Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ།


JLAZ012_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ་བཞུགས།


JLAZ012_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དང་འབྲེལ་བའི་གདན་གསུམ་ལྷའི་འཁོར་ལོ་ལ་ཕྱག་འཚལ་ལོ། །མ་བསྒོམ་སངས་རྒྱས་གཅིག་ཤོས་ལས་རྒྱའི་ལམ་གྱི་མཆོག །རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར། །སྲོག་སྩོལ་གནད་དུ་ཚུད་པས་གནས་པའི་རྩ་ཁ་དབྱེ། །རླུང་དང་འཁྲུལ་འཁོར་འབྲེལ་བས་རྩ་མདུད་རང་སར་གྲོལ། །ཐེམ་བུའི་མན་ངག་ཤེས་ན་བཀོད་པ་བྱང་སེམས་རྒྱས། །རྡོ་རྗེ་དཔའ་རླབས་ལ་བརྟེན་འབྲས་བུའི་དེ་ཉིད་མཐོང༌། །གནད་ལས་གནད་དུ་གྱུར་པའི་ཐབས་ཀྱི་ལམ་མཆོག་ཡིན། །འདི་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་བླ་མའི་རྣལ་


JLAZ012_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་སྒོམ། གསོལ་བ་སྙིང་ནས་བཏབ་ལ་དབང་བཞི་བླངས་རྗེས་རླུང་བུམ་ཅན་ལ་གནད་དུ་བསྣུན་པའོ། །གཉིས་པ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་དོན་གྱིས་རྩ་ཚིག་ཉི་ཤུའི་བདག་ཉིད་ཅན་ལ། རྟེན་ལུས་ཀྱི་གེགས་སེལ་དང༌། བརྟེན་པ་ཆོས་ཉིད་ཀྱི་གནད་ཁྱད་པར་ཅན་གཅིག་གིས་ལྷག་པའི་དོན་རྡོ་རྗེའི་ཚིག་གིས་བཅིངས་པ་ལྷུག་པར་དཀྲོལ་བ་ལ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་གནང་བ་སྩལ་དུ་གསོལ། དང་པོ་རྡོ་རྗེ་སྐྱིལ་ཀྲུང་ནི། རྣམ་པར་སྣང་མཛད་ཀྱི་ཆོས་བདུན་ཚང་བའི་ངང་ནས་རྡོ་རྗེ་ཁུ་ཚུར་གཉིས་པུས་མོའི་སྟེང་དུ་བཞག་པའི་འཆུན་བཙལ་ཐོག །ཁུ་ཚུར་བརླ་སྟེང་ནས་སྟ་ཟུར་སོ་སོའི་ཕྱོགས་བྲད་པ་མཆན་ལ་བསྐོར་ཏེ་གྲུ་མོ་བཏེག་པ་གསུམ་གྱི་


JLAZ012_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། ཁུ་ཚུར་བསྐོར་རྒྱངས་དང་བཅས་གྲུ་མོ་བགྲད་སྡིགས་མཛུབ་ཕྱིར་བསྟན་བསྣོལ་བ་སྤྱི་བོར་འཇོག་པ་དང་སེ་གོལ་གཏོགས་པ་གསུམ། གཉིས་པ་བསྐུ་མཉེ་ནི་ཁུ་ཚུར་བསྐོར་རྒྱངས་དང་བཅས་ལྟག་པ་དགྱེ་བའི་གདོང་ཐད་ལས་མི་དམའ་བར་ཐལ་མོའི་རྟིང་པ་གཉིས་ཐག་སྒྲ་དང་བཅས་བསྣོལ། གྲུ་མོའི་ཚུན་བཙལ་ནས་ཨ་བ་དྲག་ཏུ་མཉེ་བ་ལས་བྱུང་བའི་དྲོད་མིག་ནས་རིམ་པར་མགོ་ལུས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པར་འཕུར། གསུམ་པ་སོར་བསྣོལ་ནི། ཁུ་ཚུར་བསྐོར་རྒྱངས་ལས་ཐག་སྒྲ་དང་བ་ཅས་ཐལ་སྦྱར་སོར་མོ་རྣམས་བསྣོལ་བའི་རྟིང་པ་ཁ་ཕྱེ་ནས་གྲུ་མོ་གཉིས་རྒྱངས། ཨ་ཞེས་ཐལ་སྦྱར་བྲང་ལ་བརྡབ། ཀ་ཞེས་དེ་ཉིད་ཁ་ཕྱིར་བསྟན་ཐད་ཀར་རྒྱངས། ཙ་ཞེས་ནང་བསྟན་དུ་རྒྱངས། ཊ་ཞེས་བྲང་ལ་བརྡབ། ཏ་ཞེས་ཁ་ཕྱིར་བསྟན་དུ་རྒྱངས། པ་ཞེས་ནང་བསྟན་དུ་རྒྱངས། ཡ་ཞེས་བྲང་ལ་བརྡབ། ཤ་ཞེས་ཕྱིར་བསྟན་དུ་རྒྱངས། ཨ་ཧཾ་ཞེས་ནང་བསྟན་དུ་རྒྱངས། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཨ་ཧཾ། བཞི་པ་དཔུང་གཅུས་ནི། ཁ་ཚུར་བསྐོར་རྒྱངས་པུས་མོ་སོ་སོའི་སྟེང་དུ་སྒྲེང་ནས་དཔུང་པ་གཟེངས་བསྟོད་པ་པུས་མོ་གོ་ལྡོག་གི་སྟེང་རྨྱང་བ་ལན་གསུམ་རེའི་མཐར་ཁུ་ཚུར་བསྐོར་རྒྱངས་རྩ་འདིར་ཐོན་པ་གསུམ་དང༌། མགྲིན་པ་ཁྲུང་ཁྲུང་ལྟར་སྒྲེང་བ་སྒུར་སྟབས་རྩ་འདར་ཐོན་པ་གསུམ། ལྔ་


