Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཀུན་ཏུ་བཟང་པོའི་དགོངས་ཉམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཀུན་ཏུ་བཟང་པོའི་དགོངས་ཉམས།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཀུན་ཏུ་བཟང་པོའི་དགོངས་ཉམས།


JLAZ012_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཀུན་ཏུ་བཟང་པོའི་དགོངས་ཉམས་བཞུགསཿ དྲན་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོཿ རྩ་བ་ཆོད་པའི་སེམས་ཉིད་ནམ་མཁའ་འདྲཿ ནམ་མཁའི་རང་བཞིན་ནམ་མཁའ་དམིགས་སུ་མེདཿ དེ་བཞིན་རིག་པ་དཔེ་ཡིས་མི་མཚོན་ཡངཿ ཐབས་ལ་བརྟེན་ནས་གནད་ཀྱི་མན་ངག་བཤདཿ ཇི་ལྟར་དབུལ་པོའི་ཁྱིམ་གྱི་གཏེར་བཟང་པོཿ རང་ལ་ཡོད་ཀྱང་དེ་ཉིད་མ་རིག་པསཿ དབུལ་པོའི་རང་བཞིན་འགྱུར་བ་མེད་པ་ལྟརཿ མ་རིག་རྟོག་པའི་དྲྭ་བར་འཐུམས་ཆེས་པའིཿ མ་རྟོགས་འཁོར་བའི་སེམས་ཅན་སྙིང་རེ་རྗེཿ ཇི་ལྟར་རྣལ་མའི་ལམ་ལ་རྒྱབ་ཕྱོགས་ནསཿ ལོག་པའི་འདུ་ཤེས་ཤིན་ཏུ་མི་བཟད་པསཿ རྟག་ཆད་ཁ་ན་མ་ཐོས་གྲུབ་པའི་མཐའཿ ཕྱོགས་གཅིག་ཁོ་ནར་འཛིན་པའི་དཀའ་ཐུབ་ཅནཿ ལོག་རྟོགས་མུ་སྟེགས་ཅན་དག་ཉོན་རེ་མོངསཿ གདོད་ནས་དག་པའི་སེམས་ཉིད་ནམ་མཁའི་ཁམསཿ ཤེས་བྱའི་ཆོས་ཀྱིས་ཇི་ལྟར་བཙལ་བྱས་ཀྱངཿ སྲིན་བུའི་ཁ་ཆུས་དེ་ཉིད་འཆིང་བ་ལྟརཿ དོན་ལ་རྒྱབ་ཀྱིས་ཕྱོགས་པའི་དོན་ཞེན་ཅནཿ ཉན་ཐོས་འགོག་པའི་བློ་ཅན་ཨ་ཐང་ཆདཿ འཁོར་འདས་ཀུན་ཀྱི་རྩ་བ་རང་གི་སེམསཿ བཅས་བཅོས་མེད་པའི་ངང་དུ་སངས་རྒྱས་པཿ མ་རིག་རྟེན་འབྲེལ་འཁོར་བའི་ཆོས་འཁོར་ལཿ འདུ་ཤེས་གཅིག་ཏུ་གཞུངས་པའི་ཕྱོགས་


