Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཟའ་རྒོད་སྲོག་གི་སྤུ་གྲི།
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཟའ་རྒོད་སྲོག་གི་སྤུ་གྲི།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཟའ་རྒོད་སྲོག་གི་སྤུ་གྲི།


JLAZ011_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཟའ་རྒོད་སྲོག་གི་སྤུ་གྲི་བཞུགསཿ ཧྲཱིཿ དུར་ཁྲོད་རབ་འཇིགས་རྩུབ་འགྱུར་ཚལཿ ཁྲག་ཞགས་དབའ་ཀློང་འཁྲུགས་པའི་དབུསཿ བཀའ་སྲུང་གཟའ་བདུད་རཱ་ཧུ་ལཿ སྲོག་གི་སྤུ་གྲི་གཤེགས་སུ་གསོལཿ སྐུ་མདོག་དུད་ཁ་སྦྲུལ་མཇུག་གཡོཿ དབུ་དགུ་བྱ་རོག་གདོང་གིས་མཛེསཿ ཕྱག་བཞི་མདའ་གཞུ་ཞགས་པ་དངཿ ཆུ་སྲིན་རྒྱལ་མཚན་རྔམ་སྟབས་འཛིནཿ འཁོར་དུ་གདོང་མོ་རྣམ་བཞི་དངཿ གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱདཿ ལྕེ་སྤྱང་བདུད་བྱ་ཁྱི་ནག་དངཿ དྲེགས་པ་སྡེ་བརྒྱད་དམག་གིས་བསྐོརཿ འཁོར་དང་བཅས་པ་མ་ལུས་ཀུནཿ ནམ་མཁའ་ཡངས་པའི་ཀློང་ནས་གཤེགསཿ དམ་ཚིག་ཆེན་པོའི་གདན་ལ་བཞུགསཿ དམར་ཆེན་ཁྲག་གི་ཨརྒྷཾ་དངཿ དབང་ལྔའི་མེ་ཏོག་ཤ་གསུར་སྤྲིནཿ ཞུན་ཆེན་མར་མེ་མཁྲིས་པའི་ཆབཿ ཤ་རུས་ཞལ་ཟས་ཐོད་རྔའི་སྒྲཿ རྐང་གླིང་རོལ་མོ་འབྲུག་ལྟར་སྒྲོགཿ དམར་ཆེན་གཏོར་མ་རི་ལྟར་སྤུངསཿ སྨན་རག་བདུད་རྩི་མཚོ་ལྟར་བསྐྱིལཿ མཐུན་རྫས་སྤྱན་གཟིགས་སྐར་ལྟར་བཀྲམཿ བཞེད་དགུའི་ལོངས་སྤྱོད་སྤྲིན་ལྟར་འདུཿ མཐུན་པའི་དམ་རྫས་སྣ་ཚོགས་ཀྱིསཿ གཟའ་བདུད་ཆེན་པོའི་ཐུགས་དམ་བསྐངཿ རཱ་ཧུ་ལ་ཡི་ཐུགས་དམ་བསྐངཿ


JLAZ011_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་དམག་དཔོན་ཐུགས་དམ་བསྐངཿ གདོང་མོ་བཞི་ཡི་ཐུགས་དམ་བསྐངཿ དྲང་སྲོང་བརྒྱད་ཀྱི་ཐུགས་དམ་བསྐངཿ རྒྱུ་སྐར་ཉེར་བརྒྱད་ཐུགས་དམ་བསྐངཿ དྲེགས་པ་སྡེ་བརྒྱད་ཐུགས་དམ་བསྐངཿ ལས་མཁན་རྣམས་ཀྱི་ཐུགས་དམ་བསྐངཿ ཐུགས་དམ་བསྐངས་ལ་བར་ཆད་སོལཿ འགལ་འཁྲུལ་ནོངས་པ་དབྱིངས་སུ་བསྐངཿ བདག་ཅག་དཔོན་སློབ་ཡོན་མཆོད་ལཿ ལོག་པར་འདྲེན་པའི་དགྲ་དང་བགེགསཿ ཁ་རླངས་དུག་གི་སྤུ་གྲིས་སོདཿ བརྒྱུད་འཛིན་སློབ་མ་བུ་བཞིན་སྐྱོངསཿ བཀའ་གསང་གཉན་པོའི་བསྟན་པ་སྤེལཿ བསམ་དོན་ཡིད་བཞིན་འགྲུབ་པར་མཛོདཿ ཅེས་བརྗོད་གཏོར་མ་གཙང་སར་གཤེགསཿ ཨེ་མཿ རྒྱལ་དབང་པདྨ་ཐོད་ཕྲེང་གིཿ རྡོ་རྗེའི་དམ་ཚིག་སྲུང་མ་འདིཿ མཐུ་རྩལ་རྣོ་མྱུར་ཐོག་དང་འདྲཿ བཀའ་གཉན་འཁུ་ལྡོག་གདུག་རྩུབ་ཆེཿ དེ་ཕྱིར་སྙིང་ལ་གཅེས་པར་ཟུངསཿ ས་མ་ཡཿ འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཟའི་བསྐུལ་བྱང་དུག་རླངས་འཚུབ་མ་བཞུགསཿ དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོཿ དྲང་སྲོང་རཱ་ཧུ་ལའི་བསྐུལ་བྱང་ནིཿ དམར་གཏོར་ཤ་ཁྲག་གིས་བརྒྱན་པར་དགུག་གཞུག་དྲག་ཏུ་བགྱིས་ལ་དམིགས་བྱའི་ཤ་ཁྲག་ཏུ་དམིགས་ཏེ་ཟས་སྐལ་དུ་བསྔོཿ ལྷའི་ང་རྒྱལ་དང་ལྡན་པསཿ ཛཿ བཞེགས་ཤིག་མི་མངོན་དབྱིངས་ནས་བཞེངསཿ བསྐྱོད་ཅིག་ཁྲག་མཚོའི་དབྱིངས་ནས་བསྐྱོདཿ དོ་ནུབ་ནམ་


