cover

རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།

ཨ་འཛོམ་པར་མ་གླེགས་བམ། པ༽

རིག་འཛིན་འཇིགས་མེད་གླིང་པ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐུག་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། གྲུབ་དབང་རྫོགས་ཆེན་པའི་བསྟན་པ་ལ་ལྷག་བློ་མཆོག་ཏུ་དཀར་བ་ཉག་རོང་བླ་མ་ཀུན་བཟང་རིག་འཛིན་མཆོག་གིས་རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ་ཆ་ཚང་ཞུ་དག་ཟིན་པ་ཞིག་འདིར་གནང་འབྱོར་བྱུང་བ་ལགས་ན། སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་། ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ། གཞན་ཡང་གཞི་རྒྱ་ཆེ་བའི་ལས་རིམ་འདིའི་ཐོག་ཏུ་དངོས་སུ་ཕྱག་རོགས་པ་ཚོང་དཔོན་པདྨ་དོན་ཡོད་ལགས་དང་། ཕྱི་གླིང་པ་ Gerry Wiener གྷེ་རེའི་ཝི་ནེར། Jeff Furlong རྗེཕུ༹་ལཱོང་རྣམ་པ་གསུམ་ནས་བརྩོན་པ་ཐང་ལྷོད་མེད་པ་གནང་བ་དང་། གཞན་ཡང་ལས་གཞི་འདིའི་ཐོག་དངོས་དང་བརྒྱུད་ནས་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུ།

ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

མཆོད་བརྗོད།


JLAZ013_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་པ་རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན་ཞེས་བྱ་བ་བཞུགས་སོ། །


JLAZ013_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རྣམས་ཡེ་ཤེས་གཟུགས་ཀྱི་འཇོ་སྒེག་ངོ་མཚར་གྲུབ་པའི་ཞལ་སྐྱིན་ཅན། །


JLAZ013_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འབར་དང་འཇམ་རྒྱས་ཆགས་པའི་བརྟུལ་ཞུགས་ཤིན་ཏུ་ཤུགས་དྲག་ཐུགས་རྗེའི་བྱིན། །


JLAZ013_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་སྟོང་གི་དབུས་ན་མངོན་མཐོ་ལྷུན་གྲུབ་རིག་འཛིན་པདྨའི་ཞབས། །


JLAZ013_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་གསུམ་གྱི་འཇིགས་པ་འཕྲོག་གིན་གངས་ཅན་བསྟན་འགྲོའི་གཙུག་ན་མཛེས། །


