྱིལ་འཁོར་བསྒྲུབ་མཆོད་དངཿ བདག་འཇུག་གི་ཆོ་གའོཿ དང་པོ་ནི་གང་དུ་འཇུག་བྱ་སོ་སོའི་སྒོས་སྒྲུབ་ལྟར་བསྐྱེད་རིམ་གྱི་གོ་དོན་ལྷོངས་སུ་གྱུར་པ་དག་གིས་བདག་མདུན་བུམ་གསུམ་ཆོ་ག་གཅིག་གིས་བསྒྲུབ་ཀྱང་རུང་བ་སྔོན་གྱི་བླ་མ་དངོས་གྲུབ་རྙེད་པ་དག་གིས་ཕྱག་བཞེས་ཡིན་ལཿ ན་ཚོད་ཡོལ་ཡང་བྱིས་པའི་རྣམ་རིག་ཅན་རྣམས་


JLAZ010_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལས་དང་པོ་བ་ཡིན་པས་བདག་མདུན་བུམ་གསུམ་གྱི་རྣམ་དབྱེ་ཕྱེད་པའམ་མེད་ན་བསྐྱེད་རིམ་ལ་གོམས་བརྟན་གྱི་དངོས་དོན་ལ་ཇི་ལྟར་འབྱེདཿ དེ་བས་ན་ཆོས་ལ་དབང་ཟབ་སྤངས་ཏེཿ སྒྲུབ་གཞུང་བཞིན་དུ་བདག་བསྐྱེད་བཟླས་པ་དང་བཅས་པའི་མཐར་མཆོད་བསྟོད་དངཿ དེ་ནས་མདུན་བསྐྱེད་བསྒྲུབ་པའི་མཆོད་པ་གསོས་ལཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ སོགས་ཀྱི་རྒྱུན་གཤགས་ལན་གསུམཿ བྱིན་འབེབས་དང་མཆོད་པ་བྱིན་རློབ་གཞུང་ལྟར་ལཿ མདུན་རྟེན་ཤུནྱ་ཏཱས་སྦྱངསཿ རང་བྱུང་རིག་པ་བདག་མེད་དེ་བཞིན་ཉིདཿ སོགས་ནས་བཟླས་པ་ཅི་ནུས་བྱའོཿ དེ་ལྟར་ནའང་འཇམ་དཔལ་སྐུ་ནི་ཡོངས་གྲུབ་ཀྱི་བསྐྱེད་རིམ་དངཿ ཕུར་བ་འཕྲིན་ལས་ལའང་རང་སའི་སྒོས་ཆོས་ཀྱི་ཏིང་འཛིན་རྣམ་གསུམ་དང་ལྡན་པས་དེ་གཉིས་རང་གཞུང་ལྟར་རོཿ དེ་ནས་


JLAZ010_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་སྒྲུབ་ལ་རྣམ་བུམ་དངཿ ལས་བུམ་སྒྲུབ་པ་གཉིས་ལས་དང་པོ་ནིཿ ཤུ་ནྱ་ཏཱས་སྦྱངསཿ སྟོང་བའི་ངང་ལས་བུམ་གདན་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བྷྲཱུཾ་ཡིག་ཡོངས་སུ་གྱུར་པ་ལས་འོད་སྣང་རིན་པོ་ཆེ་ལས་གྲུབ་པའི་བཀྲ་ཤིས་རྣམ་རྒྱལ་གྱི་བུམ་པ་ལྟོ་བ་ཟླུམ་ལ་ཞབས་ཞུམ་པཿ མགྲིན་པ་རིང་ལཿ ཁ་གཡེལ་བའི་མདུན་ངོས་ནས་མཆུ་འཕྱང་བཿ ལྷ་རྫས་ལས་གྲུབ་པའི་པཉྩ་ལི་ཀའི་མགུལ་ཆིངས་སྲོག་གསུམ་དང་ལྡན་པཿ བྱང་ཆུབ་ལྗོན་པའི་ཁ་རྒྱན་ཅནཿ ནང་ཆོས་སྐུའི་རང་བཞིན་ཡངས་ཤིང་མཐའ་མི་མངོན་པའི་གཟུགས་སྐུ་གཉིས་ཀྱི་ཆ་བཅུད་སོ་ལྔས་གཏམས་པཿ ཕྱི་བུམ་པའི་རྣམ་པ་ལ་ནང་ཡེ་ཤེས་ཀྱི་གཞལ་མེད་ཁང་རྣམ་པར་ཐར་པའི་སྒོ་གསུམ་གྱི་བདག་ཉིད་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བརྡ་དོན་རྟགས་གསུམ་ཡོངས་སུ་རྫོགས་པའི་ཕོ་བྲང་ཆེན་པོར་མདུན་བསྐྱེད་ཇི་ལྟ་བའི་ལྷ་ཚོགས་གསལ་ལ་མ་འདྲེས་ཤིངཿ སྣང་ལ་རང་བཞིན་མ་གྲུབ་པར་བཞུགས་པའི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ སྤྱན་འདྲེན་ནིཿ ཧཱུཾ། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུཿ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱངཿ ཐུགས་རྗེའི་ངང་ཉིད་ཆོས་སྐུའི་རོལ་པ་ལསཿ ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལཿ ཨེ་ཧྱ་


