Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
རིག་འཛིན་ཞི་དྲག་གི་སྒོ་ནས། ཞི་བའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་འཛིན་ཞི་དྲག་གི་སྒོ་ནས། ཞི་བའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ།next

རིག་འཛིན་ཞི་དྲག་གི་སྒོ་ནས། ཞི་བའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ།


JLAZ011_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཞི་དྲག་གི་སྒོ་ནས། ཞི་བའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ་བཞུགས།།


JLAZ011_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ཧེ་རུ་ཀ །རོལ་རྩལ་འགག་མེད་ཡེ་ཤེས་ཀློང་དགུའི་གར། །སྒྱུར་ལ་ཞི་དང་ཁྲོ་བོའི་རྣམ་རོལ་པ། །གདོད་ནས་ཡོངས་གྲོལ་རིག་འཛིན་བླ་མར་འདུད། །དེ་ཡང་རིག་འཛིན་ཞི་དྲག་ལ་བརྟེན་ནས་བསྙེན་སྒྲུབ་ཀྱི་ཁ་སྐོང་དང༌། དགོས་པ་ཁྱད་པར་བ་སོགས་ཀྱི་སླད་དུ་ཞི་བའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། དང་པོ་སྔོན་འགྲོ་ནི། གང་དུ་བྱ་བའི་གཞི་དེའི་ས་མ་དུལ་བ་ཡིན་ན། བདག་གི་རྣལ་འབྱོར་ལ་སྙེམས་པས་གཞི་བདག་ལ་གཏོར་མ་བསྔོ། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ། ཧེ་རུ་ཀའི་སྔགས་ཀྱིས་ཀུན་རྫོབ་ཙམ་དུ་སྦྱང་ཞིང༌། ཆོས་ཐམས་ཅད་གདོད་མ་ནས་སྟོང་ཞིང་བདག་མེད་པར་རྟོགས་པའི་ངེས་ཤེས་ཀྱི་དོན་དམ་པའི་སྦྱོང་བ་ཙམ་བྱས་རྗེས། ཞི་བྱེད་དམིགས་བསལ་ལམ། ཡང་ན་བཀྲ་ཤིས་པའི་


JLAZ011_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་སྟེགས་བུ་གྲུ་བཞི་པའི་དབུས་སུ་མུ་ཁྱུད་གསུམ་གྱིས་བསྐོར་བའི། ཞི་བ་ལ་པདྨ་དང༌། དྲག་པོར་རྡོ་རྗེ། མུ་ཁྱུད་གཉིས་པར་པདྨ་འདབ་བརྒྱད་དམ། དྲག་པོར་རྩིབས། གསུམ་པར་རྡོ་རྗེའི་ཕྲེང་བ། ཐབས་སྟེགས་ཀྱི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་པའི་སྟེང་དུ་ལྕི་བ་སེ་ཁ་མ་སྲོག་ཆགས་མེད་པ་བརྩིག །རང་གི་གཡས་ཕྱོགས་སུ་ཁེབས་དཀར་པོས་བཀབ་པའི་སྟེགས་ཀྱི་ཁར་རིམ་པ་བཞིན་དུ་འོ་མ་ཅན་གྱི་ཤིང་ཚད་ལྡན་བོད་དུ་མེད་མོད་ཀྱང་རིགས་མཐུན་ཙམ་དུ་བལ་བུ་ལ་སོགས་སྤྱི་མཐུན་གྱི་ཡམ་ཤིང་མཐོ་གང་བ། མངར་གསུམ་དང༌། མར་ཁུས་ཉུགས་པ། མར་དཀར་གྱི་ཁུ་བ་མངར་གསུམ་དང་སྦྱར་བའི་ཞུན་མར། ཏིལ་དཀར་པོ། གུར་གུམ། འོ་མ། དཀར་གསུམ་དང་བཅས་པའི་ཞོ་ཟན། འབྲས་མ་བྲུབས་པ། སོ་བ་ཤུབ་ལྡན་གྲ་མ་མེད་པ། ནས། སྲན།