JLAZ012_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱ་དཔུང་ནི། ཁུ་ཚུར་སྐོར་རྒྱངས་ལས་སྙིང་ཁར་རྒྱབ་སྤྲོད་བྱས་པ་ཕྱི་རོལ་དུ་རྡོ་འཕེན་པ་ལྟར་ཤེད་བསྐྱེད་པས་ནམ་མཁའ་ལ་འཕུར་སྟངས་ལན་གསུམ་གྱིས་རྗེས་འཕོངས་མཐོ་གང་ཙམ་བཏེག་པའི་འབེབ་ཆུང་གསུམ་གྱི་རྗེས་མར་འབའ་ཧ་ཧ་ཞེས་དཀྲུགས། དྲུག་པ་དཔུང་བསྣོལ་ནི། ལངས་ཏེ་ལུས་བསྲང༌། ཁུ་ཚུར་བསྐོར་རྒྱངས་ལས་ཐལ་མོ་གཡོན་པས་དཔུང་པ་གཉིས་ལ་དགབ། གཡས་པས་གཡོན་ལ་དགབ། གྲུ་མོ་རྒྱངས། ལུས་བྱིང་པོ་གཡས་གཅུས་གཡོན་གཅུས་རྒྱབ་ལོགས་མཐོང་མཐོང་ཤེད་ཀྱིས་གཅུད་པ་ལན་གསུམ་རེའི་མཐར་ཧཱུྃ་ཀ་རའི་རྒྱ་གཡས་པའི་རྟིང་པ་ས་ལ་བཙུགས་ནས་པུས་མོ་བསྲང༌། གཡོན་པ་བསྐུམ་སྟངས་སུ་ས་ལ་བཞག་པའི་དོར་སྟབས་ཕྱོགས་ཀྱི་ཁུ་ཚུར་བསྐོར་རྒྱངས་ལས་སྡིགས་མཛུབ་དང་བཅས་པའི་ལྟ་སྟངས་ནམ་མཁའ་ལ་ཤེད་ཀྱིས་སྒྲེང༌། བསྐུམ་ཕྱོགས་ཀྱི་གྲུ་མོ་རྒྱངས་པའི་སྡིགས་མཛུབ་དཀུ་ལ་མ་རེག་ཙམ་པ་གཡས་གཡོན་དུ་གསུམ་རེའི་མཐར། ཁུ་ཚུར་གཟེངས་བསྟོད་པ་དང་བཅས་ཅུང་ཟད་འཕར་སྟངས་ལས་རྐང་པ་བགྲང་ཆུང་ཐོག་བགྲད་འབེབ་ལན་གསུམ། བདུན་པ་བྲང་འཐེན་ནི། ཁུ་ཚུར་གྱེན་བསྟན་ཐུར་ལ་ཤེད་ཀྱིས་སྦུབ་པ་དང་བཅས་སྒུར་ཏེ། རྐང་པ་གཤིབས་པའི་བྲང་ས་སོ་སོ་ནས་ཤེད་བསྐྱེད་པའི་འཐེན་སྟངས་