JLAZ010_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ཛཿ ཧཱུཾ་བཾ་ཧོཿ ས་བསྟིམཿ མཆོད་པ་ནིཿ ཧཱུཾ་དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་བའིཿ སོགས་མཐར་རཱུ་པ་ནས་པརྴེའི་བར་དངཿ སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དྷརྨཱ་དྷཱརྟུ་པཱུ་ཛ་ཧོཿ བསྟོད་པ་ནིཿ ཧཱུཾ། རྡོ་རྗེ་གླུ་མའི་ལས་ཀྱི་ཕྱག་རྒྱ་ཡིསཿ དབྱངས་ཀྱིས་ཡན་ལག་ཆོས་ཀྱི་ཕྱག་རྒྱའི་སྤྲིནཿ རིགས་ལྔའི་དམ་ཚིག་ཕྱག་རྒྱ་ལ་སྦྱར་ནསཿ ལྷར་སྣང་ཕྱག་རྒྱ་ཆེན་པོར་བསྟོད་པར་བགྱིཿ བཟླས་པ་ནིཿ གཟུངས་ཐག་ལ་འཇུས་ནསཿ བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་འོད་ཀྱི་སྦུ་གུ་ཅན་ལ་འཁྲིལ་ཏེ་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལཿ བདེ་སྟོང་གི་ཡེ་ཤེས་བདུད་རྩིའི་རང་བཞིན་དུ་བབས་པས་བུམ་པ་གང་བར་བསམ་ཞིངཿ རྩ་སྔགས་ལ་དབྱངས་གསལ་སྦྲེལ་བ་བཟླཿ མཐར་བདག་མདུན་བུམ་སོགས་གསུམ་ཀའི་དཀྱིལ་འཁོར་ལ་དམིགས་ནས་མཆོད་ཕྲེང་རྒྱས་པ་དངཿ བསྟོད་པའི་རྗེས་ཡིག་བརྒྱས་ནོངས་པ་བཤགསཿ དུང་ཆོས་ཕུལ་ལཿ ཨོཾ་ཨཱཿ ཧཱུཾ་བུམ་པའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུརཿ ཅེས་བརྗོདཿ གཉིས་པ་ལས་བུམ་སྒྲུབ་པ་ནིཿ སྭབྷ་ཝཱས་སྦྱངསཿ སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་རྫོགས་པ་བཅུད་ཀྱིས་གཏམས་པའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་གདན་ལ་ཧཱུཾ་


JLAZ010_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཁྲོ་ཆེན་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་ནག་མི་བཟད་པའི་ཉམས་ཅནཿ ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་སྡིགས་མཛུབཿ ཞབས་གཉིས་དོར་ཐབས་སུ་བཞུགས་པའི་སྤྱི་བོར་ཨོཾཿ མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངསཿ ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུརཿ ཨརྒྷཾ་སོགས་ཀྱིས་མཆོདཿ བསྟོད་པར་འོས་པས་བསྟོདཿ ཐུགས་ཀར་ཉི་དཀྱིལ་ཧཱུཾ་གི་མཐར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་མེ་སྟག་ལྟ་བུ་འཕྲོས་པས་གདོན་བགེགས་དང་སྡིག་སྒྲིབས་ཐམས་ཅད་བསྲེགསཿ བདུད་རྩིའི་རྒྱུན་བབས་པར་བུམ་པ་གང་བར་གྱུརཿ ཨོཾ་བཛྲ་ཨ་མྲྀ་ཏ་སོགས་ཅི་ནུས་བཟླཿ མཐར་དུང་ཆོས་འབུལ་ལཿ ཨོཾ་ཨཱཿ ཧཱུཾ་བུམ་ལྷ་བདེ་སྟོང་གི་ངོ་བོར་ཞུ་བ་ཁྲོ་བོའི་རྡུལ་ཕྲན་ཕྲ་རབ་ཏུ་གྱུར་པར་བསམ་མོཿ གཉིས་པ་ལ་བདག་འཇུག་དང་དབང་བླང་བ་གཉིས་ལསཿ དང་པོ་ནིཿ གཞི་རྒྱུད་བདེ་གཤེགས་སྙིང་པོ་གདོད་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་འཇུག་ཅིང་དབང་བླངས་བའི་ཡུལ་དངཿ རྣམ་སྨིན་གྱི་རྟེན་ཕུང་ཁམས་ཚོགས་བརྒྱད་ཀྱིས་བསྡུས་པའི་བག་ཆགས་གློ་བུར་བ་སྦྱང་གཞི་སློབ་བུའི་ཚུལ་དུ་ཤེས་པར་བྱས་ནསཿ ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱཿ ཕྱི་རོལ་པ་ལ་གཏོར་མ་བྱིན་ནས་བསྐྲདཿ བསྲུང་འཁོར་སྒོམཿ ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱཿ ཞེས་མིག་དར་འཆིངཿ ཨ་ཁཾ་ཝཱི་ར་ཧཱུཾཿ ཞེས་མེ་ཏོག་བཟུང་ལ་གསོལ་གདབ་ནིཿ ཨེ་


