Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐྱབས་སྡོམ་འབོག་ཆོག་མཐོ་རིས་འཁྲི་ཤིང་།
   


 
previousསྐྱབས་སྡོམ་འབོག་ཆོག་མཐོ་རིས་འཁྲི་ཤིང་།next

སྐྱབས་སྡོམ་འབོག་ཆོག་མཐོ་རིས་འཁྲི་ཤིང་།


JLAZ012_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སྡོམ་འབོག་ཆོག་མཐོ་རིས་འཁྲི་ཤིང་ཞེས་བྱ་བ་བཞུགས།


JLAZ012_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། འདིར་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་སྐྱབས་འགྲོའི་སྡོམ་པ་འབོགས་ན། །གནས་གཙང་མར་དཀོན་མཆོག་གསུམ་གྱི་རྟེན་དང་། །མཆོད་པ་བཟང་པོ་བཤམ། ཞུ་བ་པོས་ཐོག་མར་རྟེན་དང་། །དེ་ནས་བླ་མ་ལ་ཕྱག་གསུམ་རེ། པུས་མོ་གཡས་པའི་རླངས་ལ་བཙུགས། ཐལ་མོ་སྦྱར་ནས་འདུག་པ་ལ། བློ་བཅོས་པ་ནི། ཁྱོད་ཀྱིས་རྙེད་པར་དཀའ་བ་དལ་བའི་རྟེན་བཟང་པོ་འདི་འདྲ་ཐོབས་པས་འཚོངས། དེ་ལ་འབྱོར་པའི་ཁྱད་པར་ཕལ་མོ་ཆེ་ཚང་བའི་སྐབས་འདིར། གཞན་འབྱོར་རྟེན་འབྲེལ་གྱི་སྒོ་བཞི་བའང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ལས་འགྲིག་པ་ཡིན། ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ལྷག་པ་ཚུལ་


JLAZ012_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་བསླབ་པ་རིན་པོ་ཆེའང་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་རྟེན་ཅན་ལས་གཞན་གྱིས་དབང་དུ་མི་འགྱུར་བས་འདི་ནི་ལམ་གྱི་རྨང་རྡོ་ལྟ་བུར་གཅེས་ལ། དེ་ལྟ་བུའི་སྐྱབས་འགྲོའི་སྡོམ་པའང་དབང་པོར་དགེ་བའི་གཤེས་གཉེན་ལས་བླངས་ན། རང་ངོ་ལ་ལྟོས་པའི་ངོ་ཚ་དང་། གཞན་ངོ་ལ་བརྟེན་པའི་ཁྲེལ་ཡོད་ཀྱི་ཅན་དུ་འགྱུར་བ་སོགས་དགོས་པ་ཁྱད་པར་ཅན་ཡོད་པས་རང་དགར་འཇུག་པ་སྤངས་ནས་སྐྱབས་སྡོམ་ལེན་པ་ཤིན་ཏུ་གལ་ཆེའོ། ཕན་ཡོན་གྱི་སྐོ་ནས་བསམས་ན་སྐྱེས་བུའི་བློ་སྟོབས་རིམ་པ་གསུམ་ལ་ཡོན་ཏན་འཐོབ་ཚུལ་ཡང་དེ་དང་མཚུངས་ཏེ། ཐ་ན་གྲུབ་མཐའ་ལམ་ཞུགས་པའི་གང་ཟག་གིས་དཀོན་མཆོག་ལ་སྐྱབས་སུ་


