Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་སྤྱོད་བསྟན་པ་ཡོངས་རྫོགས།


 
previousཆོས་སྤྱོད་བསྟན་པ་ཡོངས་རྫོགས།no next

ཆོས་སྤྱོད་བསྟན་པ་ཡོངས་རྫོགས།


JLAZ012_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤྱོད་བསྟན་པ་ཡོངས་རྫོགས་ཞེས་བྱ་བ་བཞུགས། །


JLAZ012_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ལམ་ཞུགས་རྣམས་ཀྱི་ཐུན་མོང་མ་ཡིན་པ་དང་འབྲེལ་བའི་ཆོས་སྤྱོད་ལ་དང་པོ་ངག་བྱིན་བརླབ་ནི། ཨོཾ་ཨཱཿཧཱུྃ། ལྕེ་དབང་རཾ་ཡིག་ལས་བྱུང་མེ་བསྲེགས་ནས། །འོད་དམར་རྣམ་པའི་རྡོ་རྗེ་རྩེ་གསུམ་སྦུབས། །ཨཱ་ལི་ཀཱ་ལི་མཐར་བསྐོར་རྟེན་འབྲེལ་སྙིང༌། །མུ་ཏིག་ཕྲེང་བ་ལྟ་བུའི་ཡིག་འབྲུ་ལས། །འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད་པས་མཉེས། །སླར་འདུས་ངག་སྒྲིབ་དག་ནས་གསུང་རྡོ་རྗེའི། །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། །ཨོཾ་ཨ་ཨཱཿཨི་ཨཱིཿརྀ་རཱྀཿལྀ་ལཱྀཿཨེ་ཨཻཿཨོ་ཨཽཿཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ༔ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་


JLAZ012_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭ་ཧཱ། ལན་བདུན་རེ་བརྗོད། གཉིས་པ་བླ་མ་རྒྱང་འབོད་ནི། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང༌། །པདྨ་ཀཱ་ར་རྗེ་འབངས་ཉི་ཤུ་ལྔ། །སོ་ཟུར་ནུབ་དང་གཏེར་སྟོནབརྒྱ་རྩ་སོགས། །བཀའ་གཏེར་བླ་མ་རྣམས་ལ་གསོལ་བ་འདེབས། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང༌། །ཐུགས་རྗེས་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང༌། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྫོགས་པའི་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་མཁྱེན༷་འགྲོ་ལ་རྗེས་བརྩེ༷འི་གཏེར། །དྲི་མེད་འོ༷ད་ཟེ༷ར་ཡང་སྤྲུལ་ཐུགས་གཏེར་མཛོད། །


JLAZ012_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མའི་སྐུ་གསུང་ཐུགས་ལ་འདུད། །འདྲེན་པ་རྣམས་ཀྱིས་ཡོངས་སྤངས་ཤིང༌། །ངན་འགྲོའི་གཡང་སར་ཕྱོགས་པ་བདག།།ཐར་བའི་ལམ་དང་རབ་སྤྲོད་པའི། །དེད་དཔོན་ཆེན་པོ་ཁྱོད་ལ་འདུད། །གནས་དང་གནས་མིན་མི་ཤེས་ཤིང༌། །ལམ་དང་ལམ་མིན་གྱི་ནར་འཕྱན། །མུན་པ་ལས་ཀྱང་མུན་ནག་ཅན། །བདག་ལྟའི་སྒྲོན་མ་ཁྱོད་ལ་བསྟོད། །གང་སྐུ་མཐོང་བས་སྣང་བ་འགྱུར། །ཞི་བར་གཟིམས་རྒྱན་སྟུག་པོ་བཀོད་པ་ལས། འཇམ་དཔལ་ཕྱོགས་གང་ན་ཆོས་སྨྲ་བ་དེ་འདུག་གམ། དེའི་རུས་བུའམ། རོ་བམ་པ་ཞིག་མཐོང་ན་ཡང་མཚམས་མེད་པའི་ལས་ལྔ་རྣམ་པར་བྱང་བར་འགྱུར་རོ། །ཞེས་སོ། །པའི་སྙིགས་མས་ཀྱང༌། །མཚམས་མེད་བྱང་ཞེས་མདོ་ལས་གསུངས། །འབྲེལ་ཚད་དོན་ལྡན་ཆེན་པོར་འདུད། །ཁྱེད་གསུང་ཐོས་པས་བླང་དོར་ཤེས། །ཉེས་སྤྱོད་ཆེན་པོའི་གཡང་ལས་སྐྱོབ། །འགོག་ལམ་བདེ་པའི་ངོ་བོ་ཉིད། །ཐོས་གྲོལ་ཆེན་པོའི་དབྱངས་ལ་བསྟོད། །བདག་གིས་འབད་ཀྱང་མི་ཐར་བ། །ཁྱེད་ཐུགས་གཏད་པས་ཡུད་ལ་སྨིན། ། མོས་གུས་ཐོབ་ན་རྟོགས་པ་འཆར། །སྤྲོས་བྲལ་བསམ་མི་ཁྱབ་ལ་དུ་འདུད། །གྲངས་མེད་གསུམ་དུ་དཀའ་ཐུབ་


JLAZ012_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། གདུང་བས་དབང་པོ་ཚར་བཅད་ཀྱང༌། །ཐོབ་པར་དཀའ་བའི་རྡོ་རྗེ་སེམས། །མ་ནོར་མངོན་སུམ་སྟོན་ལ་འདུད། །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ། །འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཚེ་འདིའི་ལེགས་པ་ཀུན་འགྲུབ་ཅིང༌། །གེགས་དང་བར་ཆད་མེད་པ་དང༌། །འཆི་ཁར་ཟབ་མོའི་འོད་གསལ་ཟིན། །བར་དོའི་འཕྲང་ལས་སྒྲོལ་བར་མཛོད། །ལུས་དང་ངག་ཡིད་རྩོམ་པ་ཀུན། །རྟག་ཏུ་གཞན་ལ་ཕན་པ་དང༌། ། རྐྱེན་རྣམས་བྱང་ཆུབ་ལམ་མཆོག་ཏུ། །དེ་རིང་ཉིད་ནས་བསྒྱུར་དུ་གསོལ། །བདག་གིས་འབད་ཀྱང་ཐར་བར་དཀའ། །མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་གྲུས། །མགོན་མེད་བདག་དང་འགྲོ་བ་ཀུན། །ཐར་བའི་གླིང་དུ་ཕྱིན་པར་མཛོད། །གང་དག་བདག་ལ་དད་གྱུར་ཏམ། །སྨོད་དམ་སྐུར་བ་འདེབས་ཀྱང་རུང༌། །དེ་དག་སྡིག་ཟད་ཉོན་མོངས་མེད། །སྲིད་པའི་ཆུ་བོ་སྤང་བར་ཤོག། ནམ་ཞིག་བདག་གི་མིང་ཙམ་གྱིས། །འགྲོ་བའི་འདོད་དགུ་རབ་འགྲུབ་ཅིང༌། །ཕྱོགས་བཅུ་གང་བའི་ཞིང་རྣམས་སུ། །མཆོད་པའི་སྤྲིན་གྱི་ཆར་འབེབས་ཤོག །དགེ་བ་འདི་ཡིས་ལུས་ཅན་ཀུན། །ཐམས་ཅད་སྲིད་ལས་རྣམ་གྲོལ་ནས། །ཡེ་ཤེས་དམ་པ་གཉིས་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །


JLAZ012_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དབུས་དད་པའི་གེ་སར་བཞད་པ་ནས། །སྐྱབས་གཅིག་དྲིན་ཅན་བླ་མ་ཡར་ལ་བཞེངས། །ལས་དང་ཉོན་མོངས་དྲག་པོས་གཟིར་བ་ཡི། །སྐལ་པ་ངན་པ་བདག་ལ་སྐྱོབ་པའ་ཕྱིར། །སྤྱི་བོ་བདེ་ཆེན་འཁོར་ལོའིརྒྱན་དུ་བཞུགས། །དྲན་དང་ཤེས་བཞིན་ཀུན་ཀྱང་བཞེངས་སུ་གསོལ། །ད་རེས་དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཚེ་རིང་ལྷ་དང་ཀླ་ཀློ་ལོག་ལྟ་ཅན། །སངས་རྒྱས་མ་བྱོན་ཞིང་དང་ལྐུག་པ་སྟེ། །མི་ཁོམ་བརྒྱད་ལས་ཐར་བའི་དལ་བ་ཐོབ། །མི་གྱུར་དབང་པོ་ཚང་དང་ཡུལ་དབུས་སྐྱེས། །ལས་མཐའ་མ་ལོག་བསྟན་ལ་དད་པ་སྟེ། །རང་ཉིད་འབྱོར་བ་ལྔ་ཚང་སངས་རྒྱས་བྱོན། །ཆོས་གསུངས་བསྟན་པ་གནས་དང་དེ་ལ་ཞུགས། །བཤེས་གཉེན་དམ་པས་ཟིན་དང་གཞན་འབྱོར་ལྔ། །ཐམས་ཅད་རང་ལ་ཚང་བའི་གནས་ཐོབ་ཀྱང༌། །རྐྱེན་མང་ངེས་པ་མེད་པའི་ཚེས་སྤངས་ནས། །འཇིག་རྟེན་ཕ་རོལ་ཉིད་དུ་སོན་པར་འགྱུར། །བློ་སྣ་ལ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ད་རེས་དལ་རྟེན་དོན་ཡོན་མ་བྱས་ན། །ཕྱི་ནས་ཐར་བ་བསྒྲུབ་པའི་རྟེན་མི་རྙེད། །བདེ་འགྲོའི་རྟེན་ལ་བསོད་ནམས་ཟད་གྱུར་ནས། །ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་འཁྱམ། །དགེ་སྡིག་མི་ཤེས་