JLAZ010_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧོ་བདེ་གཤེགས་སྙིང་པོ་ལསཿ གློ་བུར་འཁྲུལ་པས་བཅིངས་པ་བདགཿ ཚོགས་བརྒྱད་སྲིད་མཚོ་ལས་བསྒྲལ་ཕྱིརཿ རང་བྱུང་དཀྱིལ་འཁོར་བསྟན་དུ་གསོལཿ ལན་གསུམཿ བླངས་ཡུལ་གྱིསཿ བླ་ན་མེད་པའི་དཀྱིལ་འཁོར་ནིཿ དམ་ཚིག་རྒྱ་མཚོའི་གནས་ཡིན་ཏེཿ བསྲུང་ན་ཚེ་འདིར་དངོས་གྲུབ་ཐོབཿ ཉམས་ན་རྡོ་རྗེ་དམྱལ་བར་བསྲེགཿ ལན་དུཿ ལྷ་དང་བླ་མར་གུས་པས་བདགཿ སྲོག་ལ་བབས་ཀྱང་དམ་ཚིག་བསྲུངཿ སོ་ཐར་བྱང་སེམས་རིག་འཛིན་གྱིཿ སྡོམ་པས་བདག་རྒྱུད་དག་པར་སྩོལཿ ལན་གསུམཿ རྒྱུན་བཤགས་ནིཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ སོགས་ལན་གསུམཿ དེ་ནས་སྡོམ་པ་བཟུང་བ་ནིཿ དུས་གསུམ་དུས་མེད་སྟོན་པ་ཀུནཿ རྡོ་རྗེའི་ཆོ་ག་འདི་མཁྱེན་ནསཿ གོ་འཕང་མཆོག་ལ་བཞུགས་པའི་ཕྱིརཿ སྐྱབས་ཀྱི་མཆོག་ཏུ་དཀོན་མཆོག་འཛིནཿ རང་གིས་ཉེས་སྤྱོད་སྡོམ་བྱེད་ཅིངཿ གཞན་གནོད་གཞི་དང་བཅས་པ་སྤོངཿ སྨོན་དང་འཇུག་པའི་སེམས་གཉིས་བསྐྱེདཿ ཕྱིན་དྲུག་ལ་སྤྱོད་དགེ་ཆོས་སྡུདཿ རྟག་ཏུ་གཞན་ལ་ཕན་པ་སྒྲུབཿ མ་བསྒྲལ་བསྒྲལ་ཞིང་མ་གྲོལ་དགྲོལཿ དབུགས་མ་ཕྱིན་པ་དབུགས་དབྱུང་ཞིངཿ སེམས་ཅན་བྱང་གྲོལ་གནས་ལ་དགོདཿ ལྷ་ཡི་ཕྱག་རྒྱ་འགོད་པ་དངཿ བླ་མའི་བཞོན་པ་བརྙས་སོགས་སྤོངཿ ལྷ་དང་ལྷ་མིན་གསང་བ་


JLAZ010_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

པཿ བསྟན་པ་སྐྱོང་ལ་མཆོད་བྱེད་ཅིངཿ བྱང་ཆུབ་རྡོ་རྗེ་འབྲལ་མི་བྱཿ མདོར་ན་དེ་ཡིས་གང་བསྒྲགས་པཿ བྱང་ཆུབ་བར་དུ་གཅེས་པར་གཟུངཿ ལན་གསུམཿ དེ་ནས་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་ནིཿ བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱའོ་སྙམ་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད་སྙིང་ཁར་ཟླ་བ་ཉ་གང་བར་གྱུར་བའི་སྟེངཿ དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྩེ་ལྔ་པའི་རྣམ་པར་ཤར་བ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོ་བར་བསམས་ལཿ རྡོ་རྗེ་སྙིང་ཁར་བཟུང་སྟེཿ ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མིཿ ལན་གསུམ་བརྗོདཿ དེ་ནས་དམ་བཞག་ནིཿ ནང་མཆོད་ལྕེ་ཐོག་ཏུ་བླངས་ལཿ འདི་ནི་རྡོ་རྗེ་དམ་ཚིག་ཆུཿ ཉམས་ན་སྙིང་ཁྲག་སྡིག་པས་འཐུངསཿ བདེ་ལེགས་ཡོན་ཏན་ཐམས་ཅད་འགྲིབཿ བསྲུང་ན་ཡེ་ཤེས་སེམས་དཔར་གྱུརཿ ཚེ་འདིར་མཆོག་གི་དངོས་གྲུབ་སྟེརཿ ས་མ་ཡ་ཨི་དན་ན་རཀྐནཿ དེ་ནས་ལྷ་དང་སྐལ་བ་མཉམ་པའི་ཕྱིར་ཕྱི་ལྟར་འཇུག་པ་ནིཿ ཧོཿ སྲིད་ཞིར་མི་གནས་ཕོ་བྲང་ཆེརཿ འཇུག་པའི་སྒོ་ནི་ཚད་མེད་བཞིཿ རྣམ་པར་ཕྱེ་ལ་ཡེ་ཤེས་ཀྱིཿ དཀྱིལ་འཁོར་ཆེན་པོར་བདག་འཇུག་འཚལཿ ལན་གསུམཿ བྱང་ཆུབ་རྡོ་རྗེསཿ ཨ་ཁཾ་ཝཱི་ར་ཧཱུཾཿ ཞེས་ཤར་སྒོ་ནས་རིམ་པར་ཁྲིད་པར་མོས་ལཿ སྒོ་སོ་སོར་སྐུ་གསུང་ཐུགས་ཕྱག་བྱ་བ་ནིཿ ཐལ་མོ་