JLAZ012_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མཆན་རྡེབ་དང་བཅས་ལུས་བསྲང༌། དཔུང་མགོ་སོ་སོའི་ཐད་ཀྱི་ནམ་མཁའ་ཁུ་ཚུར་གྱིས་བརྟོལ་བ་ལྟར་སྦྲེང་བ་གསུམ་གྱི་མཐར། འཇམ་དཔལ་བཤེས་གཉེན་གྱི་རྒྱ་ཁུ་ཚུར་བསྐོར་རྒྱངས་ལས་རྐང་པ་གཡས་བཏེག་པའི་སྟངས་སྟབས་དང་བསྟུན་སྡིགས་མཛུབ་དང་བཅས་པའི་ལྟ་ལྟངས་ནམ་མཁའ་ལ་སྒྲེང་ཞིང༌། བསྐུམ་ཕྱོགས་ཀྱི་གྲུ་མོ་རྒྱངས་པའི་སྡིགས་མཛུབ་སྤྱི་བོར་འཇོག །དེ་འདྲ་ཇི་ལྟ་བ་གཡོན་ཕྱོགས་དང་སྤེལ་བ་གསུམ་རེའི་མཐར། སྒུར་སྟངས་ཀྱི་རྐང་པའི་བྲང་ས་ནས་སྔ་མ་ལྟར་གྱེན་དུ་འཐེན་པའི་མོད་ལ་འབེབ་པའི་སྒུར་འབེབ་གསུམ། བརྒྱད་པ་གཞུ་འགེངས་ནི། ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་སྔོན་འགྲོས་གཞུ་རྒྱུད་ཤིན་ཏུ་སྲ་བའི་འཐེན་སྟངས་མཐར་མཆན་རྡེབ་དང༌། མདའ་ཕྱོགས་ཡང་རྒྱངས་ཐོག་འཐེན་སྟངས་སྔ་མ་ལྟར་བྱ་བ་གསུམ་དང༌། གཡོན་ཕྱོགས་ལའང་དེ་བཞིན་ལན་གསུམ་སོང་ནས། ནཱ་ག་རྫུ་ནའི་རྒྱ་གྲུ་མོ་གཉིས་བགྲད་པའི་རྟ་རྒྱ་སྤྱི་བོར་བཞག་ནས་རོ་སྟོད་དཀྲུགས་པ་དང་སྤྲགས་འཚེར་སྐད་ཐོན་པའི་ཧི་སྒྲ་དབུགས་ཐེངས་གཅིག་ལ་བསྟུད་པ་གསུམ་གྱི་མཐར། ཁ་ཚུར་བསྐོར་རྒྱངས་དང་བཅས་སྔར་བཞིན་འབེབས་ཆེན་གསུམ། དགུ་པ་རི་འཕུལ་ནི། སྐྱིལ་ཀྲུང་ལས་ཁུ་ཚུར་གདོང་རྒྱངས་ཐོག་ལག་ངར་གཉིས་ཀྱིས་མདུན་རི་འཕུལ་བ་ལྟ་བུའི་ཤེད་བསྐྱེད་ལན་གསུམ་དང༌། པྲ་བྷ་ཧསྟིའི་རྒྱ། གྲུ་མོ་


JLAZ012_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱངས་པའི་ཐལ་མོ་ཆུ་སྲིན་རྣམ་རོལ་གྱི་ཆོས་འབྱུང་ནང་ཧ་སྒྲ་གསུམ་བསྟུད། དབུགས་ཐེངས་གཅིག་ཏུ་དྲག་ལ་བཅད་ཐོན་པ་གསུམ་གྱི་མཐར་བར་འབེབས་ལན་གསུམ། བཅུ་པ་དགྱེ་དགུ་ནི། ལངས་ཏེ་ཁུ་ཚུར་སྦུབ་རྒྱངས་ཐོག་རྐང་པས་བྲང་ས་སོ་སོ་ནས་འཐེན་སྟངས་མཆན་རྡེབ་དང་བཅས་ཁུ་ཚུར་གཉིས་རྒྱབ་ཏུ་སྒྲེང་ཞིང༌། སྐེད་སྐབས་བཅག་པ་བཞིན་དུ་དགྱེ་བ་དང་དགུ་པ་སྤེལ་བ་གསུམ་གྱི་རྗེས། དྷ་ན་སཾ་སྐྲྀའི་རྒྱ། རྐང་པ་གཡས་གོམ་སྟབས་སུ་དོར་བའི་རྟིང་པ་ལ་བཙུགས་ནས་རོ་སྨད་གཅུད། ལག་གཡས་གཟེངས་བསྟོད་དེ་ཐོད་རྔ་ཁྲོལ་ཚུལ་གྱི་ཕྱོགས་ལ་རོ་སྟོད་ཀྱང་གཅུ་ཞིང༌། ལག་པ་ཅིག་ཤོས་ཀྱི་སྡིགས་མཛུབ་ཐུར་བསྟན་སྟ་ཟུར་དུ་ཤེད་ཀྱིས་བརྐྱང་པ་དང༌། དེ་བཞིན་དུ་གཡོན་གྱིས་བྱ་བའང་སྤེལ་བ་གསུམ་རེའི་མཐར། སྒུར་འབེབས་གསུམ། བཅུ་གཅིག་པ་རྡོ་རྗེའི་འདུག་སྟངས་ནི། ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་ཐོག་ལུས་དྲང་པོར་བསྲང༌། རྐང་པའི་པུང་མོ་གཉིས་བགྲད་ཅིང་རྟིང་པ་གཉིས་མ་རིག་ཙམ་ནས་སྦོ་དང་སོར་མོ་ས་ལ་བཙུགས། ཐལ་མོ་ནང་བསྟན་ལས་ཁུ་ཚུར་གྱི་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ། མཛུབ་མོ་གཉིས་རྩེ་སྤྲད་པ་ཐུར་དུ་བསྟན་ནས་སྤྱི་གཙུག་ལ་རེག །གྲུ་མོ་གཉིས་ཐད་ཀར་རྒྱངས། སྣ་རྩེར་སློབ་དཔོན་བི་མ་ལའི་ཆོས་ཀྱི་ཕྱག་རྒྱ་ཨ་དཀར་


