Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བར་ཚེ་འདས་ཀྱི་ཕུང་པོ་སྦྱོང་ཐབས་སྒྲིབ་གཉིས་རྣམ་གྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བར་ཚེ་འདས་ཀྱི་ཕུང་པོ་སྦྱོང་ཐབས་སྒྲིབ་གཉིས་རྣམ་གྲོལ།next

ཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བར་ཚེ་འདས་ཀྱི་ཕུང་པོ་སྦྱོང་ཐབས་སྒྲིབ་གཉིས་རྣམ་གྲོལ།


JLAZ011_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བར་ཚེ་འདས་ཀྱི་ཕུང་པོ་སྦྱོང་ཐབས་སྒྲིབ་གཉིས་རྣམ་གྲོལ་བཞུགས།


JLAZ011_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་ལ་ཕྱག་འཚལ་ལོ། །འདིར་མན་ངག་གི་རྒྱུད་སྡེ་རྫོགས་པ་རང་བྱུང་གི་དགོངས་པ་གཙོ་བོར་གྱུར་པའི་ཧོམ་ལའི་ཕྲིན་ལས་ཀྱི་གོང་བུ་རྣམས་སྲེག་པ་དང༌། ཞུ་རྫས་བླུགས་པ་སྟེ་སྲེག་བླུགས་སམ། བསྲེག་བྱ་རྣམས་ལྷའི་ཞལ་དུ་སྦྱིན་པ་ལ་ཞེ་སར་སྦྱར་བས་འབུལ་བའི་དོན་གྱིས་སྦྱིན་སྲེག་གི་སྦྱོར་བས་ཚེ་འདས་ཀྱི་ཕུང་པོ་སྦྱོང་བའི་ཆོ་ག་སྒྲིབ་གཉིས་རྣམ་གྲོལ་རྩོམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། ཐབ་བརྩིགས་པ། རོ་ཆས་སུ་འཇུག་པ། ཆོད་རྫས་འདུ་བྱ་བའོ། །ཐབ་བརྩིག་པ་ནི། ཕལ་མོ་ཆེ་སྲེག་ཁང་རྙིང་པར་བྱ་བ་མང་བས་འདིར་མ་བཤད་ལ། དམིགས་བསལ་དགོས་ན་མཆོག་དམན་བྱེ་བྲག་ཕྱེད་པར་རྩིག་པའི་ཚུལ་གཞན་དུ་ཤེས་པར་བྱས་ནས། མེ་གདན་རས་སམ་ཤོག་བུ་ལ་ཐིག་ཆེན་བཞི་བཏབ་པའི་དབུས་ནས་མཐོ་གང་ཟླུམ་སྐོར་གྱི་ཕྱི་མ་ཕྱེད་ཕྱེད་ཀྱིས་དམན་པའི་མུ་ཁྱུད་རིམ་པ་གསུམ་བསྐོར། མུ་ཁྱུད་ནང་མའི་གཞི་མཐིང་ཀར་བྱས་པ་ལ་པདྨ་འདབ་བཞི་ལྟེ་བ་དང་བཅས་པའི་འདབ་མ་བཞི་པོར་ཤར་ནས་བརྩམས་ཏེ། གཡས་བསྐོར་གྱིས་རྡོ་རྗེ། རིན་པོ་ཆེ། པདྨ་རྒྱ་གྲམ་རྣམས་བྲི་ཞིང༌། དབུས་ཀྱི་ལྟེ་བ་ལ་འཁོར་ལོའོ། །མུ་ཁྱུད་བར་པ་གཞི་དམར་པོ་ལ་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་གནས་ཐིག་ལེ་ཉིས་བརྩེགས་བརྒྱད། མུ་ཁྱུད་ཕྱི་མ་གཞི་དཀར་པོ་ལ་སྒོ་བ་ཡབ་ཡུམ་གྱི་མཚན་མ་བཀོད། དེའི་སྟེང་དུ་ཕྱི་ཡེ་ཤེས་ལྔའི་མུ་ཁྱུད་ཚོན་སྣ་ཚང་བས་བསྐོར་བའི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་ལ། པུར་ཐབ་ཏུ་བཏིང་། རས་ལ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པ་བྲིས་ཏེ་བུམ་


