Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞི་ཁྲོ་ངན་སོང་སྦྱོང་བའི་བསྐྱེད་རིམ་ལས་འཕྲོས་པའི་ཡང་ཡིག་དཀའ་གནད་རྒྱ་འགྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་ངན་སོང་སྦྱོང་བའི་བསྐྱེད་རིམ་ལས་འཕྲོས་པའི་ཡང་ཡིག་དཀའ་གནད་རྒྱ་འགྲོལ།next

ཞི་ཁྲོ་ངན་སོང་སྦྱོང་བའི་བསྐྱེད་རིམ་ལས་འཕྲོས་པའི་ཡང་ཡིག་དཀའ་གནད་རྒྱ་འགྲོལ།


JLAZ011_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་ངན་སོང་སྦྱོང་བའི་བསྐྱེད་རིམ་ལས་འཕྲོས་པའི་ཡང་ཡིག་དཀའ་གནད་རྒྱ་འགྲོལ་བཞུགས།། སླར་ཡང་ཞི་ཁྲོ་ངན་སོང་སྦྱོང་བའི་བསྐྱེད་རིམ་ལས་འཕྲོས་པའི་དོགས་སེལ་ནི། དྲང་དོན་གཟུགས་བརྙན་འཁོར་ལོ་ཀུན་བརྟགས་པ། །ངེས་དོན་ཕུང་ཁམས་གནས་འགྱུར་གཞན་དབང་ཅན། །ཡོངས་གྲུབ་འདུས་མ་བྱས་དབྱིངས་སྦས་པའི་དོན། །རིག་པའི་འོག་མིན་མཐོང་བ་དེ་ལ་སྣང༌། །སྤྱིར་འཁོར་བ་དང་རྣམ་པ་མཐུན་པར་སྦྱོང་བའི་བསྐྱེད་རིམ་མཐའ་དག་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱོང་ཚུལ་ལ་འདུ་བ་ལས། རང་གཞུང་འདིར་དཔལ་ཆེན་འདུས་པས་མངལ་སྒོང་གཉིས། རིག་འཛིན་དང་ཐུགས་རྗེ་ཆེན་པོས་དྲོད་གཤེར་སྐྱེས། ཡུམ་ཀ་དང་ཡང་གསང་བླ་སྒྲུབ་ཀྱིས་རྫུས་སྐྱེས་སྦྱོང་བ་ལས། ཞི་ཁྲོ་ངན་སོང་སྦྱོང་བ་ནི་ཏིང་འཛིན་གསུམ་དང༌། མངོན་བྱང་ལྔ་ལ་སོགས་པས་བསྐྱེད་པ་ལམ་དུས་ཀྱི་དཀྱིལ་འཁོར་ལྟར་མ་ཡིན་པར། རང་སྣང་ལྷུན་གྲུབ་རྣམ་བྱང་ཡེ་ཤེས་ཆེན་པོའི་བཞུགས་ཚུལ་ལྟར་ཡིན་ལ། དེ་ཡང་ཕྱི་ལྟར་ཁམས་གསུམ་དུ་འཛིན་པའི་སྣང་ཞེན་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོ་ཉིད་ཆོས་སྐུའི་རྟེན་གྱི་རྣམ་པར་རྫོགས་པའི་ཚུལ་རྡོ་རྗེ་བཀོད་པ་ལས། འདོད་ཁམས་དབང་གི་རི་བོ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་