JLAZ013_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་རྟེན་ཅིང་འབྲེལ་འབྱུང་ཆོས་ནི་གཅིག་དང་དུ་མར་ཡོང་ཡེ་མ་བཟུང་དངོས་དང་དངོས་མེད་ངོ་བོ་ཉིད། །མཁའ་བཞིན་ཤིན་ཏུ་རྣམ་པར་མི་རྟོག་སོ་སོར་རང་གི་རིག་བྱ་ཉིད་དེ་སྤྲོས་པ་ཉེར་ཞི་ཆོས་ཀྱི་སྐུ། །མཐའ་གཉིས་དགྲ་བཅོམ་ངེས་པ་ལྔ་ཡི་ཆོས་ཀྱི་རྒྱལ་སྲིད་ཆེན་པོས་འབྱོར་པ་ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས། །མ་ལུས་མི་ལུས་ལུས་པ་མེད་གང་རྣམ་བྱང་སླད་དུ་སྣ་ཚོགས་སྤྲུལ་པའི་རྗེས་སུ་སོན་པ་དེར་ཕྱག་འཚལ། །གྲངས་མེད་གསུམ་གྱི་ཚོགས་གཉིས་པིར་རྩེས་མཚན་དཔེའི་ངོ་མཚར་བྲིས་པའི་གཏམ། །བློ་མཆོག་རྣམས་ཀྱི་ཁྱད་པར་མ་ཡིན་ཐུག་མཐའ་མེད་པའི་ཆོས་ཉིད་ནས། །རྣམ་པ་ཀུན་གྱི་མཆོག་ལྡན་གང་ལས་གཞན་ཡང་འཕོ་མེད་ཤཱཀྱའི་ཏོག །བྱེ་བ་ཕྲག་བརྒྱའི་ཞིང་གི་འགྲོར་སྣང་རིན་ཆེན་རྣམ་གསུམ་གཙུག་ན་སྤྱོན། །འཁོར་བ་མྱང་འདས་ཀ་ནས་རྣམ་དག་སྟོང་ཆེན་ཡེ་ཤེས་ཕྱག་རྒྱའི་དངོས། །ལྷུན་གྲུབ་མཚན་དཔེར་མངའ་དབང་རྫོགས་པའི་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །གང་ལས་དུ་མར་མ་ཕྱེད་མི་འབྱེད་རིགས་བརྒྱ་རིགས་ལྔ་རིགས་ཀུན་བདག །ཞི་དང་ཁྲོ་བོའི་རྣམ་འགྱུར་མཐའ་ཀླས་ཚོམ་བུའི་འཁོར་ལོ་ལ་ཕྱག་འཚལ། །ཚིག་དང་ཡི་གེའི་སྤྲོས་པ་ཀུན་བྲལ་རྒྱལ་ཐབས་སྤྱི་བླུགས་རིག་པའི་དབང་། །གསང་བདག་དཔའ་བོའི་བྱིན་གྱིས་ཐོབ་ལས་


JLAZ013_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་གསུམ་འབུམ་ཕྲག་དྲུག་ཅུའི་མཛོད། །ཐུགས་ཀྱི་དཔལ་བེར་བཅུད་དུ་འདྲིལ་ལས་ཐེག་མཆོག་སྟོན་པ་དགའ་རབ་རྗེ། །འདས་རྗེས་ཐོབ་པའི་པཎ་གྲུབ་རྣམ་གསུམ་གཙུག་ཏོར་ཛ་ལནྡྷ་རའི་ཏོག །རྒྱལ་རིགས་གང་ཟག་འབབ་ལྡན་ཀླུང་ལ་བསྟན་པའི་ཆུ་མགོའི་རླབས་ཕྲེང་གཡོ། །རིགས་ཅན་ལྔ་དང་གླེགས་བམ་དབང་ཐོབ་ལུང་བསྟན་རྡོ་རྗེ་ཀུ་ཀུ་རཱ། །སངས་རྒྱས་གསང་བ་ནཱ་གཱ་རྫུ་སོགས་དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱད། །རྣམ་གསུམ་ཡོ་གའི་ཤིང་རྟ་ཆེ་རྣམས་གཙུག་གི་ནོར་བུ་ལས་གཞན་གང་། །རྫོགས་པ་ཆེན་པོ་བརྗོད་དུ་མེད་པའི་འཕོ་ཆེན་ཡེ་ཤེས་རྡོ་རྗེའི་ཁམས། །རང་དབང་གྱུར་ལས་བཅུ་དྲུག་ཡེ་ཤེས་བླ་མའི་སར་གཤེགས་བི་མ་ལ། །གངས་རིའི་ཁྲོད་ན་རྡོ་རྗེའི་ལམ་ལ་རྣལ་དུ་འབྱོར་པའི་ས་མཁན་དུ། །ཐོབ་ལས་འཇའ་ལུས་གྲུབ་མཐའ་སྙོགས་པའི་གྲགས་པ་ནམ་མཁར་ཤོང་བ་མིན། །ཐུབ་བསྟན་སྡེ་སྣོད་ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་ཐོགས་མེད་ཕྱོགས་ཀྱི་གླང་། །འགྲེལ་མཛད་དབྱིག་གཉེནའཕགས་པ་ལྷ་དང་ཆོས་ཀྱི་གྲགས་པ་འཛམ་གླིང་རྒྱན། །སྒྲ་གཅན་འཛིན་དང་དཔའ་བོ་ཆོས་སྐྱོང་ཡོན་ཏན་འོད་སྟེ་ཆེན་པོ་བཞི། །ཞི་བའི་ལྷ་དང་ཙནྡྲ་གོ་མིའི་རྣམ་དཔྱོད་རྒྱལ་བསྟན་སྲོག་ཤིང་ཉིད། །འདི་ན་གངས་ཅན་མུན་པའི་གླིང་