JLAZ012_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆུ་ཤེལ་ལྟར་འཚེར་བ་ལ་རིག་པ་གཏད་ནས། དབུགས་ཐེངས་གཅིག་ལ་ཨ་ལྔ་ཚར་བརྗོད་པ་དང་མཉམ་དུ་རྐེད་པ་ཉེག་ཉེག་ལན་གསུམ་གྱི་མཐར། ཁུ་ཚུར་གདོང་རྒྱངས་དང་རྐང་པ་བགྲད་ཆུང་ཐོག །རྐང་ལག་སོ་སོར་ཐད་ཀར་བསྣོལ་བའི་གཅུས་འབེབས་གསུམ། བཅུ་གཉིས་པ་ལག་བསྣོལ་ནི། ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་ཐོག་སྡིགས་མཛུབ་ཕྱིར་བསྟན་གྱི་འཁྲིག་མ་བསྣོལ་བའི་སྤྱི་བོར་བཞག་ནས་གྲུ་མོ་རྒྱངས་པའི་དེ་མ་ཐག །ཤཱནྟིཾ་གརྦྷའི་རྒྱ། ཐལ་མོ་རྒྱབ་སྤྲོད་ཀྱི་སོར་མོ་རྣམས་ཤེད་ཀྱིས་ཕྲལ་ཏེ་སོ་སོར་རྩེ་སྤྲད་པའི་འཁོར་ལོའི་རྒྱ་སྤེལ་བ་ལན་གསུམ་གྱི་མཐར་བགྲད་འབེབས་གསུམ། བཅུ་གསུམ་པ་མེ་རླུང་ཁ་སྦྱོར་ནི། ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་ལས་ཅུང་ཟད་སྒུར་ཏེ་ཧཱུྃ་ཞེས་ཐུར་སེལ་ལྟེ་འོག་ཏུ་མནན། གུ་ཧྱ་ཙནྡྲའི་རྒྱ། ལག་གཉིས་སྡིགས་མཛུབ་རྒྱབ་སྤྲོད་ལས་བརྐྱང་པ་བཞི་པོ་ལུག་རྒྱུད་དུ་སྦྲེལ་བ་ས་ལ་རེག་ནས། ལག་ངར་སྒྲེང་ཞིང་དགྱེ་བ་དང་མཉམ་དུ་སྟོང་འདྲེན་བྱེད་ཅིང་མིག་གྱེན་དུ་སྒྲིལ་ནས་ལུང་བསྲང༌། མི་ཐུབ་པ་དང་ཡང་ཧུ་ཞེས་སྔ་མ་ཇི་ལྟ་བའི་འདྲེན་དང་བཅས་དགྱེ་རྒུ་སྤེལ་བ་གསུམ་གྱི་རྗེས་བགྲད་འབེབས་གསུམ། ས་བཅད་གཉིས་པོ་གོ་ལྡོག་པ་འདི་ཞལ་ཤེས་ཡིན་ཀྱང་མོས་པས་སྤྱོད་པ་རྣམས་ལམ་ངེས་སོ། །བཅུ་བཞི་པ་གླང་ཆེན་ཧུ་འདྲེན་ནི། ལངས་ཏེ་ཁུ་ཚུར་བསྐོར་