JLAZ011_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །སྐུ་གདུང་ཆེན་པོར་རྒྱུན་དུ་གནས། །ཞེས་སོ། །དེ་བས་ན་གཞལ་མེད་ཁང་གི་རང་བཞིན་ཀྱང༌། ཕྱི་མཆོད་རྟེན་ལྔ་པའི་རྣམ་པ་ལ། ནང་རང་བྱུང་ལོངས་སྤྱོད་རྫོགས་པའི་གནས་འོག་མིན་སྟུག་པོ་བཀོད་པའི་དབྱིངས་སུ། བྱ་བྱེད་དང་ཡིད་ཆོས་སུ་འཛིན་པ་རྣམ་པར་དག་པའི་གདངས་ཀྱི་ཀུན་ཏུ་བཟང་པོ་སྣང་སྟོང་མཚོན་པའི་ཡབ་ཡུམ་ལྟར་བསྟན་ནས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་འཆར་གཞིར་གྱུར་པ་སྟེ། དེ་ཡང་དབྱིངས་ལས་ཤར་ཞིང་ཀུན་གྱི་བདག་ཉིད་དུ་མཚོན་པའི་ཕྱིར་གཙུག་ཏོར་ནོར་བུ་ཏོག་ལྟར་མི་མངོན་པ་མཆོད་རྟེན་གྱི་ཏོག་ལ་རེག་པ་ནས་བཟུང་གཞལ་མེད་ཁང་གི་བླ་ཡོངས་ལ་སྒྲིབ་པ་མེད་པར་ཁྱབ་པའི་ཐུགས་ཀར་དཔལ་གྱི་བེའུ་ལྟར་དབྱིངས་ཟབ་བའི་ཁྱམས་ལ་རིགས་ལྔ་ཡབ་ཡུམ་དང་སེམས་དཔའ་ཡབ་ཡུམ་བཅུ་དྲུག་བཞུགས་ཤིང༌། རྟེན་དང་བརྟེན་པ་ཐམས་ཅད་སྣོད་ལ་སྣོད་བཅུག་པ་ལྟ་བུའི་སྒྲིབ་གཡོགས་ཅན་མ་ཡིན་པས་ཕྱི་གསལ་ནང་གསལ་ཞེས་བཤད་ལ། གྲངས་ངེས་ཀྱི་སྒོ་ནས་སྟེང་གི་སྒྲས་མཚོན་པའི་དབུའི་དབྱིངས་ལ་ཁྲག་འཐུང་གི་ལྷ་ཚོགས་བཞུགས་ཀྱང་ཕུང་ཁམས་སྐྱེ་མཆེད་ལ་དག་པ་སྦྱར་བའི་ལུས་དཀྱིལ་དངོས་བསྟན་དུ་མི་བཟུང་སྟེ། འདི་ནི་འབྲས་བུའི་དུས་ཀྱི་གདན་གསུམ་ཚང་བའི་ལྷ་གདོད་ནས་ལྷུན་གྲུབ་ཏུ་ཡོད་པའི་གསལ་


JLAZ011_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཙམ་མོ། །དེ་ལ་ཕྱི་མཆོད་རྟེན་གྱི་རྣམ་པར་ཡོད་པའི་དཀྱིལ་འཁོར་འཕགས་ཡུལ་ན་ཡོངས་སུ་གྲགས་ཀྱང་བོད་ལ་ནི་མ་འགྱུར་ཅེས་གྲགས་ཏེ། རང་ལུགས་འཇོག་ཚུལ་ནི་མན་ངག་ཌཱཀྐིའི་ཡང་ཏིག་གིས་ཀྱང་གསལ་བའི་ཕྱིར་རོ། །དབང་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་ནི་རྒྱལ་བའི་དགོངས་རྒྱུད་གཅིག་ལས་གཞན་དུ་མི་འགྱུར་བས་རྒྱ་འགྱུར་ཡིན་མིན་གྱི་རྟོག་དཔྱོད་མི་དགོས་སོ། །བརྟེན་པའི་གཙོ་བོ་ནི། ཀུན་ཏུ་བཟང་པོའི་ཐུགས་རིག་པ་རང་སྣང་གི་ངོ་བོ་ཉིད་རྣམ་པར་སྣང་མཛད་དེ། རྔམ་གློག་ལས་ཀྱང༌། དབུས་སུ་རྣམ་པར་སྣང་མཛད་གཙོ། །ཞེས་སོ། །རྣམ་སྣང་གི་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས། ཕྱོགས་བཞིར་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པ་ཡབ་ཡུམ་ནས་རིམ་པར་ཕུང་པོ་དང་ཁམས་ཀྱི་རང་བཞིན་གདོད་ནས་དག་པའི་ངོ་བོ་རིགས་བཞིའི་གཤེགས་པ་གཤེགས་མ། མཚམས་བཞི་པོའི་གྲྭ་སྟེ་ནང༌ཟུར་ཏེ་ཕྱི་རོལ་དུ་གོ་བར་བྱས་པའི་གོས་བརྒྱད་ལ་ཤར་ལྷོ་ནས་བརྩམས་ཏེ། མིག་ལ་སོགས་པའི་རྣམ་ཤེས་བཞི་དག་པའི་ངོ་བོ་ཉིད་ཡིན་པས་ནང་སེམས་སུ་གྲགས་ཤིང་ནང་ལོགས་ཀྱི་གྲྭར་བཞུགས་པ། ནམ་སྙིང་དང༌། སྤྱན་རས་གཟིགས། ས་སྙིང་དང༌། ཕྱག་ན་རྡོ་རྗེ་བཞི་ལ། ཡུལ་བཞི་དག་པའི་ངོ་བོ་ཕྲེང་བ་མ་ལ་སོགས་སེམས་མ་


