Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞི་ཁྲོ་ངན་སོང་སྦྱོང་བ་ལ་བརྟེན་པའི་ཞིབ་དཔྱོད་ལྷན་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་ངན་སོང་སྦྱོང་བ་ལ་བརྟེན་པའི་ཞིབ་དཔྱོད་ལྷན་ཐབས།next

ཞི་ཁྲོ་ངན་སོང་སྦྱོང་བ་ལ་བརྟེན་པའི་ཞིབ་དཔྱོད་ལྷན་ཐབས།


JLAZ011_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་ངན་སོང་སྦྱོང་བ་ལ་བརྟེན་པའི་ཞིབ་དཔྱོད་ལྷན་ཐབས་བཞུགས། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་གསུངས་པ་ལྟར་དེང་སང་འདི་ན་ལྔ་བརྒྱའི་ཐ་མ་ཡང་དག་དང་ལྟར་སྣང་འབྱེད་པའི་བློ་གྲོས་རྨོངས་དུས་སོ་སོར་རྟོགས་པའི་ཤེས་རབ་ཀྱི་རོལ་རྩལ་འགག་པ་མེད་པའི་རྟོག་དཔྱོད་ཀྱིས་དོན་ལ་འདྲི་ཞིང་ལན་ལྡོན་པ་སྔ་ཕྱི་གཉིས་ཤིག་བྱུང་སྟེ་སྔ་མ་ནི། ཕྱི་འགྱུར་ཀུན་རིག་ཡོངས་གྲགས་སུ་རྩ་རིག །སརྦ་བིད་སརྦ་ཨ་ཝ་ར་ཎ་བི་ཤྭ་དྷ་ན་ཧ་ན་ཧ་ན་ཧཱུྃ་ཕཊཿ སོགས་ཀྱི་གཤམ་འདོགས་ཡོད་མོད་ཀྱི། འདི་ནི་ཀུན་རིག་མགྲོན་ཐབས་ཀྱི་ལྷ་མ་དགོས་པས་རང་རྐྱང་བསྡུས་པ་ཆད་ལྷག་མེད་པ་ཡིན་པའི་དོན་སྔགས་འགྲེལ་གྱིས་སྟོན་ཅིང༌། དེར་མ་ཚད་ཀུན་མཁྱེན་ཆེན་པོའི་དགེ་བ་གསུམ་གྱི་དོན་ཁྲིད་ནས་རྣལ་འབྱོར་རྒྱུད་ཀྱི་སྒོམ་རིམ་བསྡུས་པ་སྟོན་པའི་རྩ་རིག་གིས་ཀྱང་ལུང་གི་དབང་པོ་བཏུབ་པ་ལགས་སོ། །རིགས་ལྔ་མ་གཏོགས་ལྷ་བྱིངས་ཕྱག་རྒྱ་བསྡུས་པའི་བསྐྱེད་རིམ། སྐུ་མདོག་ཕྱག་མཚན་རྣམ་འགྱུར་དུ་མ་སྟེ། །གཅིག་ཏུ་མ་ངེས་ཆོ་འཕྲུལ་སྣ་ཚོགས་སྟོན། །ཞེས་པ་ལྟར་ལགས་ཀྱང༌། མངོན་རྟོགས་


