Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལསཿ རོལ་པ་ཆེན་པོའི་གཏོར་ཟློག་གི་གཟེར་ཁ་ཟབ་མོ་གུད་དུ་ཕྱུང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་དཔལ་ཆེན་འདུས་པ་ལསཿ རོལ་པ་ཆེན་པོའི་གཏོར་ཟློག་གི་གཟེར་ཁ་ཟབ་མོ་གུད་དུ་ཕྱུང་བ།next

ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལསཿ རོལ་པ་ཆེན་པོའི་གཏོར་ཟློག་གི་གཟེར་ཁ་ཟབ་མོ་གུད་དུ་ཕྱུང་བ།


JLAZ011_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

འུཾཿ ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལསཿ རོལ་པ་ཆེན་པོའི་གཏོར་ཟློག་གི་གཟེར་ཁ་ཟབ་མོ་གུད་དུ་ཕྱུང་བ་བཞུགསཿ


JLAZ011_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་ཆེན་པོའི་གཏོར་ཟློག་ལསཿ གཟེར་ཁ་རྣམ་པ་གསུམ་སྟོན་ཏེཿ རྒྱལ་མཚན་རྔ་ཁྱུང་ཟ་ལམ་མོཿ ཀུན་ལ་སོ་སོའི་བཅའ་ག་རྣམསཿ འོག་གི་གྱེར་དང་མཐུན་པར་སྒྲིགསཿ དང་པོ་རྒྱ་མཚན་རྣམ་དགུ་ཡིསཿ བགེགས་ཆེན་ཟློག་པའི་གཟེར་ཁ་ནིཿ ཧཱུཾཿ དཔལ་ཆེན་ཐུགས་ལས་སྤྲུལ་བའི་ཁྱུངཿ མཐུ་སྟོབས་རྫུ་འཕྲུལ་སྟོབས་པོ་ཆེཿ ཁྱོད་ཀྱིས་མི་འདུལ་གཅིག་ཀྱང་མེདཿ ཆེ་མཆོག་སྐུ་དང་གཉིས་སུ་མེདཿ དབུ་ལ་རིན་ཆེན་འབར་བ་ཡིསཿ མུ་གེའི་བསྐལ་པ་ངན་པ་ཟློགཿ གཤོག་པ་མེ་རུ་འབར་བ་ཡིསཿ ཀླུ་བདུད་ཧུ་ལུ་ཧུ་ལུ་དངཿ ཐག་བཟངས་རིས་ཀྱི་དམག་དཔུང་ཟློགཿ གདོང་པས་གཞན་འཕྲུལ་དབང་བྱེད་དངཿ མཆུ་ཡིས་ཚངས་


JLAZ011_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམག་དཔུང་ཟློགཿ རྭ་ཡིས་སྒྲ་གཅན་གདོང་ཐུག་དངཿ སྡེར་མོས་དུས་མཚན་གཟའ་སྐར་བྱདཿ མཇུག་མས་ལྟོ་འཕྱེའི་གནོད་པ་ཟློགཿ ཧཱུཾཿ ཤར་ཕྱོགས་ཡང་དག་གཏོར་མའི་སྟེངཿ ཤེལ་གྱི་བྱ་ཁྱུང་ཟངས་མཆུ་ཅནཿ རྟ་མགོ་ཅན་གྱི་གདོན་བརྫིས་ནསཿ ལག་པ་བཞི་པས་ནོར་སྙིང་འབྱིནཿ ཤར་གྱི་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ ལྷོ་ཕྱོགས་གཤིན་རྗེའི་གཏོར་མའི་སྟེངཿ གསེར་གྱི་བྱ་ཁྱུང་ལྕགས་མཆུ་ཅནཿ གྲུལ་བུམ་སྤྱིའུ་ཚུགས་གདོན་བརྫིས་ནསཿ ཆུ་སྲིན་གཟུགས་ཅན་མིག་ཚིལ་འདྲུཿ ལྷོ་ཡི་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ ནུབ་ཕྱོགས་རྟ་མགྲིན་གཏོར་མའི་སྟེངཿ མེ་ཡི་བྱ་ཁྱུང་གསེར་


