Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལསཿ དབང་དོན་བདག་འཇུག་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལསཿ དབང་དོན་བདག་འཇུག་གསལ་བ།next

ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལསཿ དབང་དོན་བདག་འཇུག་གསལ་བ།


JLAZ011_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལསཿ དབང་དོན་བདག་འཇུག་གསལ་བ་བཞུགསཿ འཕགས་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོཿ སྤྱན་རས་གཟིགས་སྡུག་བསྔལ་རང་གྲོལ་གྱི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའི་ཆོ་ག་ལ་གསུམ་ལས། དང་པོ་ནི། མ་ད་ལ་པདྨ་འདབ་བཞི་སྒོ་རྫོགས་ཅན་གྱི་གནས་སོ་སོར་ལྷ་མཚན་དགུ་དང༌། བུམ་པ། བསང་རྫས། རིག་ཙཀ ། མེ་ལོང་ཤེལ་རྡོ། གཏོར་མ། ཉེར་སྤྱོད་སོགས་བཤམ་མོ། །གཉིས་པ་ལ། དཀྱིལ་འཁོར་བསྒྲུབ་མཆོད་སྔོན་དུ་བཏང་ནས་བཟླས་པ་ཅི་ནུས་དང༌། རྣམ་བུམ་ལ་དམིགས་ནས་རྩ་སྔགས་ལ་དབྱངས་གསལ་བཏགས་པ་དང༌། ལས་བུམ་དུ་རྟ་མགྲིན་གྱི་ལས་སྔགས་བཟླའོ། །དེ་ནས་བདག་འཇུག་ནི། ཁྲུས་བྱ། བགེགས་བསྐྲད། ཨ་ཁཾ་ཝཱི་རས་མེ་ཏོག་བཟུང༌། ཨོཾ་ཨཱཿཧཱུྃ་གིས་མིག་དར་འཆིང༌། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱངས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ་གྱི་གསོལ་བ་གདབ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །ནས། བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ་གྱིས་རྒྱུན་བཤགས་བྱ། དེ་ནས་སྡོམ་བཟུང་ནི། ཐུགས་རྗེ་ཆེན་པོ་སྐྱབས་ཀྱི་མཆོག་ཏུ་འཛིན། །འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་ཅིང། །སྐུ་གསུང་ཐུགས་དང་ཉམས་སྦྱོར་གསང་


JLAZ011_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི། །དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི། །ལན་གསུམ། ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་པའི་དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེ་བར་བསམ། སྙིང་རྗེ་ཆེན་པོའི་སྒོ་ནས་རིམ་པར་སྐུ་གསུང་ཐུགས་ཕྱག་བྱེད་བཞིན་པར། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མེ་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ལན་བཞིའི་མཐར། དཀྱིལ་འཁོར་གྱི་ཤར་སྒོ་དབང་སྟེགས་པདྨ་འདབ་བརྒྱད་འཁོད་པས། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་རྣམ་སྨིན་གྱི་ལུས་རྟེན་སྦྱངས། རྣམ་པར་ཤེས་པ་ཧྲཱིཿཡིག་དཀར་པོར་གྱུར་པ་ཞལ་ནས་དྲངས་སྐུའི་དབྱིབས་བརྒྱུད། མདུན་གྱི་སྒྲོལ་མའི་མཁའ་གསང་དུ་བབས་བདེ་སྟོང་ལས་བསྐྱེད་པའི་སྲས་ཀྱི་རྣམ་པར་གྱུར་པ་སྔར་གྱི་གདན་ལ་འཁོད། དེ་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་གནས་གསུམ་དུ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་སྤྱན་དྲངས་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུར་པར་བསམས་ལ་རྩ་སྔགས་ལ་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་བཏགས་པས་བྱིན་ཕབ། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་མེ་ཏོག་ཕུལ། པྲ་ཏི་གྷྲིཧྣ་ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ་ཞེས་པས་ལྷག་ལྷ་སྤྱི་བོ་ནས་ཐིམ་པར་བསམ། ཧོཿ བདེ་གཤེགས་སྙིང་པོ་ཚོགས་བརྒྱད་ཀྱིས། །ལྡོངས་པའི་མ་རིག་ལིང་ཏོག་ནི། །ཡེ་ཤེས་ཐུར་མས་བསལ་ནས་ཀྱང༌། །རྣམ་ཐར་སྒོ་གསུམ་བསྟན་དུ་གསོལ། ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་པས་ཆོས་ཉིད་ཀྱི་བདེན་པ་མཐོང་