JLAZ011_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་ལ་སྤྲོ་བ་དག བྲིས་སྐུ་འབྲི་བ་ལ་ན་རག་དོང་སྤྲུགས་བཀའ་མའི་གཞུང་སོར་བཞག་ཡིན། ཨོཾ་ན་མོ།ཕྱག་འཚལ་ལོ། བྷ་ག་ཝཱ་ཏེ། བཅོམ་ལྡན་འདས། སརྦ་དུརྒ་ཏེ།ངན་སོང་ཐམས་ཅད། པ་རི་ཤོ་དྷ་ནི་རཱ་ཛ་ཡ།ཡོངས་སུ་སྦྱོང་བའི་རྒྱལ་པོ། ཏ་ཐཱ་ག་ཏ་ཡ།དེ་བཞིན་གཤེགས་པ། ཨརྷ་ཏེ་སཾ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། མྱག་སཾ་བུདྡྷ་ཡ། ཏདྱ་ཐཱ།འདི་ལྟ་སྟེ། ཨོཾ་ཤོ་དྷ་ནེ་ སྦྱོང༌། ཤོ་དྷ་ནི་ སྦྱོང༌། སརྦ་པཱ་པཾ་བི་ སྡིག་པ་ཐམས་ཅད་རྣམ་པར་སྦྱོང༌།ཤོ་དྷ་ན་སྭཱ་ཧཱ། བཟླས་དམིགས་ཐུགས་ཀར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་བུན་བུན་འཕྲོས་ཞལ་ཕྱོགས་བཞིར་གཟིགས་པའི་སྨིན་མཚམས་ལས་ཐོན་ངན་སོང་གནས་པ་དང་དམིགས་བྱའི་དོན་བྱས། སྡིག་སྒྲིབ་ཐམས་ཅད་སྦྱངས། དེ་དག་གི་རྣམ་ཤེས་འོད་ཀྱི་རྣམ་པར་གྱུར་པ་དང༌། ལྷན་ཅིག་ཐུགས་ཀར་བསྡུས་ཏེ་མཉམ་པར་འཇོག་པ་མན་ངག་ཡིན། ཕྱི་མའི་ལན། ཞི་ཁྲོའི་སྐོང་གི་སྐབས་རྩ་བ་གསུམ་ཀའི་ཕྲིན་ལས་ཚང་ཕྱིར། ནང་སྒྲུབ་ཡུམ་ཀ །ཞི་ཁྲོ་གསུམ་བྲེང་ཆགས་སུ་གཏོང་བའི་གོ་དོན་ལ། རིག་འཛིན་བདག་བསྐྱེད། ཡུམ་ཀ་མདུན་བསྐྱེད། དེ་ཉིད་ལས་དང་པོ་པས་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་བློར་མ་ཆུད་ཚེ་གནས་འགྱུར་ཞི་ཁྲོའི་དཀྱིལ་འཁོར་དུ་བསྒོམས་པས་


JLAZ011_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ། ཞེས་དེ་ལས་རྒྱལ་བ་ཐམས་ཅད་བསྐྱེད་པའི་དངོས་དོན་ལའང་འབྱོར་ཏེ། སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགསཿ ཞེས་པ། དག་ཆེན་ཡེ་ཤེས་ཀྱི་ཀློང་ཆེན་པོ་ཡུམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་མཐའ་གཅིག་ཏུ་མ་ངེས་ཏེ། བྲེལ་བས་མ་ཁོམ་ན་སྔོན་འགྲོ་རྣམས་དབང་གི་སྤྱི་དོན་ནང་བཞིན་དངོས་བསྟན་ནམ། ཆ་མཐུན་རིག་འཛིན་གང་རུང་ནས་བླངས་རྗེས། ཞི་ཁྲོའི་བསྐྱེད་རིམ་བདག་མདུན་མཉམ་སྒྲུབ་བྱས་ཀྱང་འཐུས། ཆ་མཐུན་གྱི་སྐབས་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་མཚོན་ཚིག་ཕྲད་རིག་འཛིན་ཞེས་པར་ཞི་ཁྲོ་ཞེས་བསྒྱུར་བའང་རྟོག་་་་བརྟགས་གོ་བ་ཆུང་བ་རྣམས་ལ་གོ་དགོངས་པ་སྟེ། དངོས་དོན་ལྷོངས་པའི་བློ་ཆེན་ལ་ལྷུན་གྲུབ་རིགས་འཛིན་སངས་རྒྱས་ཉག་གཅིག་ཡིན་པས། དེ་ལས་གཞན་པའི་རྒྱལ་བ་ཞི་ཁྲོ་མེད་པའི་ཕྱིར། ཚིག་སྒྱུར་ཡང་མི་དགོས་སོ། །འདིར་བསྐྱེད་པའི་རིམ་པ་ལ། འདུས་པ་མདོ། རྒྱུད་ལུགས་སོགས་ལ་སྟེང་མཁར་ཞི་བའི་དཀྱིལ་འཁོར་དང༌། འོག་ཁང་ཁྲོ་བོའི་དཀྱིལ་འཁོར་དུ་ཡོད་པའི་སྒོམ་ལུགས་ལྟ་བུ་ཡང་མ་ཡིན་ཏེ། འདི་ནི་ལུང་ཨ་ནུའི་དངོས་བསྟན་གཟུགས་བང་ཐམས་ཅད་དབྱིངས་ནས་སངས