JLAZ012_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཅནཿ རང་རྒྱལ་བཅོས་མའི་སངས་རྒྱས་ཉམས་རེ་དགའཿ གདོད་ནས་རང་རྩལ་རྫོགས་པའི་སེམས་ཉིད་དེཿ མ་བཅོས་གཉུག་མའི་ལྷུམས་སུ་ཞུགས་པ་ལཿ བདེན་གཉིས་ཚིག་ལ་འཆེལ་བའི་རྟོག་དཔྱོད་ཀྱིསཿ ཡིན་ཚུལ་བཅོས་མར་གཏོང་བའི་ཚུལ་འཆོས་ཅནཿ བྱང་ཆུབ་སེམས་དཔའི་གྲུབ་མཐའ་ཕྱི་ཐག་རིངཿ བཟང་ངན་བླང་དོར་མེད་པའི་སེམས་ཉིད་ལཿ གཙང་བཙོག་སྤོང་ལེན་སྒྲིན་པོའི་ལྷད་ཀྱིས་བསླདཿ གཉིས་མེད་དོན་ལ་གཉིས་འཛིན་གཟུགས་ཀྱིས་བཅོསཿ ཐོབ་བྱ་མེད་ལ་གོ་འཕང་དོན་གཉེར་བའིཿ བྱ་རྒྱུད་ཀྲི་ཡའི་གྲུབ་མཐའ་ཉམས་རེ་མཚརཿ བཟང་ངན་འཕེལ་འགྲིབ་མེད་པའི་གནས་ལུགས་ལཿ ལྟ་སྒོམ་སྤྱོད་པའི་ཐ་སྙད་འགགས་ན་ཡངཿ ཐབས་དང་ཤེས་རབ་སྤྱོད་པའི་དངོས་འཛིན་བློསཿ བྱར་མེད་བྱ་བར་གཡེལ་བའི་གྲུབ་མཐའ་ཅནཿ སྤྱོད་རྒྱུད་ཨུ་པའི་བརྟུལ་ཞུགས་ཐང་རེ་ཆདཿ ཕྱི་ནང་བར་མཚམས་མེད་པ་དྲན་པའི་གཤིསཿ བཅོས་མའི་བློ་དང་བྲལ་བའི་སེམས་ཉིད་ལཿ ཟབ་གསལ་ཕྱག་རྒྱར་བཅོས་པའི་རྣམ་རྟོག་ཅནཿ རྣལ་འབྱོར་ཡོ་གའི་གྲུབ་མཐའ་ཆོད་རེ་ཆུངཿ འབད་རྩོལ་རྒྱུ་ལ་མ་ལྟོས་སེམས་ཀྱི་ངངཿ འབྲས་བུ་ལམ་དུ་བྱེད་པའི་ཆོས་ཉིད་ལཿ རྩ་རླུང་སེམས་ཀྱི་ངལ་བསོས་དབུགས་འབྱིན་པའིཿ སྤྲོས་བཅས་


JLAZ012_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནུའི་གྲུབ་མཐའ་ཐང་རེ་ཆདཿ ཞལ་ཕྱག་མཚན་མ་བྲལ་བའི་སེམས་ཉིད་ལཿ སྣང་སྲིད་ལྷ་སྐུར་ལྟ་བའི་གོལ་ས་དངཿ སྒྲར་གྲགས་སྔགས་སུ་གོལ་བའི་འཛིན་རྟོག་ཅནཿ མ་ཧཱ་ཡོ་གའི་ལམ་གྱིས་འདི་མི་མཐོངཿ ཀུན་ཏུ་བཟང་པོའི་དགོངས་ཉམས་ལསཿ ཐེག་བརྒྱད་བློ་ཡི་གྲུབ་མཐའ་གཞག་པའི་ལེའུ་སྟེ་དང་པོའོཿ ཀྱེ་ཧོཿ ང་ཡི་རང་བཞིན་རྫོགས་པ་ཆེན་པོ་ལཿ འཁོར་འདས་ཆོས་རྣམས་སྤངས་ཐོབ་བྲལ་བར་རྫོགསཿ མན་ངག་གནད་རྣམས་རང་གྲོལ་ཆེན་པོར་རྫོགསཿ ལྟ་བའི་གནད་རྣམས་རྟག་ཆད་མེད་པར་རྫོགསཿ སྒོམ་པའི་ལམ་རྣམས་འབད་རྩོལ་མེད་པར་རྫོགསཿ སྤྱོད་པའི་ཆོས་རྣམས་གནང་བཀག་མེད་པར་རྫོགསཿ འབྲས་བུའི་ངོ་བོ་ཡིད་སྨོན་བྲལ་བར་རྫོགསཿ རྫོགས་ཞེས་བྱ་བའང་བློས་བཏགས་ཙམ་དུ་ཟདཿ ཆོས་རྣམས་ཀུན་ཀྱི་ངོ་བོ་བྱང་ཆུབ་སེམསཿ སངས་རྒྱས་ཀུན་ཀྱི་ཐུགས་ཀྱང་བྱང་ཆུབ་སེམསཿ སེམས་ཅན་ཡོངས་ཀྱི་སྲོག་ཀྱང་བྱང་ཆུབ་སེམསཿ བྱང་ཆུབ་སེམས་ལ་ཀུན་རྫོབ་དོན་དམ་མེདཿ མེད་ཅེས་སྨྲ་ནས་སྟོང་པར་རྒྱས་མིག་གདབཿ ཡོད་ཅེས་བཟུང་ནས་རྟག་པར་བློས་མི་འཆོསཿ མ་བཟུང་མ་བཏང་རང་གར་བློ་འདས་དབྱིངསཿ བསམ་ཡུལ་སྤྲོས་པ་ཀུན་དང་བྲལ་བའི་ཀློངཿ དེ་ལ་


JLAZ012_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མའི་རྣམ་རྟོག་མེད་པའི་ཕྱིརཿ དགེ་སྡིག་ལས་དང་འབྲས་བུ་གཏན་ནས་ཟདཿ ལྷ་སྔགས་ཏིང་ངེ་འཛིན་གྱིས་ཅི་ཞིག་བྱཿ བསྒྲུབས་པས་འགྲུབ་པའི་སངས་རྒྱས་ང་མ་ཡིནཿ ང་ཡི་རང་བཞིན་ཀུན་ཁྱབ་ཆེན་པོ་ལཿ ས་ལམ་བགྲོད་པས་མཐོང་བ་ག་ལ་སྲིདཿ དེ་ཕྱིར་རེ་དོགས་འཇུར་བུར་མི་འཆིང་བརཿ ལྟ་བ་བཟང་པོའི་ངར་དང་ཕྲོལ་ལ་ཞོགཿ སྒོམ་པ་ཟབ་མོའི་ཤུབས་ནས་ཐོན་ལ་ཞོགཿ སྤྱོད་པ་འཇུར་བའི་ཚུལ་འཆོས་ཤིག་ལ་ཞོགཿ འབྲས་བུ་ཆེན་པོའི་རེ་དོགས་བསྐྱུར་ལ་ཞོགཿ སྒོམ་དང་མི་སྒོམ་ལས་འདས་དྲན་པའི་ངངཿ བྱ་དང་མི་བྱའི་རྩིས་གདབ་དབྱིངས་སུ་ཡལཿ སྟོང་དང་མི་སྟོང་ལས་འདས་བྱང་ཆུབ་སེམསཿ ཡོད་དང་མེད་པའི་ཕྱོགས་ཞིག་གཉུག་མའི་ཀློངཿ སྨྲ་བསམ་བརྗོད་དུ་མེད་པའི་རིག་པ་ལཿ དེར་འཛིན་གཉེན་པོ་མེད་པའི་སྲོག་ཤིང་ཅནཿ གཅེར་བུ་ལྷིང་པ་རང་གྲོལ་སོ་མའི་གཤིསཿ འབད་རྩོལ་སྤྲོས་པ་ཀུན་དང་བྲལ་བའི་ཀློངཿ དུས་གསུམ་འཕེལ་འགྲིབ་མེད་པའི་ངང་ལ་གནསཿ ཀུན་ཏུ་བཟང་པོའི་དགོངས་ཉམས་ལསཿ རྫོགས་པ་ཆེན་པོ་ཡེ་གྲོལ་སོར་གཞག་ཏུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ཀྱེ་ཧོཿ དེ་ལྟར་སྤངས་ཐོབ་བྲལ་བའི་བྱང་ཆུབ་སེམསཿ བདེ་བར་གཤེགས་པ་རིག་པའི་སྙིང་པོ་ཅནཿ རྒྱུད་ལ་གནས་ཀྱང་བཅོས་མའི་གཟེབ་ཀྱིས་བཅིངསཿ ཇི་ལྟར་སྒོམས་བཞིན་