JLAZ011_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་ཅནཿ འདབ་བཟང་ལྦ་བ་གསུམ་པ་བརྫིསཿ སུས་ཕྱེད་ལྡན་པའི་གདོན་ལ་ཟཿ ནུབ་ཀྱི་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ བྱང་ཕྱོགས་ཕུར་པའི་གཏོར་མའི་སྟེངཿ གཡུ་ཡི་བྱ་ཁྱུང་རྡོ་རྗེའི་མཆུཿ གནོད་སྦྱིན་འཕྲོག་མ་བརྫིས་ནས་ཀྱངཿ སྟག་གི་གཟུགས་ཅན་གདོན་ལ་ཟཿ བྱང་གི་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ ཤར་ལྷོ་མ་མོའི་གཏོར་མའི་སྟེངཿ དུང་གི་བྱ་ཁྱུང་གསེར་མིག་ཅནཿ རྣ་བོ་ཆེ་ཡི་གདོན་བརྫིས་ནསཿ ཝ་ཡི་གཟུགས་ཅན་བརྗེད་བྱེད་ཟཿ ཤར་ལྷོའི་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ ལྷོ་ནུབ་རིག་འཛིན་གཏོར་མའི་སྟེངཿ ར་གན་བྱ་ཁྱུང་དངུལ་མཆུ་ཅནཿ རྐང་པ་གཅིག་པའི་གདོན་བརྫིས་ནསཿ མ་ཧེའི་གཟུགས་ཅན་རྒྱུ་མ་འདྲེནཿ ལྷོ་ནུབ་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ ནུབ་བྱང་མཆོད་བསྟོད་གཏོར་མའི་སྟེངཿ བྱུ་རུའི་བྱ་ཁྱུང་ལྕགས་མཆུ་ཅནཿ མགྲིན་བཅུའི་གདོན་ལ་བརྫིས་ནས་ཀྱངཿ རྔ་བོང་གཟུགས་ཅན་མགོ་ལུས་འདྲལཿ ནུབ་བྱང་གདོན་ཚོགས་བཟློག་ཏུ་གསོལཿ ཧཱུཾཿ བྱང་ཤར་དྲག་སྔགས་གཏོར་མའི་སྟེངཿ ལྕགས་ཀྱི་བྱ་ཁྱུང་ཟངས་མཆུ་ཅནཿ མིག་མང་གདོན་ལ་བརྫིས་ནས་ཀྱངཿ སྨྱོ་བྱེད་རྐང་མང་ནང་ཁྲོལ་འབྱིནཿ བྱང་ཤར་གདོན་ཚོགས་བཟློག་ཏུ་གསོལཿ


JLAZ011_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་གྱིས་གནོད་པ་ཆེས་ཆེ་ནཿ འདི་ཉིད་བྱ་ཡིས་གཞན་དུ་གཉནཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གཉིས་པ་རྔ་བོང་ཟློག་པ་ནིཿ ཧཱུཾཿ བཅོམ་ལྡན་དཔལ་ཆེན་རོལ་བ་ཡིཿ ལྟས་ངན་བཟློག་པའི་ཕྱི་མི་ནིཿ ཅི་མི་འདྲ་བའི་རྔ་བོང་ཡིནཿ རྨིག་པས་གླང་པོའི་འཇིགས་པ་ཟློགཿ རྐང་བཞིས་རྟ་དྲེའུ་གོད་ཁ་ཟློགཿ མཇུག་མས་ཕྱུགས་ལུག་གོད་ཁ་ཟློགཿ ལྟོ་པས་ས་ནད་གློ་གོར་ཟློགཿ མགྲིན་པས་དུག་སྦྲུལ་འཇིགས་པ་ཟློགཿ གདོང་པས་གདོང་ཅན་ལྟས་ངན་ཟློགཿ ཟློག་བྱེད་རྔ་བོང་དཔྲལ་བ་ནཿ གླང་ཆེན་མགོ་དགུ་སྣ་ཞགས་རྩིབ་འཁོར་བཏགས་པ་མན་ངག་ཡིན།རྡེབཿ དམག་དཔུང་གཡུལ་ངོ་ལངས་པ་ཟློགཿ དཔུང་གཡས་བྱི་ལ་དཀར་པོ་བརྒྱདཿ ནམ་རྒྱང་མདའ་དཀར་པོ།འཕང་བརྒྱད་བརྒྱད་ཀྱིསཿ རྒྱལ་པོའི་གདོན་དང་འགོང་པོ་ཟློགཿ དཔུང་གཡོན་དམུ་བྱ་ཕུག་རོག་བརྒྱདཿ ནམ་རྒྱང་མདའ་སྔོན་པོ།འཕང་བརྒྱད་བརྒྱད་ཀྱིསཿ དམུ་ཡི་གནམ་རྡོ་ཕབས་པ་ཟློགཿ དཔྱི་གཡས་སྟག་མོ་ཕྲུག་གུ་ཟཿ སྔགས་པ་ནང་དམེ་བྱེད་པ་ཟློགཿ དཔྱི་གཡོན་བྱ་མིག་ཐོད་ནག་འཁུནཿ ཡ་རབས་རིགས་བརྒྱུད་ཆད་པ་ཟློགཿ རྩིབས་ལོགས་གཉིས་ཀྱི་གཡས་པ་ནཿ མི་དམར་རྟ་དམར་ཞོན་པ་བརྒྱདཿ ནམ་རྒྱང་མདའ་འཕང་བརྒྱད་བརྒྱད་དམར་པོ། ཀྱིསཿ


