Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྫོགས་པ་ཆེན་པོའི་གནད་གསུམ་ཤན་འབྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྫོགས་པ་ཆེན་པོའི་གནད་གསུམ་ཤན་འབྱེད།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྫོགས་པ་ཆེན་པོའི་གནད་གསུམ་ཤན་འབྱེད།


JLAZ012_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྫོགས་པ་ཆེན་པོའི་གནད་གསུམ་ཤན་འབྱེད་བཞུགསཿ ཀུན་ཏུ་བཟང་པོའི་ཀློང་ལ་ཕྱག་འཚལ་ལོཿ སྙིགས་མའི་དུས་ན་རྫོགས་ཆེན་སྒོམ་པ་རྣམསཿ གཞི་ལམ་འབྲས་བུའི་གནད་ལ་རྨོངས་གྱུར་པསཿ འདོད་ཁའི་ལྟ་སྒོམ་མཐོན་པོར་ཕྱོགས་འཛིན་ལསཿ ཡིད་དཔྱོད་སྒྲོག་ལས་གྲོལ་བ་ཉིན་སྐར་ཙམཿ དེ་ཕྱིར་འདི་ན་གནད་གསུམ་ཤན་འབྱེད་མཿ སེམས་རིག་དབྱེ་བ་སེང་གེ་རྩལ་རྫོགས་བསྟནཿ ས་མ་ཡཿ ཀུན་གཞི་འཁོར་འདས་ཀུན་ཀྱི་གཞི་ཡིན་ཏེཿ རྙོག་མ་ཅན་གྱི་ཆུ་དང་ཁྱད་པར་མེདཿ བག་ལ་ཉལ་གྱི་གཏི་མུག་མགོ་རྨོངས་ནསཿ ཡེ་ཤེས་རིག་པའི་དྭངས་ཆ་ལྐོག་ཏུ་གྱུརཿ ཆོས་སྐུ་རྙོག་མ་དྭངས་པའི་ཆུ་དང་འདྲཿ གློ་བུར་དྲི་མ་སྤངས་པའི་བདག་ཉིད་ཅནཿ རྣམ་གྲོལ་ཡོན་ཏན་ཀུན་ཀྱི་ངོ་བོ་སྟེཿ ཕྱིན་ཆད་འཁྲུལ་མི་ཤེས་པའི་ཡེ་ཤེས་ཡིནཿ དེ་ཕྱིར་ཆུ་དང་རྙོག་མ་ཕྱེ་བ་བཞིནཿ ལུང་མ་བསྟན་གྱི་ཆ་ལས་ལྡོག་པ་ཡིནཿ རང་རིག་ཆོས་སྐུའི་ཀློང་དུ་བཙན་ས་ཟུངཿ ཡེ་ཤེས་དྲི་མེད་དབྱིངས་ལ་ལྟད་མོ་ལྟོསཿ ཀུན་གཞིའི་རྣམ་ཤེས་ཆུ་ནང་ཆབ་རོམ་འདྲཿ ངོ་བོའི་གཤིས་ལ་འཛིན་པའི་རྩལ་ཤར་ཏེཿ གཟུང་བའི་ཡུལ་ལ་ཆགས་པས་ཕལ་ཆེར་བསླུཿ དེ་ཕྱིར་གཟུགས་ཚོར་འདུ་ཤེས་ལ་སོགས་པའིཿ ཡུལ་སྣང་རང་སྟོང་འདི་ནི་ཁ་ཕྱིར་


JLAZ012_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ཀྱི་གཟུགས་རང་སྟོང་དུ་འདོད་པ་མ་ཡིན་ཏེཿ བློ་ཡུལ་སྟོང་པས་གཟུགས་སྟོང་ཡུལ་གྱི་རྣམ་པ་བློ་ལ་ཤར་ཡང་གཟུགས་སྣང་རང་ཚན་པ་མེད་པས་གཟུགས་དེས་བློ་དང་མ་འདྲེས་པའི་ཕྱིརཿ གཟུགས་ལས་སྟོང་པཿ སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོཿ ཞེས་པའི་གོ་དོན་བླང་ངོཿ ཤེས་པའི་ཡེ་ཤེས་ཀྱིཿ རྣམ་རིག་ཆོས་སྐུར་འཕོ་བ་སྙིང་ཏིག་གནདཿ འདི་ལྟར་མ་རྟོགས་ཀུན་གཞི་ཆོས་སྐུར་འཁྲུལཿ ལོང་བ་བཤེས་མེད་ཐང་ལ་འཁྱམ་པ་བཞིནཿ གཞི་དང་འབྲས་བུའི་གནད་ལ་རྨོངས་གྱུར་པསཿ ཚེ་གཅིག་སངས་རྒྱས་འགྲུབ་པའི་ལམ་སྣ་འགགསཿ ས་མ་ཡཿ སེམས་དང་རིག་པ་རླུང་དང་ནམ་མཁའ་འདྲཿ སེམས་ནི་དམིགས་གཏད་གྱ་གྱུའི་རྣམ་པ་ཅནཿ ཝལ་ལེར་འཁྱིལ་བ་བླུད་བུ་དགང་བའམཿ ཡད་ཡུད་འཕྱོ་བ་འཐོར་རླུང་ལྟ་བུ་སྟེཿ བྱུང་ཚོར་སྣ་ཚོགས་རྐྱེན་གྱི་རྟེན་གཞི་ཅནཿ རིག་པ་རྟེན་དང་བྲལ་ཞིང་ཀུན་ལ་ཁྱབཿ སྟོང་ལ་གོ་འབྱེད་ནམ་མཁའི་དབྱིངས་ལྟ་བུཿ གསལ་ལ་རྟོག་མེད་དྭངས་ཤེལ་གཙང་མ་འདྲཿ དེ་ཕྱིར་སེམས་ལས་རྣམ་གྲོལ་རིག་པའི་ཀློངཿ གནས་ལུགས་བཙན་ས་འཛིན་པ་སྙིང་ཏིག་གནདཿ འདི་ལྟར་མ་རྟོགས་ཐམས་ཅད་སེམས་ཡིན་ཞེསཿ ཡུལ་གྱི་སྣང་བས་གོས་དང་མ་གོས་མཚམསཿ ཆུ་དང་དངུལ་ཆུ་ས་ལ་ལྷུང་བ་ལྟའིཿ རང་བཞིན་མི་ཤེས་མཚུངས་པར་ལྟ་བ་རྣམསཿ འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་