JLAZ012_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྒྲ་མི་ཐོས། །དགེ་བའི་བཤེས་དང་མི་མཇལ་མཚང་རེ་ཆེ། །སེམས་ཅན་ཙམ་གྱི་གྲངས་དང་རིམ་པ་ལ། །བསམ་ན་མི་ལུས་ཐོབ་པ་སྲིད་མཐའ་ཙམ། །མི་ཡང་ཆོས་མེད་སྡུག་ལ་སྤྱོད་མཐོང་ན། །ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམ། །བློ་སྣ་ལ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །གལ་ཏེ་མི་ལུས་རིན་ཆེན་གླིང་ཕྱིན་ཡང༌། །ལུས་རྟེན་བཟང་ལ་བྱུར་པོ་ཆེ་ཡི་སེམས། །ཐར་བ་བསྒྲུབ་པའི་རྟེན་དུ་མི་རུང་ཞིང༌། །ཁྱད་པར་བདུད་ཀྱི་ཟིན་དང་དུག་ལྔ་འཁྲུག །ལས་ངན་ཐོག་ཏུ་འབབ་དང་ལེ་ལོས་གཡེངས། །གཞན་ཁོལ་བྲན་གཡོག་འཇིག་སྐྱོབས་ཆོས་ལྟར་བཅོས། །རྨོངས་སོགས་ཕྲལ་བྱུང་རྐྱེན་གྱིས་མི་ཁོམ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །བློ་སྣ་ལ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །སྐྱོ་ཤས་ཆུང་ཞིང་དད་པའི་ནོར་དང་བྲལ། ། འདོད་སྲེད་ཞགས་པའི་བཅིངས་དང་ཀུན་སྤྱོད་རྩུབ། །མི་དགེ་སྡིག་ལ་མི་འཛེམས་ལས་མཐའ་ལོག །སྡོམ་པ་ཉམས་ཤིང་དམ་ཚིག་རལ་བ་སྟེ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །བདག་ལ་


JLAZ012_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་འགལ་ཟླར་གྱུར་པའི་ཚེ། །བློ་སྣ་ལ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ད་ལྟ་ནད་དང་སྡུག་བསྔལ་གྱིས་མ་གཟིར། །བྲན་ཁོལ་ལ་སོགས་གཞན་དབང་མ་གྱུར་བས། །རང་དབང་ཐོབ་པའི་རྟེན་འབྲེལ་འགྲིག་དུས་འདིར། །སྙོམས་ལས་ངང་དུ་དལ་འབྱོར་ཆུད་གསན་ན། །འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་བ་ལྟ། །ལྟ་ཅི་གཅེས་པར་བཟུང་བའི་ལུས་འདི་ཡང༌། །མལ་གྱི་ནང་ནས་ས་ཕྱོགས་སྟོངས་པར་བསྐྱལ། །ཝ་དང་བྱ་རྒོད་ཁྱི་ཡིས་འདྲད་པའི་དུས། །བར་དོའི་ཡུལ་ན་འཇིགས་པ་ཤིན་ཏུ་ཆེ། །བློ་སྣ་ལ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །དགེ་སྡུག་ལས་ཀྱི་རྣམ་སྨིན་ཕྱི་མཞིན་འབྲང༌། །ཁྱད་པར་དམྱལ་བའི་འཇིག་རྟེན་ཉིད་སོན་ན། །ལྕགས་བསྲེགས་ས་གཞིར་མཚོན་གྱིས་མགོ་ལུས་འདྲལ། །སོག་ལེས་གཤོག་དང་ཐོ་ལུམ་འབར་བས་འཚིར། །སྒོ་མེད་ལྕགས་ཁྱིམ་འཐུམ་པར་འོ་དོད་འབོད། །འབར་བའི་གསལ་ཤིང་གིས་འབུགས་ཁྲོ་ཆུར་འཚོད། །ཀུན་ནས་ཚ་བའི་མེས་བསྲེགས་བརྒྱད་ཚན་གཅིག། གངས་རི་སྟུག་པོའི་འདབས་དང་ཆུ་འཁྱགས་ཀྱི། །གཅོང་རོང་ཡ་ངའི་གནས་སུ་བུ་ཡུག་སྦྲེབས། ། གྲང་རེག་རླུང་གིས་བཏབ་པའི་ལང་ཚོ་ནི། །ཆུ་བུར་ཅན་དང་ལྷག་པར་བརྡོལ་བ་ཅན། །སྨྲེ་ངག་རྒྱུན་མི་ཆད་པར་འདོན་པ་ཡང༌། །ཚོར་བའི་སྡུག་བསྔལ་བརྣག་པར་དཀའ་བ་ཡི། །


JLAZ012_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཟུངས་ཀྱིས་རབ་བཏང་འཆི་ཁའི་ནད་པ་བཞིན། །ཤུགས་རིང་འདོན་ཞིང་སོ་ཐམ་པགས་པ་འགས། །ཤ་འུ་ཐོན་ནས་ལྷག་པར་འགས་ཏེ་བརྒྱད། །དེ་བཞིན་སྤུ་གྲིའི་ཐང་ལ་རྐང་པ་གཤོག །རལ་གྲིའི་ཚལ་དུ་ལུས་ལ་གཅད་གཏུབས་བྱེད། །རོ་མྱགས་འདམ་ཚུད་ཐལ་ཚན་རབས་མེད་ཀློང༌། །མནར་བའི་ཉེ་འཁོར་པ་དང་འགྱུར་བ་ཅན། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །རྟག་ཏུ་བཀོལ་ཞིང་སྤྱོད་པའི་ཉི་ཚེ་བ། །རྣམ་གྲངས་བཅོ་བརྒྱད་གང་ལས་འབྱུང་བའི་རྒྱུ། །ཞེ་སྡང་དྲག་པོས་ཀུན་སློང་སྐྱེས་པའི་ཚེ། །བློ་སྣ་ལ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །དེ་བཞིན་ཕོངས་ལ་ཉམས་མི་དགའ་བའི་ཡུལ། །བཟའ་བཏུང་ལོངས་སྤྱོད་མིང་ཡང་མི་གྲག་པར། །ཟས་སྐོམ་ལོ་ཟླར་མི་རྙེད་ཡི་དྭགས་ལུས། །རིད་ཅིང་འདོང་བའི་སྟོབས་ཉམས་རྣམ་པ་གསུམ། །གང་ལས་འབྱུང་བའི་རྒྱུ་ནི་སེར་སྣ་ཡིན། །གཅིག་ལ་གཅིག་ཟ་གསོད་པའི་འཇིགས་པ་ཆེ། །བཀོལ་ཞིང་སྤྱོད་པས་ཉམས་ཐག་བླང་དོར་རྨོངས། །ཕ་མཐའ་མེད་པའི་སྡུག་བསྔལ་གྱིས་གཟིར་བའི། །ས་བོན་གཏི་མིག་མུན་པར་འཁྱམས་པ་བདག །བློ་སྣ་ལ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ཆོས་ལམ་ཞུགས་ཀྱང་ཉེས་སྤྱོད་མི་བསྡམ་


JLAZ012_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། །ཐེ་ཆེན་སྒོར་ཞུགས་གཞན་ཕན་སེམས་དང་བྲལ། །དབང་བཞི་ཐོབ་ཀྱང་བསྐྱེད་རྫོགས་མི་བསྒོམ་པའི། །ལམ་གོལ་འདི་ལས་བླ་མས་བསྒྲལ་དུ་གསོལ། །ལྟ་བ་མ་རྟོགས་ཐོ་ཅོའི་སྤྱོད་པ་ཅན། །སྒོམ་པ་ཡེངས་ཀྱང་གོ་ཡུལ་འུད་གོག་འཐག།།སྤྱོད་པ་ནོར་ཡང་རང་སྐྱོན་མི་སེམས་པའི། །ཆོས་དྲེད་འདི་ལས་བླ་མའི་བསྒྲལ་དུ་གསོལ། །ནངས་བར་འཆི་ཡང་གནས་གོས་ནོར་ལ་སྲེད། །ན་ཚོད་ཡོལ་ཡང་ངེས་འབྱུང་སྐྱོ་ཤས་བྲལ། །ཐོས་པ་ཆུང་ཡང་ཡོན་ཏན་ཅན་དུ་རློམ། །མ་རིག་འདི་ལས་བླ་མས་བསྒྲལ་དུ་གསོལ། །རྐྱེན་ཁར་འཆོར་ཡང་འདུ་འཛི་གནས་སྐོར་སེམས། །དབེན་པ་བརྟེན་ཀྱང་རང་རྒྱུད་ཤིང་ལྟར་རེངས། །དུལ་བར་སྨྲ་ཡང་ཆགས་སྡང་མ་ཞིག་པའི། །ཆོས་བརྒྱད་འདི་ལས་བླ་མའི་བསྒྲལ་དུ་གསོལ། །གཉིད་འཐུད་འདི་ལས་མྱུར་དུ་སད་དུ་གསོལ། །ཁྲི་མུན་འདི་ལས་མྱུར་དུ་དབྱུང་དུ་གསོལ། །ཞེས་འབོད་པ་དྲག་པོས་ཐུགས་རྗེས་ལྷོངས་པར་བྱའོ།། །།གསུམ་པ་སོ་ཐར་བརྒྱུད་འདེབས་ཀྱི་ཐོག་མར་བསྟན་པའི་བདག་པོ་སྟོན་པའི་མཛད་པ་བཅུ་ནི། དགའ་བ་བརྒྱད་ལྡན་འཆི་མེད་གྲོང་ཁྱེར་ནས། །བྱང་ཆུབ་སེམས་ཀྱི་དམ་པ་ཏོག་དཀར་པོ། །ཤཱཀྱའི་རིགས་ཀྱི་ཐིག་ལེར་འཛིན་པའི་སྣོད། །སྒྱུ་འཕྲུལ་ལྷ་མོའི་རི་དྭགས་མིག་ཅན་ཡིན། །འོད་སྟོང་ཤར་གྱི་རི་ལ་ཆས་པ་བཞིན། །ལྷུམས་ཀྱི་གེ་སར་བཞད་


