Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མ་མོ་མཁའ་འགྲོའི་འཁྲུགས་སྐོང་།
   
   
   
   
   
   
   
   
   
   
   
   
   


 
previousབཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མ་མོ་མཁའ་འགྲོའི་འཁྲུགས་སྐོང་།next

བཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མ་མོ་མཁའ་འགྲོའི་འཁྲུགས་སྐོང་།


JLAZ011_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ བཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མ་མོ་མཁའ་འགྲོའི་འཁྲུགས་སྐོང་བཞུགསཿ


JLAZ011_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་མ་མོའི་དལ་ལ་འདུདཿ དུས་ངན་སྙིགས་མ་ཤར་བའི་ཚེཿ བསམ་ངན་དར་བས་ལས་ངན་འཚུབསཿ ནད་མཚོན་མུ་གེའི་བསྐལ་པ་དརཿ དེ་ཚེ་མ་མོ་མཁའ་འགྲོ་འཁྲུགསཿ འཁྲུགས་སྐོང་འདི་ལ་འབད་པ་གཅེསཿ ཆོས་འབྱུང་བསྣོལ་མའི་སྟེང་ཉིད་དུཿ མཁའ་འགྲོའི་གཏོར་མ་པད་འདབ་ཅནཿ ཤ་ཁྲག་སྙིང་སྣ་མདོས་ཀྱིས་བརྒྱནཿ སྲོག་ཆགས་མདངས་སམ་དེའི་གཟུགས་བརྙནཿ ནང་མཆོད་བྷནྡྷ་མདའ་དར་ཚོགསཿ ཕྱེ་མར་དཀར་མོ་ལག་གཡས་བཤམསཿ ཡི་དམ་ལྷ་ཡི་ཏིང་འཛིན་དངཿ ལྡན་པས་སྔགས་དྲུག་ཕྱག་རྒྱས་བརླབཿ བྷྱོཿ སྣང་སྲིད་ཀུན་གྱི་ཕྱྭ་ཆེན་མོཿ ནམ་མཁའ་དབྱིངས་ཕྱུག་དཔལ་མོ་བཙནཿ སྲ་བའི་དབྱིངས་དང་མཉེན་པའི་དབྱིངསཿ དྲོ་དང་བསྐྱོད་པའི་དབྱིངས་ཆེན་མོཿ རྒྱལ་བ་ཀུན་གྱི་ཡུམ་ཆེན་ཏེཿ མ་མོ་མཁའ་འགྲོའི་བདག་ཉིད་ཡིནཿ རང་བཞིན་ངང་ལས་མ་གཡོས་ཕྱིརཿ གཤེགས་བྱོན་བཞུགས་པར་མི་དམིགས་ཀྱངཿ གདུལ་བྱའི་དོན་དུ་སྣ་ཚོགས་སྐུརཿ སྟོན་ལ་ཕྱག་འཚལ་མཆོད་པ་འབུལཿ དམ་ཚིག་ཉམས་ཆག་མཐོལ་ལོ་བཤགསཿ འབྱུང་ལྔས་བསྡུས་པའི་སྣོད་བཅུད་ལཿ རང་རྒྱུ་བལྟས་ཤིང་བརྙས་པ་ཤོརཿ སྲིད་གསུམ་ཡེ་ནས་སངས་རྒྱས་སུཿ གནས་པ་མ་གཏོགས་མཐོལ་ལོ་བཤགསཿ བྷྱོཿ རྡོ་རྗེ་ཕག་མོ་དབྱིངས་ཀྱི་ཡུམཿ ཁྲོས་མ་ནག་མོ་སེང་གེའི་ཞལཿ ཉིད་ཞི་བདེ་མཆོག་མུ་ཁ་ལེཿ ཀུ་རུ་ཀུལླེ་འོད་ཟེར་ཅནཿ


