Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ། next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ།


JLAZ011_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་བཞུགསཿ


JLAZ011_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀཱི་ཤྭ་རཱ་ཡཿ གསང་བ་ལྟར་དུ་སྒྲུབ་པ་ནིཿ འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུཿ སྡུག་བསྔལ་རང་གྲོལ་ངོ་བོ་སྟེཿ ཤིན་ཏུ་ཟབ་པའི་ཏི་ལ་ཀཿ འདི་ཉིད་སྒྲུབ་པའི་གནས་མཆོག་ནིཿ འཇམ་ཞིང་ཁོད་སྙོམས་ཁ་དོག་དཀརཿ དཀར་ཕྱོགས་དགེ་བསྙེན་གནས་པའི་སཿ དགྲ་འདྲེས་དབང་དུ་མ་བྱས་པརཿ དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེངཿ སྒྲུབ་རྫས་པྲ་ཁྲིད་བཞིན་དུ་བཀོདཿ ཡང་ན་སྨན་ངག་གཏོར་མར་བརྟེནཿ དེ་ལ་སྔོན་འགྲོ་དངོས་གཞི་རྗེསཿ སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནིཿ ན་མོཿ མཐའ་མེད་འཁོར་བ་སྡུག་བསྔལ་རང་བཞིན་ལཿ དབང་མེད་སྤྱོད་པའི་བདག་སོགས་སེམས་ཅན་ཀུནཿ མཆོག་གསུམ་ངོ་བོ་འཕགས་མཆོག་


JLAZ011_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་ལྷརཿ སྙིང་ནས་གདུང་ཤུགས་དྲག་པོས་སྐྱབས་སུ་མཆིཿ ལན་གསུམཿ གཉིས་པ་སེམས་བསྐྱེད་ནིཿ ཧོཿ ཕ་མ་རིགས་དྲུག་སྙིང་རྗེའི་ཡུལ་གྱུར་ཀུནཿ རང་ངོ་མ་ཤེས་འཁྲུལ་པའི་ལས་ལ་སྤྱོདཿ ཚད་མེད་སྙིང་རྗེས་བྱང་ཆུབ་ལམ་འགོད་ཕྱིརཿ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་པར་བགྱིཿ ལན་གསུམཿ གསུམ་པ་ཡན་ལག་བདུན་པ་ནིཿ ཧོཿ དུས་གསུམ་བཞུགས་པའི་སྐྱབས་གནས་ཐམས་ཅད་ལཿ གུས་པས་ཕྱག་འཚལ་ཕྱི་ནང་མཆོད་པ་འབུལཿ མི་དགེ་སྡིག་པའི་ལས་ཀུན་མཐོལ་ལོ་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ བཞུགས་གསོལ་འདེབས་སོ་དགེ་རྩ་བྱང་ཆུབ་བསྔོཿ ཀུན་ཀྱང་འཕགས་པའི་གོ་འཕང་ཐོབ་པར་ཤོགཿ བཞི་པ་བགེགས་གཏོར་