JLAZ011_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལ་དྲངས་པ་མེ་གདན་གྱི་ཁར་བཀབ་བོ། །གཉིས་པ་རོ་ཆས་སུ་གཞུག་པ་ནི། གནས་ལུང་བཤད་པའི་བུམ་སྒྲུབ་དམིགས་བསལ་དང༌། གཞན་ཡང་ཡི་གེ་བརྒྱ་པ་ཅི་རིགས་འཁྲུགས་པའི་གཟུངས་ལ་སོགས་ཀྱིས་བཞུ་བཏུལ་བྱས་པའི་བུམ་ཆུ་ལ་རོ་ལེགས་པར་འཁྱུད་ཅིང་རས་ཀྱི་ཕྱིས་པ་ག་བུར་སོགས་དྲི་བཟང་དང་སྨན་སྣའི་འདག་པས་ཁྱབ་པར་བྱུག་ཅིང་ཁ་སོགས་དབང་པོའི་སྒོར་ཡང་ལྡུགས། རྒྱ་ཤོག་ལ་གསེར་རམ་དྲི་བཟང་གིས། ཧཱུྃ་བཛྲ་ངྷྲིཀ །མུཾ་དྷཱ་ཏེ་ཤྭ་རཱི། ཨོཾ་ཛི་ན་ཛིཀ །ལྭཾ་དྭེ་ཥར་ཏི། སྭཱ་རཏྣ་དྷྲིཀ །མཾ་མོ་ཧཱ་ར་ཏི། ཨཱཾ་ཨ་རོ་ལིཀ །པཱཾ་རཱ་ག་ར་ཏི། ཧཱ་པྲཛྙཱ་དྷྲིཀ །ཏཱཾ་བཛྲ་རཏི། ཚེ་ལས་འདས་པ་ཆེ་གེ་མོའི་སརྦ་དུརྒ་ཏེ་སརྦ་པཱ་པཾ་བི་ཤྭ་དྷ་ནི་ཧཱུྃ་ཕཊ། ཅེས་པ་ཚར་གསུམ་ནོར་འཁྲུལ་ལྷག་ཆད་མེད་པར་བྲིས་ཏེ། སྤྱི་བོ། མགྲིན་པ། སྙིང་ཁ་གསུམ་དུ་སྦྲང་རྩིས་སྦྱར། རྡོ་རྗེ་ཁུ་ཚུར་དང་བཅས། ཨོཾ་སརྦ་བིད་བཛྲ་ཨ་དྷིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃཿགིས་བྱིན་གྱིས་བརླབས། སྤྲོ་ན་བདེར་འདུས་ལས། རོ་ཡི་ཕྱི་ཤུན་ཐམས་ཅད་ལ། །འཁོར་བའི་བག་ཆགས་ཀུན་བཀོད་དེ། །ཞེས་པ་ལ་སོགས་པས་གནས་དྲུག་ཏུ་རིགས་དྲུག་གི་ས་བོན་ཡི་གེ་དྲུག་དང་ལྟེ་བ་སྲིད་པ་སྐྱེད་བྱེད་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་བག་ཆགས་བསྲེགས་ཕྱིར་དེའི་བརྡ་ཚུལ་ལམ། མིང་ཡིག་ཅི་བདེ་བའང་བཀོད་ན་ལེགས་མོད། དེ་བཞིན་དུ་སྦྱོང་རྒྱུད་ལས། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང༌། །ཆུ་མཆོག་གིས་ནི་བཀྲུས་ནས་ནི། །བཟླས་པའི་དྲི་ཡིས་བྱུག་པར་བྱ། །གོས་དང་རྒྱན་