JLAZ010_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་དུ་སྦྱར་བ་དང་བསྟུན་ནསཿ ཨོཾ་ན་མ་ཏེ་ཧཱུཾཿ ཨོཾ་ན་མ་མེ་ཧཱུཾཿ ཨོཾ་ན་མོ་ན་མ་ཧཱུཾཿ ལན་བཞི་བརྗོདཿ དེ་ནས་ནང་འཇུག་ནིཿ དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་མ་བརྒྱད་ལ་འཁོད་པསཿ གཙོ་བོའི་ཐུགས་ཀ་ནས་འོད་ཟེར་བྱུངཿ རང་གི་རྣམ་སྨིན་གྱི་ལུས་རྟེན་སྦྱངསཿ རྣམ་པར་ཤེས་པ་ཧཱུཾ་ཡིག་ཏུ་གྱུར་པ་ཡབ་ཀྱི་ཞལ་ནས་དྲངསཿ ཡབ་ཡུམ་མཉམ་པར་རོལ་བའི་རྗེས་ཆགས་ཞུ་བདེའི་ཐིག་ལེར་གྱུར་པ་ཡུམ་གྱི་མཁའ་གསང་དུ་བབས་གཙོ་བོའི་རྣམ་པ་གཉིས་པའི་སྲས་སུ་སྨིན་པ་སྔར་གྱི་དབང་སྟེགས་ལ་བཞུགས་པའི་གནས་གསུམ་དུ་ཕྱག་མཚན་གསུམ་ལ་གནས་པའི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བསྒྲུབ་བྱའི་དཀྱིལ་འཁོར་གྱི་ལྷའི་རྣམ་པས་རང་དང་རོ་གཅིག་ཏུ་འདྲེས་པར་བསམས་པཿ སྤོས་རོལ་དང་བཅས་དབྱངས་སྙན་པོསཿ ཧཱུཾཿ འཕགས་མཆོག་ཐུགས་རྗེའི་དུས་ལ་བབསཿ སོགས་དངཿ ཧཱུཾ་ཧཱུཾ་ཧཱུཾཿ ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཕཻཾ་ཕཻཾཿ ཞེས་བྱིན་དབབ་ཚེ་ལུས་འཕར་གཡོཿ ངག་བརྡ་སྐད་སེམས་བདེ་གསལ་མི་རྟོག་པ་ཕེབས་པའི་རྟགས་སོཿ ཏིཥྛ་བཛྲས་བརྟན་པར་བྱཿ དེ་ནས་མེ་ཏོག་དོར་བ་ནིཿ ཧོཿ སྨོན་པའི་ཡིད་ཀྱིས་རབ་བཟུང་བའིཿ འཇུག་པའི་མེ་ཏོག་ཨུ་དུམ་ཝཱརཿ ལྷག་པའི་ལྷ་ལ་དེང་འབུལ་ནཿ བྱང་ཆུབ་བར་དུ་མི་འབྲལ་ཤོགཿ པུཥྤེ་སིདྡྷི་


JLAZ010_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿ ཞེས་དོརཿ ལྷག་ལྷ་རིགས་བདག་ཏུ་བྱོན་པར་བསམས་ལ་མེ་ཏོག་སྤྱི་བོར་བཞགཿ པྲ་ཏི་གྷྲྀ་ཧ་ན་ཨི་མཾ་ས་ཏྭ་མ་ཧཱ་པཱ་ལཿ དེ་ནས་དཀྱིལ་འཁོར་བསྟན་པ་ནིཿ ཨེ་མ་ཧོ་བདེ་གཤེགས་སྙིང་པོའི་ཁམསཿ སྒྲིབ་བྱེད་གློ་བུར་ལིང་ཏོག་ནིཿ ཡེ་ཤེས་ཐུར་མས་དབྱེ་བགྱིད་ནཿ དཀྱིལ་འཁོར་འདིར་ལྟོས་དད་པ་བསྐྱེདཿ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊཿ དེ་ནས་དཀྱིལ་འཁོར་བསྟན་པ་ནིཿ ཧོཿ ཕུང་པོ་ཁམས་དང་སྐྱེ་མཆེད་ནིཿ གདན་གསུམ་དཀྱིལ་འཁོར་ཉིད་ཡིན་ཀྱངཿ རྩ་རླུང་ཐིག་ལེའི་སྒྲིབ་པས་བཅིངསཿ དག་བྱེད་ལྷག་པ་གཟུགས་བརྙན་གྱིསཿ མཚོན་པའི་ཏིང་འཛིན་དཀྱིལ་འཁོར་ནིཿ རྣམ་བྱང་ཆེན་པོའི་བརྡ་དོན་རྟགསཿ འདིར་ལྟོས་འདིར་ཞུགས་འདི་བསྒོམས་པསཿ རྩ་དག་བསྐྱེད་རིམ་སྤྲུལ་སྐུར་འབྱོངསཿ རླུང་དག་ཁ་སྦྱོར་ཡན་ལག་བདུནཿ ཁམས་དག་རྣམ་ཀུན་མཆོག་ལྡན་གྱིཿ བདེ་ཆེན་ཡེ་ཤེས་ཁྱོད་ཀྱིས་མཐོངཿ གཉིས་པ་དབང་བསྐུར་བ་ནིཿ བདག་མདུན་གྱི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངསཿ ཨརྒྷཾ་སོགས་ཀྱི་མཆོདཿ ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདནཿ དབང་ཤེས་དག་པ་སེམས་དཔའ་སེམས་མ་སྟེཿ ལས་ཀྱི་བདག་པོ་ཁྲོ་བོ་ཁྲོ་མོའི་ཚོགསཿ གདན་གསུམ་ཡོངས་