JLAZ012_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལུམ་བིའི་ཚལ། །ཚངས་དང་དབང་པོའི་སྲི་ཞུས་མཛེས་བྱས་ཤིང༌། །བྱང་ཆུབ་རིགས་སུ་ལུང་བསྟན་ལ་ཕྱག་འཚལ། །ལང་ཚོས་དྲེགས་པའི་ཤཱཀྱ་གཞོན་ནུའི་དབུས། །སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་རོལ་རྩེད་མཐུས། །ཀུན་གྱིས་ཁྱོད་ལ་བཏུད་ཅིང་གྲགས་པ་ཡིས། །སྐྱེ་དགུའི་རྣམ་ཤེས་མིག་དང་རྣ་བར་རྫོགས། །འདོད་སྲེད་ཞགས་པའི་གཞན་དབང་མ་གྱུར་བཞིན། །ཡབ་གཅིག་དགྱེས་སླད་བཙུན་མོའི་སྒྱུ་མ་ལ། །སྒྱུ་མའི་ལྟ་བས་བལྟས་ནས་རྒྱལ་པོའི་ཁབ། །བསྐྱང་པས་དོན་ཀུན་གྲུབ་པ་ལ་ཕྱག་འཚལ། །ཤིན་ཏུ་གཡོ་ཞིང་འཇིགས་པ་རྒྱལ་སྲིད་ཀྱི། །ལྕགས་ཀྱུའི་དབང་དུ་མ་གྱུར་འགའ་མེད་ཀྱང༌། །ངེས་པར་འབྱུང་བའི་རྐྱེན་བཞིས་ཁྱོད་ཀྱི་ཐུགས། །ཕྲོགས་ནས་རང་བྱུང་དགེ་སློང་ཉིད་དུ་བསྟན། །བརྩོན་འགྲུས་རླབས་ཀྱིས་མི་དལ་ནཻརཉྫར། །དཀའ་ཐུབ་གདུང་བ་བཟོད་པའི་སྙིང་སྟོབས་དང༌། །ཀུན་རྟོགས་འདུལ་བ་འཛིན་པའི་བསམ་གཏན་ལ། །ཕྱོགས་བཅུའི་བདེ་གཤེགས་དགྱེས་ལ་ཕྱག་འཚལ་ལོ། །གྲངས་མེད་གསུམ་གྱི་སྲིད་དུ་རྣམ་རིག་ཀུན། །ཚོགས་གཉིས་ཐ་གུས་བཅིངས་པ་དོན་ཡོད་ཕྱིར། །བྱང་ཆུབ་ཤིང་དྲུང་བདུད་རྣམས་སྐྲག་བྱས་ནས། །མངོན་པར་རྫོགས་སངས་རྒྱ་བ་རྒྱལ་ཀུན་གཤིས། །འཁོར་བ་གཏིང་མཐའ་མེད་པའི་གཡང་ས་ལ། །རྒྱུག་པའི་འགྲོ་བ་


JLAZ012_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་གསུམ་གྱི་གྲུས། །བསྒྲལ་ནས་ཐར་པ་དང་ནི་རྣམ་མཁྱེན་གྱི། །གོ་འཕང་བཀྲི་བ་ཁྱོད་ལ་ཕྱག་འཚལ་ལོ། །རྟོག་ཅིང་དཔྱོད་ཀྱང་སྡོམ་པ་མིན་པའི་ཆང༌། །འཐུངས་པས་ཆེས་གཟིར་མུ་སྟེགས་སྟོན་པའི་ལྕེ། །མཉམ་དུ་ཡོད་པའི་ཆོ་འཕྲུལ་མཐུས་བཅད་པས། །སྐྱེངས་དང་གཟི་བརྗིད་ཉམས་པའི་ཆོ་ག་རྫོགས། །རྫུ་འཕྲུལ་རྐང་པ་བཞི་ལ་མཆོག་ཐོབ་ཁྱོད། །སྐྱེ་རྒ་ན་འཆིའི་ཚོར་བ་མི་མྱོང་ཡང༌། །ངེས་བར་ཕ་རོལ་འགྲོ་འདི་མི་སེམས་རྣམས། །སྐྱོ་སླད་མྱང་ངན་འདའ་སྟོན་དེར་ཕྱག་འཚལ། །བསོད་ནམས་ཉམ་ཆུང་གྱུར་པའི་འགྲོ་བ་རྣམས། །དཀར་བོའི་ཆོས་རབ་འཕེལ་བའི་ཚོང་ཟོང་ནི། །འཛད་པ་མེད་པའི་རིང་བསྲེལ་ཆ་བརྒྱད་དུ། །གཞག་སྟེ་ཆོས་ཀྱི་དབྱིངས་སུ་གཟིམས་པ་ལྟར། །བདག་ཀྱང་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ནས། །ཁམས་གསུམ་ལས་འདས་འོག་མིན་ཆེན་པོ་རུ། །མངོན་པར་སངས་རྒྱས་སྤྲུལ་པའི་མཛད་པ་བཅུས། །ཀུན་མཁྱེན་ཁྱེད་དང་འགྲོ་དོན་མཉམ་པར་ཤོག། །མི་མཇེད་ཞིང་གི་སྟོན་པ་ཤཱཀྱའི་ཏོག།།ཤཱ་རིའི་བུ་དང་སྒྲ་གཅན་འཛིན་བཟང་པོ། །འདུལ་བ་རྒྱ་མཚོའི་སྡུད་བྱེད་ཉེ་བ་འཁོར། །གཏད་རབས་བདུན་སོགས་ཐོས་པ་སྒྲོག་པའི་སྡེ། །ཉེས་སྤྱོད་སྡོམ་པ་རིག་བྱེད་མིན་པའི་གཟུགས། །སོ་ཐར་བརྟུལ་ཞུགས་ཆུ་ལོན་ལྟ་བུ་ལས། །ཉིས་བརྒྱ་ལྔ་བཅུ་སྤོང་བའི་


JLAZ012_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་དང༌། །བཅུ་བདུན་བླང་བྱ་འཇུག་པའི་ཁྲིམས་དག་ཅིང༌། །བདེན་པ་བཞི་ཡི་ལམ་ལ་དགྲ་བཅོམ་པ། །འཁོར་ལོ་དང་པོའི་བརྒྱུད་རིམ་ལ་གསོལ་བ་འདེབས།། །།བཞི་པ་བྱང་སྡོམ་བརྒྱུད་པ་ནི། ཐུབ་ཆེན་འཇལ་དཔལ་དབྱངས་དང་ཞི་བའི་ལྷ། །ཨེ་ལ་དྷ་རི་མ་ཧཱ་ཤྲཱི་དང༌། །རཏྣ་བྷ་ཝ་བཛྲ་ཆོས་ཀྱི་གྲགས། །དཱི་པཾ་ཀཱ་ར་ཡབ་སྲས་རྔོག་ལོ་ཆེ། །ཆོས་ཀྱི་བླ་མ་ཕྱཱ་པ་ཆོས་སེང་དང༌། །དྷརྨ་བཀྲ་ཤིས་ཤེས་རབ་མཚན་ཅན་ཟུང༌། །སངས་རྒྱས་བརྩོན་འགྲུས་ཤཱཀྱ་སེང་གེ་དང༌། །ཆོས་དཔལ་རྒྱལ་མཚན་ཀུན་མཁྱེན་བསམ་ཡས་པ། །དེ་ཡི་ཞལ་བསྟན་མཁྱེན་བརྩེའི་འོད་ཟེར་སོགས། །རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ལ་གསོལ་བ་འདེབས། །སྟོན་མཆོག་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་གཉིས། །མཆོག་སྡེ་འདུལ་བའི་སྡེ་དང་སྣང་མཛད་བཟང༌། །སེང་གེ་བཟང་པོས་སངས་རྒྱས་ཡེ་ཤེས་ཞབས། །གུ་ཎ་མི་ཏྲ་རཏྣ་པརྦ་ཐཱ། །འབུམ་གསུམ་བློ་ལྡན་ཤེས་རབ་འགྲེ་ཤེས་འབར། །བྱང་ཡེ་ཁུ་བརྩོན་དཀར་ཆུང་ཞང་གཡེ་པ། །གཉའ་ཞིག་རྒྱ་ཕྱིང་སེང་དཔལ་མ་ཏི་གྲགས། ། བཙན་དགོན་དབེན་དགེ་རྣམ་གཉིས་བླ་བྲང་བ། །ཆོས་གྲགས་ཀུན་མཁྱེན་རྗེ་དང་མཁྱེན་བརྩེའི་འོད། །ཟབ་ཅིང་རྒྱ་ཆེའི་བརྒྱུད་པ་ལ་གསོལ་བ་འདེབས། །སངས་རྒྱས་འཇམ་དཔལ་


