Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏལ་དཀར་མའི་ཕྱུགས་གཏའ་སྡོམ་པ།
   
   
   
   


 
previousགཏལ་དཀར་མའི་ཕྱུགས་གཏའ་སྡོམ་པ།next

གཏལ་དཀར་མའི་ཕྱུགས་གཏའ་སྡོམ་པ།


JLAZ011_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

གཏལ་དཀར་མའི་ཕྱུགས་གཏའ་སྡོམ་པ་བཞུགས།། ཚེ་རིང་མའི་གསོལ་མཆོད་སྔོན་དུ་བཏང་ནས་སྒེར་གསོལ་ནི། ཧཱུྃ། རིག་འཛིན་པདྨ་འབྱུང་གནས་ཀྱི། །ཆད་མདོ་ཐ་ཚིག་ལ་གནས་པའི། །ལྷ་མོ་གཏལ་དཀར་འགྲོ་བཟང་མ། །རྐང་བཞི་དེ་ནི་ཕྱུགས་ཀྱི་ལྷ། །གདུངས་བས་འབོད་དོ་ད་ལྟ་གཤེགས། །རང་བཞིན་ངང་ལས་མ་གཡོས་ཀྱང༌། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །བཞུགས་པའི་དེ་ནི་ཡུལ་བཙལ་བ། །བྲག་རི་ཤེལ་གྱི་བ་གམ་ཅན། །ནགས་ཚལ་ཁ་བའི་ལ་ཐོད་མཛེས། །གཡའ་དང་དེ་ནི་སྤང་གི་ལྗོངས། །ནེའུ་སེང་མེ་ཏོག་སྣ་ཚོགས་ཚལ། །རྩི་སྨན་དྲི་ངད་བཟང་པོ་འཐུལ། །འབབ་ཆུ་ཐམས་ཅད་འོ་མའི་རྒྱུན། །མཚོ་དང་རྫིང་བུ་ལྟེང་ཀས་གང༌། །དེ་ལ་གནས་སུ་འདུ་ཤེས་པའི། །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་གྱི། །ཕོ་བྲང་གཞལ་ཡས་དྭངས་རེ་སྤྲོ། །རྒྱན་དང་བཀོད་པ་བསམ་མི་ཁྱབ། །ཕོ་བྲང་དེ་ཡི་ནང་ཤེད་ན། །ལྷ་མོ་གཏལ་དཀར་འགྲོ་བཟང་མ། །མཛེས་སྡུག་ཤིན་ཏུ་ཆགས་པའི་ཉམས། །གཡས་པ་དེ་ནི་མདའ་དར་གཡབ། །རྨ་གཡང་ནོར་དང་ཕྱུགས་བླ་འགུགས། །གཡོན་པ་དངུལ་སྐྱོགས་འོ་མ་ཅན། །གཡང་ཞག་བཅུད་ཀྱི་གཏེར་དུ་འཛིན། །པང་ན་བེའུ་དངོས་གྲུབ་སྟེར། །ཤ་བ་ཡུ་


JLAZ011_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་སྟེང་ན་འགྱིང༌། །ཁྱོད་ལ་མཆོད་པའི་དམ་རྫས་ནི། །ཉེར་སྤྱོད་བཟའ་བཅའ་བཏུང་བའི་མཚོ། །དབང་པོ་དྲུག་ལ་མཁོ་དགུའི་རྫས། །གཏོར་མའི་དམ་ཚིག་ཆེན་པོ་འབུལ། །ཐུགས་དམ་དགྱེས་པ་བསྐངས་གྱུར་ནས། །འབྲོག་གནས་ལྷས་མལ་འདི་རུ་བཞུགས། །རྐང་བཞི་ནོར་གྱི་གོད་ཁ་ཆོད། །སྤང་ལྗོངས་བེའུས་གང་བར་མཛོད། །ཁྱོད་ལ་རྟེན་དུ་འཛུགས་པ་ནི། །རིན་ཆེན་གཏེར་གྱི་བུམ་པ་དང༌། །ནམ་རྒྱང་མདའ་འཕང་ཤིང་རིས་གདོང༌། །རྟེན་ཐུགས་བ་དན་གཡོ་བ་དང༌། །རྔ་ལྡིང་འཇའ་རིས་འཁྱིལ་བ་ཡིས། །ཐུགས་དམ་དགྱེས་པ་བསྐངས་གྱུར་ནས། །འབྲོག་གནས་ལྷས་མལ་འདི་དུ་བཞུགས། །རྐང་བཞི་ནོར་གྱི་གོད་ཁ་ཆོད། །སྤང་ལྗོངས་བེའུས་གང་བར་མཛོད། །འབྲོང་གཡག་ཞོལ་པོ་ཆོ་ལ་རྩེ། །ཟལ་མོ་འབྲི་དང་གཡང་དཀར་ལུག །ཚེ་རིང་ར་དང་འདོད་འཇོའི་བས། །ཐུགས་དམ་དགྱེས་པ་བསྐངས་གྱུར་ནས། །འབྲོག་གནས་ལྷས་མལ་འདི་དུ་བཞུགས། །རྐང་བཞི་ནོར་གྱི་གོད་ཁ་ཆོད། །སྤང་ལྗོངས་བེའུས་གང་བར་མཛོད། །མདོར་ན་གནམ་ལ་འཕུར་དགུ་དང༌། །ས་ལ་འཛུལ་དགུ་ཐམས་ཅད་ཀྱང༌། །ལྷ་མོའི་དཀོར་དང་ནོར་ཡིན་ན། །སྲོག་ཆགས་མདངས་ཀྱིས་ཐུགས་དམ་བསྐངཿ ཐུགས་