JLAZ012_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱངས་ཐོག་རླུང་གནད་ཡིག་ཆུང་བཞིན་ལ། ཁུ་ཚུར་གཉིས་སྟ་ཟུར་དུ་ཤད་དེ་བརྐྱང་ནས་མཐིལ་བཞི་ས་ལ་བཙུགས། ཧུ་ཞེས་རིང་པོ་དྲངས་པའི་ཡིད་ཀྱིས་སྟོང་འདྲེན་ཐོག་མགོ་ཅོག་ལན་གསུམ་གྱི་རྗེས་ལ་སྒུར་འབེབས་གསུམ། བཅོ་ལྔ་པ་སེངྒེ་རལ་ངོམས་ནི། བསྡད་བཞིན་པ་ལས་རྐང་པའི་རྟིང་པ་གཉིས་ས་ལ་བཙུགས། པུས་མོ་བགྲད་སྟབས་རོང་ངེར་བྱས་པའི་ནང་དུ་ཁུ་ཚུར་ལྷོད་ཆ་ཅན་གྱི་འཁྲིག་མ་གཉིས་ས་ལ་བཞག །རོ་སྟོད་གཟེངས་བསྟོད་པས་གདོང་ལྔའི་ཐ་སྙད་ཚང༌། ཨ་ཧཾ་ཞེས་རླུང་གནད་ངེས་པར་བྱས་ནས་མགོ་རྩལ་མཇིང་པ་ལ་བསྐུར་བ་དལ་བུས་སྐོར་རྗེས་རལ་པ་གསིག་པའི་ཚུལ་གྱིས་རྒྱབ་ལོགས་སུ་བལྟ་རེས་ལན་གསུམ་རེའི་རྗེས་སྒུར་འབེབས་གསུམ། བཅུ་དྲུག་པ་གྱི་ལིང་ཁྲེ་འགྲེམས་ནི། བསྡད་བཞིན་པ་ལས་གན་རྐྱལ་ལོག་པའི་གྲུ་མོ་བགྲད་པའི་ཐལ་མོ་སྙིང་གར་སྦྱར། པུས་མོ་རོང་ངེར་བྱས། འོག་སྒོ་གཉིས་ཁ་ཡན་དུ་བཞག་ནས་འགྲེ་ལྡོག་ལན་གསུམ་དང༌། དེ་མ་ཐག་མཐིལ་བཞི་པ་ལ་བཙུགས་ནས་སྒུར་བའི་ཧ་དཀྲུགས་དང་སྦྲགས་གཞི་དཀྲུགས་ལན་གསུམ་གྱི་རྗེས། ཧར་གྱིས་ལངས་ཁུ་ཚུར་བསྐོར་རྒྱངས་ཐོག་འབེབས་ཆེན་གསུམ། བཅུ་བདུན་པ་རྨ་བྱ་བྱ་རྨྱང་ནི། འབེབས་སྟན་ཁར་ཆུ་ལ་རྐྱལ་བ་ལྟར་ཁུ་ཚུར་ནང་བསྐོར་གྱི་གྲུ་མོ་


JLAZ012_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བྲང་འོག་ཏུ་བཞག་པའི་ལག་མཐིལ་ས་ལ་སྦྱར། རྐང་པ་གཉིས་ཤད་དེ་རྨྱང༌། ཨོལ་ཀོ་བཏེག་སྟེ་མཇིང་པ་སྒྲོང་བ་ནས་བཟུང་ལུས་དང་ཡན་ལག་ཉིང་ལག་ཐམས་ཅད་ཀྱི་ཆ་ནས་འཆུན་བཙལ་ཏེ་རྨྱང་བ་གསུམ་དང༌། ཡང་ཁུ་ཚུར་སྐོར་བཞིན་དུ་རྒྱབ་ལོགས་ཀྱི་དཔྱི་མགོའི་ཤ་བོ་ཆེར་སྦྱར། མཇིང་བ་སྒྲེང་ནས་ལུས་ཐམས་ཅད་ལ་འཆུན་བཙལ་བ་གསུམ་གྱི་རྗེས། རྐང་པ་བགྲད་ཆུང་གི་འབེབས་གསུམ། བཅོ་བརྒྱད་པ་ཤང་ཤང་གཤོག་འགྱུར་ནི། ལངས་ཏེ་ཁུ་ཚུར་བསྐོར་རྒྱངས་ཐོག་རྐང་པ་གཡས་པའི་བྲང་ས་ནས་ལག་པ་གཡོན་པའི་འཁྲིག་མའི་རྒྱབ་ཀྱིས་བཏེག །སྐེད་པ་བསྲང་གང་ཐུབ་ཐོག་གཡས་པའི་ཁུ་ཚུར་གྱིས་གཡོན་པའི་གྲུ་མོའི་ཐད་ནས་དཔུང་པ་དང་ལག་ངར་སྒྲེང་བཞིན་པའི་འཆུན་གྱིས་རོ་སྟོད་རྒྱབ་ལ་གཅུས་འཆུས་ནེ་ཙོའི་གཤོག་འགྱུར་བཞིན་སྐོར་བ་གསུམ་དང་དེ་བཞིན་རྐང་ལག་གོ་ལྡོག་པ་གསུམ་གྱི་རྗེས་ཁུ་ཚུར་བསྐོར་རྒྱངས་ཐོག་རྐང་པ་གཡོན་ཕྱོགས་ཀྱི་སྐྱིལ་སྟངས་སྔོན་ལ་འགྲོ་བའི་རྡོར་འབེབས་གསུམ། བཅུ་དགུ་པ་དབུ་མ་འཛུགས་སྐོར་ནི། ལངས་འདུག་གི་ཕྱོགས་གཉིས་གང་བདེ་ལས། མཁལ་མ་གཉིས་ཁ་སྦྱར་དབུ་མ་ཇེ་ཕྲར་བསླབ་པ་གསུམ་གྱི་མཐར། གཡས་གཡོན་དུ་གཅུས་བསྐོར་དང་གྱེན་འཐེན་སྤེལ་བ་གསུམ་རེའི་