JLAZ011_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཀླུབས་ནས་ནི། །སྔགས་ཀྱིས་བཏབ་པའི་དུད་པས་བདུག །མེ་ཏོག་ཕྲེང་བ་ལ་སོགས་མཆོད། །ཅེས་གསུངས་པས་རབ་བྱུང་ལ་ཆོས་གོས་དང༌། ཁྱིམ་པ་ལ་གོས་དཀར་པོའམ། དམར་པོས་བླ་ཁེབས་གཡོགས། མགོ་ལ་མེ་ཏོག་གི་ཕྲེང་བ་བཅིངས། རོལ་མོའི་བྱེ་བྲག་དང་བཅས་པས་སྲེགས་ཁང་དུ་བཅུག་ཅིང་བགེགས་བསྐྲད། དེ་ཡང་སྲེག་ཁང་གི་གཡས་གཡོན་དུ་རླུང་སེང་གི་བུག་པ་འཇོག་པ་དང༌། སྙིང་གའི་ཐད་དུ་སྲེག་རྫས་འབུལ་བའི་རྫས་ཁུང་སོགས་ཐབ་བརྩིག་དུས་ནས་ཏེར་བསྡོགས་ཤེས་ཡོད་ཀྱིས། འཇིག་རྟེན་རྣམས་བློ་གྲོས་རྨོངས་པས་རོ་ཐབ་ནང་དུ་ཧ་ཅང་དྲང་པོར་བསྲང་ན་འཚིག་པར་དཀའ་བས། མགོ་ཁུང་དུ་དཔྲལ་བ་གཏུགས་ལ་འཇིང་རྡོ་སྤྲད། ཁོག་པ་ཅུང་ཟད་སྒུར་སྟབས་སུ་བཞག་པའི་སྙིང་ཁའི་ཐད་ལ་མེའི་སྙིང་པོ་བཅར་རྒྱག་ཕོག་པར་བྱ།དེ་བཞིན་དུ་རྐང་པ་གཉིས་ཀྱང་ཤད་དེ་བརྐྱངས་པའི་མཐེ་བོང་ལ་རས་ལྡེ་སྣུམ་ཅན་བསྡམ། ཁྱད་པར་དམུ་ཆུ་ཅན་ལ་འོག་ཏུ་རྫ་སྣོད་མར་ནག་གིས་བཀང་བར་མུ་ཟི་དང་སྤོས་དཀར་བཏབ་པ་བཞག་པས་ཆུ་ཡང་མེ་འབར་བ་སོགས་ཞུགས་སྦྱོང་བདེ་བའི་མན་ངག་གོ། །གསུམ་པ་ནི། སྲེག་རྫས་གཡས་དང་། མཆོད་རྫས་གཡོན་དུ་བཤམ་པའི་སྲེག་རྫས་ནི། ཡམ་ཤིང་གི་རྒྱུ་འོ་མ་ཅན་གྱི་ཤིང་ལྔ་བོད་དུ་མེད་མོད། རུང་མཐུན་བལ་བུ། ལྕང་མ་ལ་སོགས་ཡོགས་ཤུན་བྲལ་སོགས་མ་ཡིན་པ་སོར་བཅུ་གཉིས་པ་མང་བ་དང༌། མར་ཞུན་བཟང་པོ། ཏིལ་དང་ཡུངས་ཀར་གཉིས་ལྷག་པར་ཕོན་ཆེ་བ། ཞོ་ཟན། འབྲས་མ་བྲུབས་པ། སོ་བ་གྲ་མ་མེད་པ། གྲོ་ནས་སྲན་གསུམ་སོགས་རང་རང་གི་བསླད་དང་མ་འདྲེས་