JLAZ011_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿ་ཧཱུྃ་གིས་བརླབས་ནསཿ ཧྲཱིཿ ང་ནི་པདྨ་དབང་གི་སྐུཿ ལོག་འདྲེན་འདུལ་བའི་གཤེད་པོ་ཆེཿ ཉོན་ཅིག་བགེགས་དང་ལོག་འདྲེན་ཀུནཿ འདོད་ཡོན་གཏོར་མ་འདི་ལོངས་ལཿ རྒྱ་མཚོ་ཆེན་པོའི་ཕ་མཐར་དེངསཿ གལ་ཏེ་བཀའ་ལས་འདའ་བྱེད་ནཿ རྡོ་རྗེའི་ཐོ་བས་ཀླད་ནས་གཞོམཿ དེ་བས་བཀའ་ལས་མ་འདའ་ཞིགཿ ཧཱུྃ་བཞིའི་སྔགས་བརྗོདཿ ལྔ་པ་སྲུང་འཁོར་ནིཿ ཧྲཱིཿ སྣང་སྲིད་ཐམས་ཅད་རྡོ་རྗེའི་གུརཿ སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ངངཿ བག་ཆགས་འཁྲུལ་བའི་གདོན་བགེགས་རྣམསཿ སྐུ་གསུམ་ངང་དུ་མཚམས་བཅད་དོཿ བཛྲ་རཀྵ་རཀྵ་ཛྭ་ལ་ཧཱུྃ་ཕཊཿ དྲུག་པ་བྱིན་འབེབས་ནིཿ ཧཱུྃཿ སྟོང་ཉིད་དབྱིངས་ལས་ཐུགས་རྗེ་རོལ་པའི་རྩལཿ འགག་མེད་མཁའ་ལ་ཆར་སྤྲིན་གཏིབས་པ་བཞིནཿ ཀུན་རྫོབ་མཚན་མའི་རྫས་ཀུན་བྱིན་བརླབས་པསཿ གདོད་ནས་དག་པའི་དཀྱིལ་འཁོར་ཆེན་པོར་གྱུརཿ ཨོཾ་ཛྙཱ་ན་བཛྲ་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾ་སརྦ་ས་མ་ཡ་ཛཿ བདུན་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནིཿ ཨོཾ་ཨཱཿཧཱུྃཿ ཕྱི་ནང་གསང་བའི་མཆོད་རྫས་མ་ལུས་པཿ རྣམ་པ་རྫས་ལ་ངོ་བོ་ཡེ་ཤེས་ཀྱིཿ བདུད་རྩི་ཆེན་པོ་རོ་བརྒྱའི་དཔལ་འཛིན་པསཿ དཀྱིལ་འཁོར་ལྷ་ཚོགས་མཉེས་པའི་དཔྱིད་དུ་གྱུརཿ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟའི་བར་དངཿ སརྦ་


JLAZ011_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པཉྩ་རཀྟ་བྷ་ལིངྟ་མ་ཧཱ་སུ་ཁ་པཱུ་ཛ་ཨཱཿཧཱུྃཿ ལན་གསུམ་གྱིས་བརླབཿ གཉིས་པ་དངོས་གཞི་ལ་རྣམ་གྲངས་བདུན་ལསཿ དང་པོ་རྟེན་དང་བརྟེན་པ་བསྐྱེད་པ་ནིཿ ཧྲཱིཿ ཆོས་ཀུན་མི་དམིགས་གཞི་མེད་རྩ་བྲལ་ངངཿ དབྱིངས་རིག་ཟུང་འཇུག་དག་པ་ཆེན་པོའི་ཞིངཿ རང་སྣང་ལྷུན་གྲུབ་རི་བོ་པོ་ཏཱ་ལཿ བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོར་དབུསཿ སྣ་ཚོགས་པདྨ་སྟོང་ལྡན་ཉི་ཟླའི་སྟེངཿ ཧྲཱིཿལས་རང་ཉིད་འཕགས་མཆོག་སྙིང་རྗེའི་ལྷཿ སྡུག་བསྔལ་རང་གྲོལ་སྤྱ་རས་གཟིགས་དབང་སྐུཿ ཞལ་གཅིག་ཕྱག་བཞི་མཉམ་པའི་སྟབས་ཀྱིས་བཞེངསཿ རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ཚུལཿ ལྷག་མ་རྣམ་གཉིས་ ཁ་སར་པ་ཎི་དང་ཕྱག་སྟབས་གཅིགཿ བགྲང་ཕྲེང་པད་དཀར་འཆངཿ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་མཛེསཿ དཀར་དམར་མདངས་ལྡན་རུས་པའི་རྒྱན་གྱིས་སྤྲསཿ ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེསཿ དབུ་གཙུག་རིགས་བདག་འོད་དཔག་མེད་པས་མཚནཿཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུཿ ཤར་དུ་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀརཿ ལྷོ་རུ་འོད་ཟེར་ཅན་མ་གསེར་གྱི་མདོགཿ ནུབ་ཏུ་ཀུ་རུ་ཀུལླེ་པད་རག་མདངསཿ བྱང་དུ་ནོར་རྒྱུན་ལྷ་མོ་སྐུ་