JLAZ011_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ། དུར་ཝ། ཀུ་ཤ་རྣམས་རང་རང་གི་ལྷད་དང་མ་འདྲེས་པ་གཞན་ཡང་དུག་རིགས་བཤལ་སྨན་སོགས་མ་འདྲེས་པའི་སྨན་སྣ། རིན་པོ་ཆེ། ཤིང་ཏོག །ཙམ་པ་ཀའི་མེ་ཏོག །སྤོས་དཀར། དར་སྣ་ལ་སོགས་ཁྱད་པར་ཀྱི་རྫས་རྣམས་མེ་ལྷ་དང་དཀྱིལ་འཁོར་སོ་སོའི་རིམ་པས་ཚར་གཉིས་སུ་མང་ཉུང་དང་བཅས་བཤམ་ཞིང་ཐབས་རྫས་ཐམས་ཅད་དཀར་པོ་བསྒྱུར། གཡོན་ངོས་སུ་གཏོར་སྟེགས་ཀྱི་ཁར་འཇིག་རྟེན་ལས་འདས་མ་འདས་ཀྱི་གཏོར་མ་དང༌། སྨན་རག་ཆུ་གཉིས་སོགས་ཉེར་སྤྱོད། ལས་བུམ། སྤྲོ་ན་ཚོགས་ཀྱི་ཡོ་བྱད་དང་བཅས་འདུ་བྱའོ། ། ༈ གཉིས་པ་དངོས་གཞི་ལ་གསུམ། སྲེག་བྱེད་མེའི་ལས་ལ་གནང་བ་ཞུ་བའི་ཕྱིར་དེའི་བདག་པོ་འཇིག་རྟེན་པའི་མེ་ལྷ་མཆོད་པ། དགོས་དོན་དཀྱིལ་འཁོར་གྱི་འཁོར་ལོ་དངོས་ལ་མཆོད་པ། མེ་ལྷར་གཏང་རག་གཏོང་བ་གསུམ་ལས། དང་པོ་ནི། ཡར་ངོའི་བཀྲ་ཤིས་ཀྱི་གཟའ་སྐར་ཕུན་སུམ་ཚོགས་པའི་སྲོད་ཀྱི་ཆའམ། སྔ་དྲོའི་ཀུ་ཤ་སོགས་གཙང་མའི་སྟན་ལ་ཞི་དུལ་ཀྱི་སེམས་དང་བཅས་ཤིང་ཆས་གོས་དཀར་པོ་དང་ལྡན་པས་སེམས་དཔའི་སྐྱིལ་ཀྲུང་གིས་གདོང་ཤར་དུ་ཕྱོགས་ནས་རྡོར་དྲིལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང༌། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་


JLAZ011_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གྷནྜེ་ཨཿ ཞེས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷ་ཨཱཏྨ་ཀོ྅ཧཾཿ ཞེས་ཐུགས་ཀར་འཁྱུད་རྒྱ་བྱ། དགང་བླུགས་བསང་སྦྱངས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུགས་ལ་ཐིམས་པས་དངོས་གྲུབ་ཐམས་ཅད་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར། མཆོད་སྲེག་གི་རྫས་རྣམས་བསང་སྦྱངས། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྟའི་བར་བརྗོད། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མནྜལ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་ལིངྟ་ཏེ་ཛྭ་ལིངྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ ཞེས་མཆོད་རྫས་རྣམས་བྱིན་གྱིས་བརླབ། སྲེད་རྫས་རྣམས་ལ་བདུད་རྩི་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་རྒྱས་རེག་ཅིང༌། ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ཀྱི་ཡམ་ཤིང་ལ། ཨོཾ་ཤྲཱི་སྭཱ་ཧཱ། ཞུན་མར་ལ། ཨོཾ་ཛིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་


JLAZ011_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམ། ཨོཾ་བི་མ་ལ་ཨག་ནེ་ཡེ་སྭཱ་ཧཱཿ ཨོཾ་བེ་ཤེ་ཧསྟ་བཛྲ་ཡེ་སྭཱ་ཧཱཿ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱཿ ཨོཾ་སརྦ་སཾ་བྷ་དེ་སྭཱ་ཧཱཿ ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱཿ ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱཿ ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱཿ ཨོཾ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱཿ ཨོཾ་བཛྲ་གསྨརི་སྭཱ་ཧཱཿ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱཿ རྫས་གཞན་རྣམས་ལཿ ཨོཾ་ཨ་ཧ་ར་ཨ་ཧ་ར་ཕུ་ལེ་མཧཱ་ད་ར་བེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཞེས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་གཙུབ་ཤིང་ལས་བྱུང་བའམ། དགོན་པ་ལས་བྱུང་བའི་མེ་དུ་བ་མེད་པས་སྦར་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། རླུང་གཡབ་ཀྱིས་གཡོབ་ཅིང༌། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། དེ་ནས་ཀུ་ཤ་སྔོ་ལྗང་དྲི་མེད་ལ་ལས་ཆུས་བསངས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་སརྦ་བི་ག་ནཾ་ནཱ་ཤ་ཡ་ཧཱུྃ་ཕཊཿ ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང༌། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། སྭཱ་ཧཱ། ཞེས་ཀུ་ཤ་རྣམས་ཐབ་ཀྱི་ཁ་ཁྱེར་ལ་རྒྱབ་