JLAZ011_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་གྱི་ཁྲག་མདའ་འཕེན་པ་ཟློགཿ གཡོན་ལ་སྤྲེའུ་གར་བྱེད་བརྒྱདཿ ནམ་རྒྱང་མདའ་འཕང་སེར་པོ།བརྒྱད་བརྒྱད་ཀྱིསཿ གཉན་ནད་ཅིར་ཡང་བརྫུ་བ་ཟློགཿ ཧཱུཾཿ དེ་ལ་ཞོན་པའི་ཐན་ཁྱུང་གིསཿ རལ་པ་ལན་གསུམ་སྤྲུགས་པ་ལསཿ ལྷག་པའི་དམ་ཚིག་ཉི་ཤུ་དངཿ འགལ་བའི་ལྟས་ངན་དགྲ་ལ་བཟློགཿ རལ་པའི་ལན་ཕྲན་དང་པོ་ལཿ སྤྱང་ཀིས་སེངྒེར་རྒོལ་བ་བླ་མ་ལ་རྒོལ་བ།དངཿ ཟ་མ་ཏོག་ཏུ་དུག་སྦྱར་ཡུམ་ལ་བརྟེན་པ།གཡོསཿ གཉིས་པ་རིན་ཆེན་ལྕུག་མ་རྡོ་རྗེའི་སྤུན་ལ་ཁྲོས་པ།བཅདཿ གངས་རི་ཞུ་བའི་ཞུན་ཆུ་བླ་མ་དང་དཀོན་མཆོག་གི་དཀོར་ལ་འབག་པ།བཏུངསཿ གསུམ་པར་པདྨའི་ཟེའུ་འབྲུ་ཚངས་སྤྱོད་ཅན་ལ་སྤྱོད་པ།དབྲལཿ བུག་རྡོལ་སྣོད་དུ་བདུད་རྩི་སྣོད་མིན་ལ་གདམས་ངག་སྟོན་པ།བླུགསཿ བཞི་པར་མ་བརྟགས་འདྲེ་ཅན་བྱིན་གྱིས་མ་བརླབས་པར་ཆང་འཐུངས་པ།བསྲེལཿ ཤེལ་དཀར་འདམ་རྫབ་ཁྲོད་དུ་གཞན་དོན་སྤངས་བ།བསྐྱུརཿ ལྔ་པར་སེངྒེའི་འོ་མ་བྱང་ཆུབ་ཀྱི་སེམས་སྤངས་བ།ཕོཿ ཡིད་བཞིན་ནོར་བུ་ཐབ་ཏུ་ཆོས་དང་གང་ཟག་བཟང་པོ་ལ་སྐུར་པ།བསྲེགསཿ དྲུག་པ་ཁྱུང་གི་གཤོག་པ་ཐབས་ཤེས་ཡ་བྲལ་གྱི་ཉམས་ལེན།བཅགཿ གནམ་ལྕགས་སྡེར་མོ་ས་ལ་བཀའ་ལ་གཟུ་ལུམས་རས་ཆོད།བྲདཿ བདུན་པར་གཅན་གཟན་ལྷག་ལ་ཚོགས་གཏོར་ལ་འབགས་རྩོག་དང་ཕུད་ཉམས་པ།ཟོསཿ