JLAZ013_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྤུན་ཟླར་བྱས་ཏེ་ཤིན་ཏུ་ཡང་། །བློ་ལ་གདུང་བའི་ཁུར་དུ་ལྕིད་ལ་ཆོས་རྒྱལ་མེས་དབོན་གསུམ་མཉམ་ཡང་། །ཐུགས་བསྐྱེད་དཔུང་པ་བཙན་པོའི་འཁྲུལ་འཁོར་དམ་བཅའི་རི་མོ་མ་རྨད་པས། །ལྗོངས་འདིར་རྒྱལ་བསྟན་ཤིང་རྟའི་ཁ་ལོ་དྲངས་པ་མིན་ནམ་ཁྲི་སྲོང་རྗེ། །སྲིད་ལ་ངེས་འབྱིན་སྡོམ་བརྩོན་ཡོངས་ཀྱི་སྐྱེད་བྱེད་མཁན་པོ་ཞི་བ་འཚོ། །ཆོས་རབ་འབྱེད་པའི་སྤྱན་མི་འཛུམ་པ་འཇིག་རྟེན་མིག་གཅིག་བཻ་རོ་རྗེ། །རྨ་གཉགས་ལ་སོགས་སྐད་གཉིས་སྨྲ་དབང་བསྟན་པའི་གསལ་བྱེད་ལོ་པཎ་སོགས། །གྲུབ་བརྙེས་དབང་པོ་བཅུ་ཕྲག་གཉིས་དང་ལྷག་བཅས་ལྔ་ཡི་འཁོར་ལོར་འདུད། །རབ་འབྱམས་ཤེས་བྱར་སྲིད་དོ་ཅོག་གི་རིན་ཆེན་སྣ་བདུན་མདུན་ནས་བདར་ཁྱོད་ཕྱོགས་ཀྱི་གླང་པོ་ད་གདོད་འཁྲུལ། །རྒོལ་ངན་རྩོད་པས་ཐལ་བར་བརློག་ལ་ཡན་ལག་བཞི་པའི་གཡུལ་ངོ་བཤམས་གང་ཆོས་ཀྱི་གྲགས་པར་འཕྱང་མོ་ཉུག །འཆད་དང་རྩོམ་པའི་གསེར་འཁོར་རྩིབས་སྟོང་ཐོགས་རྡུགས་མེད་པར་མཁའ་ལ་སོང་འདི་དབྱིག་གཉེན་འམ་ནི་དཔའ་བོའི་ཞབས། །ཤིང་རྟའི་ལམ་སྲོལ་མང་བཀུར་ཁྲི་ལ་རྡོ་རྗེ་སྙིང་པོའི་རྒྱལ་རྔ་ལེགས་བརྡུང་ཀུན་མཁྱེན་ངག་གི་དབང་པོ་རྒྱལ། །ཤེས་བྱའི་གནས་ལ་མི་མཁྱེན་བྱ་བ་གལ་ཏེ་སྲིད་ན་སྡང་ཞེན་མ་ཡིན་མོད་ལ་ཟ་བའི་རོང་ཟོམ་ཞབས། །