JLAZ012_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བས་ཀྱང་ངན་སོང་གསུམ་དང་། བར་མ་དོ། མེ་ཆུ། གཅན་གཟན། རྒྱལ་པོའི་ཆད་པ། ནད་གདོན་ལ་སོགས་པ་སྡུག་བསྔལ་ཉི་ཚེ་བའི་འཇིགས་པ་ལས་སྐྱོབ་པའང་མངོན་སུམ་པས་ན། སྐྱབས་སོང་འདི་ལ་གཟུགས་མཆི་ན། ནམ་མཁའ་དག་ཀྱང་སྣོད་དུ་ཆུང་། རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། ཕུལ་ལ་གཞལ་བས་ཟད་མི་འགྱུར། ཅེས་མང་ཚིག་ཏུ་འདོམས་པ་ཡིན་ནོ། དེ་ལྟར་སྐྱོབ་པ་འང་གསུམ་ལ་ཡོན་ཏན་ཚད་མེད་པས་ཡིན་ཏེ། དཀོན་མཆོག་གསུམ་རྗེས་སུ་དྲན་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་སོགས། དཀོན་མཆོག་རྗེས་དྲན་བཏོན་ནས་དེའི་དོན་འཕགས་པའི་བསྟན་བཅོས་དགོངས་འགྲེལ་དང་བཅས་པས་ཅུང་ཟད་བསྙན་ན། བཤེས་སྤྲིང་ལས། ཐར་པ་བདག་ལ་རག་ལས་འདིལ་ནི། གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་ཀྱི། ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་། ལྷག་པའི་སེམས་པ་རྟག་ཏུ་བསླབ་པར་བགྱི། བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་ཅིག་ཀྱང་། གསུམ་པོ་དེ་ནང་ཡང་དག་འདུ་བར་འགྱུར། ཅེས་གསུངས་པ་བཞིན། ཐར་པ་ནི་གྲོགས་ཀྱིས་བསྟང་བའི་ཁ་ན་རག་ལུས་པ་མ་ཡིན་པར་བདག་འབའ་ཞིག་གི་ལུང་དང་། རིག་


JLAZ012_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གཏན་ཚིགས་དང་། དཔྱད་བཟོད་པ་དང་། ལྕག་པ་དང་མཐུན་པའི་མང་དུ་ཐོས་པ། ཉམས་པ། བཅོམ་པ། ལྟུང་བ། ཕམ་པར་གྱུར་པ་མེད་པའི་ཚུལ་ཁྲིམས། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བསམ་གཏན་རྣམས་དང་ལྡན་པས་འཕགས་པའི་བདེན་པ་བཞི་ལ་དམིགས་པར་བྱའོ། བཞི་གང་ཞེ་ན། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་བཞིའོ། དང་པོ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་བདེན་པའོ། གཉིས་པ་ནི། ཡང་འབྱུང་བའི་སྲེད་པ། དགའ་བའི་འདོད་ཆགས་དང་ལྷན་ཅིག་པ། དེ་དང་དེར་མངོན་པར་དགའ་བ་གང་ཡིན་པ་སྟེ། འདི་ལས་སྡུག་བསྔལ་ཀུན་འབྱུང་བས་ན་ཀུན་འབྱུང་སྟེ་སྡུག་བསྔལ་གྱི་རྒྱུར་བསྟན་ནོ། གསུམ་པ་ནི། སྲེད་པ་དེ་ཉིད་གཏན་འགོག་པ་དང་། རྣམ་པར་ཞི་བ་གང་ཡིན་པ་དེ་ནི་ཐར་པའོ། བཞི་པ་ནི། མྱ་ངན་ལས་འདས་པ་དེ་འཐོབ་པར་བྱེད་པའི་ལམ་གྱི་བདེན་པ་འཕགས་པའི་ལམ་ཡན་ལག་བརྒྱད་དེ་ཡང་དག་པའི་ལྟ་བ་ནི་ཟག་པ་མེད་པའི་ཤེས་རབ་བོ། ཡང་དག་པའི་འཚོ་བ་གསགས་ལ་སོགས་ལོག་པའི་འཚོ་བ་ལྔ་སྤངས་བའོ། ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་བརྩམ་པའོ། ཡང་དག་པའིདྲན་