JLAZ011_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྒྱུ་དག་པ། ཀུ་ཤ་ཤིང་ཏོག་ལ་སོགས་པ་ཤིན་ཏུ་གཙང་བར་བཀྲུས་པ་དང༌། གོས་ཟུང༌། འཇིག་རྟེན་པའི་གཏོར་མ་གཉིས། སོ་རྩི་གཉིས། ལས་ཐམས་ཅད་པའི་བུམ་ཆུ་རྣམས་དང༌། མཆོད་རྫས་ཉེར་སྤྱོད་ལྔ། སྨན་རཀ་གཏོར་གསུམ་དང་བཅས་པ་མ་ཚང་བ་མེད་པ་ཆོ་གའི་གཞུང་གི་རྩིས་མགོ་བསྡུས་ལ་བསགས་པར་བྱའོ། །དེ་ཡང་སྦྱོང་རྒྱུད་ལས་ལྟུང་བ་སློང་བའི་ཕྱག་རྒྱ་རྡོ་རྗེའི་ཁུ་ཚུར་གཉིས་ཀྱི་ནང་དུ་མཛུབ་མོ་ལྕགས་སྒྲོགས་ལྟར་བཅིངས་ནས་གྱེན་དུ་འཕངས་ཤིང༌། ཨོཾ་སརྦ་ཨ་པ་ཡ་ཨར་ཥ་ཎ་བི་ཤྭ་དྷ་ན་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཅེས་དང་འདོད་རྒྱལ་གྱི་རྒྱས། ཨོཾ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པཱ་པཾ་ཨ་ན་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་ངན་སོང་གསུམ་དང་སྡིག་སྒྲིབ་ཐམས་ཅད་སྲེག་རྫས་ལ་ཐིམ་པར་བསམས་པ་ཡང་མན་ངག་ཏུ་ཆེའོ། །གཉིས་པ་དངོས་གཞི་ལ། བདག་བསྐྱེད། མདུན་བསྐྱེད། མཇུག་བསྡུ་བ་གསུམ་ལས། དང་པོ་བདག་བསྐྱེད་ནི་ལས་གཞུང་ལྟར་བྱའོ། །གཉིས་པ་ནི། གང་ཟག་མཆོག་ལ་ཛྭ་ལའི་སྔགས་ཙམ་གྱིས་མེ་སྦར། ཕལ་པ་ལ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། ། འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །བྱང་ཆུབ་སེམས་ཀྱི་མེ་སྦར་རོ། །ཡུལ་རྣམ་དྲུག་གི་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་གཉིས་འགྲུབ་


JLAZ011_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཨོཾ་བཛྲ་ཛྭ་ལ་རཾ་ཛྭ་ལ་རཾ། ཞེས་པས་སྦར། དེ་ནས་མཆོད་སྲེག་གི་རྫས་རྣམས་བྱིན་གྱིས་བརླབ་པ་ནི། བསང་ཆུ་འཐོར་ཞིང༌། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་དང་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་རྫས་སོ་སོའི་དངོས་པོ་བདུད་རྩི་ཆེན་པོའི་རང་བཞིན་ཟད་མི་ཤེས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་དང༌། སརྦ་པཉྩ་རཀྟ་བ་ལིང་ཏ་ག་ན་ཙཀྲ་པཱུ་ཛ་ཨཱཿཧཱུྃ། ལན་བདུན། མ་ཧཱ་བཛྲ་ཧཱུྃ། གཎྜེ་ཧཱུྃ་གིས་རྡོར་དྲིལ་བརླབ། དགང་བླུགས་ཐོགས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་གྱིས་ཁ་སྦྱོར་ཞིང༌། ཛྙཱ་ན་པཉྩ་ཨ་མྲྀ་ཏ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་འདུས་པའི་ངོ་བོར་བསམ། ཨོཾ་བོ་དྷི་བྲིཀྵ་ཡེ། ཨགྣ་ཡེ། སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ། བཛྲ་སིདྡྷི་ཡེ། སརྦ་སཾ་བྷ་ཏེ། བཛྲ་པུཥྚ་ཡ། ཨ་པྲ་ཏི་ཧ་ཏ་བཛྲ། བཛྲ་གྷསྨ་རི། བཛྲ་བི་ཛ་ཡེ། མ་ཧཱ་བཱ་ལ་ཡ། བཛྲ་ཤྲཱི་བ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱི་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཚེ་འདས་ཀྱི་སྡིག་སྒྲིབ་ཉེས་ལྟུང་བསྲེག་བྱའི་མཆོད་རྫས་སུ་གྱུར། དེ་ནས་མེ་ཐབ་བསྐྱེད་པ་ནི་བསང་ཆུ་འཐོར་ཞིང༌། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་ཐབ་ཡངས་ཤིང་རྒྱ་