JLAZ011_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཡུམ་དང་ཡུམ་ཆེན་མོཿ ཁྲག་འཐུང་གནས་བཅུ་དུར་ཁྲོད་བརྒྱདཿ ཉི་ཤུ་རྩ་བཞིའི་གནས་ཡུལ་བདགཿ གསང་སྔགས་རིགས་སྔགས་ཅན་རྣམས་ལཿ ཕྱག་འཚལ་ཕྱི་ནང་མཆོད་པ་འབུལཿ བསྟན་པ་རྒྱ་མཚོའི་འདུ་བ་དངཿ བྱང་ཆུབ་སེམས་དཔའི་བསླབ་པ་དངཿ སྔགས་ཀྱི་འདའ་དཀའ་དམ་ཚིག་གཉེརཿ སྤྱི་དང་ཁྱད་པར་ལྷག་པ་ཡིསཿ རྣམ་པར་ཕྱེ་ཞིང་བསྡུས་སོ་ཅོགཿ ཉོན་མོངས་དུག་ལྔའི་དབང་གྱུར་ཏེཿ བག་མེད་འགལ་འཁྲུལ་ཐལ་བ་དངཿ ཀློང་དུ་མ་གྱུར་ནོངས་པ་ཀུནཿ མཐོལ་ལོ་བཤགས་སོ་དག་པར་སྩོལཿ བྷྱོཿ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལཿ ཞི་ལ་གནས་ཀྱང་ཐུགས་རྗེའི་གཟུགསཿ ཨེ་ཀ་ཙ་ཊི་སྤུན་དྲུག་དངཿ བྲན་མོ་བཅུ་བཞི་ཡང་གཡོག་འབུམཿ འདོད་ཁམས་བདག་མོ་རེ་མ་ཏིཿ མིང་བརྒྱ་མ་ལ་མཚན་སྟོང་མཿ སྣ་ཚོགས་གཟུགས་དང་རྫུ་འཕྲུལ་ཅནཿ སྟོང་ཁམས་ཁྱབ་པར་སྤྲུལ་ནས་ཀྱངཿ འབྱུང་བ་གཡོ་དང་འཁྲུག་བྱེད་ཅིངཿ དུས་བཞིའི་དྲོད་འཛིན་བཅུད་ཀྱང་འཕྲོགཿ ནད་དང་རིམས་ཀྱི་བདག་མོ་མཛདཿ དབེན་གནས་ཉུལ་ཞིང་ཚོགས་ཁང་འགྲིམཿ རྣལ་འབྱོར་ཅན་ལ་དངོས་གྲུབ་སྟེརཿ དམ་ཚིག་ཉམས་ལ་ཆད་པ་གཅོདཿ ལེགས་ཉེས་སྟངས་


JLAZ011_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་འཇིག་རྟེན་སྐྱོངཿ ཀུན་ལ་ཕྱག་འཚལ་མཆོད་པ་འབུལཿ ཚོགས་ཀྱི་འཁོར་ལོས་ཉམས་ཆག་བཤགསཿ མདོས་དང་མདངས་ཀྱིས་ཐུགས་དམ་བསྐངསཿ མི་ནད་ཕྱུགས་ནད་གཅད་དུ་གསོལཿ ཞིང་ལ་སད་སེར་བཙའ་ཐན་དངཿ མུ་གེ་འཁྲུགས་རྩོད་མེད་པར་མཛོདཿ བྷྱོཿ མ་མོ་འཁྲུག་པའི་རྒྱུ་བསྟན་པཿ དམ་པའི་རྡོ་རྗེ་སློབ་དཔོན་ལཿ མ་དད་ལོག་པར་རྟོགས་པ་བཤགསཿ དབང་བསྐུར་ཟབ་མོ་ཐོབ་བྱས་ནསཿ བསྙེན་སྒྲུབ་ཕྱག་རྒྱ་གཡེལ་བ་བཤགསཿ དམ་ཚིག་གཅིག་པའི་སྤུན་གྲོགས་ལཿ གཤེ་སྐུར་ཁྲོས་དང་འཁོན་པ་བཤགསཿ སེམས་ཅན་ཕ་མའི་རང་བཞིན་ལཿ ངན་སེམས་གནོད་པ་བྱས་པ་བཤགསཿ སྔགས་ཀྱི་ལྟ་སྤྱོད་གསང་སྒྲོགས་དངཿ དམ་རྫས་སྤང་ལེན་བགྱིས་པ་བཤགསཿ བུད་མེད་ཤེས་རབ་རང་བཞིན་ལཿ བརྙས་དང་ལོག་ལྟ་བགྱིས་པ་བཤགསཿ སྣང་སྲིད་ལྷ་དང་ལྷ་མོ་ལཿ དགྲ་གཉེན་ཕྱོགས་རིས་ཕྱེ་བ་བཤགསཿ ལྟ་བ་སྒོམ་གྱི་ལ་མ་ཟློསཿ ཐ་མལ་འོག་འགྱུར་སོང་བ་བཤགསཿ སྤྱོད་པ་ཀུན་ཏུ་བཟང་པོ་ལཿ ཁ་ན་མ་ཐོ་འཕོག་པ་བཤགསཿ བྷྱོཿཁྱད་པར་མ་མོ་འཁྲུགས་པ་ལསཿ འཇིག་རྟེན་མི་བདེ་འབྱུང་བའི་རྒྱུཿ དགེ་འདུན་སྡེ་འཁྲུགས་ཧོར་ལས་བྱེདཿ ཁྱིམ་པ་སུན་འབྱིན་