JLAZ011_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེས་གཏམས་པའི་བྲག་ཆེན་བསྐྱེད་རིམ་མི་སྒོམ་པ།བཤིགཿ བརྒྱད་པར་རྡོ་རྗེའི་གོ་ཆ་དམ་བཅའ་རལ་དུ་འཇུག་པ།དབྲལཿ སྒྲོན་མེ་འབར་བ་རླུང་གིས་ཏིང་འཛིན་མི་གསལ་བ།བསདཿ དགུ་པར་འབབ་ཆུའི་འོལ་ཀ་བཟླས་བརྗོད་རྒྱུན་ཆད་པ།བཅདཿ རིགས་ལྔའི་ཕྱག་རྒྱ་འདམ་དུ་ཕུང་ཁམས་ལ་བརྙས་པ་བྱེད་པ།བཅུགཿ བཅུ་པ་རྡོ་རྗེའི་མཁར་རྫོང་རྟོག་གེ་པ་ལ་སྔགས་ཀྱི་ལྟ་སྤྱོད་སྟོན་པ།བཤིགཿ རྒྱལ་མཚན་རྩེ་ཡི་ནོར་བུ་བླ་མ་ལ་མོས་གུས་ཡལ་བ། དབོགཿ འདི་དག་སྔགས་པ་ཐུར་ལྷུང་བའིཿ ལྟས་ངན་ཆེན་པོ་དགྲ་ལ་ཟློགཿ ཧཱུཾཿ གཤོག་རུ་གཡས་ཀྱི་དང་པོ་ལཿ སེང་གེ་གངས་ཀྱི་སྟོངས་སུ་ལྷུངཿ རྒྱལ་པོ་དམངས་སུ་བབས་པ་ཟློགཿ གཉིས་པར་ཁྱུང་དང་གཡུ་འབྲུག་འཐབསཿ བློན་པོ་ནང་འཐབས་བྱེད་པ་ཟློགཿ གསུམ་པར་རྨ་བྱ་སྒོ་ང་བཅོགཿ རྗེ་མོ་བྱིན་ལ་བྱེད་པ་ཟློགཿ བཞི་པར་ལོ་ཐོག་སེར་བས་འཇོམསཿ རྗེས་བོས་འབངས་ལ་མནར་བ་ཟློགཿ ལྔ་པར་བྲག་ལ་སྒོ་ང་བརྡབསཿ རྒྱལ་ཁྲིམས་ཞིག་པའི་ལྟས་ངན་རྣམསཿ བཟློག་གོ་བསྒྱུར་རོ་ཁྱུང་གིས་ཟློགཿ གཤོག་རུ་གཡོན་གྱི་དང་པོ་ལཿ དགེ་སྦྱོང་འཁར་གསིལ་ཐུར་དུ་སྦུབསཿ བསླབ་པ་ཁྱད་དུ་གསོད་པ་ཟློགཿ གཉིས་པར་མི་རིང་གཅེར་རྒྱུག་བྱེདཿ ཕན་