JLAZ011_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ར་སྐྱེས་སྟེང་ན་རཾ་ལས་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་པདྨ་དང༌། གཉིས་པ་ནོར་བུའི་ཕྲེང་བ། གཡོན་དང་པོས་དབྱུག་པ་དང༌། གཉིས་པས་རིལ་པ་སྤྱི་བླུགས་འཛིན་པའོ། །དབྱུག་གུའི་ཕྱག་རྒྱ་དང་བཅས། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣེ་མ་ཧཱ་ཏེ་ཛ་ཨེ་ཧྱེ་ཧི་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། ཨོཾ་ཨགྣ་ཡེ་པདྨ་ཀ་མ་ལཱ་ཡེ་སྟྭཾ། ཞེས་གདན་ཕུལ་ཀུ་ཤ་ཐོགས་ཏེ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་ཡིན། །ཚངས་པའི་ཡང་དག་བྱེད་པ་སྟེ། །དེ་ཡིས་བདག་ཅག་འཁོར་བཅས་ལ། །བགེགས་རྣམས་མེད་ཅིང་ཞི་བར་མཛོད། །ཅེས་བཀྲམ། ཨོཾ་ཨགྣེ་ཡེ་སྭཱ་ཧཱས་མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་བ་འབུལ་ཞིང༌། ཨོཾ་ཨགྣ་ཡེ་དི་བྱ་དི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་


JLAZ011_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་བྱ་ཀ་བྱ་བྷ་ཧ་ན་ཡ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དབུལ། དེ་ནས། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །ཚེ་འདས་དོན་དུ་བཞེས་སུ་གསོལ། །ཨོཾ་ཨགྣེ་ཡེ་མ་ཧཱ་ཏེ་ཛ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་ནས་ཤཔྟའི་བར་ཕུལ། དེ་ནས་སྲེག་རྫས་རྣམས། ཨོཾ་ཨགྣ་ཡེ་ཆེ་གེ་མོའི་སྡིག་པ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁོ་ནས་རྫས་སོ་སོ་ནས་ཉི་ཤུ་རྩ་གྲངས་རེ་ཕུལ་མཐར། ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀྐིའི་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །དེ་ནས་ཡེ་ཤེས་ཀྱི་ལྷ་ལ་མཆོད་ཅིང་བསྟོད་པ་ནི། གང་ཟག་མཆོག་ལ་རོ་དང་ལྷ་དབྱེར་མེད་དུ་བསྐྱེད་ལ། ཚོགས་བསག་གི་ཕྱིར་དུ་བྱ། ཕལ་པ་ལ་ཕུང་པོ་བུད་ཤིང་ངམ། ཤ་ཁྲག་རུས་པ་རྣམས་བདུད་རྩིར་བསམ་ལ་དབུལ་བ་སྟེ། དེ་ཡང་འདི་ལྟར། ཨོཾ་སྭ་བྷ་ཝ་སོགས་དང༌། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧྲཱིཿལས་དཔའ་བོ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་དབྱུག་ཏོ་དང་སྡིགས་མཛུབ་མཛད་པའི་པང་ན་ཡུམ་རྡོ་རྗེ་ཕག་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ།