JLAZ011_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམ། དེ་ནས་དབང་བསྐུར་བ་ནི། གཙོ་བོའི་ཐུགས་ཀ་ནས་དབང་རྫས་རྣམས་རིམ་པར་བྱུང་བར་བསམས་ལ། ཧཱུྃ་བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས། །ལྷ་དང་གཉིས་མེད་བདུད་རྩིའི་ཆུས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། །རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང༌། །ཀུན་ཏུ་འོད་ཀྱིས་ས་ནོན་ཤོག །རྩ་སྔགས་དང་ཀཱ་ཡ་ཨ་བྷི་ཥིཉྩ་མུཾ། དེས་ལུས་དང་རྩའི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཟུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་གོ །གསང་རྫས་བྱིན་ལཿ ཧཱུྃ། ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས། །དཀར་དམར་བྷནྡྷའི་ནང་དུ་བསྐྱིལ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩ་ཁམས་ཡི་གེའི་རྣམ་པར་སྨིན། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །པདྨ་ཅན་གྱི་ས་ནོན་ཤོག །རྩ་སྔགས་དང་ཝཱཀྐ་ཨབྷི་ཥིཉྩ་མུཾ། དེས་ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ །རིག་ཙཀ་བཟུང་ལ། ཧཱུྃ་ཆོས་རྣམས་


JLAZ011_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་འབྱུང་གནས་ཏེ། བདེ་བ་ཆེན་པོ་གསང་བའི་ཡུམ། །རིགས་ཀྱི་བུ་ལ་བྱིན་པ་ཡིས། །དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ། །འཁོར་ལོ་ཚོགས་ཆེན་ས་ནོན་ཤོག །རྩ་སྔགས་དང༌། ཙིཏྟ་ཨ་བྷི་ཥིཉྩ་མུཾ། དེ་ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙནྜ་ལིའི་སྣོད་དུ་གྱུར། །ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐོབ། །ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ །མེ་ལོང་ཤེལ་རྡོ་བརྔས་མཚོན་པར་བྱས་ཏེ། ཧོཿ ཀ་དག་མེ་ལོང་གཙང་མའི་ངོགས།། ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ། །བརྡ་རྟགས་རྫོགས་པའི་དབང་བསྐུར་བས། །དྲི་མེད་རིག་པའི་གནས་ལུགས་རྟོགས། །ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས། །བདེ་བ་ཆེན་པོའི་ས་ནོན་ཤོག །རྩ་སྔགས་དང༌། དྷརྨཱ་དྷརྟུ་ཨ་བྷི་ཥིཉྩ་མུཾ། དེས་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོན་པའི་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བ་རྒྱུད་ལ་བཞག་


JLAZ011_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གོ། །གསུམ་པ་རྗེས་ལ་དམ་ཚིག་ཁས་བླང་བ་ནི། རྩ་བ་སྐུ་གསུང་ཐུགས་མཆོག་དང༌། །ཡན་ལག་དམ་ཚིག་ཉི་ཤུ་ལྔ། །མེད་དང་གཅིག་པུ་ཕྱལ་བ་སོགས། །ཆོ་ག་བཞིན་དུ་བསྲུང་བར་བགྱི། །ལན་གསུམ་གཏང་རག་གི་མཎྜལ་ཕུལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གི་བགྱི། །ཁྱེད་ལ་བདག་ཀྱང་ཡོངས་སུ་འབུལ། །སློབ་མར་བཟུང་ནས་སྤྱད་དུ་གསོལ། །བསྔོ་སྨོན་རྣམས་སྤྱི་ལྟར་བྱ་ཞིང༌། ཆོ་གའི་རྗེས་ཆོ་ག་རྣམས་ཀྱང་དཀྱུས་བཞིན་ནོ། །ཞེས་པའང་རིན་ཆེན་རྡོ་རྗེའི་ངོར་ལྕགས་ཟམ་བླ་བྲང་དུ་བྲིས་པའོ།། །།


previousཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལསཿ དབང་དོན་བདག་འཇུག་གསལ་བ།next