JLAZ010_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ ཅེས་བརྗོད་ལ་གསོལ་གདབ་ནིཿ ནམ་མཁའི་རྡོ་རྗེས་རྒྱལ་བ་ལྔརཿ དགོངས་ཤིང་ཇི་ལྟར་སྩལ་བ་ལྟརཿ མཆོད་པ་ཆེན་པོ་བརྡ་ཡི་དབངཿ རིག་པ་འཛིན་པ་བདག་ལ་སྩོལཿ ལན་གསུམ་གྱིས་གསོལ་བ་བཏབ་པསཿ དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛདཿ གཤེགས་མ་རྣམ་ཀྱིས་དབང་བསྐུརཿ སེམས་དཔའ་རྣམ་ཀྱིས་བཀྲ་ཤིས་བརྗོདཿ སེམས་མ་རྣམས་ཀྱིས་གླུ་གར་བསྒྱུརཿ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེཿ དབང་གི་བྱ་བ་མཛད་པར་གྱུརཿ བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་ཀྱི་སྙིང་ལ་གནསཿ ཀུན་ཀྱི་བདག་ཉིད་རིགས་ཀུན་ཀྱི་ནི་བདག་པོ་མཆོགཿ མ་ལུས་སེམས་ཅན་བསྐྱེད་མཛད་བདེ་བ་ཆེན་པོ་སྟེཿ དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོགཿ བརྗོདཿ སློབ་མ་རྡོ་རྗེ་མི་བསྐྱོད་པར་གནས་བསྒྱུར་བའི་སྤྱི་མགྲིན་སྙིང་ག་གསུམ་དུ་ཕྱག་མཚན་གསུམ་ལ་གནས་པའི་ཡི་གེ་གསུམ་གྱིས་མཚན་པར་བསྒོམས་ལཿ རྣམ་བུམ་ཀྱང་དེར་གསལ་བསཿ ཧཱུཾཿ རྣམ་ཤེས་ཕུང་པོ་ནམ་མཁའི་ཁམསཿ ཞེ་སྡང་འཇོམས་མཛད་བཅོམ་ལྡན་འདསཿ ཆོས་དབྱངས་ཡེ་ཤེས་མི་བསྐྱོད་པའིཿ བཀྲ་ཤིས་བུམ་པས་དབང་བསྐུར་རོཿ ཧཱུཾ་བཛྲ་དྷྲིཀ་མཱུཾ་དྷ་ཏི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུཾཿ རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་མི་


JLAZ010_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པའི་ངོ་བོ་ཆུས་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དགཿ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབཿ རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་རྒྱསཿ ཞེ་སྡང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་རྡོ་རྗེའི་རིགས་མཆོག་གི་ཐུགས་རྣམ་པར་མི་རྟོག་པས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིགཿ སློབ་མ་རིན་འབྱུང་དུ་གནས་བསྒྱུར་ཚུལ་སོགས་འདྲཿ དབུ་རྒྱན་ཐོགས་ལཿ ཧཱུཾཿ ཚོར་བའི་ཕུང་པོ་མཉེན་པའི་ཁམསཿ ང་རྒྱལ་འཇོམས་མཛད་བཅོམ་ལྡན་འདསཿ མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུངཿ དབུ་རྒྱན་རིགས་ལྔས་དབང་བསྐུར་རོཿ སྭཱ་རཏྣ་དྷྲིཀ་མཱཾ་མོ་ཧ་ར་སྟི་ཨ་བྷི་ཥིཉྩ་ཧཱུཾཿ རིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་གོ་འཕང་ཆེན་པོ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱངསཿ སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབཿ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་ཆུའི་ཁམས་མཱ་མ་ཀཱིར་སངས་རྒྱསཿ ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་གོ་འཕང་ཆེན་པོ་ལྔས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིགཿ སློབ་མ་སྣང་མཐར་བསྒྱུར་ཚུལ་འདྲ་ཞིང་རྡོ་རྗེ་དེར་གསལ་བསཿ ཧཱུཾཿ འདུ་ཤེས་ཕུང་པོ་དྲོ་བའི་ཁམསཿ འདོད་


JLAZ010_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་འཇོམས་མཛད་བཅོམ་ལྡན་འདསཿ སོར་རྟོགས་ཡེ་ཤེས་སྣང་མཐའ་ཡསཿ ཐབས་ཀྱི་རྡོ་རྗེས་དབང་བསྐུར་རོཿ ཨཱཾ་ཨ་རོ་ལིཀ་པཾ་རཱ་ག་རསྟི་ཨ་བྷི་ཥིཉྩ་ཧཱུཾཿ རིགས་ཀྱིས་བུ་ཁྱོད་ལ་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེས་དབང་བསྐུར་བས་ངག་དང་རླུང་གི་སྒྲིབ་པ་དགཿ སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབཿ འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མེའི་ཁམས་གོས་དཀར་མོར་སངས་རྒྱསཿ འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་པདྨའི་རིགས་ཀྱིས་གསུང་རྣམ་པ་ཐམས་ཅད་པས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིགཿ སློབ་མ་དོན་གྲུབ་ཏུ་བསྒྱུར་ཞིང་དྲིལ་བུ་དེར་གསལ་བསཿ ཧཱུཾཿ འདུ་བྱེད་ཕུང་པོ་བསྐྱོད་པའི་ཁམསཿ ཕྲག་དོག་འཇོམས་མཛད་བཅོམ་ལྡན་འདསཿ བྱ་གྲུབ་ཡེ་ཤེས་དོན་ཡོད་གྲུབཿ ཤེས་རབ་དབྱངས་ཀྱིས་དབང་བསྐུར་རོཿ ཧཱ་པྲཛྙཱ་དྷྲིཀ་ཏཱཾ་བཛྲ་རསྟི་ཨ་བྷི་ཥིཉྩ་ཧཱུཾཿ རིགས་ཀྱི་བུ་ཁྱོད་ལ་དོན་གྲུབ་ཀྱི་ངོ་བོ་དྲིལ་བུས་དབང་བསྐུར་བས་ཀུན་གཞིའི་སྒྲིབ་པ་དགཿ སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབཿ འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་རླུང་གི་ཁམས་དམ་ཚིག་སྒྲོལ་མར་སངས་རྒྱསཿ ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་ལས་ཀྱི་རིགས་ཀྱི་ཕྲིན་ལས་