JLAZ011_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀའང་རིན་པོ་ཆེ་དང་རུས་པའི་ཕྲེང་བས་རབ་ཏུ་བརྒྱན་པ། སྤྱན་གསུམ་ཁྲོ་བོའི་ལྟ་སྟངས་ཆེན་པོས་བསྐལ་པའི་མེ་རི་མེ་དཔུང་གི་དབུས་ན་བཞུགས་པར་གྱུར། ཧཱུྃ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁང་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷི་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ས་མ་ཡ་ཛཿ ཞེས་སྤྱན་དྲངས། ཨོཾ་བཛྲ་ཀྲོ་དྷི་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཨརྒྷཾ་སོགས་ཀྱིས་མཆོད། དབང་ཆེན་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །འཇིགས་བྱེད་ཆེན་པོ་རལ་པ་གྱེན་དུ་བརྫེས། །ཁྲོ་བོའི་རྒྱན་རྣམས་མ་ལུས་རབ་རྫོགས་པའི། །ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཅེས་པའི་རྗེས་ལ་སྲེག་རྫས་རྣམས། ཨོཾ་བཛྲ་ཀྲོ་དྷི་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ཕུལ་བའི་རྗེས་ལ། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་


JLAZ011_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །བླ་མེད་དཀོན་མཆོག་གསུམ་པོ་གནས་འདིར་གཤེགས། །ཨོཾ་ན་མོ་རཏྣ་ཡཱ་ཡ། བུདྡྷ་དྷརྨཱ་སངྒ་ས་མ་ཡ་ཛཿ ཞེས་བརྗོད་པས། རྒྱལ་བ་སྲས་དང་བཅས་པ་ཁྲོ་བོའི་མདུན་དུ་བཞུགས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་པའི་རྗེས་ལ་སྲེག་རྫས་རྣམས། ན་མོ་རཏྣ་ཏྲ་ཡཱ་ཡ་བུདྡྷ་དྷརྨཱ་སངྒ་དྷྱ། ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཞེས་པས་ཇི་ལྟར་རིགས་པ་ཕུལ་རྗེས་སྔར་ལྟར་མཆོད་ཅིང་བསྟོད། དེ་ནས་ཞི་ཁྲོའི་དཀྱིལ་འཁོར་མཆོད་པ་ནི། མཆོད་པ་རྣམས་ཁ་གསོས་ལ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཡབ་ཡུམ་གྱི་ཐུགས་དག་ཆེན་ཡེ་ཤེས་ཀྱི་ཀློང་ཆེན་པོར་འོག་མིན་ལྷུན་གྱིས་གྲུབ་པའི་གཞལ་མེད་ཁང་ཤིན་ཏུ་ཉམས་དགའ་བ། ཕྱི་མཆོད་རྟེན་གྱི་རང་བཞིན་རྩེ་ལྔ་པ་ལ་ནང་རང་བྱུང་རྡོ་རྗེའི་གཞལ་ཡས་ཁང་། ཞེས་གཞུང་ལྟར་ལས། སྐད་ཅིག་དྲན་


JLAZ011_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སུ་གསལ་བར་གྱུར། སྤོས་རོལ་དང་བཅས། ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང། །ཐུགས་རྗེའི་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་བཞིན་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ བཛྲ་ས་མ་ཡ་ཏིཥྛ་ལྷན། ཨཱཿ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་རཱུ་པ་ཤཔྟ་གྷནྡྷེ་རཱ་ས་པར་ཤེ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བྷ་ལིངྟ་པཱུ་ཙ་ཨཱཿཧཱུྃ། དེ་ནས་སྲེག་རྫས་འབུལ་བ་ནི། དགང་བླུགས་ཀྱི་ཁ་དང་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ལྗགས་ལ་ཧཱུྃ་དང་རཾ་ཡིག་སོ་སོའི་མཚན་པས་སྲེག་རྫས་ཀྱི་བདུད་རྩི་དགྱེས་བཞིན་དུ་བཞེས་པར་གྱུར། ན་མཿས་མནྟ་བུདྡྷ་ནཱཾཿ ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་མར་ཁུ་དང༌། རྫས་གཞན་རྣམས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཆེ་གེ་མོའི་སྡིག་སྒྲིབ་ཉེས་ལྟུང་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་པ་ཁོ་ནས་དབུལ་ཞིང༌། སླར་ཡང༌། ཨོཾ་ན་མོ་བྷ་ག་ཝ་ཏེ་