JLAZ012_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དང་ཀླུ་སྒྲུབ་རྗེ། །ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་དང༌། །ཀུ་ས་ལི་བ་ཆེ་ཆུང་ཨ་ཏི་ཤ །བལ་པོ་ཐང་པ་ཛ་དང་ཨ་བྷྱ་ཀཱར། །ཟླ་བ་རྒྱལ་མཚན་གྲོ་ལུང་སྤྱི་བོ་ལྷས། །རྨ་ཤཱཀ་ནམ་མཁའ་གྲགས་དང་སྨོན་བྱང་གཞོན། །ཀུན་མཁྱེན་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་འོད། །ཟབ་མོ་ལྟ་བའི་བརྒྱུད་པ་ལ་གསོལ་བ་འདེབས། །འཁོར་ལོ་བར་མཐའི་དྲང་ངེས་ལྡེམ་དགོངས་དང༌། །སྐྱེས་བུ་གསུམ་གྱི་ལམ་རིམ་སྒྲ་ཇི་བཞིན། །གདུལ་བྱའི་ཡུལ་ལ་མངོན་སུམ་འདོམས་མཁས་ཤིང༌། །འཆད་རྩོད་རྩོམ་པའི་ཉི་མ་འབུམ་ཕྲག་གིས། །རྒྱལ་བསྟན་གསལ་མཛད་རྒྱན་དྲུག་མཆོག་བརྒྱད་སོགས། །བསྟན་པའི་རྩལ་ལག་ཀུན་ལ་གསོལ་བ་འདེབས།། །།ལྔ་པ་སྔགས་སྡོམ་ནི། རང་བཞིན་གདོད་མའི་སངས་རྒྱས་ཀུན་ཏུ་བཟང༌། །སྣང་ཆར་ལོངས་སྤྱོད་རྫོགས་པ་སྤྲུལ་པའི་སྐུར། །བསྟན་ནས་སྒྲ་ཚིག་བརྗོད་པར་སྣང་བའི་རྒྱུད། །འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ངོ་བོ་ཉིད། །མངོན་སུམ་སྟོན་པའི་ཤིང་རྟ་རྡོ་རྗེ་ཆོས། །དགའ་རབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །གནས་པ་སེམས་དང་བྱ་བྲལ་ཀློང་གི་སྡེ། །གནད་དོན་མན་ངག་སྡེ་ཡི་ཤིང་རྟའི་སྲོལ། །འབྱེད་མཁས་འཇམ་དཔལ་རྣོན་པོ་ཤྲཱི་སིང༌། །དཔལ་བཟང་ཡེ་ཤེས་མདོ་དང་བི་མ་ལ། །ཉང་བན་ལྷ་ཡི་མེ་ཏོག་གནས་བརྟན་སོགས། །མན་ངག་སྡེ་པའི་རྒྱུད་པ་


JLAZ012_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང༌། །སྡེ་གསུམ་ཀློང་དགུའི་གཙུག་ཏོར་ཀུན་མཁྱེན་རྗེ། །བསྟན་པ་རྒྱ་མཚོའི་ཤིང་རྟར་གསོལ་བ་འདེབས། །ཕུང་པོ་འོད་སྐུར་དེང་བར་བྱིན་གྱིས་རློབས། །ཡེ་ཤེས་སྤྱན་ལྡན་བཻ་རོ་ཙཱ་ན་ཡིས། །གཡུ་སྒྲ་ཡེ་ཤེས་བླ་མ་སངས་རྒྱས་མགོན། །གཉགས་དང་ལི་བཟའ་རིམ་པ་ལྔར་གསུངས་བརྒྱུད། །དཔལ་གྱི་སྙིང་པོ་ལྷ་ལུང་རྡོ་རྗེ་ཞབས། །འོ་བྲན་གཞོན་ནུ་སངས་རྒྱས་ཡེ་ཤེས་རྩལ། །སྤང་དང་ཡ་ཟི་ཟིར་དགེ་ཤེས་རབ་འོད། །ངན་ལམ་བྱང་ཆུབ་ཟ་དམ་རིན་ཆེན་དབྱིག།།ཁུ་འགྱུར་གསལ་དང་ཉང་བྱང་ཤེས་རབ་གྲགས། །སྦ་སྒོམ་འཛེང་དང་འཛེང་ཆུང་ཨནནྡ། །ཡེ་ཤེས་དབང་པོ་མཁན་པོ་རྣམ་བཞི་དང༌། །བརྩོན་འགྲུས་དབང་ཕྱུག་མཐའ་བཞི་གྲགས་པའི་མཚན། །ཤཱཀྱ་རྒྱལ་པོ་འགོས་ལོ་གཞོན་ནུ་སོགས། །ཀློང་སྡེ་བརྒྱུད་པའི་བླ་མར་གསོལ་བ་འདེབས། །མཁའ་འགྲོ་མ་ཡི་འཆི་ལུགས་མངོན་གྱུར་ཤོག །མཁས་པ་ཉེར་གཅིག་ལས་བརྒྱུད་བཻ་རོ་དང༌། །གཡུ་སྒྲ་ཡེ་ཤེས་གཞོན་ནུ་སོག་དཔལ་གནུབས། །གནུབས་ཆུང་རིགས་ཀྱི་སྲས་དང་ཉང་ཤེར་མཆོག །ཡེ་འབྱུང་བསྟན་པའི་རྩ་ལག་ཟུར་ཆེ་ཆུང༌། །ཤཱཀྲ་ཡེ་བརྒྱུད་བཤད་བདག་པོ་སྒྲོ་ཕུག་པ། །དམ་པ་ཤཱཀྲ་རྒྱལ་ལྕེ་སྟོན་ལབ་སྲས་དཔོན། །ཟུང་རེ་བཀྲ་ཤིས་ཐན་སྟོན་བླ་སྐྱབས་


JLAZ012_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར། །དགེ་འདུན་འབུམ་དང་གཡུ་སྟོན་མཁས་པ་སོགས། །སེམས་ཕྱོགས་བརྒྱུད་པའི་བླ་མར་གསོལ་བ་འདེབས། །ཆོས་ཀུན་སེམས་ཀྱི་རྒྱན་དུ་རྟོགས་པར་ཤོག །རིགས་ཅན་དྲ་མ་ལྔ་དང་རྒྱལ་པོ་ཛ༔ །ཨུ་པ་རཱ་ཛ་ཨིནྡྲ་བྷ་ཏི་དང༌། །པུ་ཏྲི་རྣམ་གཉིས་ཀུ་ཀུ་རཱ་ཛའི་ཞབས། །རོ་ལངས་རྡོ་རྗེ་བཞད་པ་པྲ་བྷ་ཧ། །ཤཱཀྱ་སེང་གེ་རཀྵི་ཧཱུྃ་ཀཱ་ར། །མ་ཏི་བདེ་གསལ་བྱང་ཆུབ་ཆོས་རྒྱལ་སྐྱོང༌། །བ་སུ་དྷ་ར་ཆེ་བཙན་གནུབས་ཡབ་སྲས། །བློ་གྲོས་ནམ་མཁའ་ལྡེ་དང་ཟུར་ཆེ་ཆུང༌། །མང་ཁྱེང་སྒྲོ་ཕུག་འགར་སྲོག་གླན་སེང་སོགས། །འདུས་པ་མདོ་ཡི་བརྒྱུད་པར་གསོལ་བ་འདེབས། །རླུང་སེམས་དྷི་ཏིར་ཐིམ་པའི་དངོས་གྲུབ་སྩོལ། །སིདྷ་ཀུ་ཀུ་རཱ་ཛ་གོ་མ་ས། །སྒེག་རྡོར་སངས་རྒྱས་གསང་བ་དྲི་མེད་བཤེས། །རྨ་རིན་གཙུག་གྱེར་རྣམ་གཉིས་ལས་བརྒྱུད་དེ། །འཇིག་རྟེན་མིག་གཅིག་རོང་ཟོམ་ཆོས་བཟང་སོགས། །སྒྱུ་འཕྲུལ་བཤད་སྒྲུབ་བརྒྱུད་པར་གསོལ་བ་འདེབས། །སྣང་ཞེན་དཀྱིལ་འཁོར་གསུམ་དུ་རྫོགས་བྱིན་རློབས། །རྡོ་རྗེ་བཞད་པ་ཧཱུྃ་མཛད་པདྨའི་ཞབས། །ནམ་སྙིང་གཉགས་དང་དཔལ་གནུབས་ཡེ་དབང་ཀལ། །གཙུག་ཏོར་ཆོས་སེང་རྒྱལ་འབར་ཆོས་ཡེ་སོགས། །ཡང་དག་བརྒྱུད་པའི་བླ་མར་གསོལ་བ་འདེབས། །སེམས་ཉིད་རྡོ་རྗེ་སེམས་དཔར་རྟོགས་བྱིན་རློབས། །མདོར་ན་ལྷ་གནས་གསུམ་དང་ཨོ་རྒྱན་སོགས། །ཉི་