JLAZ012_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་དོན་ལ་སྒྲིབཿ རྩ་བྲལ་ངོ་བོ་མེད་པའི་ཆོས་ཉིད་ལཿ ཤེས་བྱ་སྐྱེ་འགག་མེད་པར་སྒྲོ་བཏགས་པསཿ གཟུགས་མེད་གཟུགས་སུ་བཅོས་པ་ཇི་བཞིན་དུཿ རྣལ་མའི་དོན་ལས་གཡེལ་བ་ཉོན་རེ་མོངསཿ འགའ་ཞིག་དྲན་བསམ་འཕྲོ་འདུ་ཆད་པའི་རྗེསཿ ཆེད་འཛིན་གཉེན་པོས་བསླད་པའི་སྟོང་སྒོམ་གཟུགསཿ འབད་པས་གཅུར་གྱིས་སྒོམ་པས་ཨ་ཐང་ཆདཿ སྲོག་རྩར་ལས་རླུང་འཇུག་པའི་གེགས་སུ་ཆེཿ ལ་ལ་རྣལ་མའི་ངོ་བོ་མ་མཐོང་བཞིནཿ རྣལ་མའི་ཚིག་གིས་བསླུས་པའི་ལུང་མ་བསྟནཿ དྲན་བསམ་ལྐོག་ཏུ་གྱུར་པའི་གཏི་མུག་ལཿ སྒོམ་གྱི་ངོ་བོར་འཛིན་པ་ཤིན་ཏུ་འཁྲུལཿ ཁ་ཅིག་འགྱུ་དྲན་སེམས་སུ་ཤེས་པའི་བློསཿ དྲན་བསམ་འཕྲོ་འདུའི་ཕྱི་ལ་རྣམ་རྟོག་ཅིངཿ སྐྱེ་འགག་གྲངས་སུ་འདེབས་པའི་བསམ་གཏན་དེསཿ ལོ་བརྒྱར་བསྒོམས་ཀྱང་འཁྲུལ་བའི་འཁོར་ལོར་འཕྱནཿ ཕལ་ཆེར་རྩོལ་སྒྲུབ་ཁོ་ན་དགྲར་ལངས་ཏེཿ བསྒོམས་ན་མི་བདེ་སྣ་ཚོགས་ཟུག་རྔུ་ལྡངཿ མ་བསྒོམས་རང་ངོ་མ་ཤེས་འཁྲུལ་པར་འབྱམསཿ དེས་ཀྱང་མ་བཅོས་རྣལ་མའི་དོན་ལ་གཡེལཿ ཀྱེ་ཧོཿ དེ་ཀུན་སོ་སྐྱའི་ཉམས་ལས་མི་འདའ་བསཿ ད་ནི་སྒོམ་དང་མི་སྒོམ་གཉིས་ཀའི་བློཿ བཅོས་མའི་རྣམ་རྟོག་ཡིན་པར་ངེས་བྱས་ཏེཿ ད་ལྟའི་སེམས་ལ་