JLAZ013_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་གྲུབ་པས་ཧེ་རུ་ཀ་ཡི་བརྟན་པ་ཉེར་འཕྲོག་གཟུངས་དང་ཟད་པར་གསད་གསོའི་དབང་ཕྱུག་ཟུར་མེས་དབོན། །རྒྱུད་དང་སྡེ་སྣོད་རྒྱ་མཚོར་སྤྱོད་ལ་འགྲན་གྱི་དོ་མེད་གཡུང་སྟོན་རྗེ་དང་མངའ་རིས་པཎ་ཆེན་པདྨ་དབང་། ། སོ་ཟུར་གནུབས་ཏེ་སྔ་འགྱུར་བསྟན་པའི་བབས་སོ་གསུམ་ལས་ལེགས་འོངས་མཁས་དང་གྲུབ་དབང་ཀུན་ལ་ཕྱག་བཙལ་ནས། ། འདི་ནས་སྐུ་གསུམ་སྟོན་པས་ལེགས་གསུངས་བསྟན་པའི་ངོ་བོ་ལུང་རྟོགས་ཆོས་ཚུལ་མ་ལུས་ལུས་པ་མེད་པའི་སྒོ། །རྣམ་གསུམ་ཡོ་གའི་རྒྱུད་སྡེར་རྫོཊ་པ་བཙོ་སྦྱངས་འཛམ་བུ་ཆུ་བོའི་གསེར་ཞུན་སྐལ་བ་མཆོག་གིས་བསྒྲུབ་བྱའི་དངོས། །དམ་ཆོས་འཇིག་པའི་ཆུ་གཏེར་རུམ་དུ་བྱིང་གིས་དོགས་པས་མེ་ཚོགས་སྤུ་གྲིའི་འཁྲུལ་འཁོར་བཟོད་པའི་སྙིང་སྟོབས་ཤུགས། །རང་ཞལ་ངོམ་པའི་ངོ་མཚར་གཏམ་གྱི་གཟུཊ་བརྙན་སྟོན་ན་སུ་ཞིག་ངག་གི་དབང་ཕྱུག་གྲུབ་པ་བདེན་དཔང་སྤྱོན། །དེ་ལ་འདི་སྐད་ཅེས། མི་མཇེད་འདི་ན་མཐུ་དབང་དང་དཔལ་འབྱོར་གྱིས་ཤིན་ཏུ་སྙེམས་པ་ཚངས་པ་དང་། དབང་པོས་ཕྱག་བྱས་ཤིང་། དྲང་སྲོང་གྲུབ་པ་མཆོག་གིས་ཀྱང་རབ་ཏུ་བསྟོད་ཅིང་བསྔགས། ལྷ་དང་ལྷ་མིན་དྲི་ཟ་གྲུལ་བུམ་མིའམ་ཅི་ཀླུ་མཆོག་རྣམས་ཀྱིས་