JLAZ011_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

་རྒྱས་པའི་བསྐྱེད་རིམ། སྣོད་ཀྱི་འཇིག་རྟེན་ཐམས་ཅད་རྟེན་གཞལ་ཡས་ཁང་དུ་རང་ཤར་བར་བསྒོམས་པས། སྦྱང་གཞི་སྣོད་ཀྱི་བག་ཆགས་དག་པར་བྱེད་ལ། དེའི་ནང་དུ་བརྟེན་པའི་ལྷ་ནི་ཀུན་གཞི་ཚོགས་བརྒྱད་དང་བཅས་པའི་སེམས་རིགས་བརྒྱའི་ལྷ་ཚོགས་སུ་འཆར་བའི་དག་བྱ་དག་བྱེད་ཀྱང་བཤགས་རྒྱུད་དང་མཐུན་པར་ངེས་ཤེས་བསྐྱེད་པའི་རྣམ་པ་ལམ་བྱེད་ཀུན་གཞི་རྣམ་དག་ཀུན་ཏུ་བཟང་པོའི་ཐུགས་ཀར། ཀུན་གཞིའི་རྣམ་ཤེས་བདེ་སྟོང་གཉིས་སུ་མེད་པའི་རྩལ་སྣང་གི་རྟོག་ཚོགས། སེམས་དང་སེམས་བྱུང་གི་རྣམ་པར་ཤར་བ་མཐའ་དག་གཟུགས་ཕུང་རྣམ་པར་སྣང་མཛད་དུ་དག་པས་མཚོན། ཡུལ་དང་དབང་པོའི་འདུ་འཕྲོད་ཐམས་ཅད་ཀྱི་དག་བྱ་དག་འབྲས་ལས་རིགས་བརྒྱའི་ལྷ་སྐུར་གྲུབ་པའི་ཚུལ་ཤེས་པར་མི་ནུས་པའི་བསྐྱེད་རིམ་དེ་ནི་རི་མོའི་མར་མེ་དང་མཚུངས་ལ། དེ་ཡང་བདག་བསྐྱེད་ལུས་དཀྱིལ་ལ་སྦྱོར་བར་མོས་ན། ཁམས་དྲུག་ལྡན་པའི་སྐྱེ་མཆེད་ལ་ཕོ་བྲང་གི་རྣམ་པ་སྦྱོར་ཚུལ་ཕལ་སྐད་དུ་ལུས་དཀྱིལ་གོ་བདེར་བཀྲལ་བའི་དགོངས་འདུས་རྣམ་ངེས་དང༌། སྤྱོད་ཡུལ་ལམ་འཁྱེར་སོགས་ལའང་རྟོགས་པར་བྱའོ། །དེ་ལྟར་གོ་དོན་འཕྲོད་ན། རང་བཞིན་གཞིའི་ཀུན་བཟང་གི་ཐུགས་ཀར་ཞི་བའི་ལྷ་ཚོགས་བཞུགས་


JLAZ011_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཛབ་དགོངས་རང་གཞུང་གིས་སྟོན་ལ། དེའི་སྟེང་ཕྱོགས་ཀླད་པ་དུང་ཁང་ན་ཧེ་རུ་ཀའི་ལྷ་ཚོགས་བཞུགས་པའི་བཟླས་དམིགས་ལ་བབ་ཚེ། རུ་ལུ་བཟླ་སྐབས་རྣམ་སྣང་ལྗགས། །རྡོ་རྗེ་རྩེ་གསུམ་དམར་པོ་ཡི། །ལྟེ་བར་ཨཱཿདམར་རུ་ལུས་བསྐོར། །དེ་ལས་འོད་འཕྲོས་སྟེང་ཕྱོགས་ཀྱི། །ཁྲོ་བོའི་དཀྱིལ་འཁོར་གསལ་བར་བྱས། །དེ་དག་ཐུགས་དམ་རྒྱུད་བསྐུལ་ཏེ། །རུ་ལུ་གྲགས་སྟོང་སྐྱེ་མེད་སྒྲ། །འབྲུག་སྟོང་བཞིན་དུ་སྒྲོག་པར་བསམ། །ཞེས་པ་ནས་འོད་ཟེར་སྤྲོ་བསྡུ་ནི་ཞི་བ་དང་མཚུངས་པའོ།། །།


previousཞི་ཁྲོ་ངན་སོང་སྦྱོང་བ་ལ་བརྟེན་པའི་ཞིབ་དཔྱོད་ལྷན་ཐབས།next