JLAZ011_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ལྗངཿ ཀུན་ཀྱང་རང་རང་རྒྱན་དང་ཆ་ལུགས་རྫོགསཿ སྒོ་བཞིར་དབང་ཆེན་སྡེ་བཞི་ལས་མདོག་ཅནཿ གྲི་གུག་ཐོད་འཛིན་དོར་སྟབས་འཇིགས་ཚུལ་རྔམསཿ ཁྲོ་བོའི་ཆས་རྫོགས་མེ་དཔུང་ཀློང་ན་འགྱིངསཿ བར་མཚམས་སངས་རྒྱས་བྱང་སེམས་རིག་འཛིན་དངཿ དཔའ་བོ་ཌཱཀྐི་དམ་ཅན་སྤྲིན་ལྟར་གཏིབསཿ སྣང་སྟོང་སྒྲིབ་གཡོགས་བྲལ་བའི་དབྱིངས་ན་གསལཿ ཀུན་ཀྱང་གནས་ལུགས་ཡིག་འབྲུ་གསུམ་གྱིས་མཚནཿ དེ་ལས་འོད་འཕྲོས་རང་བཞིན་གནས་མཆོག་དངཿ ཁྱད་པར་སྤྲུལ་པའི་ཞིང་ཁམས་པོ་ཏཱ་ལཿ གནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་སོགས་ནསཿ ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛཿ གཉིས་པ་སྤྱན་འདྲེན་པ་ནིཿ ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ནསཿ མགོན་པོ་འོད་དཔག་མེད་པ་གཤེགས་སུ་གསོལཿ སྤྲུལ་པའི་ཞིང་ཁམས་རི་བོ་ཏ་ལ་ནསཿ འགྲོ་འདུལ་སྤྱན་རས་གཟིགས་དབང་གཤེགས་སུ་གསོལཿ ཐུགས་རྗེས་འགྲོ་བ་འདུལ་བའི་ཕོ་བྲང་ནསཿ དཀྱིལ་འཁོར་ལྷ་ཚོགས་མ་ལུས་གཤེགས་སུ་གསོལཿ བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱིས་རློབསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཨོཾ་ལོ་ཀཱི་ཤྭ་ར་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཛཿཛཿ གསུམ་


JLAZ011_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞུགས་སུ་གསོལ་བ་ནིཿ ཧྲཱིཿ དམིགས་མེད་རང་གྲོལ་ཐུགས་རྗེའི་དཀྱིལ་འཁོར་ལྷརཿ གཤེགས་བྱོན་བཞུགས་སུ་གསོལ་བར་མི་དམིགས་ཀྱངཿ གཉིས་སྣང་གློ་བུར་དྲི་མ་སྦྱངས་བའི་ཕྱིརཿ དམ་ཡེ་གཉིས་མེད་ངོ་བོར་བརྟན་པར་བཞུགསཿ བཛྲ་ས་མ་ཡ་ཏིཥྛ་ཧོཿ བཞི་པ་ཕྱག་འཚལ་བ་ནིཿ ཧྲཱིཿ བཅོམ་ལྡན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལཿ རང་ཤེས་འཁྲུལ་པ་བྲལ་བའི་བརྡ་ཕྱག་གརཿ ལྷ་ཆེན་འཕྲུལ་དགའི་རྣམ་འགྱུར་ཇི་བཞིན་དུཿ སྤང་བླང་མེད་པའི་ངང་ནས་བཙལ་བར་བགྱིཿ ན་མོ་པུ་རུ་ཤ་ཡ་ཧོཿ ལྔ་པ་མཆོད་པ་ནི། ཧྲཱིཿ ཀུན་ཏུ་བཟང་པོའི་རྣམ་རོལ་མཆོད་པའི་སྤྲིནཿ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དངཿ ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔཿ ལྷ་མིའི་དཔལ་འབྱོར་མ་ལུས་འབུལ་ལོ་བཞེསཿ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་རཱུ་པ་ཤཔྟ་གྷནྡྷེ་རཱ་ས་པར་ཤེ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧིཿ དྲུག་པ་ཁྱད་པར་གྱི་མཆོད་པ་ནིཿ ཧྲཱིཿ ཁྱད་པར་རྨད་བྱུང་བདེ་བ་ཆེན་པོའི་རྫསཿ སྨན་གཏོར་རཀྟ་ཚོགས་མཆོད་དང་རེ་སྤྲོཿ ཤེས་རབ་རིག་མ་བློ་འདས་གཉུག་མའི་གཤིསཿ འབུལ་ལོ་བཞེས་ནས་དབང་དང་དངོས་གྲུབ་སྩོལཿ སརྦ་པཉྩ་རཀྟ་བ་ལིང་ཏ་མ་ཧཱ་སུ་ཁ་དྷརྨ་དྷ་ཏུ་པཱུ་ཛ་ཧོཿ བདུན་པ་བསྟོད་པ་