JLAZ010_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་མེད་པས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིགཿ སློབ་མ་རྣམ་སྣང་དུ་གསལ་ལ་རྡོར་དྲིལ་མགོ་ཐོག་ཏུ་འཁྲོལ་བསཿ ཧཱུཾཿ མིང་གཟུགས་ཕུང་པོ་སྲ་བའི་ཁམསཿ གཏི་མུག་འཇོམས་མཛད་བཅོམ་ལྡན་འདསཿ མེ་ལོང་ཡེ་ཤེས་དེ་བཞིན་གཤེགསཿ རྡོ་རྗེ་མིང་གིས་དབང་བསྐུར་རོཿ ཨོཾ་ཛཱི་ན་ཛིཀ་ལཱཾ་དེ་ཥ་རསྟི་བཛྲ་མ་ཧཱ་ཤྲཱི་ཨ་བྷི་ཥིཉྩ་ཧཱུཾཿ རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གིས་དབང་བསྐུར་བས་གཟུགས་ཀྱི་ཕུང་པོར་འཛིན་པའི་སྒྲིབ་པ་དགཿ སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབཿ མིང་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དངཿ སའི་ཁམས་སངས་རྒྱས་སྤྱན་མར་སངས་རྒྱསཿ གཏི་མུག་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་ཏེཿ སངས་རྒྱས་དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་ལྟ་བུའི་སྐུས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིགཿ དེ་ནས་མཐའ་རྟེན་བུམ་པའི་ཆུ་དབང་ནིཿ རྣམ་རྒྱལ་བུམ་པ་བཟུང་ལཿ ཧཱུཾཿ བཀྲ་ཤིས་བུམ་པ་ལྷའི་གཞལ་ཡསཿ ལྷ་དང་གཉིས་མེད་བདུད་རྩིའི་ཆུསཿ སྐལ་ལྡན་བུ་ལ་དབང་བསྐུར་བསཿ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིངཿ ཀུན་ཏུ་འོད་ཀྱི་ས་ནོན་ཤོགཿ རྩ་སྔགས་གང་ཡིན་མཐརཿ བཛྲ་ཀ་ལཱ་ཤ་ཨབྷི་ཥིཉྩ་ཧཱུཾཿ རྒྱས་པར་སྤྲོ་ན་མཐའ་རྟེན་བུམ་པའི་ཆུ་དབང་འདི་མི་བསྐྱོད་པ་མ་གཏོགས་


JLAZ010_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་ཀ་ལ་སྦྱར་རོཿ དག་པ་བརྗོད་པ་ནིཿ དེས་རྡུལ་ཚོན་སྤྲུལ་པའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་ལུས་ཀྱི་ལས་གསུམ་དགཿ གཟུགས་སུ་རྣམ་པར་རྟོག་པ་དང་རྩའི་ཁམས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦྱངསཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བྱིན་རླབས་ཞུགསཿ བསྐྱེད་རིམ་དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་ལ་དབངཿ ཞི་བའི་ལས་དང་རྣམ་པར་སྨིན་པའི་རིག་འཛིན་འགྲུབཿ བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོནཿ འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱས་པའོཿ གསང་དབང་ནིཿ མཎྜལ་ཕུལ་ལཿ བདེ་སྐྱོང་གི་སྣོད་དུ་བླ་མ་ཡབ་ཡུམ་སྙོམས་འཇུག་མཛད་པར་མོས་ལཿ གསོལ་གདབ་ནིཿ ཧོཿ སྟང་དཔྱལ་མཉམ་པར་རོལ་བ་ཡིཿ གདན་གསུམ་སྐུ་ཡི་དཀྱིལ་འཁོར་ནསཿ ཞུ་བདེས་དྲངས་པའི་བྱང་ཆུབ་སེམསཿ སྐལ་བ་ཅན་ལ་སྩལ་དུ་གསོལཿ ལན་གསུམཿ བདུད་རྩི་ལྕེ་ཐོག་ཏུ་འཇོག་ཅིང་དམིགས་པ་གསུམ་དྲན་པར་བྱས་ལཿ ཧཱུཾཿ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམསཿ དཀར་མར་བྷནྡྷའི་ནང་དུ་བསྐྱིལཿ སྐལ་ལྡན་བུ་ལ་བྱིན་པ་ཡིསཿ རྩ་ཁམས་ཡི་གེའི་རྣམ་པར་སྨིནཿ ཚེ་ལ་དབང་བའི་རིག་འཛིན་ཐོབཿ པདྨ་ཅན་གྱི་ས་ནོན་ཤོགཿ ཨོཾ་བྷོ་དྷི་ཙིཏྟ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་དུ་བཟླས་ལུང་ནིཿ སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་ལུ་