JLAZ013_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མགོ་བོས་ཕྱག་བྱས་པས། སྲིད་ཞི་མ་ལུས་པའི་གཙུག་ཏོར་གྱི་རྩེ་མོར་ཞབས་སེན་ལེགས་པར་བཀོད་ཅིང་། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཚད་མེད་པས་སྲིད་པ་གསུམ་གྱི་ཁམས་ཞིང་གི་རྡུལ་སྙེད་དང་འཚམ་པའི་འགྲོ་བ་རྣམས་ཀྱི་མ་འདྲིས་པའི་མཛའ་བཤེས་སུ་གྱུར་པ་ནི་རྒྱལ་བ་བུ་རམ་ཤིང་པ་ཉིད་དོ། །དེ་ཉིད་ཀྱི་ལེགས་པར་གསུངས་པའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེའི་གྲིབ་བསིལ་ལ་ངལ་གསོའི་དབུགས་འབྱིན་ཐོབ་པ་རྣམས་འཕྲལ་ཡུན་གྱི་ཕན་བདེ་མ་ལུས་པའི་འབྱུང་གནས་གཅིག་པུར་ངེས་པ་ནི་དམ་པའི་ཆོས་ཁོ་ནའོ། །འདིར་དེ་ཉིད་འཇིག་རྟེན་གྱི་སྒྲོན་མར་གསལ་བའི་དངོས་པོ་ངེས་པར་བསྟན་པ་ལ་སྤྱི་དོན་རྣམ་པ་དགུ། སྟོན་པ་འཇིག་རྟེན་དུ་བྱོན་ཚུལ། དེའི་བསྟན་པ་འཕགས་པའི་ཡུལ་དུ་སུ་ཞིག་གིས་བསྐྱངས་པ། བསྟན་པ་དེ་ཉིད་བོད་དུ་བྱོན་ཚུལ། དེ་ལས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་། དེ་འཛིན་བྱེ་བྲག་ཏུ་བཤད་པ། བསྟན་པ་དེ་དག་གི་ངེས་འབྱེད་གསལ་བའི་འབྲས་བུ། དེ་ལ་བྱ་བ་ལས་ཀྱི་འཁོར་ལོས་ཞབས་ཏོག་ཇི་ལྟར་བྱས་པ། ཆོས་ཀྱི་རྣམ་གྲངས་དེ་སྙེད་ཀྱི་བཞུགས་ཚུལ། དགེ་རྩ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་རྣམ་གྲངས་དགུ་ཡིས་སྟོན་ཏོ། །

སྟོན་པ་འཇིག་རྟེན་དུ་བྱོན་ཚུལ།


JLAZ013_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དང་པོ་ནི། བདག་ཅག་གི་སྟོན་པ་འདིས་དང་པོར་ཐུགས་བསྐྱེད་པ་ནས་བཟུང་སྟེ་ལམ་ལྔའི་འཁོར་ལོ་མངོན་དུ་མཛད་ནས་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་སྟོན་པ་ལ་མི་མཐུན་པ་མེད་དེ་ཐེག་ཆེན་པོའི་ཁྱད་པར། ལངྐར་གཤེགས་པ་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་སངས་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་དེར་སངས་རྒྱ། །ཞེས་པས་ལམ་ལྔའི་ཡོན་ཏན་མངོན་དུ་མཛད་པའི་མཐར་སངས་དངོས་འོག་མིན་དུ་རྒྱས་པས་འཛམ་བུའི་གླིང་གི་མཛད་པ་བཅུ་གཉིས་ཚུལ་བསྟན་པ་ཡིན་པར་འདོད་ཅིང་། རྟེན་དེ་ལའང་སྐྱེ་འཕགས་ཀྱི་ཁྱད་པར་ཡོད་པས་ལམ་ལྔའི་འགྲོས་ཀྱང་དེ་དང་མཐུན་པར་བལྟའོ། །སྒྱུ་འཕྲུལ་བླ་མ་ལ་སོགས་པའི་གསང་སྔགས་ཁ་ཅིག་འདི་དང་རྣམ་པ་མཚུངས་པ་ལ་ཁྱད་པར། དཀའ་སྤྱད་ཀྱི་ཚེ་སྐུ་ཆུ་ཀླུང་གི་འགྲམ་ལས་མི་གཡོ་བཞིན་དུ་ཐུགས་རང་སྣང་དོན་གྱི་འོག་མིན་དུ་སངས་རྒྱས་རྣམས་ལས་འོད་ཟེར་ཆེན་པོའི་དབང་ནོད་ནས་དེ་བཞིན་གཤེགས་པའི་ཚུལ་ནི་དེ་ཉིད་ལས། དོན་གྲུབ་དཀའ་ཐུབ་ལུས་ཅན་ལ། །ཕྱོགས་བཅུའི་རྒྱལ་བ་སྤྲིན་བཞིན་དུ། །འདུས་པས་ལོངས་སྤྱོད་དོན་