JLAZ011_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ནིཿ ཧྲཱིཿ ཆོས་དབྱིངས་སྤྲོས་པ་བྲལ་བའི་ཕོ་བྲང་ནསཿ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་མངའ་དབང་ཅནཿ ཚད་མེད་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགསཿ སྡུག་བསྔལ་རང་གྲོལ་སྐུ་ལ་ཕྱག་འཚལ་བསྟོདཿ ཚད་མེད་བཞི་ཡིས་འགྲོ་ཀུན་ཐར་ལམ་འདྲེནཿ གང་ལ་གང་འདུལ་ཐུགས་རྗེ་རོལ་པའི་གརཿ ཅིར་ཡང་སྒྱུར་བའི་མཐུ་སྟོབས་རྫུ་འཕྲུལ་ཅནཿ རིགས་བཞིའི་སེམས་མ་རྣམས་ལ་ཕྱག་འཚལ་བསྟོདཿ རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་བསྒྱུར་ཞིངཿ ལོག་འདྲེན་འདུལ་ཕྱིར་ཁྲོ་གཏུམ་རོལ་པའི་སྟབསཿ ཐོགས་མེད་བསྒྱུར་བའི་རིགས་བཞིའི་ཧྱ་གྷྲིཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ བརྒྱད་པ་འཛབ་ནིཿ རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་རུཿ ཉི་ཟླའི་གའུ་ཁ་སྦྱོར་ལངས་པའི་དབུསཿ ཟླ་བའི་སྟེང་ན་ཐུགས་སྲོག་ཧྲཱིཿདཀར་པོཿ དེ་མཐར་ཡི་གེ་བདུན་པས་བསྐོར་བ་ལསཿ འོད་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་དངཿ ཁྱད་པར་ཐུགས་རྗེ་ཆེན་པོའི་ཐུགས་རྒྱུད་བསྐུལཿ འགྲོ་དྲུག་སེམས་ཅན་ཀུན་གྱི་ལས་ཉོན་སྦྱངསཿ འོད་ཟེར་ཚུར་འདུས་བདག་ལ་ཐིམ་པ་ཡིསཿ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་དམིགསཿ འགྲོ་ལ་སྙིང་རྗེའི་ངང་


JLAZ011_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟླས་པར་བྱཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གྲངས་ཀྱི་བསྙེན་པ་བྱེ་བ་གཅིགཿ དུས་ཀྱི་བསྙེན་པ་དེའི་བཞི་འགྱུརཿ མཚན་མའི་བསྙེན་པ་རྟགས་དང་སྦྱརཿ རྟགས་ནི་མེ་ཏོག་དཀར་པོ་འཐུཿ གངས་རིར་འཛེགས་དང་ཕྱག་མཚན་རྙེདཿ རོལ་མོ་འཁྲོལ་དང་ཁྲུས་བྱེད་སོགསཿ དངོས་ཉམས་རྨི་ལམ་མ་ངེས་འབྱུངཿ ཁྱད་པར་ཚེ་ཡི་སྒྲུབ་བྱེད་ནཿ འཕགས་པའི་ཐུགས་ལས་འོད་འཕྲོས་པསཿ རྗེ་བཙུན་སྒྲོལ་མའི་ཐུགས་རྒྱུད་བསྐུལཿ བརྟན་གཡོའི་ཁམས་ནས་ཚེ་བཅུད་དངཿ བླ་ཚེ་སྲོག་དབུགས་ཡར་བ་བཀུགཿ སྒྲུབ་བྱ་གཙོ་བོའི་ཐུགས་སྲོག་དབུསཿ གསལ་བ་ལ་བསྟིམ་རྩ་སྔགས་གཤམཿ ཏཱ་རེ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ནྲི་ཛ་སྭཱ་ཧཱཿ ཞེས་བཏགས་བསྙེན་པས་ཚེ་གེགས་ཞིཿ བགེགས་འདུལ་བསོད་ནམས་རྒྱས་བྱེད་ནཿ འོད་ཟེར་ཅན་མའི་ཐུགས་རྒྱུད་བསྐུལཿ ལོག་པར་འདྲེན་པའི་བཀྲག་དངས་བཅུདཿ སྒྲུབ་ཆུས་བླངས་བཞིན་བདག་ལ་བསྟིམཿ གཟི་བྱིན་ཉི་ཟླ་ལྟ་བུར་བསམཿ རྩ་སྔགས་ཤམ་བུར་འདི་བཏགས་བསྙེནཿ ཨཱར་ཡ་མ་རི་ཙྱཻ་མཱཾ་སྭཱཧཱཿ ལོག་འདྲེན་འདུལ་ཞིང་ཚེ་བསོད་རྒྱསཿ ཁམས་གསུམ་མ་ལུས་དབང་སྡུད་ནཿ རིག་བྱེད་དབང་མོའི་ཐུགས་རྒྱུད་བསྐུལཿ བརྟན་གཡོའི་དངས་བཅུད་མ་ལུས་དངཿ ཁྱད་པར་དམིགས་བྱའི་ཚེ་བསོད་དབངཿ འོད་དམར་རྣམ་པར་མེར་གྱིས་བསྡུསཿ བདག་