JLAZ011_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་འཁྲིལ་བ་དང༌། དེ་བཞིན་དུ་དབང་པོ་དག་པའི་ངོ་བོ་ཉིད་ཡིན་པས་ཕྱི་སེམས་སུ་གྲགས་ཤིང་ཕྱི་རོལ་གྱི་ཟུར་ལ་བཞུགས་པ། བྱམས་པ་དང༌། སྒྲིབ་སེལ་དང༌། ཀུན་བཟང༌། འཇམ་དཔལ་བཞི་ལ། དུས་བཞི་དག་པའི་ངོ་བོ་ཉིད་བདུག་སྤོས་མ་ལ་སོགས་བཞིས་འཁྲིལ་བ་རྣམས་ནི་དག་འབྲས་ཀྱི་ངོས་ནས་བཞག་པའི་སངས་རྒྱས་འཕགས་པ་ཉག་གཅིག་ཡིན་པས། ས་བཅུ་པའི་བྱང་སེམས་སུ་འཁྲུལ་བར་མི་བྱའོ། །གདན་གསུམ་གྱི་གྲངས་ངེས་སུ་འདུ་བའི་སྒོ་བ་ཡབ་ཡུམ་ནི་རང་རང་གི་བྱེད་ལས་དང་མིང་གི་མངོན་བརྗོད་དང་མཐུན་པར་མཆོད་རྟེན་གྱི་སེང་ཁྲིའི་ཕྱོགས་བཞིར་གློ་འབུར་གྱིས་དོད་པའི་སྒོ་བཞིར་གནས་ཤིང༌། སྒོ་བཞི་པོའི་སྟེང་དུ་རྟ་བབས་བང་རིམ་བཞི་པའི་སྟེང་ན་བུམ་ཆོས་ཏོག་བཅས་རེ་དང༌། གཞལ་མེད་ཁང་ལྟེ་བའི་ཡ་ཕུབ་མདའ་ཡབ་དང་བཅས་པའི་དོད་མཆོད་རྟེན་གྱི་བང་རིམ་བཞི་དང་བུམ་པ་བྲེ་ཆོས་ཏོག་ལ་སོགས་པས་བརྒྱན་པ་ཡིན་པས། ཕྱི་མཆོད་རྟེན་གྱི་རྣམ་པ་རྩེ་ལྔར་གྲུབ་ལ། མཆོད་རྟེན་གྱི་ས་འཛིན་ནམ་འདོད་པའི་སྣམ་བུའི་ཕྱོགས་བཞི་དང་སྟེང་འོག་གཉིས་ལ་ཐུབ་པ་དྲུག་པོ་རྣམས་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་ཕྲིན་ལས་འགྲོ་བ་དྲུག་གི་ཁམས་ལ་རྒྱུན་མི་ཆད་པའི་འདུལ་བྱེད་


JLAZ011_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པར་བཞུགས་པ་ལྟར་སྣང་ཡང༌། གནས་རིགས་དེ་དང་དེ་འདྲ་བའི་རྣམ་པ་ཅན་གྱི་སངས་རྒྱས་ཡོད་པར་འཁྲུལ་ནས་སྒྲ་ཇི་བཞིན་པར་འདོད་པ་དང༌། རྒྱུད་སྡེ་ཟབ་མོའི་དོན་གྱི་དབྱིངས་འཇལ་བ་ལ་རྨོངས་ནས་མི་ཁོམ་པའི་གནས་རིགས་སུ་མཛད་པ་བཅུ་གཉིས་ཀྱི་རྣམ་གཞག་ཚང་མི་ཚང་ལ་སོགས་པའི་རྟོག་དཔྱོད་ཕྱིན་ཅི་ལོག་གིས་བླ་ན་མེད་པའི་རྒྱུད་སྡེ་སྒྲོ་སྐུར་བྱེད་པ་ནི་རང་མཚང་སྟོན་པའི་མུན་སྤྲུལ་ཆེན་པོ་ཡིན་པས་འདི་དག་གི་གོ་དོན་ཁོ་བོའི་མན་ངག་རྣམ་མཁྱེན་ཤིང་རྟ་ལའང་ལེགས་པར་བཀོད་ཡོད་དོ། །དེ་སྐད་དུ་ཞི་བའི་ལྷ་ཚོགས་ཀྱི་བཞུགས་ཚུལ་ལ་རང་ལུགས་འཇོག་སྐབས། གཉིས་ནི་དབྱིངས་ན་གནས་ཏེ་ཆོས་ཀྱི་སྐུ། །དྲུག་ནི་གཞན་ལ་སྣང་ཕྱིར་སྤྲུལ་པའི་སྐུ། །རང་སྣང་ལོངས་སྐུའི་ཞིང་ན་སུམ་ཅུ་བཞི། །གཙོ་བོ་བཅུ་ལ་ཉེར་བཞི་འཁོར་གྱི་ཚུལ། །ཞེས་བསྟན་ཏོ། །སྤྱིར་ཟབ་མོའི་མདོ་སྡེ་རྣམས་ལས་ཡུལ་དྲུག་དང༌། དབང་པོ་དྲུག་དང༌། དབང་ཤེས་དྲུག་སྟེ་ཁམས་བཅོ་བརྒྱད་པའི་མཚན་ཉིད་ཕྱེ་ནས་སྟོང་པ་ཉིད་ཀྱི་གནས་ལུགས་གཏན་ལ་འབེབས་པ་དང༌། རྒྱུད་སྡེ་རྣམས་ནས་ཕུང་པོ་ལྔ་དང༌། ཁམས་ལྔ་དང༌། གཟུགས་ལ་སོགས་པའི་ཡུལ་དྲུག་ལ། མིག་ལ་སོགས་པའི་དབང་པོ་དང་དབང་ཤེས་དྲུག་སྐྱེ་མཆེད་བྱེད་པ་