JLAZ011_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛ་ཡཿ ཏ་ཐཱ་ག་ཡཿ ཨརྷ་ཏེ་སཾམྱཀ་སཾ་བུདྡྷ་ཡཿ ཏདྱ་ཐཿ ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་བཾ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པ་ཁོ་ནས་ཏིལ་དང་ཡུངས་ཀར་བུངས་བསྐྱེད་ལ་འབུལ། རྫས་རྫོགས་རྗེས། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ། ཞེས་སོ་རྩི་དང༌། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། གོས་དབུལ། གྲུབ་ན་རྡོ་རྗེའི་ལྷ་མོ་བཅུ་དྲུག་གིས་མཆོད། བསྡུ་ན། ཨརྒྷཾ་སོགས་ཀྱི་མཐར། བསྟོད་པ་ནི། ཧཱུྃ། ཆོས་ཉིད་ཡེ་ཤེས་མཉམ་པའི་ངང༌། །རང་བཞིན་ཡོན་ཏན་ལྷུན་གྱིས་གྲུབ། །ཐུགས་རྗེ་ནོར་ཡིད་བཞིན་ནོར་བུ་འདྲ། །ཕྱག་འཚལ་གདོད་མའི་མགོན་པོ་ལ། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཉོན་མོངས་དུག་ལྔ་རྣམ་སྦྱོང་ཞིང༌། །འབྱུང་ལྔའི་ཁམས་ནི་རྣམ་དག་པ། །ཕྱག་འཚལ་རྒྱལ་བ་རིགས་ལྔ་ལ། །བཅུ་དྲུག་ཡེ་ཤེས་ངོ་བོ་ཉིད། །གཟུང་འཛིན་དྲི་མ་རྣམ་སྦྱོང་ཞིང༌། །རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །ཕྱག་འཚལ་སེམས་དཔའ་ཡབ་ཡུམ་ལ། །ཚད་མེད་ཡེ་ཤེས་ངོ་བོ་ཉིད། །ཁམས་


JLAZ011_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དྲི་མ་རྣམ་སྦྱོང་ཞིང༌། །ཚོགས་དྲུག་རྣམ་ཤེས་རྣམ་པར་དག །ཕྱག་འཚལ་ཐུབ་པ་དྲུག་ལའོ། །ཞི་ལས་ཡེ་ཤེས་རྣམ་འཕྲོས་པ། །འཇིགས་གཟུགས་ཁྲོ་བོའི་དཀྱིལ་འཁོར་ནི། །ལྔ་བཅུ་རྩ་བརྒྱད་འབར་བའི་སྐུ། །ཕྱག་འཚལ་དབྱིངས་ཀྱི་དཀྱིལ་འཁོར་ལ། །ས་དང་ཡེ་ཤེས་ཞིང་ཁམས་ལ། །འཇིག་རྟེན་འདས་དང་མ་འདས་ཚུལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ན། །བཞུགས་པའི་འགྲོ་བ་ཀུན་ལ་འདུད། །ཅེས་བསྟོད་ནས་ཕྲིན་ལས་བཅོལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཚད་མེད་པའི་ཐུགས་རྗེ་ཆེན་པོས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་ཆེ་གེ་མོའི་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ལྷག་མ་མེད་པར་བྱང་ཞིང་དག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ལ་འགོད་པར་མཛད་དུ་གསོལ། །ཞེས་ལན་གསུམ། མ་འབྱོར་པ་དང་ཉམས་པ་དང༌། །སོགས་ཀྱི་མཐར་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ནས་བཛྲ་མུས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ། དེ་ནས། མེ་ལྷའི་ལྟོ་བར་མཁའ་འགྲོ་ཆོས་སྐྱོང་ཡུལ་ལྷ་གཞི་བདག་དང་བཅས་པ་ཁྲོམ་ཚོགས་སུ་རང་གི་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པ་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ཀྱིས་སྲེག་རྫས་གཏོར་མ་ཕུལ། མཆོད་སྦྱིན་