JLAZ010_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རྒྱུད་དུ་བྱུངཿ སློབ་མའི་མགྲིན་པ་ནས་བརྒྱུད་སྙིང་གར་འཁོར་བར་བསམས་ལཿ རྩ་སྔགས་ལན་གསུམ་བཟླཿ དེས་གདན་གསུམ་སྐུ་ཡི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབཿ ངག་གི་ལས་རྣམ་པ་བཞི་དགཿ སྒྲ་ཚིག་རང་ཚན་དུ་འཛིན་པ་དང་རླུང་བཅུ་དག་པར་སྦྱངསཿ གསུང་རྡོ་རྗེའི་བྱིན་རླབས་ཞུགསཿ བཟླས་བརྗོད་དང་རྫོགས་རིམ་ཆོས་ཀྱི་ཕྱག་རྒྱ་སྒོམ་པ་ལ་དབངཿ རྒྱས་པའི་ལས་དང་ཚེ་ལ་དབང་བའི་རིག་འཛིན་འགྲུབཿ མ་ཆགས་པདྨ་ཅན་གྱི་ས་ནོནཿ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་པའོཿ སྲོག་ཐུར་སྦྱར་ལ་སྲོག་རྩོལ་བཅིངསཿ ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགསཿ ཡི་གེ་གསུམ་དུ་དག་པར་བསམཿ ཤེར་དབང་ནིཿ མཎྜལ་ཕུལཿ རིག་ཙག་གཏདཿ ཧོཿ ཆོས་རྣམས་ཀུན་ཀྱི་འབྱུང་གནས་ཆེཿ བདེ་བ་ཆེན་པོ་གསང་བའི་ཡུམཿ རིགས་ཀྱི་བུ་ལ་བྱིན་པ་ཡིསཿ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུརཿ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབཿ འཁོར་ལོ་ཚོགས་ཆེན་ས་ནོན་ཤོགཿ པྲ་ཛྙཱ་ཛྙཱ་ན་དྷརྨ་དྷཱརྟུ་ཧོཿ ལྷ་མོ་དེསཿ དུས་སྦྱོར་བཅུ་གཉིས་རླུང་གིས་ཁམསཿ ཟ་བྱེད་རྡོ་རྗེའི་ཕོ་ཉ་མོཿ དགའ་བ་བཞི་ཡི་འབྱུང་གནས་པཿ ཆོ་ག་བཞིན་དུ་བསྟེན་ནུས་སམཿ ལན་དུཿ འདུལ་བ་མདོ་སྡེ་ཆོས་མངོན་ནསཿ རྣམ་བཅས་ལྷ་མོ་དགག་མཛད་པཿ


JLAZ010_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལ་རྨོངས་པ་དག་ལ་དགོངསཿ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནིཿ ཁྱོད་ལས་འབྱུང་ཕྱིར་བདག་འཚལ་ལོཿ ལྷ་མོསཿ རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ནིཿ རྣམ་ཐར་གསུམ་གྱི་བདག་ཉིད་ཅནཿ འདི་སྤངས་མཆོག་གི་དངོས་གྲུབ་མེདཿ ཐར་བ་བསྟེན་ཅིག་དཔའ་བོ་ཆེཿ ཛཿ ཧཱུཾ་བཾ་ཧོཿ འི་དམ་ཚིག་ལསཿ ཨེ་ཝཾ་མཉམ་པར་རོལ་པ་ཡིསཿ འཁོར་ལོ་བཞིར་བབས་ལྡོག་དང་ཁྱབཿ དགའ་མཆོག་ཁྱད་པར་ལྷན་སྐྱེས་ལསཿ བཅུ་དྲུག་ཕྱེད་ཕྱེད་ཐིག་ལེའི་ཁམསཿ སྲིད་པ་ཟ་བྱེད་ཆེན་པོར་སྨིནཿ མས་བརྟེན་ལུགས་ལྡོག་ལྷན་ཅིག་སྐྱེསཿ བདེ་ཆེན་འཁོར་ལོ་མཉམ་པར་བཞགཿ དེས་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ་ཡེ་ཤེས་ཀྱི་དབང་ཐོབཿ ཡིད་ཀྱི་ལས་གསུམ་དགཿ ཡིད་དང་ཆོས་སུ་རྟོགས་པ་ལས་བྱུང་བའི་རྣམ་ཤེས་ཚོགས་བདུན་དངཿ རང་བཞིན་བརྒྱད་ཅུའི་རྟོག་པ་སྦྱངསཿ ཐུགས་རྡོ་རྗེའི་བྱིན་རླབས་ཞུགསཿ ཟུང་འཇུག་ལས་ཀྱི་ཕྱག་རྒྱ་བརྟེན་པ་ལ་དབངཿ དབང་གི་ལས་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབཿ ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོནཿ འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱས་པའོཿ དབང་བཞི་པ་ནིཿ མཎྜལ་ཕུལཿ གསུམ་པའི་ལྷན་སྐྱེས་ལ་བརྟེན་པ་བཞི་པའི་ཡེ་ཤེས་ངོ་སྤྲོད་པ་དངོས་དོན་ཉིད་ཀྱངཿ སྤྱི་ཁྱབ་ལ་བརྡ་དབང་ལྟར་གསུངས་པསཿ མེ་ལོང་དང་ཤེལ་རྡོ་བསྟན་ལཿ ཧཱུཾཿ