JLAZ012_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བཀོད་མེད་པར་ཞོགཿ དེ་ཡང་འདུ་བྱེད་བློ་ཡིས་འཚོལ་འཕྲོ་དངཿ བཏང་བཞག་ཆེད་འཛིན་མཐའ་དག་སྤངས་བྱས་ནསཿ ཐད་ཀའི་ཤེས་པ་རྩིས་མེད་རང་ཡན་འདིཿ བཅས་བཅོས་ཕྲི་བསྣན་སྤངས་ལ་རང་སོར་ཞོགཿ དེ་ཚེ་མཚན་མའི་རྣམ་རྟོག་ཅི་ཤར་ཡངཿ གང་ཤར་མི་ལྟ་ཤར་མཁན་ངོས་བཟུང་ལཿ སྤང་ལ་བེ་ཕུར་བཏབ་པ་ཇི་བཞིན་དུཿ ཤེས་རིག་རང་ཚོད་བཟུང་བ་གནད་དུ་ཟབཿ ཇི་ལྟར་གཤིས་ཀྱི་གནས་ཚུལ་རྗེན་པ་ལཿ འགྲོ་འོང་འཕེལ་འགྲིབ་མེད་པར་གནས་ན་ཡངཿ དེར་འཛིན་གཉེན་པོའི་གཟེབ་དང་མ་བྲལ་ནཿ ཡིད་དཔྱོད་ཐེག་པའི་གནས་ལུགས་དག་ཏུ་གོལཿ དེ་ཕྱིར་ལྟ་སྒོམ་སྤྱོད་པའི་ཐ་སྙད་ཀུནཿ རྣལ་མའི་དོན་ལ་བློ་ཡི་སྤུན་པ་སྟེཿ དྲན་འཛིན་རྩོལ་པའི་གཉེན་པོ་དབྱིངས་སུ་ནུབཿ ཡེངས་དང་མ་ཡེངས་མེད་པའི་བརྟུལ་ཞུགས་ཅནཿ སྤྲོ་བསྡུ་བསལ་བཞག་མེད་པའི་རང་ཡན་པཿ འབད་རྩོལ་སྤྲོས་པ་ཀུན་ལས་འདས་པའི་དབྱིངསཿ བསམ་དང་བསམ་བྱེད་མེད་པའི་གཏེར་ཆེན་པོཿ གདོད་ནས་སངས་རྒྱས་མེད་པར་ཤེས་པ་དེཿ འདོན་པ་ཡེ་ནས་ཟད་པའི་ཆོས་ཉིད་ཅནཿ འཁོར་བའི་རྩ་བ་རུལ་བའི་ཁྱད་ཆོས་ཀྱིཿ མྱ་ངན་དབྱིངས་སུ་སངས་པའི་གུ་ཡངས་པཿ བདེན་རྫུན་མཐའ་ལས་


JLAZ012_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་སྟོང་པ་ཉིདཿ ཤར་གྲོལ་རང་གྲོལ་ཅེར་གྲོལ་ཆེན་པོའི་དོནཿ རྟོགས་ན་སངས་རྒྱས་ཀུན་དང་གཉིས་སུ་མེདཿ ང་དང་ཐ་དད་མེད་པར་སངས་རྒྱའོཿ རྩོད་དུས་གསང་བ་ཆེན་པོའི་མན་ངག་གནདཿ ཡིད་དཔྱོད་ཐེག་པའི་གཞུང་དང་འདྲེས་པའི་ཚེཿ ང་དང་གཉིས་སུ་མེད་པའི་རིག་འཛིན་གྱིསཿ ང་ཡི་དགོངས་པ་གཏན་ལ་འདེབས་པར་བྱེདཿ རིགས་གསུམ་སེམས་དཔའི་རྣམ་སྤྲུལ་ཆོས་འདིའི་བདགཿ ལས་འཕྲོ་སྐལ་བ་ཅན་གྱིས་སྤྱོད་པར་ཤོགཿ ཀུན་ཏུ་བཟང་པོའི་དགོངས་ཉམས་ལསཿ གོལ་ས་བཅད་པའི་ལེའུ་སྟེ་གསུམ་པའི་བདག་ཉིད་ཅན་གྱིས་རྫོགས་སོཿ ས་མ་ཡཿ དྷ་ཐིམཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཀུན་ཏུ་བཟང་པོའི་དགོངས་ཉམས།next