JLAZ013_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱིར། །སྲོད་དང་ཐོ་རངས་དུས་ཉིད་དུ། །ཉི་ཟླ་ཟ་བའི་དབང་བྱིན་ནས། །རོལ་པའི་ཀ་ར་བསྟན་པ་ཡི། །དེ་བཞིན་དེ་བཞིན་གཤེགས་པའོ། །ཞེས་སོ། །དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལུགས་དེ་དག་ནི་གདུལ་བྱའི་ངོ་ལ་དགོངས་པ་ཙམ་དུ་ཟད་ཀྱི། ངེས་པའི་དོན་དུ་འདི་ནི་བསམ་པར་མི་ནུས་ཏེ། ཆོས་ཀྱི་སྐུ་ཐོག་མ་མེད་པའི་དུས་ནས་གདོད་མའི་གནས་སུ་མངོན་པར་བྱང་ཆུབ་ཅིང་། དེ་ལས་གཡོས་པ་མེད་བཞིན་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ཚད་མེད་པ་གང་འདུལ་གྱི་ངོར་འཆར་ནུབ་ལྟར་སྣང་བའི་ཚུལ་རྡོ་རྗེའི་གནས་ཆེན་པོ་རྣམས་ནས་སྟོན་པ་ཡིན་ཏེ། ཡིད་བཞིན་རིན་པོ་ཆེ་བཀོད་པའི་རྒྱུད་ལས། ཀུན་གྱི་སྔོན་རོལ་སངས་རྒྱས་པ། །རྡོ་རྗེའི་འཛིན་རྒྱལ་གསང་བ་ཆེ། །བསམ་ཡས་ཞིང་དུ་རྣམ་པར་རོལ། །གྲངས་མེད་སྔ་ཕྱི་དུས་ཀུན་དུ། །ཞི་དང་ཁྲོ་ཚུལ་དཔག་མེད་ཅིང་། །རྔོན་དང་སྨད་འཚོང་ལ་སོགས་གཟུགས། །སྣ་ཚོགས་ཚུལ་གྱི་དོན་མཛད་ཀྱང་། །ད་དུང་བསྐལ་པ་བཟང་པོ་འདིར། །འདྲེན་པ་སྟོང་དུ་བསྒྱུར་མཛད་ཅིང་། །དེ་བཞིན་སྣ་ཚོགས་ཚུལ་འཆང་བས། །དཔག་མེད་འགྲོ་བའི་དོན་མཛད་དོ། །ཞེས་སོ། །དེ་ལ་འཛམ་བུའི་གླིང་འདིར་མཛད་པ་བཅུ་གཉིས་ཀྱི་དོན་མཛད་པའི་ཚུལ་


JLAZ013_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱི། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་སྟོན་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པ་ལས། བདག་ཅག་གི་སྟོན་པ་འདི་དགའ་ལྡན་གྱི་ལྷའི་གནས་རིས་བཟང་པོ་ན་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ནས། ལྷ་རྣམས་ལ་ཆོས་སྟོན་ཅིང་དེ་རྣམས་དང་ཐབས་ཅིག་གོ །དེའི་ཚེ་འཁོར་གྱི་ཁྱམས་སུ་མར་མེ་མཛད་ཀྱི་ལུང་བསྟན་བསྐུལ་བའི་ཚིགས་སུ་བཅད་པ་རོལ་མོའི་སྒྲ་ལས་རང་བྱུང་བས། དམ་པ་ཏོག་དཀར་ཆོས་ཀྱི་མངོན་པར་མཐོ་བའི་ཁང་བཟང་དུ་ཁྲི་རབ་ཏུ་བཟང་པོ་ལ་བཞུགས་ནས། འཛམ་བུའི་གླིང་དུ་སྐྱེ་བ་འཛིན་པའི་མཛད་པ་སྟོན་པ་ལ། གླིང་དང་། རིགས་དང་། ཡབ་དང་། ཡུམ་དང་། དུས་དང་ལྔའི་ཁྱད་པར་གྱིས་གཟིགས་པ་ལྔ་ལ་