JLAZ011_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་ངོ་ཚ་ཁྲེལ་ཉམས་ཟློགཿ གསུམ་པར་དུག་སྦྲུལ་རྒྱ་མཚོར་འཁྱིལཿ བསམ་སྦྱོར་ངན་པའི་གཡོ་འཁྲུགས་ཟློགཿ བཞི་པར་བུད་མེད་བྱད་ལ་འགེབསཿ ཕུང་སྦྱོར་དུག་གཡོས་བྱེད་པ་ཟློགཿ ལྔ་པར་ཤྭ་བུད་ཁྱིམ་དུ་འཇུགཿ ཆག་ཆེ་ཉམ་ང་ཐོག་ཏུ་བབསཿ འཇིག་རྟེན་མི་དགེར་བྱེད་པ་ཡིཿ ཐན་ལྟས་ངན་པ་དགྲ་ལ་ཟློགཿ ཧཱུཾཿ ཁྱུང་གི་མཇུག་སྒྲོ་བརྒྱད་པོ་ཡིསཿ སྤྲིན་ལ་མེ་ཆེན་མཆེད་པ་ཟློགཿ ཉ་ཆེན་མཇུག་མ་གཡོ་བ་ཟློགཿ ཉི་ཟླ་གཟའ་ཡིས་བཟུང་བ་ཟློགཿ ཁྲག་གི་སེར་བ་འབབ་པ་ཟློགཿ རླུང་ནག་འཚུབས་མ་འཁྱིལ་བ་ཟློགཿ ཤིང་རྟ་གཤོག་པ་ཆག་པ་ཟློགཿ རི་ཆེན་གྲོད་པ་བརྡོལ་བ་ཟློགཿ ཕན་ཚུན་རྒྱབ་ཀྱིས་ཕྱོགས་པ་ཡིསཿ བདེ་སྐྱིད་འཇོམས་པའི་ལྟས་ངན་ཀུནཿ བཟློག་གོ་དམར་ཆེན་གཏོར་མས་ཟློགཿ བསྒྱུར་རོ་ཐན་ཁྱུང་འབར་བས་སྒྱུརཿ ཞེས་བརྗོད་ཐན་ཁྱུང་ཞལ་ཁ་བསྒྱུརཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གསུམ་པ་སྲིན་མོའི་སྡེ་དཔོན་ནིཿ ལྕགས་ཐག་མགོ་དགུའི་ཟ་ལམ་བསྟནཿ ཡས་རྣམས་གཞུང་བཞིན་ཚོགས་བགྱིས་ལཿ ཧཱུཾཿ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམཿ དམ་ཉམས་སྒྲོལ་བའི་ཕྲ་མེན་མཿ སྒྱུར་བྱེད་ཆེན་མོ་སྤྱན་འདྲེན་ནོཿ སྲིན་མོ་ལྕགས་ཐག་མགོ་དགུ་ཡིཿ མིིང་ནས་ཕྱུང་གིས་གཤེགས་


JLAZ011_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལཿ དབུ་དགུ་སྟེང་ཞལ་བྱ་ཡི་དབུཿ དུར་བྱ་ཁྲ་དང་བཞད་ཀྱི་མགོཿ ནང་ཁྲོལ་གློ་སྙིང་ཟ་ཞིང་རྔམསཿ བར་གྱི་དབུ་གསུམ་དུད་འགྲོའི་མགོཿ དོམ་དང་དྲེད་དང་ཆུ་སྲིན་གདོངཿ རྩ་བཅད་ཁྲག་དང་ནང་ཁྲོལ་ཟཿ རྩ་བའི་དབུ་གསུམ་ཁྲོ་མོ་སྟེཿ གཡས་དཀར་གཡོན་དམར་དབུས་མཐིང་ནགཿ མཆེ་བ་ཟང་ཡག་མི་རོ་ཟཿ སྐུ་སྟོད་ཞིང་ལྤགས་ཐོད་སྦྲུལ་བརྒྱནཿ སྐུ་སྨད་རེ་ལྡེའི་ཤམ་ཐབས་ཅནཿ གཡས་དགུ་གཡོན་བསྒྲལ་སྙིང་འདྲད་འཛིནཿ གཡོན་པ་དགུ་ན་ཐོད་ཟོར་བསྣམསཿ སྟག་དང་སྤྱང་ཀི་གླ་བ་མོནཿ དྲེད་མོ་མནོལ་གྲི་ཁྱི་ནག་གཡགཿ ཞབས་བརྒྱད་དྲེགས་པའི་སྙིང་གར་བརྫིསཿ འགྲོ་བ་འདུལ་ཕྱིར་གར་སྟབས་འགྱིངཿ སྐྲ་དང་ཁ་སྤུ་མེ་རུ་འབརཿ བྷྱོཿ ཁྱོད་ཀྱི་སྤྲུལ་པ་བཤད་ཙ་ནཿ སེམས་ཉིད་མ་བཅོས་མུ་ཁ་ལེཿ སེམས་ལས་སྐྱེས་པའི་བུ་མོ་བཅུ་གསུམ་དངཿ དབྱིངས་ལས་སྐྱེས་པའི་མ་མོ་བཅུ་བཞི་དངཿ ཡེ་ཤེས་མ་མོ་ཉི་ཤུའོཿ སྣང་སྲིད་ཀུན་ཁྱབ་ཤྭ་རཱི་མཿ ཐམས་ཅད་དགྱེས་སྐོང་ཡུམ་ཆེན་ལྔཿ དགྲ་རྣམས་སྒྲོལ་བའི་ཤུགས་སྒྲོལ་དྲུགཿ དྲག་ཤུལ་དབང་ཆེན་མ་མོ་བདུནཿ གནོད་སྦྱིན་སྙིང་གཅོད་སྲིན་མོ་བརྒྱདཿ བཀའ་སྡོད་བློན་མོ་ཆེན་མོ་དགུཿ ཡང་གབ་དབང་གི་