JLAZ012_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས། སྒུར་འབེབས་གསུམ་དང་བགྲད་འབེབས་གསུམ། ཉི་ཤུ་པ་ཛ་ལནྡྷ་ར་ནི། ཁུ་ཚུར་བསྐོར་རྒྱངས་ཐོག །རྐང་མཐིལ་གཡས་པ་པུས་མོ་གཡོན་པའི་སྟེང་དུ་སྦྱར། ལག་པ་གཉིས་སྒྱིད་ཁུང་གི་སྟེང་འོག་ནས་འཁྱུད་དེ་ཐལ་མོ་ཐག་སྒྲ་དང་བཅས་སྦྱར། རོ་སྟོད་ཅུང་ཟད་བསྲང་སྟེ་མགོ་བོ་གཡོན་སྐོར་གསུམ་གྱི་ཚེ་དམིགས་པ་སྤྱི་བོའི་ཧཾ་ལ་གཏོད། དེ་བཞིན་དུ་རྐང་ལག་མགོ་གསུམ་མགོ་ལྡོག་ལན་གསུམ་གྱི་མཐར་བགྲད་འབེབས་གསུམ། ཉེར་གཅིག་པ་ལ་གེགས་སེལ་དང༌། རྡོ་རྗེ་དཔའ་རླབས་གཉིས་ལས། དང་པོ་ལ་དོན་བཞིའི་བྲབ་པ་ནི། བསྡད་བཞིན་པ་ལས་ཁུ་ཚུར་གདོང་རྒྱངས་དང་བཅས་གན་རྐྱལ་དུ་བྱས་ལ་རྐང་ལག་ཤད་དེ་བརྐྱང༌། བྲབ་པ་ནི། ཐལ་ལྕག་གིས་དཔུང་པ་གཡས་གཡོན་ནུ་མ་གཉིས། མཆན་ཁུང་གཉིས། མཁལ་ཁུང་གཉིས་སུ་བྲབས། གཞིལ་བ་ནི། མཆན་རྡེབ་དང་བཅས་ཁུ་ཚུར་གཉིས་སྟ་ཟུར་དུ་ཤད་པ་གསུམ། དེ་བཞིན་དུ་རྐང་མཐིལ་གཉིས་ཀྱིས་བརླ་སྟེང་དུ་བྲབ་ཅིང༌། པུས་སྟེང་ནས་ངར་བའི་གཞུང་ལ་བྱུག་པ་ལྟར་ཤད་ནས་གཞིལ། ཞགས་འཕེན་ནི། ཉལ་བཞིན་པ་ལས་རྐང་ལག་གཡས་པ་གཉིས་འཕེན་སྡུད་དྲག་པོ་ལན་གསུམ་དང༌། དེ་བཞིན་གཡོན་པ་གསུམ་བརྗེ་སྟེ། གང་གི་ཚེ་ཡང་ལག་པ་ཅིག་ཤོས་ཞགས་