JLAZ010_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་མེ་ལོང་གཙང་མའི་ངོགསཿ ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལཿ བརྡ་རྟགས་རྫོགས་པའི་དབང་བསྐུར་བསཿ དྲི་མེད་རིག་པའི་གནས་ལུགས་རྟོགསཿ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནསཿ བདེ་བ་ཆེན་པོའི་ས་ནོན་ཤོགཿ ཨ་ཨ་ཨཿ དེས་རྣམ་ཐར་སྒོ་གསུམ་གྱི་དཀྱིལ་འཁོར་དུ་རང་བཞིན་འོད་གསལ་རྫོགས་པ་ཆེན་པོའི་དབང་ཐོབཿ དཔེ་དོན་འབྲེལ་བའི་ཆོས་ཉིད་ཉམས་སུ་མྱོངཿ ཀུན་གཞི་དང་ཤེས་བྱའི་སྒྲིབ་པ་དགཿ མཐོང་ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབངཿ དྲག་ཤུལ་གྱི་ལས་དང་ལྷུན་གྱིས་གྲུབ་པའི་རིག་འཛིན་འགྲུབཿ ཡེ་ཤེས་བླ་མའི་ས་ནོནཿ འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་བྱས་པའོཿ དེ་ནས་མཐའ་རྟེན་རྡོ་རྗེ་སློབ་དཔོན་གྱི་དབང་ནིཿ རྒྱལ་ཚབ་ཏུ་འོས་པ་ཡིན་ནཿ ཁྲི་ལ་བཞགཿ གླེགས་བམཿ དུང་དཀརཿ ཕྱག་ཤིངཿ འཁོར་ལོ་རྣམས་གཏདཿ ཇི་ལྟར་ཡངཿ དམ་ཚིག་གསུམ་སྦྱིན་པར་བྱ་སྟེཿ རྡོ་དྲིལ་གཏད་ལཿ ཧོཿ སོ་ཐར་བྱང་སེམས་རིག་པ་འཛིན་པ་ཡིཿ དགག་དགོས་ཡོངས་རྫོགས་སྔགས་ཀྱི་དཀྱིལ་འཁོར་དུཿ ཡོན་ཏན་ཡར་འཕེལ་ཐབས་ལ་མཁས་པ་ཡིཿ རྡོ་རྗེའི་དམ་ཚིག་ཁྱོད་ཀྱིས་གསོར་བར་གྱིསཿ མ་ཧཱ་བཛྲ་ཧཱུཾཿ ལན་གསུམཿ ཧོཿ ཆོས་རྣམས་ཐམས་ཅད་བློ་ཡིས་བཏགས་པ་ཙམཿ རྣམ་ཐར་གསུམ་དང་ལྡན་པའི་ཤེས་རབ་ནིཿ ངོ་བོ་ཉིད་མེད་གྲགས་སྟོང་སྒྲས་མཚོན་ཕྱིརཿ དྲིལ་བུའི་དམ་ཚིག་འཁྲོལ་


JLAZ010_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དཀུ་ལ་བརྟེནཿ མ་ཧཱ་གཎྜེ་ཧཱུཾཿ ལན་གསུམཿ ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ཡིཿ སྟོང་ཉིད་སྙིང་རྗེའི་བདག་ཉིད་ཆེན་པོ་ནིཿ གཉིས་མེད་དམ་ཚིག་རྡོ་རྗེ་སློབ་དཔོན་དབངཿ བསྡུ་བ་རྣམ་བཞིས་རྒྱལ་བའི་མཛད་པ་སྒྲུབསཿ འཁྱུད་རྒྱ་བྱའོཿ དེ་ནས་དམ་ཚིག་ཁས་བླང་བ་ནིཿ རྩ་བ་སྐུ་གསུང་ཐུགས་མཆོག་དངཿ ཡན་ལག་དམ་ཚིག་ཉི་ཤུ་ལྔཿ མེད་དང་གཅིག་པུ་ཕྱལ་བ་ཆེཿ ལྷུན་གྲུབ་བཞིན་དུ་བསྲུང་བར་བགྱིཿ ལན་གསུམ་གྱིས་འདའ་ཀའི་དམ་བཅའ་སྙིང་ལ་བཀོདཿ གཏང་རག་གི་མཎྜལ་ཕུལཿ རྗེས་ལ་དམ་ཚིག་གི་ཐ་ཚིག་ནིཿ བདག་ལུས་ལོངས་སྤྱོད་ཁྱེད་ལ་འབུལཿ ཇི་ལྟར་བཀའ་སྩལ་བཞིན་དུ་བགྱིདཿ སྲོག་ལ་བབས་ཀྱང་དེ་བསྒྲུབ་ནཿ དངོས་གྲུབ་མཐོང་བའི་ཆོས་ལ་སྩོལཿ བླ་མ་མཆོག་དང་ལྷག་པའི་ལྷཿ བྱང་ཆུབ་བར་དུ་མི་འབྲལ་ནཿ ཆ་ཡིས་ཀྱང་ནི་སྤྱད་དུ་གསོལཿ ཞེས་བརྗོད་ནམ་མཁའི་དབང་ལྷ་རྣམསཿ ཛཿ ཧཱུཾ་བཾ་ཧོཿ ས་རང་ལ་བསྟིམཿ དགེ་བ་བསྔོ་ཞིང་སྨོན་ལམ་གདབཿ གསུམ་པ་རྗེས་ཀྱི་ལས་ཁྲིགས་ནི་སྤྱི་དོན་ལྟར་རོཿ དགོངས་བརྡ་མཁའ་འགྲོའི་ཡི་གེ་ལསཿ རྒྱལ་གསུང་རྣམ་པ་ཐམས་ཅད་པཿ བྱིན་རླབས་ཕུང་པོར་རང་ཤར་བའིཿ མཚམས་སྦྱོར་ལེགས་པའི་བློ་གྲོས་ཡིནཿ དགེའོཿ


previousཀློང་སྙིང་བཀའ་འདུས་རྒྱ་མཚོ་ལསཿ བདག་འཇུག་དབང་དོན་རྒྱ་མཚོ།no next