JLAZ013_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་སོ། །དེ་ལྟར་གཟིགས་ནས་ལྷ་རྣམས་ལ་ཁོ་བོ་འཛམ་བུའི་གླིང་དུ་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཉིང་མཚམས་སྦྱར་ནས་བདུད་རྩི་ཟབ་མོ་ནི་མངོན་དུ་བྱེད། རྟོག་གེ་པ་བཅོ་བརྒྱད་ནི་ཟིལ་གྱིས་གནོན་པར་བྱེད། འགྲོ་བ་མང་པོ་ནི་རྣམ་པར་བྱང་བ་ལ་འགོད་པར་བྱེད་པའི་གསུང་གིས་དབུགས་ཕྱུང་ནས། བྲམ་ཟེའི་རིག་བྱེད་ཀྱིས་རྗེས་སུ་བསྟན་པའི་གླང་པོ་གཞོན་ནུ་ཐལ་ཀར་གྱི་རྣམ་པས་ཡུམ་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་གཤེགས་སོ། །གཤེགས་ནས་ཀྱང་ལྷུམས་དེ་ནི་བལྟ་ན་སྡུག་པ། སྲིད་པའི་འདུ་བྱེད་ཀྱིས་རྣམ་པར་དབེན་པ། རྒྱལ་སྲས་རྣམས་ཀྱི་ཉེ་བར་སྤྱད་པའི་གཞལ་མེད་ཁང་དུ་བྱིན་གྱིས་བརླབས་ནས་ལྷ་མི་ཁྲི་ཁྲག་བྱེ་བ་མང་པོ་ལ་སྐྱེ་གནས་ཡོངས་སུ་སྦྱོང་བའི་ཆོས་སྟོན་ཏོ། །དེར་ས་བཅུའི་ངེས་པ་མཚོན་པའི་ཟླ་བ་བཅུའི་ཕུང་པོ་ནི་རྫོགས། རྣམ་པ་ཉི་ཤུས་བྱང་ཆུབ་པའི་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟ་བུ་འཇིག་རྟེན་གྱི་བསོད་ནམས་ལུམྦིའི་ཚལ་གྱི་ཐོབ་པའི་དུས་ལ་བབས་ཏེ། ཡུམ་གྱི་རྩིབ་མའི་སྒོ་འཕར་ནས་ལེན་པ་མེད་པར་རང་བྱོན་ཏོ། །དེའི་ཚེ་རྒྱལ་རིགས་ཀྱི་བུ་སྤྱི་བོ་ནས་དབང་བསྐུར་བའམ། མི་བསྐྱོད་རྡོ་རྗེ་ལ་སོགས་པའི་སངས་རྒྱས་ཐམས་ཅད་རང་གི་ངོ་བོར་གྱུར་པ་རིགས་སད་པའི་མཚོན་བྱེད་ལྷའི་བུ་རྣམས་ནི་ནམ་མཁའི་དབྱིངས་ནས་ཁྲུས་ཀྱི་བྱ་བ་ལ་