JLAZ012_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྡོགས་ཀྱི་ཚུལ་དང༌། གླེང་གཞི་སྡུད་པ་ནི། རྐང་ལག་ཐམས་ཅད་ནམ་མཁའ་ལ་སྒྲེང་བའི་ཤུགས་ཀྱིས་འཕང་སྟངས་ལན་གསུམ་གྱི་རྗེས་སྐྱིལ་ཀྲུང་དང་བཅས་འབའ་དཀྲུགས་གསུམ་གྱིས་རྫོགས་པའོ། །རྣམ་འགྱུར་མང་ཡང་འཆུན་དང་མི་ལྡན་ན། འབོལ་སྟན་སྟེང་དུ་བྱ་མཁན་དྲངས་པ་དངོས། །དག་སྦྱོར་མེད་པའི་དུད་འགྲོའི་ལུགས་འགྱུར་ཡང༌། །ངན་འགྲོའི་ལམ་ལ་རྟེན་འབྲེལ་སྒྲིག་པ་བཞིན། །དེ་ཕྱིར་རྟེན་འབྱུང་བྱེད་ལས་འབྲས་གསུམ་ཀའི། །དོན་ལ་རྟོན་ཅིང་སྟོང་པ་གཞིའི་འོད་གསལ། །ཉམས་སུ་མྱོང་བ་རྡོ་རྗེ་ཐེག་པའི་ལམ། །ཡིན་པར་ངེས་ཤེས་སྐྱེས་པ་ཙམ་བྱུང་ཡང༌། །སྔགས་ཀྱི་གཟུགས་བརྙན་ཡོད་སྙམ་དགའ་བ་སྐྱེས། །དེ་ཡང་རྟེན་ཅིང་འབྲེལ་འབྱུང་གི་སྒོ་ནས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་སྟབས་གཅིག་ཏུ་འཆིང༌། བསྐུ་མཉེས་བདེ་དྲོད་འབར། སོར་བསྣོལ་གྱིས་རྩ་ཁམས་ཡི་གེར་སྦྱོང༌། དཔུང་པའི་སྟངས་གཉིས་ཀྱིས་རླུང་ལོག་རང་མལ་དུ་གསོད། རིག་འཛིན་གྱི་སྟངས་སྟབས་བརྒྱད་ཀྱིས་དངོས་ཞེན་ལྷ་སྐུར་གསལ། དམ་ཚིག་འཁྲུལ་འཁོར་ལྔས་རིགས་ལྔའི་དངོས་གྲུབ་ཐོབ། དབུ་མ་འཛུགས་བསྐོར་གྱིས་རྩ་ཕྲན་ཐམས་ཅད་ཀུན་དམར་སྡུད། ཛ་ལན་དྷ་རས་རླུང་ཐམས་ཅད་གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོར་འཆིང༌། བྱེད་


JLAZ012_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་སྒོ་ནས་རླུང་གིས་རྩ་ཁ་འབྱེད། འཁྲུལ་འཁོར་གྱིས་རྩ་མདུད་འགྲོལ། ཐེམ་བུས་ཐིག་ལེའི་གེགས་སེལ་བའི་ཕྱིར་རླུང་དང་འཁྲུལ་འཁོར་ཡ་མ་བྲལ་བ། དེ་ཡང་ལུས་བསྲང་བ་དང༌། གཅུད་པ་དང༌། དགྱེ་རྒུ་དང༌། ཡན་ལག་བརྐྱང་བསྐུམས་དང༌། སྡིགས་མཛུབ་ལ་སོགས་པ་གང་གི་ཐད་དུའང་དབྱིག་པས་སྲད་བུ་གཅུད་པ་ལྟར་སོར་ཚིགས་ཡན་ཆད་ལ་འཆུན་འཐོན་པར་ཆ་ཆ་ནས་སྒྲིམས་ཤིང༌། གཅུ་བ་དང་གཅུད་པ་མ་ནོར་བ། ལུས་སྤྲུགས་དང་རྩ་འདར་མ་ནོར་བ། ལྟ་སྟངས་དང་སྟངས་སྟབས་མ་ནོར་བ། ཁུ་ཚུར་དང་སྡིགས་མཛུབ་མ་ནོར་བ། བྲབ་པ་དང་གཞིལ་བ་མ་ནོར་བ་གནད་ཡིན་ལ། འབྲས་བུའི་སྒོ་ནས་བརྗོད་ན། རྩ་རླུང་ཐིག་ལེ་ལས་སུ་རུང་བས་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་ཡོན་ཏན་ལས་རྩ་མདུད་ཉི་ཤུ་རྩ་གཅིག་པོ་གྲོལ་ཞིང༌། དུས་སྦྱོར་བཅུ་གཉིས་ཀྱི་རླུང་དག་པས་ས་ལམ་གྱི་ཡོན་ཏན་རྗེས་དཔག་ལ་མ་ལྟོས་པར་བཙན་ཐབས་སུ་བགྲོད་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་བྱེད་པའི་ཕྱིར་ཐབས་ཀྱི་ལམ་ཞེས་བྱའོ། །གཉིས་པ་རྡོ་རྗེ་དཔའ་རླབས་ནི། ཆོས་ཉིད་ཀྱི་གནས་ལུགས་རླུང་སེམས་ཀྱིས་བསླད་པ་དང་བྲལ་བར་མངོན་སུམ་དུ་མཐོང་བའི་མན་ངག་ཡིན་ཏེ། ཐལ་འགྱུར་ལས། ལྟེམས་པས་འགགས་