JLAZ011_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མོ་བཞིཿ སེམས་ལས་སྐྱེས་པའི་མ་མོ་བཞིཿ ཡིད་ལ་གདུང་བའི་མཛའ་ན་བཞིཿ ལུས་ལས་བསྐྱེད་པའི་བུ་མོ་བཞིཿ མ་མོ་ཀུན་གྱི་གཙོ་མོ་བཞིཿ བདུད་རྩི་སྒྲུབ་པའི་རྒྱལ་མོ་བཞིཿ ཕུར་བུ་སྒྲུབ་པའི་བློན་མོ་བཞིཿ མ་མོ་ཐུན་གྱི་བདག་མོ་བཞིཿ ལས་ལ་གཤིན་པའི་བྲན་མོ་བཞིཿ དར་དབུགས་འཕྲོག་པའི་ལྷ་མོ་བཞིཿ མ་མོ་རྩ་ཁྲོ་བདག་མོ་བཞིཿ དགྲ་བོའི་སྙིང་འབྱིན་ལྷ་མོ་བཞིཿ ཀུན་གཞི་གནས་འགྱུར་བུ་གཅིག་མཿ གླིང་བཞིར་དབང་བསྒྱུར་དྲག་མོ་རྒྱལཿ སྟོང་གསུམ་དབང་བསྒྱུར་ཛ་ཛ་ཤྭ་རཱི་མཿ དགྲ་ལ་དབང་བསྒྱུར་དཔལ་ལྡན་རེ་མ་ཏིཿ འཇིག་རྟེན་དབང་ཅན་སྨན་མོའི་ཚོགསཿ གཤིན་རྗེའི་ལྕམ་མོ་ཉི་ཤུ་གཅིགཿ ལས་མཁན་མ་མོ་བརྒྱད་ཅུ་གཅིགཿ བྱང་ཤར་མཚམས་ཀྱི་སྲིང་གཅིག་མཿ ཐུགས་ཀྱི་སྤྲུལ་པ་རག་མོ་བདུནཿ ཚོགས་ཀྱི་ནག་མོ་ཉི་ཁྲིའི་ཚོགསཿ སྐུ་ཡི་སྤྲུལ་པ་དཀར་མོ་བདུནཿ ཚོགས་ཀྱི་དཀར་མོ་ཉི་ཁྲིའི་ཚོགསཿ གསུང་གི་སྤྲུལ་པ་དམར་མོ་བདུནཿ ཚོགས་ཀྱི་དམར་མོ་ཉི་ཁྲིའི་ཚོགསཿ ཡོན་ཏན་མ་མོ་སེར་ནག་བདུནཿ ཚོགས་ཀྱི་སེར་མོ་ཉི་ཁྲིའི་ཚོགསཿ ཕྲིན་ལས་སྤྲུལ་པ་ལྗང་ནག་བདུནཿ ཚོགས་ཀྱི་ལྗང་ནག་ཉི་ཁྲིའི་ཚོགསཿ ཤ་ཁྲག་གཏོར་མ་