JLAZ011_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྩེ་མོ་མདུན་མའི་རྩ་བས་ནོན་པར་བྱ་ཞིང་ཆུན་པོ་ཆེ་བ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་སྟེང་ནས་བཀབ་བོ། །དེ་ནས་ལས་ཆུ་འཐོར་ཞིང་མེ་ཐབ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། མུ་རན་ལ་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔང་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་དབྱུག་ཏོ་དཀར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ་ཚངས་པའི་སྐུད་པ་དཀར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་དབྱུག་ཐོ། གཉིས་པ་ན་བགྲང་ཕྲེང༌། གཡོན་དང་པོ་ན་རིལ་པ་སྦྱི་བླུགས། གཡོན་གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན།དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་


JLAZ011_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སྤྱན་དྲངས་པར་གྱུར། ལག་གཡས་མི་འཇིགས་པའི་རྒྱ་དང་མཐེ་བོང་གཡབ་ཅིང༌། ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷ་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལཿ ཨོཾ་བ་བཱ་ག་ཨགྷེ་ཨཱ་གཙྪ་ཡ། མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལ་ལས་ཆུ་དང་སྔགས་ཀྱིས་བགེགས་བསྐྲད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ལྕགས་ཀྱུའི་ཕྱག་རྒྱས་དགུག །ཨོཾ་བཛྲ་པཱ་ཤ་ཧཱུྃ། ཞགས་པའི་ཕྱག་རྒྱས་གཞུག །ཨོཾ་བཛྲ་སྥོ་ཊ་བཾ། ལྕགས་སྒྲོགས་གི་ཕྱག་རྒྱས་གཉིས་མེད་བྱ། ཨོཾ་བཛྲ་གྷཎྜེ་ཧོཿ དྲིལ་བུའི་ཕྱག་རྒྱས་དགྱེས་པ་བསྐྱེད། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་དམ་པ་འདིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ཨོཾ་སྭ་བྷ་ཝ་ཤུངྔྷེ་སྭ་ཧཱ། བདག་ཅག་མེ་ཏོག་སྤོས་རབ་དང༌། །སྦྱིན་སྲེག་མཆོད་པ་འདི་འབུལ་གྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་ཤཔྟའི་བར་གྱིས་མཆོད། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པའི། །བདག་གཞན་དོན་སྒྲུབ་པ་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་འདུད། །མེ་ལྷ་ཞལ་འཛུམ་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་


JLAZ011_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས། སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་གྱུར། ལག་གཉིས་དེ་བཞིན་གཤེགས་པའི་དགང་བླུགས་བཟུང་ནས། ཨོཾ་བི་མ་ལ་ཨགྣེ་ཡེ་སྭཱ་ཧཱ། ཞེས་བླུགས་གཟར་བདུན་གྱིས་ཕུལ་རྗེས་ཁ་སྦྱར་ལ་གཡས་སུ་བསྐོར་ཞིང༌། ཨོཾ་བ་བཱ་ག་ཨགྣེ་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱོན་སྐྱེམས་ཕུལ། མེ་པྲ་བརྟག །དེ་ནས་རྫས་རྣམས་ཞུ་བའི་རང་བཞིན་ཅན་ཞལ་དང༌། ཡམ་ཤིང༌། དུར་ཝ་ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང༌། ཞོ་ཟན་དང་རིལ་བུ་སོགས་ཕྱག་གི་མཚོན་པར་ཕུལ་བར་མོས་ཟེར་ཏེ་བདུད་རྩིའི་རང་བཞིན་དུ་ཤེས་ན་རྣམ་པའི་རྟོག་དཔྱོད་ལ་མི་ལྟོས་མོད། ཇི་ལྟར་ཡང༌། ལག་ཏུ་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང༌། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་ཕུལ་ཞིང་འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང༌། ཨོཾ་པེ་ཤེ་ཧསྟ་བཛྲ་སྭཱ་ཧཱ། མར་ཁུ། ཨོཾ་བི་མ་ལ་ཨགྣེ་སྭཱ་ཧཱ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞོ་ཟན་དང༌། ཟས་མཆོག །ཨོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ། གྲོ། ཨོཾ་