JLAZ011_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གུང་ཐུན་ལཿ དྲང་སྲོང་ཆེན་པོ་ལས་ལ་ཆོསཿ བདག་ལ་སྡང་བའི་དགྲ་བོ་འདིསཿ སངས་རྒྱས་བསྟན་པ་ཐབས་ཀྱིས་བཤིགཿ དཀོམ་མཆོག་དབུ་འཕང་ཟོལ་གྱིས་སྨདཿ དགེ་འདུན་དཀོར་འཕྲོག་དབེན་གནས་བཅོམཿ རྣལ་འབྱོར་བདག་ལ་ཕོད་དུ་བཙུགསཿ སྲུང་མ་ཁྱོད་ནི་ཁྱད་དུ་བསདཿ བྱང་ཆུབ་བསྒྲུབ་པའི་བྱ་བ་དངཿ གཞན་དོན་བྱེད་དུ་མ་སྟེར་རོཿ ཁྱོད་ལ་མཐུ་དང་རྩལ་ཡོད་ནཿ དམ་ཉམས་སྒྲོལ་བའི་དུས་ལ་བབཿ ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ལཿ འབྱུང་བ་ཆུ་ཡང་གཉིད་ལོག་གིསཿ དེ་ཚེ་བླ་རྐུན་ཤན་པ་རྣམསཿ བྱ་གླག་གཟན་ལ་འཛུམ་པ་བཞིནཿ དགྲ་བོའི་ཡུལ་དུ་ལས་ལ་ཆོསཿ བསྐོས་པའི་ལས་ལ་ཁག་མ་འགེལཿ འགྱུ་བའི་དབུགས་ཆོད་ཚེ་སྲོག་རྔུབསཿ ཀི་ཀང་དལ་ཡམས་ཐོག་སེར་ཐོངསཿ རྭ་ཡི་མདའ་གཞུ་སྙིང་ལ་གཟེརཿ ལྟོ་ཞལ་འཇིགས་པས་བཅར་ཕོག་ཐོངསཿ ལོ་དང་ཟླ་བར་བཞག་ཐབས་མེདཿ ཞག་དང་ཟ་མར་མ་འགྱང་པརཿ དམ་ཉམས་དགྲ་བོ་མ་བསྒྲལ་ནཿ ཁྱོད་ཀྱི་མཐུ་རྩལ་རྫུན་དུ་ཟདཿ རྡོ་རྗེ་འཆང་གི་བཀའ་ཡང་བཅགཿ རིག་འཛིན་བརྒྱུད་པའི་དམ་ལས་འགལཿ རྣལ་འབྱོར་བདག་ཅག་ཡིད་རེ་བཅདཿ ཁྱེད་བརྟེན་བསྒྲུབ་པའི་དོན་ཡང་སྟོརཿ དེ་བས་དམ་ལ་


JLAZ011_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདའ་བརཿ སྡང་བའི་དགྲ་བོའི་བརླང་སྙིང་ཅནཿ གཏོར་མ་འདི་དང་མཉམ་དུ་བཞེསཿ སྙིང་ཁྲག་དམར་པོ་སྦར་གྱིས་ཆུསཿ བསད་རྟགས་དོན་སྙིང་དངོས་སུ་སྟོནཿ སྒོ་ང་བྲག་ལ་བརྡབས་པའམཿ ལོ་ཏོག་སེར་བས་བཅོམ་པ་བཞིནཿ སྐད་ཅིག་ཉིད་ལ་རྡུལ་དུ་རློགཿ མིང་ཙམ་མེད་པར་འཕུང་དུ་ཆུགསཿ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོདཿ ཧྲཱི་ཤག་རུ་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་ཀེ་ཤ་ལ་ཛཿཛཿཧ་ཧཿ ཚལ་པ་ཚལ་པཿ ཉིགས་ཉིགསཿ ཞུང་ཞུངཿ ཆེ་གེ་མོའི་སྲོག་ལ་མཱ་ར་ཡ་རྦད་རྦདཿ ཅེས་བཟླ་ཞིང་བསྐུལ་བར་བྱའོཿ ས་མ་ཡཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཟའ་རྒོད་སྲོག་གི་སྤུ་གྲི།next