JLAZ012_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩེསཿ ཅིག་ཆར་གྲོལ་བའི་གནས་ལ་རྨོངས་པའོཿ ས་མ་ཡཿ ཞི་གནས་དབང་པོ་མེད་པའི་མི་དང་འདྲཿ ལྷང་ངེ་ཐོམ་མེ་བུན་ནེ་ཡོར་རེ་བཿ ཤེས་པ་མདུང་ཚུགས་དྲན་པ་དམིགས་གཏད་ཅནཿ ལྷག་མཐོང་སྒོ་ལྔ་ཚང་བའི་སྐྱེས་བུ་འདྲཿ རང་བཞིན་ཤེས་ཤིང་ངོ་བོའི་ཆོས་ཉིད་མཐོངཿ ཧ་ཅང་དཔྱད་དྲགས་ཡུལ་སོགས་བློ་ཡིས་བསྒྲོདཿ དེ་ཕྱིར་གདོད་ནས་ཟུང་འཇུག་ཐ་མལ་གྱིཿ གནས་ལུགས་རྗེན་པ་བློ་ཡིས་མ་བཅོས་པཿ རྩ་བྲལ་ངོ་བོ་མེད་པའི་ཆོས་ཉིད་ལཿ དུས་གསུམ་མཉམ་པར་འཇོག་པ་སྙིང་ཏིག་གནདཿ འདི་ཉིད་མ་རྟོགས་ཡིད་དཔྱོད་ཐེག་པའི་ལུགསཿ ཡོད་མེད་སྟོང་པར་རྒྱས་བཏབ་བྱང་ཆུབ་པསཿ རླུང་གི་སྣང་འཁྱིམས་དྲན་བསམ་ཆད་པ་ལྟའིཿ གནས་ཆ་འཐུག་པོ་བག་ལ་འབེབས་པ་དངཿ ལུང་རིག་ཤེས་བྱས་དཔྱད་པའི་ལྷག་མཐོང་གཟུགསཿ དེར་འཛིན་གཉེན་པོ་དང་བཅས་ཡུལ་ཕྱིར་འབྲེངཿ ཡིད་སྨོན་སེམས་འཛིན་ལམ་དུ་བྱེད་པ་རྣམསཿ ཐེག་པ་འདི་ལ་མོས་པའི་གོ་ཙམ་ལསཿ ཇི་བཞིན་མཐོང་བའི་སྐལ་བ་མེད་པའོཿ ས་མ་ཡཿ མ་འོངས་སེམས་ཅན་བསོད་ནམས་དམན་པའི་ཕྱིརཿ དམ་པའི་བླ་མ་རྙེད་པ་ཤིན་ཏུ་དཀའཿ ཤེས་རབ་ཆུང་བས་རྒྱུད་ཀྱི་དོན་མི་རྟོགསཿ མོས་གུས་ཆུང་བས་དགོངས་རྒྱུད་


JLAZ012_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་པ་དཀོནཿ བློ་མཐུ་ཞན་པས་མན་ངག་གནད་མི་ཤེསཿ ཉན་ལོ་ཐོས་ལོ་ཙམ་ལ་གདེང་བཅས་ནསཿ རི་ལ་མི་ཚེ་སྡུག་བསྐྱེལ་བྱེད་པའི་ཚེཿ སྔོན་སྤྱངས་ལས་འཕྲོ་སད་པའི་སྐལ་བ་ཅནཿ དགོངས་པའི་བཙན་ས་ཟིན་པའི་རིག་འཛིན་ལཿ མཁའ་འགྲོས་ཀློང་བྱང་བརྡའ་རིས་མངོན་དུ་སྤྲོདཿ ཚིག་ཉུང་དོན་འདུས་གནད་ཀྱི་ཡང་ཟབ་འདིསཿ ལས་འཕྲོ་སྐལ་བ་ཅན་རྣམས་འདུལ་བར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྫོགས་པ་ཆེན་པོའི་གནད་གསུམ་ཤན་འབྱེད།next