JLAZ011_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གྷསྨ་རི་སྭཱ་ཧཱ། དུར་ཝ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། རྫས་གཞན་རྣམས། ཨོཾ་ཨ་ཧ་ར་ཨ་ཧ་ར་ཕུ་ལེ་མ་ཧཱ་དར་ཕེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བདུན་ལ་སོགས་པས་ཕུལ་བའི་མཐར་བྱེ་བྲག་གི་སྤེལ་ཚིག་གཞན་ལས་བྱུང་བ་ལྟར་སྤྱི་ཁྱབ་ཏུ། བདག་ཅག་དཔོན་སློབ་ཡོན་མཆོད་གོང་བཞིན་སྤེལ། དེའི་ཚེ་དམིགས་པ་ནི། མེ་ལྷའི་འོད་ཀྱིས་རང་ངམ་བསྒྲུབ་བྱའི་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བ་སྤུའི་བུ་ག་ནས་བཏོན་ཏེ་སྲེག་རྫས་ལ་བསྟིམ། ཡེ་ཤེས་བདུད་རྩིའི་ངོ་བོར་མཆོད་པ་ནི་མན་ངག་ཡིན་ལ། དེ་བཞིན་དུ་ནད་གདོན་དགྲ་བགེགས་འབྱུང་པོའི་འཚེ་བ་ཞི་བ་སོགས་ལ་ཡང་རིག་པས་འཕྲུལ་ཤེས་པར་བྱའོ། །དེ་ནས་ཨ་ཀཱ་རོའི་སྔགས་གསུམ་གྱིས་གཏོར་མ་བསྔོ། །བསྟོད་པ་ནི། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེགས་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པ་ཐེག་པ་བཅིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང༌། །བདུད་རྩིའི་བཅུད་ལྡན་གནྡྷེ་བསྣམས། །ཆོས་ཀྱི་བདུད་རྩིའི་ཡོངས་ལ་བསིལ། །ཉེས་


JLAZ011_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདའ། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཡིག་བརྒྱས་ནོངས་པ་བཤགས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ་མུཾཿ ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་གྱུར། གཉིས་པ། དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པ་ནི། དྲག་པོ་དཔལ་ཆེན་འདུལ་པ་ལས། བྱིན་ཟའི་ལྟོ་བ་འབར་ཞིང་བསྲེགས་པའི་ཀློངཿ ཧཱུྃ་ཡིག་གནས་འགྱུར་སྤྲུལ་པའི་གཞལ་མེད་ཁངཿ སོགས། ལྷ་བསྐྱེད་བསྒྱུར་ཞིང༌། ཁྲོ་བོའི་སྤྱི་སྔགས་སམ། གཙོ་སྔགས་ཁོ་ན་ལ་རྫས་སྔགས་གདགས་པ་སོགས་ཞལ་རྒྱུན་ལྟར་བྱ། ཞི་བ་ལ། ཧཱུྃ། མེ་ལྟར་འབར་ཞིང་སྲེག་པའི་ཀློང༌། །ཕོ་བྲང་གཞལ་མེད་ཉམས་དགའ་བ། །གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན། །སོགས་ནས་ཕྱག་འཚལ་གྱི་བར་སོང་རྗེས། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལས་འོད་ཟེར་དཀར་པོའི་རང་