JLAZ012_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་བཞིའི་ཡུལ་དང་གནས་སོ་གཉིས། །ཤམྦྷ་ལ་དང་ཟ་ཧོར་འགྲོ་ལྡིང་སོགས། །འཕགས་ཡུལ་ཆོས་ཀྱི་གན་མཛོད་ཆེན་པོ་ནས། །རིག་འཛིན་སྡེ་སྣོད་རྒྱ་མཚོའི་བདག་ཉིད་ཆེ། །ཀླུ་སྒྲུབ་སྙིང་པོ་པདྨ་ཐོད་ཕྲེང་དང༌། །རིག་འཛིན་བརྒྱད་དང་དབང་ཕྱུག་བརྒྱད་ཅུ་སོགས། །མཆོག་གཟིགས་པཎ་གྲུབ་རྣམས་ལས་ལེགས་འོངས་པའི། །རྒྱུད་སྡེ་རྒྱ་མཚོའི་ཚོགས་དང་བྱེ་བྲག་ཏུ། །སངས་རྒྱས་མཉམ་སྦྱོར་ཧེ་རུ་ཀ་ག་ལ་པོ། །རྟ་མཆོག་རོལ་པ་རྔོགས་མ་ལེབ་རྒན་དང༌། །ཟླ་གསང་གཤེད་སྐོར་ཕུར་བ་རྒྱ་མཚོའི་སྡེ། །བདུད་རྩི་བམ་བརྒྱད་ཡུམ་གཟུངས་སྲིད་པ་བེམ། །མགོན་པོ་མངོན་བྱུང་མེ་ལྕེ་འབར་མ་སོགས། །ཆོས་ཀྱི་རྣམ་གྲངས་བཅུ་ཕྲག་ལྔ་སྟོང་གི། །སྒྱུར་བྱེད་ལོ་པཎ་མཁས་དང་སོ་ཟུར་གནུབས། །བབས་སོ་གསུམ་གྱི་བཀའ་བབས་གསུམ་ལྡན་ལས། །སྙན་ནས་སྙན་བརྒྱུད་རིམ་བྱོན་བླ་མ་དང༌། །རྒྱལ་དབང་པདྨའི་གདུང་འཚོབ་འཇིགས་མེད་གླིང༌། །བཀའ་དྲིན་གསུམ་ལྡན་དགོངས་བརྡ་སྙན་བརྒྱུད་བདག །རྒྱལ་ཀུན་འདུས་ཞལ་ངོ་བོར་གསོལ་བ་འདེབས། །གཞི་རྒྱུད་བདེ་གཤེགས་སྙིང་པོའི་དག་བྱ་རྣམས། །ལམ་རྒྱུད་འཕགས་པའི་སྤངས་རྟོགས་ཀྱིས་སྦྱངས་ནས། །སློབ་པ་མིན་པའི་བདེ་ཆེན་འབྲས་བུའི་རྒྱུད། །ཚེ་འདིར་མངོན་གྱུར་སངས་རྒྱས་ཐོབ་བྱིན་རློབས།། །།


JLAZ012_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་ཕྱག་འཚལ་བ་ནི། ཨ་ལ་ལ་ཧོཿཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང༌། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག། ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཤེས་དབང་པོ་དག་པས་ཐུགས་དང་གསུང༌། །བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་མ། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང༌། །ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །རྟག་ཆད་ལྟ་འབྱིན་གསང་བ་ཡུམ་གྱི་ངང༌། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ལ་ཕྱག་


JLAZ012_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །སྟེང་འོག་ཕྱོགས་བཞི་འཇིག་རྟེད་འདུལ་བའི་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང༌། །བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །འཇིགས་བྱེད་འདས་པའི་དུས་ན་སྔོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །དཔལ་ཆེན་ཧེ་རུ་ཀ་རྣམས་ལ་ཕྱག་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང༌། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་བརྒྱན་གྱིས་བཞུགས། །ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གང་ཡང་ཐོགས་མེད་ཅིང༌། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང༌། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ། །དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེངས་སུ། །ཡེ་ཤེས་བསྐལ་བའི་མེ་དཔུང་འབར་བའི་དབུས། །བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་


JLAZ012_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །དམིགས་མེད་ཆོས་ཀྱི་སྐུུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་བའི་སྐུུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་པའི་ཡོན་ཏན་མཐར་ཕྱིན་པ། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ།། །།བདུན་པ་སྤྱི་བཤགས་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་དང༌། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བདག་ལ་དགོངས་སུ་གསོལ། བདག་ཆྒཻ་མོ་ཐོག་མར་འཁྲུལ་པ་ནས་བཟུང་སྟེ་དུས་དེ་རིང་ལ་ཐུག་གི་བར་དུ་མ་རིག་པས་གཞན་དབང་དུ་སོང་སྟེ་ཀུན་འབྱུང་གི་ཉེ་བར་ལེན་པས་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང༌། གཏི་མུག་མངོན་པར་འདུ་བྱས་ཏེ། ལུས་ཀྱི་སྒོ་ནས་སྲོག་བཅད་པ་དང༌། གསོད་སེམས་བསྐྱེད་པ་དང༌། མ་བྱིན་བླངས་པ་དང༌། འདོད་པས་ལོག་པར་གཡེམ་པའི་རིགས། ངག་གི་སྒོ་ནས་བརྫུན། ཕྲ་མ་ཚིག་རྩུབ་ངག་ཀྱལ། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ། མི་དགེ་བཅུ། དེ་བཞིན་གཤེགས་པའི་སྐུུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་ལ་སོགས་ཏེ་མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ་ལ་སོགས་ཏེ་མི་དགེ་བའི་ཕྱི་མོ་རྣམས་ཀྱི་


JLAZ012_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང༌། བཅས་པའི་ཁྲིམས་དགེ་བསྙེན་དང༌། དགེ་ཚུལ་དང༌། དགེ་སློང་སྟེ་སོ་སོར་ཐར་པའི་སྡོམ་པ་རིགས་བདུན་ལ་ཕམ་ལྟུང་དང་ཉེས་བྱས་བྱུང་བ་དང༌། བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་བསླབ་བྱ་སྤྱི་དང༌། རྩ་ལྟུང་དང་སྦོམ་པོའི་རྣམ་གྲངས་ཐ་དད་པ་དང་འགལ་བ་དང༌། ཁྱད་པར་དུ་རིག་པ་འཛིན་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས། རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོང་པ་བླ་མ་ལ་སྨོད་པ་ལ་སོགས་པའི་རྩ་བའི་ལྟུང་བ་བཅུ་བཞི་དང༌། ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད་ལས་ཕས་ཕམ་པ་དང༌། ཁ་ན་མ་ཐོ་བའི་མཐུས་བཅོམ་སྟེ་གསང་སྔགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་པ་ཕྲ་ཞིབ་བསྲུང་དཀའ་བ་ལས་འདས་པ་ཐམས་ཅད་དང༌། རང་བཞིན་དུ་ཉོན་མོངས་པའི་གཞན་དབང་གིས་སེམས་ཟིལ་གྱིས་ནོན་ནས་དཀོན་ཅོག་གསུམ་དང་བླ་མ་ལ་བརྙས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། མཁན་པོ་ལ་མ་གུས་པ་དང༌། བྱང་ཆུབ་སེམས་དཔའ་ལ་སྐུར་བ་བཏབ་པ་དང༌། ཕ་མའི་དྲིན་ལན་མ་བཙལ་བ་དང༌། དཀོན་ཅོག་གི་དཀོར་ཕྲོགས་པ་དང༌། ཚངས་པར་མཚུངས་སྤྱོད་སུན་ཕྱུང་བ་དང༌། བསམ་གཏན་སྒོམ་པའི་ཐུགས་དཀྲུགས་པ་དང༌། དགེ་བ་ཅན་གྱི་ཚོགས་བཅག་པ་དང༌། དད་པ་ཅན་


JLAZ012_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

སུན་ཕྱུང་བ་དང༌། རྒྱུ་འབྲས་ལ་སྐུར་བ་བཏབ་པ་དང༌། སེམས་ཅན་ལ་གནོད་པའི་ལས་བྱས་པ་དང༌། ཁྲེལ་དང་ངོ་ཚ་སྤངས་པ་ལ་སོགས་ཏེ་མདོར་ན་སྡིག་པ་མི་དགེ་བའི་ལས་རང་གིས་བགྱིས་པ་དང༌། གཞན་ལ་བྱེད་དུ་བཅུག་པ་དང༌། བྱས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དེ་དག་ཀྱང་རྟག་པའི་སེམས་དང༌། མངོན་པར་ཞེན་པ་དང༌། གཉེན་པོ་སྟོབས་ཞན་པ་དང༌། ཡུལ་ཁྱད་པར་ཅན་དང་གཞི་ལས་བྱུང་བ་ལ་སོགས་པ་ཁ་ན་མ་ཐོ་བ་ཆེན་པོར་གྱུར་པས་མཚོན། མདོར་ན་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་ཐོགས་མེད་ཀྱི་གཟིགས་པར་ལྡན་པ་རྣམས་ཀྱི་སྤྱན་སྔར་ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས་སོ། །སྔོན་ཆད་ནི་བཀའ་ལས་འདས་སོ། །དེ་ནི་ཉེས་པ་ལ་ཉེས་པར་མཐོང་ལགས་པས་མི་འཆབ་བོ། །མངོན་གྱུར་དུ་སྒྲོག་པས་མི་སྦེད་དོ། །ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་ལགས་སོ། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སྡིག་ལྡན་བདག་ལ་དགོངས་ཤིག །དེང་བདག་གི་འགྱོད་ཚངས་དང་དུ་མ་བཞེས་ན་སྐྱབས་མེད་དོ། །མགོན་མེད་དོ། །དཔུང་གཉེན་དང་བྲལ་ལོ། །དེ་བས་