JLAZ011_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་གཟི་བྱིན་འབར་བར་དམིགསཿ ཀུ་རུ་ཀུལླེ་ཧྲིཾ་ཧྲིཾ་ཝཱ་ཤང་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཏགས་བཟླས་པས་རང་དབང་འགྱུརཿ ནོར་གྱིས་བང་མཛོད་གང་བྱེད་ནཿ ནོར་རྒྱུན་མ་ཡི་ཐུགས་རྒྱུད་བསྐུལཿ ལྷ་ཀླུ་དྲང་སྲོང་མིའི་ནོར་བུཿ ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིསཿ བཀུགས་ནས་བདག་ལ་སྩོལ་བར་དམིགསཿ མ་མ་བཱ་སུ་དྷ་རི་སྭཱ་ཧཱཿ ཞེས་བཏགས་བཟླས་པས་དངོས་གྲུབ་ཐོབཿ ལོངས་སྤྱོད་རྣམ་ཐོས་སྲས་དང་མཉམཿ སྒྲུབ་རྫས་བླ་རྡོ་སྲོག་འཁོར་དངཿ དམིགས་གནད་དམར་བྱང་གནད་ཡིག་ལསཿ རྟོགས་པར་བྱ་བ་ཁོ་ནའོཿ ས་མ་ཡཿ འདི་ལྟར་ཤིན་ཏུ་ཟབ་པའི་གནདཿ འཕགས་མཆོག་སྡུག་བསྔལ་རང་གྲོལ་གྱིཿ སྒྲུབ་ཐབས་རྗེ་བཙུན་མ་ཧཱ་གུ་རུསཿ མངའ་བདག་ཆོས་རྒྱལ་ཡབ་སྲས་ལཿ བར་ཁང་གཡུ་ཞལ་འབར་བ་རུཿ གདམས་ཏེ་སྙིང་མཛོད་སྒྲོམ་བུར་སྩལཿ སྨོན་ལམ་གཏད་རྒྱའི་མཐུ་བཙན་པོཿ དུས་ལ་བབ་བོ་སྟག་གི་ལོརཿ ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཞིངཿ ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མསཿ འོད་གསལ་སྒྱུ་འཕྲུལ་དྲྭ་བའི་ཀློངཿ ཀློང་གསལ་བརྡ་རིས་ཤོག་དྲིལ་སྤྲོདཿ བརྡ་དོན་གབ་སྦས་མེད་པར་བཀོདཿ བཀའ་སྲུང་གཟའ་བདུད་ཆེན་པོ་ཡིསཿ ཤིན་ཏུ་ཟབ་པའི་གཏེར་གྱི་བཅུདཿ གཡེལ་མེད་སྐྱོངས་ཤིག་ས་མ་ཡཿ ལོ་བདུན་གསང་རྒྱ་བྱས་ནས་གཏན་ལ་ཕབཿ སྙིང་ལས་གཅེས་པའི་གདམས་པའོཿ ཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ། next