JLAZ011_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འདི་ཕུལ་བས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མཐར་བཛྲ་མུས་གཤེགས། དེ་ནས་མར་ཁུ་དང་བཅས། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་པས་མེ་ལྷ་ཤིན་ཏུ་གསལ་བར་བྱས་ཏེ། སྲེག་རྫས་ལྷག་མ་རྣམས། ཨོཾ་ཨགྣ་ཡེ་སྡིག་སྒྲིབ་ཉེས་ལྟུང་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཞེས་པས་གཏང་རག་གི་ཚུལ་དུ་ཕུལ། ཨོཾ་ཨགྣ་ཡེ་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧིས་གཏོར་མ་ཕུལ། བཛྲ་ཏམྦུ་ལས་སོ་རྩི་དང༌། གོས་ཟུང་སྔར་བཞིན་དབུལ། མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཡིག་བརྒྱས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་སྲེག་བྱ་ཟ་བ་གཤེགས། །ཇི་ལྟའི་དུས་སུ་ཚུར་སྤྱོན་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །བཛྲ་མུས། ཡེ་ཤེས་པར་ཤར་ལྷོར་གཤེགས། དམ་ཚིག་པ་མེ་འབར་བའི་ཀློང་དུ་ཐིམ་པར་བསམས་ལ་བསྔོ་སྨོན་གྱིས་རྒྱས་གདབ། ཨོཾ་ཨཱཿཧཱུྃ་གིས་བདག་ཉིད་བསྲུངས་ནས་གསོན་པོའི་དོན་དུ་ཤིས་པ་བརྗོད། གསུམ་པ་མཇུག་བསྡུ་བ་ནི། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་ལག་གཉིས་དཔུང་པར་བསྣོལ་བའི་སེ་གོལ་གཏོགས་ཤིང༌། ཨོཾ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོས་རུས་བུ་བསྡུ། རུས་ཆོག་གནད་དུ་འགྲོ་བས་སཱཙྪ་ལ་སོགས་བཞེངས་ཤིང་སྨོན་ལམ་དང་བཅས་པས་རྒྱ་མཚོར་འབབས་པའི་ཆུ་ཀླུང་ལ་དོར་བས་ཕྱོགས་དེར་བདེན་ཚིག་གྲུབ་


JLAZ011_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲང་སྲོང་རྣམས་ཀྱི་མངོན་ཤེས་ཀྱིས་བཏེག་སྟེ་ཇི་ལྟར་བཏབ་པའི་སྨོན་ལམ་གྱི་མཐུན་འགྱུར་བྱེད་པར་བཤད་པ་ཡིན་ནོ། །ཅེས་འོད་གསལ་གྱི་རྒྱུད་སྡེ་རྫོགས་པ་རང་བྱུང་གི་རྒྱུད་དོན་གསལ་བར་བྱས་ཤིང༌། ངན་སོང་སྦྱོང་བའི་མན་ངག་གི་ཟུར་བརྒྱན་པའི། སྲེག་སྦྱངས་ཀྱི་ཆོ་ག་འདི་ནི་ཀུན་ལས་ཁྱད་པར་དུ་འཕགས་པའི་མན་ངག་ཡིན་ནོ། །ས་མ་ཡཿ རྒྱ་རྒྱ་རྒྱཿ ཅེས་རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་ཐུགས་ཀྱི་ཏི་ཀའོ།། །།དགེའོ།།


previousཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བར་ཚེ་འདས་ཀྱི་ཕུང་པོ་སྦྱོང་ཐབས་སྒྲིབ་གཉིས་རྣམ་གྲོལ།next