JLAZ011_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

དམ་དགྱེས་པ་བསྐངས་གྱུར་ནས། །འབྲོག་གནས་ལྷས་མལ་འདི་རུ་བཞུགས། །རྐང་བཞི་ནོར་གྱི་གོད་ཁ་ཆོད། །སྤང་ལྗོངས་བེའུས་གང་བར་མཛོད། །རྟེན་ཅིང་འབྲེལ་འབྱུང་རྩ་བ་ནི། །མ་རིག་འཛིན་པ་ཆེན་པོ་སྟེ། །མ་རིག་ལས་ནི་རྣམ་ཤེས་འབྱུང༌། །རྣམ་ཤེས་ཚོགས་པའི་མི་གཟུགས་དང༌། །སྐྱེ་མཆེད་བདག་པོ་ཁྱོད་ཀྱིས་གྱིས། །རིམས་དང་དེ་ནི་གོད་ཁ་ལ། །རྡོ་རྗེ་རྭ་བའི་གུར་གྱིས་སྲུངས། །གཅན་དང་དེ་ནི་ཆོམ་རྐུན་ལ། །ཉིན་མཚན་ཀུན་ཏུ་མེལ་ཚེ་མཛོད། །ཡུལ་དང་དེ་ནི་གནས་སུ་འབྲེལ། །གནས་དང་ལོངས་སྤྱོད་མི་འབྲེལ་ཕྱིར། །ཕྱུགས་གཏའ་འདི་ལ་བརྟན་པར་བཞུགས། །མི་དང་དེ་ནི་ལྷ་རུ་འབྲེལ། །ལྷ་དང་སྲུང་སྐྱོབ་མི་འབྲལ་ཕྱིར། །ཕྱུགས་གཏའ་འདི་ལ་བརྟན་པར་བཞུགས། །ཕྱུགས་དང་དེ་ནི་ལྷས་མལ་འབྲེལ། །ལྷས་དང་ཞོ་མལ་མི་འབྲལ་ཕྱིར། །ཕྱུགས་གཏའ་འདི་ལ་བརྟན་པར་བཞུགས། །མདོར་ན་འབྲོག་གནས་ལྷས་མལ་འདི། །ཁྱོད་ལ་བཅོལ་ལོ་གཉེར་དུ་ལོངས། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གཡང༌། །ཁུག་ལ་བསམ་དོན་ལྷུན་གྲུབ་མཛོད། །ཅེས་ལྕགས་ཟམ་ནིརྨ་ཀ་ཡི་དགོངས་བཞེད་བཞིན། །བྲིས་འདིས་ཕྱུགས་ལུག་གྲངས་མེད་འཕེལ་བར་ཤོག །ཀུན་ཀྱང་སྲོག་གི་འཇིགས་ལས་ཐར་གྱུར་ན། །དེ་ཡང་བྱང་ཆུབ་སེམས་དཔའི་ཕྲིན་ལས་ཡིན། །


previousགཏལ་དཀར་མའི་ཕྱུགས་གཏའ་སྡོམ་པ།next