JLAZ011_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱང་གཞིར་བྱས་ནས་སྦྱངས་འབྲས་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་སངས་རྒྱ་བར་འདོད་པ་ནི་རྒྱུད་སྡེ་སྤྱིའི་རིང་ལུགས་ཡིན་ནོ།། །། ༈ བསྐྱེད་རིམ་རྣམ་བཞག་ཏུ། རྟོག་པ་ཞེ་གཉིས་ལྷར་འགྱུར་བ་ཞེས་པ་ནི། བསྐྱེད་རྫོགས་ཆེན་མོའི་རང་ལུགས་སུ་སེམས་བྱུང་ལྔ་བཅུ་རྩ་གཅིག་པོ་ལས། དུག་ལྔ་ལ་སོགས་པའི་རྟོག་ཚོགས་ཆེ་ལོང་ཞི་བའི་ལྷ་ཚོགས་དང་གྲངས་ངེས་མཚུངས་ལྡན་དུ་སྦྱར་ནས་དེ་ལྟའི་རྟོག་པ་ཞེ་གཉིས་ལྷར་འགྱུར་ཚུལ་བསྟན་པ་ཡིན་ཏེ། དེ་སྐད་དུ་ཀུན་མཁྱེན་སྙིང་འགྲེལ་ལས་ཀྱང༌། དེའང་རང་བྱུང་གི་ཡེ་ཤེས་ནི་གཡོ་བྱེད་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བས་ན། གཞི་གནས་ཀྱི་ཡེ་ཤེས་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་ལ། དེའི་ངང་ལས་འཕྲོས་པའི་དུག་ལྔ་ལ་སོགས་པའི་རྟོག་ཚོགས་ནི་རྩལ་གྱི་ཡེ་ཤེས་དེ་བཞིན་གཤེགས་པ་ལྔ་ལ་སོགས་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་བསྟན་པ་རྣམས་ཡིན་པས། རིག་པ་གནས་པ་དང་འཕྲོ་བ་ཉིད་ཡེ་ནས་དཀྱིལ་འཁོར་དུ་བསྟན་པ་ཡིན་ནོ། །ཞེས་སོ། །དེ་ལྟར་ནའང་རྣམ་བཤད་འདི་ནི་བསྐྱེད་རིམ་སྤྱིའི་ཁོག་འབུབས་ཡིན་པས་ལྷ་གྲངས་ཞེ་གཉིས་ནི་དཔེར་བརྗོད་ཙམ་ལས་དངོས་བསྟན་དུ་མི་རུང་སྟེ། བརྟེན་པའི་ལྷ་སོ་སོའི་གྲངས་ངེས་ལ་ལྟོས་དགོས་པའི་ཕྱིར། ལྡན་པའི་འདུ་བྱེད་ཀུན་ཏུ་འགྲོ་བ་ལྔ་ལ་སོགས་པའི་རིམ་པ་དང་སྐབས་ཐོབ་སྦྱར་ཤེས་པར་བྱའོ། །ཞེས་པའང་ལྕགས་ཟམ་སྤྲུལ་སྐུ་རིན་པོ་ཆེའི་དྲིས་ལན་དུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །


previousཞི་ཁྲོ་ངན་སོང་སྦྱོང་བའི་བསྐྱེད་རིམ་ལས་འཕྲོས་པའི་ཡང་ཡིག་དཀའ་གནད་རྒྱ་འགྲོལ།next