JLAZ012_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དམིགས་པ་མ་བརྗེད་པའོ། །ཡང་དག་པའི་རིང་ངེ་འཛིན་ནི་བསམ་གཏན་བཞི་བའོ། ཡང་དག་པའི་ངག་ནི་དགེ་བའི་ལས་ཀྱི་ལམ་བཞིའོ། །ཡང་དག་པའི་ལས་མཐའ་ནི་ལུས་ཀྱི་མི་དགེ་བའི་ལས་ལམ་སྤོང་པའི་རང་བཞིན་གསུམ་མོ། ཡང་དག་པའི་རྟོག་པ་ནི་གནོད་སེམས་མེད་པ་དང་། ངེས་པར་འབྱུང་བའི་རྟོག་པ་ལ་སོགས་དགེ་བའི་རྟོག་པ་རྣམ་པ་དུ་མའོ། །དེ་བཞིན་དུ་ལྷག་པའི་ཚུལ་ནི་མྱ་ངན་ལས་འདའ་བ་ལོངས་སུ་བསྔོ་བ་གང་ཡིན་པའོ། ལྷག་པའི་སེམས་ནི་འཕགས་པའི་ལམ་གྱི་རྟེན་བསམ་གཏན་བཞི་པའོ། ལྷག་པའི་ཤེས་རབ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། བསླབ་པ་གསུམ་པོ་འདིའི་ནང་དུ་བསླབ་པ་བརྒྱ་ལྔ་བཅུ་ལྷག་ཅིག་འདུ་བར་འགྱུར་བ་དེ་ལ་འབད་པས་བསླབ་པར་བྱེད་པ་གང་ཞིག་ལ་འཕགས་པའི་དགེ་འདུན་ཞེས་བྱའོ། དེ་ལྟ་བུའི་སྤངས་རྟོགས་ཕུན་སུམ་ཚོགས་པའི་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཆེན་པོ་དཀོན་ཅོག་གསུམ་སྤྲིན་ཕུང་གཏི་བས་པ་ཙམ་བྱོན་པ་རང་གི་མདུན་དུ་བཞུགས་པ་ལ་སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་བའི་བསམ་པས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་འཆི་འོ། འདོ་


JLAZ012_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། ཚོགས་ཀྱི་རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། བདག་དུས་འདི་ནས་བཟུང་སྟེ་ཇི་སྲིད་མཚོའི་བར་དུ། སྐྱབས་སུ་འཛིན་པའི་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ། ཞེས་ལན་གསུམ་ཟློས་ནས། སློབ་དཔོན་གྱིས། ཐབས་ཡིན་ནོ། སློབ་མས་ལེགས་སོ་ཞེས་བརྗོད། དེ་ལྟར་བརྗོད་པ་གསུམ་གྱིས་སྐྱབས་སྡོམ་ལེགས་པར་ཐོབ་ནས་བསླབ་བྱ་ལ་གསུམ་ལས། དང་པོ་དགག་པའི་བསླབ་བྱ་ནི། མྱ་ངན་ལས་འདས་པ་ཆེན་པོ་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། དེ་ནི་ཡང་དག་དགེ་བསྙེན་ཏེ། ནམ་དུ་ཡང་ནི་ལྟ་གཞན་ལ། སྐྱབས་སུ་སོང་བ་མ་ཡིན་ནོ། དམ་པའི་ཆོས་ལ་སྐྱབས་འགྲོ་བ། འཚེ་ཞིང་གནོད་པའི་སེམས་དང་བྲལ། དགེ་འདུན་ལ་ཡང་སྐྱབས་འགྲོ་བ། མུ་སྟེགས་གཞན་ལ་ཕྱོགས་མི་བྱེད། ཅེས་གསུངས་པས། སངས་རྒྱས་ལ་སྐྱབས་སུ་སོང་ནས། འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་མི་འགྲོ་ཞིང་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་སྤང་། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དང་མི་འགྲོགས། གཉིས་པ་བསྒྲུབ་པའི་བསླབ་བྱ་ནི། རྒྱས་སྲས་དྲི་མེད་ཀྱིས། དེ་དག་གཟུགས་ལའང་དད་པས་རབ་མཆོད་ཅིང་། ཉིན་མཚན་རྗེས་དྲན་རྟག་པར་སྐྱབས་སུ་འགྲོ། ཞེས་གསུངས་པས་སངས་རྒྱས་ལ་སྐྱབས་སུ་སོང་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་རྣམ་པ་