JLAZ012_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ན་སེམས་ཅན་གྱི་རང་བཞིན་ལས་དང་ཉོན་མོངས་པའི་གཞན་དབང་ཅན་ལགས་པས་དེ་ལ་དགོངས་ཏེ་ཚངས་པར་སྩལ་དུ་གསོལ། ཞེས་སྙིང་ཐག་པ་ནས་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་འགྲུབ་ན་རབ། མ་ལྕོགས་ན་ཉིན་ནུབ་རེ་རེ་མ་ཆག་པར་བྱས་པས་སྡིག་ལྟུང་སོར་ཆུད་པར་འགྱུར་རོ།། །།བརྒྱད་པ་སྤྱན་འདྲེན་ཁྲུས་གསོལ་སོགས་ཚོགས་གསོག་གི་རིམ་པ་ནི། གང་ཞིག་ལུས་པ་མེད་པའི་སེམས་ཅན་གྱི། །མགོན་དང་དཔུང་གཉེན་གྱུར་ཀྱང་བདུད་སྡེའི་དགྲ། །ཇི་ལྟ་ཇི་སྙེད་མཁྱེན་ཅིང་གཟིགས་པ་ཡི། །བཅོམ་ལྡན་བདག་གི་སྡུམ་པར་མཆིས་སུ་གསོལ། །ལས་ཀྱིས་སྤྲུལ་པ་མ་ཡིན་འབྱོན་པའི་ཤུལ། །ཁྲུས་ཀྱི་ཁང་བུ་བརྩེགས་པ་དྲི་བསུང་ཅན། །ཤེལ་དང་ནོར་བུའི་ས་གཞི་ཀ་བར་ལྡན། །གཡུ་དམར་མུ་ཏིག་བླ་བྲེ་དཔྱངས་པ་དེར། །བདེ་གཤེགས་རིགས་ཀྱི་བུ་མཆོག་བཅས་པ་ལ། །སྤོས་ཆུའི་གང་བའི་ནོར་བུའི་བུམ་པ་ནས། །ཁྲུས་ཀྱི་རིམ་གྲོ་བགྱིད་པའི་སྨིན་ལེགས་མ། །གླུ་གར་རོལ་མོའི་འགྱུར་བ་འགྲན་ལ་བརྩོན། །ཉེ་རེག་ཆོ་ག་མཁས་པའི་རི་དྭགས་མིག །དྲིལ་ཕྱིས་བཀུ་མཉེའི་སྲི་ཞུས་གཡེང་བ་ཡང༌། །ཁ་དོག་གཅིག་ཏུ་མི་གནས་དབང་པོའི་ཚོན། །ཐགས་སུ་བཏགས་པ་མེད་པའི་ལྷ་རྫས་ཉོ། །དཔག་བསམ་ལྗོན་པས་བཙོང་བའི་པཉྩ་ལི། །


JLAZ012_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ལྕིད་ཀྱིས་ནོན་སྤངས་སྲབ་འཇམ་ཡང་བའི་གོས། །དྲི་དང་སྤོས་ཆུས་བསྒོས་ཤིང་བྱུགས་པ་དང༌། །རིན་ཐང་བརྗོད་ལ་ཁྲེལ་བའི་རིན་ཆེན་རྒྱན། །གདུ་བུ་དཔུང་རྒྱན་སྙན་ཆ་ཅོད་པན་སོགས། །འདོད་པའི་ཡོན་ཏན་སྤངས་པའི་ཐུབ་དབང་ཡང༌། །བཀྲེན་ལྡན་བསོད་ནམས་སླད་དུ་བདག་གིར་བཞེས། །འཇིག་རྟེན་དབང་ཕྱུག་ལ་སོགས་ཉེ་བའི་སྲས། །ངན་སོང་ཀུན་འདྲེན་ལ་སོགས་བསྐལ་བཟང་གི། །སེམས་དཔའ་བཅུ་དྲུག་དང་ནི་ཁྱིམ་པའི་ཚུལ། །ཆོས་འཕགས་རྟག་ཏུ་ངུ་དང་ལི་ཙ་བཱི། །དྲི་མ་མེད་པར་གྲགས་ལའང་དབུལ་བར་བགྱི། །སྟོང་གསུམ་ཅིག་ཅར་ཁྱབ་པའི་དྲིའི་བཞོན་པར། །འཁྱུད་པའི་ཙནྡན་སྤོས་ཀྱི་བསུང་ཞིམ་དྲིས། །བསོད་ནམས་བྱེ་བའི་འབྱུང་གནས་མཚན་དཔེའི་བྱད། །གསེར་སྦྱངས་བརྟན་པ་འཕྲོག་ལ་བྱུག་པར་བགྱི། །བཏང་སྙོམས་ཡངས་པའི་ཤེལ་གྱི་ས་གཞི་ལ། །བྱམས་པའི་པདྨོ་གེ་སར་སྟོང་བརྡལ་བར། །སྙིང་རྗེའི་ཉི་ཟླ་བཀྲག་ཏུ་འཚེར་བ་བསྟར། །དགའ་ཆེན་བཅོམ་ལྡན་སྲས་བཅས་བཞུགས་སུ་གསོལ། །བབ་ཅོལ་གོམས་པ་མིན་པའི་ལུས་བཏུད་ཀྱི། །སྙིང་གར་གུས་བཅས་མངོན་རྟོགས་ངོམ་པ་ལ། །མེ་ཏོག་དོག་པས་རབ་བཟུང་སྙིམ་པའི་སྣོད། །ག་བུ་ཆུང་གི་བརྟུལ་ཞུགས་འཛིན་པ་ཡིན། ། རིགས་དང་ཞབས་སུ་ལྡན་སོགས་བདེ་


JLAZ012_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཀྱི། །ཡོན་ཏན་མཐའ་དག་གནས་ཀྱིས་བསྐལ་པ་བཞིན། །དད་པའི་སྐྱེད་མོས་ཚལ་དུ་འོང་བའི་མོད། །སྐྱོ་བ་མིན་པའི་བ་སྤུ་གཅིག་ཏུ་ཟིང༌། །ཟླ་གཞོན་ཁྲུས་ལ་འཇུག་པའི་རྫིང་བུའི་ནང༌། །རྨ་བྱའི་བུ་མོ་འཇོ་སྒེག་རོལ་པ་ལྟའི། །ལང་ཚོའི་གྲངས་སྙེད་རྡུལ་གྱི་རྣམ་གྲངས་དང༌། །ཤིན་ཏུ་འཁྲུལ་བ་སྐྱེད་བྱེད་ཕྱག་གིས་བྲེལ། །གཏོང་བའི་ཡན་ལག་རྫོགས་པའི་དངོས་འབྱོར་དང༌། །དེས་ཀྱང་མཚོན་པར་དཔེ་མེད་ཡིད་ཀྱིས་སྤྲུལ། །བླ་ན་མཆིས་པ་མ་ཡིན་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་ཡོན་ལ་ཕྲག་དོག་བགྱིད། །མུ་ཅོར་སྨྲ་བའི་ལས་དང་བག་ཆགས་སྡིག།།དགེ་ལ་འཇིགས་ནས་གཞན་དུ་བྲོས་པའི་གཟུགས། །སྲིད་པའི་མུན་ནག་སྟུག་པོར་འཆབ་པ་ཀུན། །སྟོབས་བཞིའི་ཉིན་བྱེད་འབར་བས་སྦྱངས་ཤིང་བཤགས། །སྦྱོར་བ་གང་གིས་བདག་ཉིད་མ་འཁྲུགས་བཞིན། །བསམ་པའི་ཁྱད་པར་གཅིག་གིས་གཞན་དག་པའི། །རྣམ་དཀར་ཡུད་ལ་འཕྲོག་པའི་ཆོམ་རྐུན་གྱི། །བརྟུལ་ཞུགས་རྗེས་སུ་ཡི་རང་ཁོ་ནས་བྱས། །ཐར་མེད་འཁོར་བའི་སྤྱོད་པ་མ་དུལ་ཞིང༌། །རྣམ་པར་སྲ་མཁྲེགས་ཐ་བ་གང་གིས་ཀྱང༌། །གདུལ་ཐབས་བརྟན་པ་བྲལ་ལ་ཆོས་འཁོར་གྱི། །རྩིབས་རྣོན་མུ་ཁྱུད་འཛིན་དེ་བསྐོར་བར་བསྐུལ། །རྒྱལ་དང་དེ་སྲས་རྣམས་ཀྱིས་སྤངས་གྱུར་