JLAZ012_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཙིར་བས་འཆིང༌། །མནན་པས་གནད་ལ་གཅུད་པས་གསལ། །ཞེས་པའི་དོན་བར་རླུང་བུམ་པ་ཅན་དང་སྦྲགས་རིག་པ་ཆོས་ཉིད་ཀྱི་དོན་ལ་བཞག་ཅིང༌། དཔའ་རླབས་ཀྱི་མན་ངག་བཞི་པོ་བླ་མའི་ཞལ་ལས་ཤེས་པར་བྱས་ནས། རླུང་སེམས་འདུ་ཚུལ་བཞི་ལས། དུ་བ་དང་སྨིག་རྒྱུ་ལ་སོགས་པའི་རྟགས་སྣང་ཕྲ་མོ་དང་བཅས་རྣམ་ཤེས་སྣང་བ་ལ་ཐིམ་ནས་ཡུལ་ལྔའི་རྟོགས་པ་འགགས་པའི་མཚོན་དཔེ་ནི་སྟོན་ཀའི་ནམ་མཁའ་ལ་ཟླ་འོད་ཤར་བ་ལྟ་བུའོ། །དེའི་ཚེ་འཆིང་བའི་ཐབས་ཀྱིས་སྣང་བ་མཆེད་པར་ཐིམ་པས་ཡུལ་ཕྲ་བའི་རྟོག་པའང་འགགས་པའི་མཚོན་དཔེ་ནི་སྟོན་གནམ་རྙོག་བྲལ་ལ་ཉི་གཞོན་ཤར་བ་ལྟ་བུའོ། །དེ་ལ་གནས་པའི་ཐབས་ཀྱིས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་རྟོག་པ་ཤིན་ཏུ་ཕྲ་བའང་འགགས་པའི་མཚོན་དཔེ་སྟོན་གྱི་ནམ་མཁའ་གཡའ་དག་པ་མཚམས་ཀྱི་སྨག་གིས་སློངས་པ་ལྟ་བུ་ནག་ལམ་པའི་སྣང་བ་དང་བཅས་ཏེ་དྲན་པ་ཉམས། དེ་ཉིད་གཅུད་པའི་ཐབས་ཀྱིས་ཉེར་ཐོབ་འོད་གསལ་ལ་ཐིམ་པས་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་རང་གསལ་བའི་མཚོན་དཔེ་ནི་སྟོན་གནམ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ཐོ་རངས་ཀྱི་ཐུན་དང་པོ་ལྟ་བུ་སྟེ། རིམ་བཞིན་སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་དང༌། ཐམས་ཅད་སྟོང་པའང་ཟེར། རབ་


JLAZ012_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྟོང་པ་ཞེས་བྱ་སྟེ་ཕྱི་མ་ནི་གཞི་གནས་ཀྱི་ཡེ་ཤེས་འཆི་བ་འོད་གསལ་གྱི་ངོ་བོ་ཉིད་ཡིན་པས་དེ་ཉིད་དཔའ་རླབས་ཀྱི་རྐྱེན་གྱིས་གསལ་བར་བྱས་པའམ། བདེ་སྟོང་གིས་དྲངས་པའི་ལྷན་སྐྱེས་གང་ཡིན་ཡང་འདྲ་སྟེ། གཏིང་གསལ་གཞོན་ནུ་བུམ་པའི་དཔེའི་ཡེ་ཤེས་ཀྱི་ངང་དུ་བཅོས་བསླད་མེད་པར་མཉམ་པར་འཇོག་པ་ལ་ཡུན་རིང་དུ་གོམས་པ་དེ་ཉིད་སད་དུས་ཀྱི་ཆོས་སྐུའི་བསྲེ་བ་དང་མཚམས་སྦྱར་བ་ནི་གནད་དམ་པའོ། །འདི་ནི་རྟོགས་པ་ལ་མྱོང་བ་ཅུང་ཟད་ཐོན་པའི་གང་ཟག་རྣམས་ཀྱིས་ཉམས་སུ་བླང་བྱ་ལས། ལས་དང་པོ་པའི་གང་ཟག་ལ་བསྟན་བྱ་མ་ཡིན་པས། གེགས་སེལ་གྱི་མཇུག་ཏུ་འཇམ་རླུང་ཡུན་རིང་དུ་བཟུང་ནས་རྣམ་པར་མི་རྟོག་པའི་གཏུམ་མོ་་ལ་འདྲིས་པར་བྱ་བ་ནི་ཀུན་ལ་གཅེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་བསྔོ་བ་སྨོན་ལམ་སྤྱི་དང་ཁྱད་པར། ཉོན་མོངས་རླུང་སེམས་འཁོར་བའི་རང་བཞིན་ནི། །ཞེས་པའི་ཤླཽ་ཀ་གཅིག་པུ་གང་མང་འདོན་པར་བྱའོ། །ཞེས་པའང་ལྷོ་རྒྱུད་དུ་བསྟན་པའི་བ་དན་འཛིན་པའི་བུ་ཨ་བྷཱ་ཡའི་ངོར་མཁའ་འགྲོའི་གསང་མཛོད་ཀྱི་བདག་པོ་རང་བྱུང་རྡོ་རྗེས་སོ།། །།


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ།next