JLAZ011_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞེས་ལཿ བྱད་ཕུར་རང་གི་གཤེད་མ་ཕོབཿ ལྟས་ངན་དམ་ཉམས་དགྲ་ལ་སྒྱུརཿ ནད་དལ་ཆག་ཆེ་ཉམ་ང་ཀུནཿ ཟོར་ཁ་འདི་དང་ལྷན་ཅིག་ཏུཿ བཟློག་བསྒྱུར་ཕྲིན་ལས་འགྲུབ་པར་མཛོདཿ ཅེས་ཤ་ཁྲག་དང་གཏོར་མ་འབུལཿ གལ་ཏེ་ལྟ་དགོངས་དང་ལྡན་པས་བསྟན་དགྲ་དམིགས་བསལ་ལ་ལ་རྦད་ནཿ སྔོན་ལ་སྤུ་གྲིའི་སྔགས་འདི་བཟླའོཿ ཨེ་བཾ་རཾ་ཁཾ་ཤིག་ཙིཏྟ་གཏུབསཿ དགྲ་བོའི་སྲོག་ལ་ཐུནཿ རྨུག་ལིང་ཤག་རྦདཿ བཾ་རཾ་ཁཾ་ཤགཿ ཙིཏྟ་རྔུབསཿ དགྲ་བོའི་སྲོག་ལ་བྲེང་བྲེངཿ ཡབ་ཡམ་ཐུམ་རི་ལི་ལི་བྷྱོཿ ཙིཏྟ་གཟེར་ཐུནཿ སྟྭམ་བྷ་ཡ་ནནཿ ཞེས་བཟླ་ཞིང་མཆིལ་མ་ཕྱིར་བསྒྱུར་རོཿ དེ་ནས་བསྐུལ་ནིཿ ཧཱུཾཿ གཤིན་རྗེ་ཀུན་གྱི་ལྕམ་མོ་ནིཿ ཐུགས་ཀྱི་སྤྲུལ་པ་མགོ་དགུ་མཿ ཡང་སྤྲུལ་མ་བདུན་ཤ་ཟའི་ཚོགསཿ མ་ལུས་འཇོམས་པའི་མཐུ་མོ་ཆེཿ ཁྲག་དང་དུག་གི་མཚོ་དཀྱིལ་ནསཿ དུག་རླངས་མུན་ནག་འཐིབས་པ་ལསཿ སྲིན་མོ་ཁ་འདར་མགོ་དགུ་མཿ བདུད་དང་མུ་སྟེགས་བྲན་དུ་འཁོལཿ སྲིན་མོ་ཆེན་མོ་ལས་ལ་བསྐུལཿ དོམ་དང་ཁྱི་མོ་བླ་ལ་ཁྱེཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ སྟོང་གསུམ་ཤ་ལ་རོལ་ཞིང་གསོལཿ ང་ཡི་ཤ་སྐལ་


JLAZ011_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གང་ན་ཡོདཿ སྟོང་གསུམ་ཁྲག་ལ་མོས་ཤིང་འཐུངསཿ ང་ཡི་ཁྲག་སྐལ་གང་ན་ཡོདཿ སྟོང་གསུམ་ཟོས་ཀྱང་ཁྱོད་མ་འགྲངསཿ དགྲ་བོའི་ཤ་དང་ཁྲག་ལ་རོལཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ རི་རབ་རྩེ་ནས་སྙིལ་ཀྱིན་འོངཿ རྒྱ་མཚོའི་གཏིང་ནས་རླབས་ཀྱིན་འོངཿ དམ་ཉམས་ཤ་ལ་རོལ་ལས་ཤོགཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ རང་ཤ་རང་གིས་ཟ་ཡིན་འོངཿ རང་ཁྲག་རང་གིས་འཐུང་གིན་འོངཿ རང་ཤ་ཟོས་ཀྱང་ཁྱོད་མ་འགྲངསཿ རང་ཁྲག་བཏུངས་ཀྱང་ཁྱོད་མ་ངོམསཿ དགྲ་བོའི་ཤ་དང་ཁྲག་ལ་རོལཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ གནམ་ས་རི་ཀླུང་བཟློག་ཅིང་འོངཿ རྒྱ་མཚོ་ཟོར་དུ་འཕེན་གྱིན་འོངཿ དམ་ཉམས་དགྲ་ལ་ཟོར་དུ་རྒྱོབཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ ལུས་ཅན་མ་ལུས་བྲན་དུ་འཁོལཿ དམ་ལས་འདས་པའི་ཙིཏྟ་འབྱིནཿ དགྲ་བོའི་ཁོང་ནས་ཙིཏྟ་ཕྱུངསཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ སྣང་སྲིད་བྷྱོ་བཟློག་མེ་ཡིས་བསྲེགསཿ དགྲ་བོའི་ལུས་སྲོག་བག་ཆགས་བསྲེགསཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ ལུས་ཅན་བླ་ལ་རྒྱུག་ཅིང་འོངཿ སྤྲུལ་པའི་ཁྱི་མོ་ནག་མོ་དགུཿ དགྲ་ལ་རྦོད་ལ་བླ་དང་ཕྲོལཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ


JLAZ011_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་ནད་ཀྱི་དྲ་བར་འཆངཿ དམ་ཉམས་དགྲ་ལ་རིམས་དལ་ཕོབཿ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ནཿ སྣང་སྲིད་ལུས་སྲོག་དྭངས་སྙིགས་འབྱེདཿ ཚེ་སྲོག་བསྡུས་ལ་རྩ་རྒྱུད་ཆོདཿ སྲིན་མོ་ལྕགས་ཐག་མགོ་དགུ་མཿ སྤྱན་ནས་ཁྲག་འཛག་ཟུ་ལུ་ལུཿ ཤངས་ནས་དུག་རླངས་བུན་ནེ་བུནཿ སྙན་ནས་འབྲུག་སྒྲ་དི་རི་རིཿ ཞལ་གྱི་རྔམ་སྒྲས་སྟོང་གསུམ་ཕུངཿ གཡས་པ་དགུ་ན་སྙིང་སྦྲམ་དགུཿ ཐོགས་ནས་དགྲ་བོའི་ཙིཏྟ་འབྱིནཿ གཡོན་པ་དགུ་ན་ཐོད་པ་དགུཿ དགྲ་ལ་ཁྲག་མདའ་དུག་གཟེར་འཕེནཿ དགྲ་བོའི་ཁོང་དུ་དུག་མདའ་རྒྱོབཿ ཀླད་གཤོགས་ལ་ཀླད་ཁྲག་འཐུངཿ ལུས་ཀྱི་སྲོག་ཕྲོལ་ཙིཏྟ་གཏུབསཿ ཁྲག་མདའ་དུག་ཕུར་ཐུན་ཟོར་རྒྱོབཿ སྔགས་པའི་སྐུ་དགྲ་སྒྲོལ་ལ་ཤོགཿ མ་མོའི་ཁྲམ་སྣ་དགྲ་ལ་སྒྱུརཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཅེས་བརྗོད་དགྲ་ཡུལ་མཐོང་སར་བསྐྱལཿ གཤིན་རྗེ་གཤེད་ཀྱི་སྤྲུལ་པ་སྟེཿ གྲོང་ཡུལ་གྱེར་ན་ཤིན་ཏུ་གཉནཿ ཏནྟྲའི་བཅུད་དང་མན་ངག་གནདཿ དགོངས་པར་ལྡན་པའི་རྣལ་འབྱོར་གྱིསཿ བསྟན་འགྲོའི་ཆེད་དུ་བྱ་བ་ལསཿ བོན་གྱེར་བྱས་ན་རང་ལ་སྡིགསཿ དེ་ཕྱིར་གུད་དུ་སྦས་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གུ་ཧྱཿ དྷ་ཐིམཿ


previousཐུགས་སྒྲུབ་དཔལ་ཆེན་འདུས་པ་ལསཿ རོལ་པ་ཆེན་པོའི་གཏོར་ཟློག་གི་གཟེར་ཁ་ཟབ་མོ་གུད་དུ་ཕྱུང་བ།next