Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཞི་ལམ་འབྲས་བུའི་སྨོན་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཞི་ལམ་འབྲས་བུའི་སྨོན་ལམ།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཞི་ལམ་འབྲས་བུའི་སྨོན་ལམ།


JLAZ011_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཞི་ལམ་འབྲས་བུའི་སྨོན་ལམ་བཞུགསཿ འུྃཿ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོཿ གདོད་མའི་གནས་ལུགས་རང་བཞིན་སྤྲོས་དང་བྲལཿ ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགསཿ མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞིཿ འགལ་འདུ་མ་ཡིན་བརྗོད་བྱའི་ཡུལ་ལས་འདསཿ རྫོགས་ཆེན་བཞི་ཡི་གནས་ལུགས་རྟོགས་པར་ཤོགཿ ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལཿ རང་བཞིན་གསལ་བས་ཆད་པའི་མུ་དང་བྲལཿ ཐུགས་རྗེ་འགག་མེད་སྣ་ཚོགས་སྤྲུལ་པའི་གཞིཿ གསུམ་དུ་དབྱེ་ཡང་དོན་ལ་ཐ་མི་དདཿ རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོགཿ བསམ་གྱིས་མི་ཁྱབ་སྒྲོ་འདོགས་ཀུན་དང་བྲལཿ ཡོད་དང་མེད་པའི་ཕྱོགས་འཛིན་རྣམ་པར་ཞིགཿ འདི་དོན་བརྗོད་ལ་རྒྱལ་བའི་ལྗགས་ཀྱང་རྡུགསཿ ཐོག་མཐའ་བར་མེད་གཏིང་གསལ་ཆེན་པོའི་དབྱིངསཿ རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོགཿ རང་ངོ་རྣམ་དག་སྐྱེ་མེད་ཀ་དག་ལཿ ལྷུན་གྲུབ་འདུས་མ་བྱས་པའི་གདངས་ཤར་བཿ གུད་དུ་མ་བཟུང་རིག་སྟོང་ཟུང་འཇུག་ཆེརཿ རྟོགས་པས་གཞི་ཡི་དགོངས་པ་ཚད་དུ་ཕྱིནཿ ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོགཿ ཡེ་ནས་དག་པས་


JLAZ011_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་མིང་ཡང་མེདཿ རང་ངོ་རིག་པས་སྒོམ་རྒྱུའི་ཤུབས་ནས་དོནཿ གཟའ་གཏད་མེད་པས་སྤྱོད་པའི་སྒྲོག་དང་བྲལཿ རང་བཞིན་ལྷུམ་ཞུགས་སྤྲོས་བྲལ་རྗེན་པའི་ངངཿ ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོགཿ བཟང་ངན་རྣམ་རྟོག་ཕྱོགས་སུ་མ་ལྷུང་ཞིངཿ བཏང་སྙོམས་ལུང་མ་བསྟན་དུ་མ་འབྱམས་པརཿ ཤར་གྲོལ་རིས་མེད་རྒྱ་ཡན་ལྷུན་འབྱམས་ཀློངཿ སྤང་བླང་ཡེ་ཟད་རང་བཞིན་ཡོངས་ཤེས་ངངཿ ལམ་གྱི་གནད་ལ་གོལ་འཕྱུགས་མེད་པར་ཤོགཿ ཐོག་མའི་སྤྱི་གཞི་ནམ་མཁའ་ལྟ་བུ་དངཿ གཞི་སྣང་རིག་པ་མཁའ་ལ་སྤྲིན་དེངས་བཞིནཿ ཕྱི་གསལ་ཤེས་པ་ནང་དུ་ལྡོག་པ་ལསཿ ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུའི་སྦུབསཿ འབྲས་བུའི་རྒྱལ་པོ་བཙན་ས་ཟིན་པར་ཤོགཿ ཡེ་ནས་རང་རིག་ཀུན་ཏུ་བཟང་པོ་ལཿ ཐོབ་བྱའི་ཞེ་འདོད་མཐའ་དག་དབྱིངས་སུ་ཡལཿ བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་གཤིསཿ དབྱིངས་རིག་ཀུན་ཏུ་བཟང་མོའི་མཁའ་ཀློང་སྦུབསཿ འབྲས་བུའི་རྒྱལ་པོ་བཙན་ས་ཟིན་པར་ཤོགཿ ཡེ་ནས་རང་རིག་ཀུན་ཏུ་བཟང་པོ་ལཿ ཐོབ་བྱའི་ཞི་འདོད་མཐའ་དག་དབྱིངས་སུ་ཡལཿ བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་གཤིསཿ དབྱིངས་རིག་ཀུན་ཏུ་བཟང་མོའི་མཁའ་ཀློང་སྦུབསཿ འབྲས་བུའི་རྒྱལ་པོ་བཙན་ས་ཟིན་པར་ཤོགཿ རབ་ཏུ་མི་གནས་དབུ་མ་ཆེན་པོའི་དོནཿ ཁྱབ་གདལ་ལྷུན་འབྱམས་ཕྱག་རྒྱ་ཆེན་པོའི་ངངཿ མཐའ་གྲོལ་ཀློང་ཡངས་


JLAZ011_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོའི་གནདཿ ས་ལམ་ཡོན་ཏན་གཞིར་རྫོགས་ལྷུན་གྲུབ་སྦུབསཿ འབྲས་བུའི་རྒྱལ་པོ་བཙན་ས་ཟིན་པར་ཤོགཿ ཐུགས་བཅུད་ཀློང་ཆེན་ཟབ་རྒྱ་ཡིཿ མཐའ་སྡུད་སྨོན་ལམ་ཟབ་མོ་འདིཿ བཀའ་སྲུང་དྲང་སྲོང་རཱ་ཧུ་ལཿ བནྡེའི་ཚུལ་གྱིས་བསྐུལ་ནས་བཀོདཿ ཟབ་དོན་སྤེལ་བ་དོན་ཡོད་ཅིངཿ རྟེན་འབྲེལ་སྨོན་ལམ་མཐར་ཕྱིན་ཕྱིརཿ ནམ་མཁའི་སྙིང་པོས་བྱིན་བརླབས་པའིཿ ཀོང་སྨྱོན་སྦས་པའི་རིག་འཛིན་ལཿ ཟབ་རྒྱ་བཀྲོལ་ཏེ་གཏད་རྒྱ་བྱསཿ འགྲོ་དོན་ནམ་མཁའ་མཉམ་པར་ཤོགཿ ཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཞི་ལམ་འབྲས་བུའི་སྨོན་ལམ།next