JLAZ012_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །འགྲོ་འདིས་སྡུག་བསྔལ་གནས་སྐབས་རྟེན་མཐོང་ནས། །མྱ་ངན་འདའ་བ་མེད་པའི་གདན་ཁྲི་ལ། །དངོས་པོ་ཀུན་གྱི་རིན་ཐང་གཅིག་ཏུ་སྤུངས། །བདག་ཏུ་བལྟ་བས་འདར་བའི་རྣམ་དཀར་ཡང༌། །སྲིད་པར་ལན་གཅིག་མཐོ་བའི་ཆོ་ངེ་སྟེ། །བྱང་ཆུབ་བསྔོ་བའི་གསེར་འགྱུར་རྩིས་ཐེབས་པ། །འདི་ནི་སྟོན་པ་གཞན་གྱི་ལུགས་ལ་མེད། །ཆོག་ཤེས་བདུད་རྩིའི་བཏུང་བས་མ་ངོམས་ན། །སྐྱེས་བུའི་ཡིད་ལ་མ་གཟུང་མཆོད་སྤྲིན་ཡང༌། །ཚིག་གི་ཕ་མཐར་འཁྱམས་ལ་སྐྲག་གྱུར་ནས། །བདག་ལུས་སྟན་དུ་དབུལ་ལའང་དོ་གལ་བགྱིད། །དཀོན་ཅོག་གསུམ་གྱི་འབངས་སུ་དམ་བཅས་པའི། །གྲིབ་བསིལ་སོ་ཀའི་མེ་ཏོག་འཇོ་སྒེག་ཅན། །རྣམ་ཀུན་འཁྲུག་པའི་གཤིན་རྗེའི་འདུན་སར་ཡང༌། །ཁྲོ་གཉེར་འཇིགས་པའི་རིན་ཐང་ཟད་མི་ཤེས། །དེས་ནི་གཏི་མུག་མཐུས་ནོན་སྡིག་ལྡན་བདག །བྱི་དོར་ཤིན་ཏུ་བརྟེན་པའི་དྭངས་ཤེལ་ལྟར། །བསོད་ནམས་རྙོག་པ་དྭངས་པའི་སེམས་ཀྱི་ནང༌། །སེམས་བསྐྱེད་ཆོ་གས་ཐོབ་པའི་གཟུགས་བརྙན་རྔོམ། །ཉེས་པ་བརྒྱ་ཕྲག་གཡང་སར་ལྷུང་བ་ཡི། །རིམས་ཀྱིས་ཤིན་ཏུ་བཏབ་པའི་ནད་པ་རྣམས། །གསོ་དཔྱད་ཕལ་པའི་མདུན་སར་དབུགས་མི་ཕྱིན། །སྨན་པ་མཆོག་ལ་སྐྱབས་སུ་ལྷག་པར་དོང༌། །མོས་པ་གང་གི་སླད་དུ་འདིར་གཤེགས་ནས། །


JLAZ012_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཁམས་ལ་དགོངས་པའི་སྟོན་མཆོག་ནི། །ཐེག་པ་ཆེན་པོའི་སྐྱེས་བུ་འབའ་ཞིག་པའི། །ཚོགས་ཀྱི་དབུས་ན་ལྷམ་མེར་མཛེས་པ་ལ། །སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཅས་ལ། །དགོངས་སུ་གསོལ་བ་གསུམ་གྱིས་སད་བྱས་ནས། །རྒྱལ་བ་སྲས་དང་བཅས་པའི་ཐུགས་བསྐྱེད་དང༌། །བསླབ་པའི་བརྟུལ་ཞུགས་མཐའ་དག་བླང་བ་ཡིན། །ཉོན་སྒྲིབ་ཟུག་རྔུའི་དུམ་བུ་བཅད་གྱུར་ཀྱང༌། །ཤེས་སྒྲིབ་ཡུལ་གྱི་རོ་ལ་ཆགས་པ་ཡི། །ཉན་རང་དགྲ་བཅོམ་མ་བསྒྲལ་བ་ལས་བསྒྲལ། །གཉིས་ཀའི་འཆིང་བས་ཀུན་ནས་དཀྲིགས་པ་ཡི། །ཚངས་པ་ལ་སོགས་སོ་སོ་སྐྱེ་བོ་ནས། །སློབ་པ་འཕགས་པའྀ་བར་ལ་གནས་པ་ཡི། །སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བ་དང༌། །ཤིན་ཏུ་སྡུག་བསྔལ་དྲག་པོའི་ཤུགས་རིང་ལས། །དབུགས་འབྱིན་ཐོབ་པ་མེད་པའི་ངན་སོང་གསུམ། །དབུགས་འབྱིན་ཆེན་པོའི་གནས་ལ་སྦྱར་བ་དང༌། །མདོར་ན་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཀྱི། །འཁོར་ལོའི་རྒྱར་ཆུད་སེམས་ཅན་ཡོད་དོ་ཅོག།།མི་གནས་ཡེ་ཤེས་མྱ་ངན་འདས་པའི་གྲོང༌། །འགོད་བྱེད་ཆོ་གས་བཟུང་བའི་བརྗོད་པ་ནི། །སྔོན་བྱོན་དྲང་སྲོང་རྣམས་ཀྱི་ལུགས་ལ་བརྟེན།། །།དགུ་པ་ཚད་མེད་བཞི་སྒོམ་པ་ནི། གང་རྣམས་སྡུག་བསྔལ་ཉེན་པ་ལས། །བྲལ་བར་འདོད་པ་སྙིང་རྗེ་ཡིན། །


JLAZ012_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་ཕན་པ་བསྒྲུབ་པ་སྟེ། །ཀུན་ལ་སྐྱོབ་ཅིང་ཕན་པར་དགའ། །རབ་ཏུ་དགའ་བ་དགའ་བ་སྟེ། །དམ་པའི་དོན་ལ་འདུན་པའོ། །ཆགས་སྡང་གཉིས་དང་བྲལ་བ་ནི། །བར་མའི་སེམས་དང་ལྡན་པས་ཏེ། །དོན་དམ་པ་ཡི་བཏང་སྙོམས་སྒོམ།། །།བཅུ་པ་བྱང་སྔགས་སྡོམ་བཟུང་དང་འབྲེལ་བར་ཐེག་པ་ཆེན་པོའི་ལམ་ལ་དམ་བཅའ་བ་ནི། ཨོཾ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང༌། །སྲིད་པ་གསུམ་གྱི་གཉེན་རྒྱུད་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང༌། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང༌། །འདོད་པའི་ཡོན་ཏན་བདག་སྒྲུབ་མ་ལགས་ཏེ། །འགྲོ་བ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །


JLAZ012_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་བསྒྲུབ་པ་གཅིག་པོའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱོད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡིས། །བྱང་ཆུབ་མཆོག་ཏུ་བདག་གི་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་གཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་བཏབས་ཀྱང༌། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང༌། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་སྤོང༌། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང༌། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང༌། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མི་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་


JLAZ012_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པ་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པར། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེས་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང༌། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་སྙིང་རྗེས་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པར་མ་མཆིས་པར། །ཇི་ལྟར་འཚམ་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་གཟུང༌། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང༌། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང༌། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་


JLAZ012_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་བླ་མེད་དང༌། །རྡོ་རྗེ་རྒྱལ་པོ་ཁྱོད་ལ་བརྟེན་ནས་ནི། །སངས་རྒྱས་ཞིང་སྦྱང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོགས་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། །ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་སོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་ཏུ་བདག་མཆི་ན། །དམ་པ་རྣམས་ཀྱི་ནུས་མཐུ་སྩལ་དུ་གསོལ། །སངས་རྒྱས་ཆོས་ཚོགས་ཀྱི་སྐྱབས་སེམས་ལན་གསུམ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འཁོར་བཅས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བརྟན་པར་བཞུགས། ། སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པ་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། ཁྲུས་ཀྱི་ཁང་པ་


JLAZ012_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དྲི་ཞིམ་པར། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲིས་པ་དེར། །ཇི་ལྟར་བསྟམས་པ་ཙམ་ཀྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱིས། །ཨོཾ་བཛྲ་ཝཥྟ་ཡེ་སྭཱ་ཧཱ། སྐབས་འདིར་སྤྲོ་ན་མཎྜལ་ཚོམ་བུ་སོ་བདུན་མ་བླ་མ་འཕགས་པའི་ལུགས་ལྟར་འབུལ། དེ་བཞིན་བསྡུ་ན། ས་གཞི་སྤོས་ཆུས་བྱུགས་ཤིང་ཞེས་པ་ནས། འགྲོ་ཀུན་རྣམས་དག་ཞིང་ལ་སྤྱོད་པར་ཤོག །མཉེས་བྱེད་མཎྜལ་བཟང་པོ་སོགས་ནས། མཁའ་དང་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །ཇི་སྙེད་སུ་དག་སོགས་ཀྱི་ཡན་ལག་བདུན་པ་


JLAZ012_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ལན་གསུམ་གྱིས་ཚད་མེད་བཞི་བསྒོམ་རྗེས། བྱང་སྡོམ་གཟུང་བ་ནི། བྱང་ཆུབ་སྙིང་པོར་མཆིས་གྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། དེང་དུ་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། ། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་གྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་བགྱི།། །།དེ་ནས་རིམ་བཞིན་ཀློང་སྙིང་བརྒྱུད་འདེབས། ཁྲིད་ཡིག་དྲན་པ་ཉེར་གཞག་གི་ངག་འདོན་སྐོར། བླ་མའི་རྣལ་འབྱོར། ཆུ་གཏོར་བརྒྱ་རྩའི་ལྷན་ཐབས། དཀར་དམར་གྱི་གསུར། གསོན་གཤིན་གྱི་བསྔོ་བ། ལེགས་སྨོན་དངོས་གྲུབ་རྒྱ་མཚོ། བར་དོའི་སྨོན་ལམ། དུས་མཐར་གདབ་པའི་སྨོན་ལམ། སྐུ་གསུམ་ཞིང་སྦྱོང་སྨོན་