JLAZ012_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལའང་མི་སྨན་ཅིང་། གྲིབ་མ་ལ་མི་འའགོམ། མཆོད་པ་དང་བསྟི་ལྟར་བྱ། ཆོས་ལ་སྐྱབས་སུ་སོང་བས་དེ་ཉིད་ཀྱི་མི་གེའི་གཟུགས་སུ་གནས་པ་གསུང་རབ་ཚིགས་བཞི་པ་གཅིག་ལའང་གུས་པ་བླ་ལྷག་བསྐྱེད་ཅིང་ལི་གེ་འབྲུ་གཅིག་ལའང་མི་འགོང་། དགེ་འདུན་ལ་སྐྱབས་སུ་སོང་ནས། དེ་ཉིད་ཀྱི་རྟེན་རབ་ཏུ་བྱུང་བ་ནས་སེར་མོའི་གོས་ཅན་ཡན་ཆད་ལ་བཀུར་སྟི་བྱ། གསུམ་པ་ཆ་མཐུན་གྱི་བསླབ་བྱ་ནི། གཞི་བསྡུ་བར། སྐྱས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། དགེ་འདུན་དང་རྗེས་སུ་མཐུན་པ་ནི་སྐྱབས་སུ་འགྲོ་བའོ། ཞེས་བཤད་པས་སྐྱེས་བུ་དམ་པ་ལ་བརྟེན། ཆོས་ཀྱི་རྗེས་སུ་འཇུག །ཆོས་དང་རྗེས་སུ་མཐུན་པའི་སྤྱོད་པ་ལ་བསླབ་ཅིང་། བཟའ་བཏུང་གི་ཕུང་དང་པོས་དཀོན་མཆོག་མཆོད་པ་དང་། ཉིན་མཚན་འཁོར་མོའམ། དུས་དྲུག་གམ། གསུམ་སམ། ཐ་ནའང་ངས་ན་གཅིག་ཏུ་དཀོན་མཆོག་གི་ཡོན་ཏན་དྲན་པས་སྐྱབས་སུ་འགྲོ་བ་རྣམས་ལ་བརྩོན་པར་གྱིས་ཤིག །ཅེས་བརྗོད་ལ་ཕྱག་གསུམ་འཚལ་དུ་བཅུག་ནས་དགེ་བ་བསྔོ། ཚུལ་འདི་ལྟ་བུའི་ཆོ་གར་བརྟེན་པའི་ཁྱིམ་པ་དག་ལའང་བསོད་ནམས་དཔག་ཏུ་མེད་པ་ཐོབ་ན། སྙིགས་མའི་དུས་ན་གཙུག་སྐྲར་སྤུ་བཞིན་དུ་བྲེགས་ནས་སེར་མོའི་ཕྱོགས་ལ་བརྟེན་ཅིང་བརྟེན་དུ་འཇུག་པ་རྣམས་ལ་སྡོམ་པ་སམ་བསྡམས་པ་ལམ་དང་བྲལ་བའི་ཕྱོགས་མཐུན་ཙམ་སྟོན་པའི་ལྷག་བསམ་གྱི་བློས་རང་བྱུང་རྡོ་རྗེས་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བའོ།། །།


previousསྐྱབས་སྡོམ་འབོག་ཆོག་མཐོ་རིས་འཁྲི་ཤིང་།next