JLAZ011_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བཤས་ར་འགྲིམཿ སྔགས་པ་དམ་མེད་མཐུ་གཏད་བྱེདཿ བསྐྱེད་རྫོགས་གདེང་བྲལ་ཟོག་ཆོས་འཚོངཿ སྐྱེ་བོ་མནའ་ཟ་དུག་སྦྱོར་བཤོམཿ དགེ་འདུན་ཁྲིམས་ཉམས་ཕ་མ་བསླུཿ རྐུ་ཇག་རྔོན་པའི་ལས་ཀྱིས་འཚོཿ ཕན་ཚུན་འཐབ་ཅིང་མ་རབས་སྤྱོདཿ མིང་སྲིང་མནོལ་ཞིང་ནལ་བུ་གསོདཿ དེ་འདྲའི་ལས་ངན་ཤར་ཙ་ནཿ མཁའ་འགྲོ་གཡེལ་ཞིང་མ་མོ་འཁྲུགསཿ མ་གཡེལ་མ་གཡེལ་ཐུགས་རྗེས་དགོངསཿ ཚོགས་གཏོར་མདངས་ཀྱིས་ཐུགས་དམ་བསྐངཿ སེམས་ཅན་ཉོན་མོངས་རང་བཞིན་ལཿ དགོངས་ཏེ་ཚངས་པའི་དངོས་གྲུབ་སྩོལཿ མི་ཕྱུགས་ནད་རིམས་གོད་ཁ་སོགསཿ ཞི་ནས་འཇིག་རྟེན་བདེ་ལེགས་མཛོདཿ བྷྱོཿ ཡང་ཅིག་མ་མོ་འཁྲུགས་པའི་རྐྱེནཿ བྱིན་ལ་ལྷ་མོའི་སྲས་མཆོག་ལཿ ཁྲོས་དང་བརྔན་སྦྱིན་མ་བྱས་བཤགསཿ བོང་དྲིལ་ལྷ་མོའི་བཞོན་པ་ལཿ སྒྲོག་དང་རྡེག་བཙོག་བྱས་པ་བཤགསཿ ཤ་རྐྱང་ལྷ་མོའི་མཐུན་རྫས་ལཿ རྔོན་བྱས་ཀུ་ཅོས་དཀྲོགས་པ་བཤགསཿ བྱ་ནག་ལྷ་མོའི་ནོར་ཡིན་ཀྱངཿ བསྐྲད་དང་མངོན་སྤྱོད་བྱས་པ་བཤགསཿ ཕག་ཛི་ལྷ་མོའི་མཛའ་གཅུགས་ལཿ ངན་སྨྲས་གནོད་པ་བྱས་པ་བཤགསཿ རྨ་བྱ་ལྷ་མོའི་རྒྱན་ཡིན་ཀྱངཿ སྤྱུགས་དང་ཁྱོ་ཤུགས་དབྲལ་བ་བཤགསཿ མགར་ཡུགས་