JLAZ011_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཞིང་ཁམས་ཀུན་ཏུ་ཁྱབ་པར་ཤར་བས་ཞི་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པ་ལ་ཆེས་དཔའ་ཞིང༌། དེ་ཐམས་ཅད་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བ་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་གྱུར། ན་མཿས་མནྟ་བུདྡྷ་ནཱཾ། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་པ་ལན་བདུན་གྱིས་དགང་བླུགས་ཕུལ་ཞིང༌། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ ནད་གདོན་སྡིག་སྒྲིབ་ཤིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་པུས་མོའི་བར་དུ་བསྐོར་ཞིང་འབུལ་བའམ། ཡང་ན་སྔགས་ལ་འདོད་གསོལ་དམིགས་བསལ་སྦྱར་བས་ཕུལ། སྤྱི་ལ་རྫས་སྔགས་སྦྲེལ། བསྙེན་སྒྲུབ་ཁ་སྐོང་ལ་རྩ་སྔགས་ཁོ་ནས་འབུལ་བའི་བྱེ་བྲག་ཕྱེད་པར་བྱའོ། །རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་འབུལ། ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། ཞེས་གོས་གསར་པ་དང༌། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ།


JLAZ011_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྡོ་ཐལ་མེད་པའི་སོ་རྩི་དབུལ། དེ་ནས་ལས་གཞུང་གི་མཆོད་པ་དང༌། བསྟོད་པའི་གཟི་བྱིན་བསྐྱེད། སྤྲོ་ན་ཚོགས་འཁོར་བྱ་ཞིང་མ་ནུས་ནའང་ཆད་སྐྱོན་མེད། མ་འབྱོར་པ་དང་ཉམས་པ་དང༌། །སོགས་ཀྱི་མཐར་ཡི་གེ་བརྒྱ་པས་ནོངས་པ་འཆགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་བསམ། གསུམ་པ་རྗེས་ཀྱི་རིམ་པ་ནི། བཛྲ་ཨ་མྲྀ་ཏས་བསངས། བཛྲ་ས་མ་ཡ་ཛཿ མེ་ལྷ་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དགང་བླུགས་ཕུལ་ཤིང༌། ཨོཾ་བ་བཱ་ག་ཨག་ན་ཡེ་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། ཞེས་པས་གོས་ཟུང་དང༌། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། སོ་རྩི་ཕུལ། རྫས་ལྷག་རྣམས་སོ་སོའི་སྔགས་མཐར། ཨོཾ་བ་བཱ་ག་ཨག་ན་ཡེ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་མཆོད་སྦྱིན་རྫས་དང་ཡོ་བྱད་མ་ཚོགས་པ་དང༌། ཏིང་ངེ་འཛིན་མ་གསལ་བ་དང༌། ཆོ་ག་ལྷག་པ་དང༌། ཉམས་པ་དང༌། ལྷ་གོང་འོག་ནོར་བ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཨ་ཀཱ་རོ་མུ་ཁཾ་སོགས་ཀྱིས་གཏོར་མ་བསྔོས་ནས་ཐབ་ཏུ་དབུལ་


JLAZ011_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཕྲིན་བཅོལ་ནི། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་ཀུན་འགྲུབ་མཛོད། བར་བརྗོད། མ་འབྱོར་བ་དང་སོགས་ཀྱི་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་སྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་བཛྲ་མུ། ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་ལྟེ་བའི་ཨ་ཐུང་ལ་ཐིམ་པར་བསམ་ཞིང༌། དགེ་བ་བསྔོ། ཤིས་པ་བརྗོད། དེ་ལྟར་བྱས་པའི་སྦྱིན་སྲེག་གི་མེ་ལ་དཀྲུགས་བརྡལ་མི་བྱེད་བར་རང་ཞིར་འཇོག །ལོང་མེད་ན་འོ་མ་དང་དྲི་བཟང་གི་ཆུས་གཞིལ་ལ་ཐལ་སོལ་རྣམས་རྒྱ་མཚོར་འབབས་པའི་ཆུ་ཀླུང་ཆེན་པོར་འདོར་བའམ། ཡང་ན་ཞི་བྱེད་ཀྱི་གཉེན་པོར་ལོངས་སྤྱད་པས་བཀྲ་ཤིས་པར་འགྱུར་རོ། །ཞེས་པའང་གཅོད་པའི་དབང་ཕྱུག་གིས་ནན་གྱིས་བསྐུལ་བ་ལས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྦྱིན་སྲེག་ལ་ཚིག་ཕྲད་བསྒྱུར་ནས་བརྗོད་པ་པོ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེས་སོ།། །།


previousརིག་འཛིན་ཞི་དྲག་གི་སྒོ་ནས། ཞི་བའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ།next