JLAZ012_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སོགས་བཞུགས་ཀྱང་དེ་རྣམས་ནི་སྔ་ལོ་ནས་ཀློང་སྙིང་པོདགཉིས་སུ་བྱོན་ཟིན་ལ། །༈ རིག་པ་གསུམ་བསྐྱེད་སྨོན་ལམ་ནི། འཁོར་ལོ་འབར་བའི་རྣམ་ཐར་སྒོ་གསུམ་དོན། །དུས་གསུམ་རྟོག་བྲལ་ཡོངས་གྲུབ་ཆེན་པོའི་ངང༌། །སྔོན་གྱི་གནས་དང་འཆི་འཕོ་སྐྱེ་བ་ཤེས། །ཟག་པ་ཟད་དེ་རིག་པ་གསུམ་བསྐྱེད་ཤོག།།འགྲོ་ལ་ཕན་མཆོག་རྒྱལ་བའི་ཐུགས་ལའང་སྨན། །གང་ལ་གནོད་མཆོག་ཀྱང་ནི་དེ་བཞིན་ཕྱིར། །ང་དང་སེམས་ཅན་བདེ་སྡུག་མཚུངས་ཞེས་གསུངས། །དེ་ཕྱིར་འཕགས་པའི་སྤངས་རྟོགས་བདེན་པས་སྐྱོབས། །རྒྱལ་བསྟན་ལྔ་ཕྲག་ཐ་མས་མི་བརྫི་ཞིང༌། །འགྲོ་བའི་བདེ་སྐྱིད་བདུན་གྱི་བདུན་པའི་ཞལ། །ནད་མཚོན་མུ་གེའི་བསྐལ་པ་ངན་པ་དང༌། ། ལོག་སྨོན་བདུད་ཀྱི་གཡུལ་ལས་རྒྱལ་བར་ཤོག །ཞེས་པའང་འབྲུག་པ་ཆོས་གྲགས་ཀྱི་ངོར་རང་བྱུང་རྡོ་རྗེས་སོ།། །།༈ གསོལ་འདེབས་བསམ་པ་མྱུར་འགྲུབ་མ་བཞུགས། ཨེ་མ་ཧོ། མཚོ་དབུས་གེ་སར་པདྨའི་སྡོང་པོ་ལ། ། སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ། །རང་བྱུང་ཆེན་པོ་པདྨ་ཡབ་ཡུབ་ནི། །མཁའ་འགྲོའི་སྤྲིན་ཕུང་འཁྲིགས་ལ་གསོལ་བ་འདེབས། །བསམ་པ་མྱུར་ཏུ་འགྲུབ་པར་བྱིན་གྱིས་རློབས། །ལས་ངན་སྤྱད་པའི་རྣམ་སྨིན་མཐུས་བསྐྱེད་པའི། །ནད་གདོན་བར་གཅོད་དམག་འཁྲུགས་མུ་གེའི་ཚོགས། །ཁྱོད་ཞལ་དྲན་པའི་མོད་ལ་ཟད་བྱེད་པའི། །ཞལ་


JLAZ012_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་སྙིང་ནས་བསྐུལ་ལོ་ཨོ་རྒྱན་རྗེ། །བསམ་པ་མྱུར་ཏུ་འགྲུབ་པར་བྱིན་གྱིས་རློབས། །དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང༌། །ཐོས་པས་རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་ཤེས། །ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ། །སེམས་ཅན་ཀུན་གྱི་རྒྱུད་ལ་རང་ཞུགས་ནས། །འཇིག་རྟེན་བདེ་སྐྱིད་ལྡན་པར་དབུགས་འབྱིན་མཛོད། །བསམ་པ་མྱུར་ཏུ་འགྲུབ་པར་བྱིན་གྱིས་རློབས། །གང་ལ་ནད་དང་སྡུག་བསྔལ་མི་འདོད་རྐྱེན། །འབྱུང་པོའི་གདོན་དང་རྒྱལ་པོའི་ཆད་པ་དང༌། །མེ་ཆུ་གཅན་གཟན་ལམ་ཕྲང་འཇིགས་པ་ཆེ། །ཚེ་ཡི་ཕ་མཐར་གཏུགས་པའི་གནས་སྐབས་ཀུན། །སྐྱབས་དང་རེ་ས་གཞན་དུ་མ་མཆིས་པས། །ཐུགས་རྗེས་ཟུང་ཞིག་གུ་རུ་ཨོ་རྒྱན་རྗེ། །བསམ་པ་མྱུར་ཏུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་བོད་ཁམས་ནད་མུག་མཐའ་དམག་ཞི་ཞིང་བསྟན་འགྲོའི་བདེ་སྐྱིད་གསོ་བར་ཕན་ན་སྙམ་པས་དད་ལྡན་རྣམས་ཀྱིས་ཐུགས་ལ་བཞུགས།། །། ༈ ལྷ་མོ་འོད་ཟེར་ཅན་ལ་བསྟོད་པ། ཨོཾ་ལྷ་མོ་འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་བདུད་ཀྱི་བདུད་དགྲ་ཆེན་མོ། །གཞན་གྱིས་མི་ཐུབ་རྣམ་པར་འཇོམས་མ། །ཉི་མ་ཟླ་བའི་མདུན་ནས་འགྲོ་ཞིང༌། །ཆུ་སྲིན་རྒྱལ་མཚན་རྣམ་པར་སྐྲོད་མ། །ཁྱོད་ལ་གསོལ་བ་བཏབ་པ་ཙམ་གྱིས། །དགྲ་ཡི་དཔུང་ནི་རྣམ་པར་ཆོམས་ཤིག །བསད་དང་དབྱེ་དང་བསྐྲད་རྨོངས་བྱེར་བས། །ཕྱོགས་ལས་རྣམ་


JLAZ012_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དངོས་གྲུབ་སྩོལ་ཅིག །དུས་འཁྲུགས་གི་འཇིགས་པ་སྐྱོབ་ཕྱིར་རིག་འཛིན་འཇིགས་བྲལ་གླིང་པས་སོ།། །། ༈ རྒྱ་རོང་དབོན་སྤྲུལ་ལ་གནང་བའི་སྨོན་ལམ། ཀ་བ་མེད་པའི་བྲག་ཕུག་རང་ཤོང་ནང༌། །ཁ་ཏོན་བརྩོན་ཞིང་ངེས་འབྱུང་སྐྱོ་ཤས་བསྒོམ། །ག་བུར་ངད་ལྡང་ཚུལ་ཁྲིམས་དག་པའི་རྒྱུ། །ང་རྒྱལ་གཞན་གནོད་གཞི་བཅས་སྤང་བར་ཤོག །ཅ་ཅོའི་ངག་འཁྱལ་གྲོགས་ངན་ལ་བརྟེན་འབྱུང༌། །ཆ་མེད་གནས་སུ་གཅིག་པུར་སྡེ་སྣོད་བལྟ། །ཇ་ཆང་ལོག་འཚོའི་དཀོར་ལ་བམི་རྔམས་པར། །ཉ་སྟོང་ཡང་དག་གསོ་སྦྱོང་ལེན་པར་ཤོག །ཏ་ཐཱ་ག་ཐའི་བསྟན་ལ་རབ་བྱུང་ནས། །ཐ་ཆད་ཁྱིམ་པའི་བྱ་བ་མི་བྱེད་ཅིང༌། ། ད་ལྟ་ཉིད་ནས་བདེན་བཞིའི་དོན་བསྒོམ་སྟེ། །ན་རྒ་སྐྱེ་འཆིའི་མཚོ་ལས་སྒྲོལ་བར་ཤོག །པ་ཙ་ཀླ་ཀློའི་ཆོས་ལུགས་མི་བགྱིད་པར། །ཕ་རོལ་ཕྱིན་པའི་ལམ་ལ་དད་བྱས་ཏེ། །བ་ལང་ལྟ་བུའི་འགྲོ་ལ་སྙིང་རྗེ་བསྐྱེད། །མ་རིག་སྲིད་པའི་རྒྱ་མཚོ་སྐེམས་ནུས་ཤོག །ཙ་ན་ཤི་ཡོངས་སྙམ་པའི་ངེས་འབྱུང་གིས། །ཚ་གྲང་དཀའ་སྤྱད་ཆོས་ལ་བཟོད་པ་དང༌། །ཛཱ་ཏི་སྲུང་བ་བཞིན་དུ་བྱང་ཆུབ་སེམས། །ཝ་ལྟར་རི་སུལ་འགྲིམས་ནས་བསྒོམ་པར་ཤོག །ཞྭ་ཐོད་བཞིན་དུ་བླ་མ་དཀོན་མཆོག་བསྟེན། །ཟ་མ་ཏོག་བཞིན་སྡོམ་པ་དམ་ཚིག་བསྲུང༌། །འ་ཅག་འབའ་ཞིག་བསམ་ན་གཞན་དོན་ཉམས། །ཡ་རབས་སྤྱོད་པས་འགྲོ་དོན་བྱེད་པར་ཤོག །རྭ་ཚགས་གསོད་ཅིང་


JLAZ012_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

རྔོག་ཆགས་རྟ་ཁལ་བརྟེན། །ལ་ཀླུང་ཉུལ་བའི་ཚོང་དང་སྒར་བསྐོར་སོགས། །ཤཱཀྱ་ཐུབ་པའི་རིང་ལུགས་མ་ཡིན་པས། །སཱ་ལའི་ཤིང་དྲུང་སྦྱངས་ཡོན་ལ་གནས་ཤོག།།ཧ་ཅང་སྙིགས་མར་གྱུར་པའི་དུས་ཚོད་འདིར། །ཨ་དོན་ཆོས་ཉིད་བདེན་པ་མ་མཐོང་ན། །ཆོས་ལྟར་བཅོས་པ་ཐམས་ཅད་ངན་སོང་རྒྱུར། །མཐོང་ནས་སྨོན་ལམ་དྲང་པོར་བཏབ་པའོ། །མདོ་ཁམས་རྒྱ་རོང་པ་དབོན་སྤྲུལ་གྱི་ངོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། །།དགེའོ། །དགེའོ། །དགེའོ།། །།


previousཆོས་སྤྱོད་བསྟན་པ་ཡོངས་རྫོགས།no next