JLAZ011_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་གྲིབ་ཡིན་ཀྱངཿ ཉེ་སར་བཀོལ་ཞིང་བརྟེན་པ་བཤགསཿ ཐབ་གཞོབ་ལྷ་མོའི་དུག་ཡིན་ཀྱངཿ དབང་མེད་མ་ཚོར་ཤོར་བ་བཤགསཿ མདོར་ན་དབྱིངས་ཀྱི་རྗེ་མོ་ཡིཿ ཐུགས་ལ་ཁྲོ་བ་མི་མངའ་ཡངཿ འཁོར་གྱི་མ་མོ་མཁའ་འགྲོའི་ཚོགསཿ སྐྱོན་མཐོང་ཙམ་ནས་ཆད་པ་གཅོདཿ དེ་ཕྱིར་འགལ་འཁྲུལ་ནོངས་པ་ཀུནཿ སྦེད་པར་མི་བགྱིད་འཆབ་མ་ལགསཿ བརྔན་གྱི་མཆོག་ཏུ་ཚོགས་གཏེར་དངཿ ཛ་གད་ཕུད་ཀྱིས་ཐུགས་དམ་བསྐངཿ མདངས་ཀྱི་མཆོག་ཏུ་མཆོག་ཕྲན་གྱིཿ ཤ་ཁྲག་དྲོད་བུགས་སྐྱེ་མཆེད་འབུལཿ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ལཿ ཞོ་ཤས་བརྟེན་པའི་ཤ་ཁྲག་དྲོདཿ རང་རྒྱུད་ཅན་དུ་མ་མཆིས་པསཿ ཤ་མེད་ཤ་ཡིས་ཐུགས་དམ་བསྐངཿ ཁྲག་མེད་ཁྲག་གིས་ཐུགས་དམ་བསྐངཿ དྲོད་མེད་དྲོད་ཀྱིས་ཐུགས་དམ་བསྐངཿ སྲོག་གི་རང་བཞིན་རླུང་ཡིན་ཏེཿ དབུགས་མེད་དབུགས་དང་སྲོག་མེད་སྲོགཿ དེ་ལས་བསྐྱེད་པའི་བཀྲག་མདངས་ཀྱིསཿ མ་མོ་མཁའ་འགྲོའི་ཐུགས་དམ་བསྐངཿ ཐུགས་དམ་གཉན་པོ་བསྐང་གྱུར་ནསཿ ཉམས་ཆགས་འཁོན་འཛིན་དག་པ་དངཿ མ་མོ་མཁའ་འགྲོ་འཁྲུག་པ་ཡིཿ རྒྱུ་རྐྱེན་འབྲས་བུ་སོར་ཆུད་ནསཿ མི་ཕྱུགས་དལ་ཡམས་ཞི་བ་དངཿ མུ་གེ་འཁྲུགས་རྩོད་མེད་པ་དངཿ


JLAZ011_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

སད་སེར་བཙའ་ཐན་ལས་རྒྱལ་ཏེཿ འཇིག་རྟེན་བདེ་བའི་ཕྲིན་ལས་མཛོདཿ རྗེས་ལ་མཆོད་གཏོར་གཙང་སར་གཤེགསཿ ཕན་པའི་ཡོན་ཏན་བརྗོད་མི་ལངཿ ལག་ཏུ་བླངས་པས་ཡིད་ཆེས་འགྱུརཿ ས་མ་ཡཿ བརྡ་ཐིམཿ འདི་འབེབས་རན་པའི་རྟགས་སུ་རྨི་ལམ་ན་དཀར་ཐབ་ཤོར་བ་མཐོང་བ་ལ་འཁྲུགས་སྐོང་གི་གཏོར་དཔེ་བསྟན་པ་སོགས་བྱུང་བས་བརྡ་རང་གྲོལ་ཏུ་གྱུར་ཏོཿ


previousབཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མ་མོ་མཁའ་འགྲོའི་འཁྲུགས་སྐོང་།next