JLAZ013_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བརྩོན། བར་སྣང་གི་ལྷ་དག་ནི་བསྟོད་དབྱངས་ཀྱི་སྲི་ཞུས་རྣམ་པར་གཡེང་། ཚངས་པ་དང་བརྒྱ་བྱིན་གྱིས་གོས་ཟུང་གི་རེག་པ་འཕྲོད་པར་བྱེད། བྱང་ཆུབ་སེམས་དཔའ་བཙས་མ་ཐག་པ་ནས་ཚད་མེད་བཞིའི་ལམ་ལ་ཕྱོགས་པ་ལ་རིངས་པ་སྟོན་ཕྱིར་ཕྱོགས་བཞིར་གོམ་པ་བདུན་བདུན་འདོར་བའི་ཤུལ་ནས་ལྷས་ཕུལ་པའི་པདྨོའི་གེ་སར་ཀྱང་ལྷམ་མེར་གསལ་ལོ་ཞེས་གྲགས་སོ། །གང་གི་ཚེ་ལུམྦིའི་ཚལ་དུ་མེ་ཏོག་རྣམས་རང་ཁ་བྱེ། གཅུང་དགའ་བོ་ལ་སོགས་པའི་ཤཱཀྱ་གཞོན་ནུ་ལྔ་བརྒྱ་དང་། སྔགས་ལྡན་ལ་སོགས་པ་གཞོན་པའི་མཆོག་ལྔ་བརྒྱའང་བཙས། ས་ཆེན་པོ་འདི་རབ་ཏུ་གཡོས་ཤིང་འོད་ཟེར་གྱི་སྣང་བ་ཆེན་པོས་ཁྱབ་པས། ཁམས་ཀྱི་རྒྱལ་ཕྲན་བཞི་པོ་དག་རང་རང་ལ་བུ་བཙས་པའི་རྟགས་སུ་རློམ་པར་བྱེད་དོ། །དེ་ནས་ཀུན་གྱི་བཤེས་གཉེན་དང་། སྲིན་བུ་གོ་ཆ་ལ་སོགས་པར་ཡི་གེ་དང་། རྩིས་དང་། ཞང་པོ་བཟང་ལེན་ལས་གླང་པོའི་གཉར་ཞོན་པ་སོགས་སྒྱུ་རྩལ་གྱི་གནས་མང་པོ་ལ་མཐའ་གཏུགས་པའི་ཉམས་འོག་ཏུ་ཆུད་པར་མཛད་ཅིང་། ཕོ་བྲང་དུ་བཞུགས་སོ། །དེའི་ཚེ་ཡབ་ཀྱིས་ལག་ན་བེ་ཅོན་ལ་སོགས་པའི་ཤཱཀྱའི་རིགས་གསུམ་གྱི་བུ་མོ་བཙུན་མོར་བྱིན་ཞེས་བསྒོ་བ་ལ། ལྷ་བདག་ཅག་གི་རིགས་ནི་གྱད་ཀྱི་འཛིན་སྟངས་ཤེས་པ་


JLAZ013_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡིན་གྱི་གཞན་དུ་མ་ཡིན་ནོ། །དེར་ཡང་ངོ་གནག་པར་གྱུར་པ་ལ་གཞོན་ནུས་སྨྲས་པ། འཇིག་རྟེན་གསུམ་ན་འཕོང་དང་སྒྱུ་རྩལ་གྱི་གནས་ལ་བདག་ལ་འགྲན་པར་སྤོབས་པ་འགའ་ཡང་མེད་དོ། །ཞེས་རྔོ་ཐོགས་པར་ཞལ་གྱིས་འཆེས་ནས། ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་དག་དང་སྒྱུ་རྩལ་འགྲན་པར་དྲིལ་སྒྲགས་ནས་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཆས་སོ། །དེའི་ཚེ་ཡངས་པ་ཅན་ནས་གཞོན་ནུ་ལ་འབུལ་དུ་ལྷགས་པའི་གླང་པོ་ཆེར་ལྷས་བྱིན་ཤིན་ཏུའང་ཕྲག་དོག་པའི་སེམས་ཀྱིས་ཐལ་མོ་བསྣུན་པ་ཙམ་གྱི་མཐུས་བསད་དོ། །དེ་གཅུང་དགའ་བོས་སྒོ་ཁང་ནས་ཕྱི་རོལ་དུ་སྟོབས་ཀྱིས་བོར་རོ། །གཉིས་ཀའི་མཐུ་སད་ཕྱིར་བྱང་ཆུབ་སེམས་དཔའ་ཤིང་རྟ་ལས་མ་བབས་བཞིན་དུ་ཞབས་ཀྱི་མཐེ་བོས་མཇུག་མ་ནས་བཟུང་སྟེ་རབ་བདུན་འདས་པའི་ལྗོངས་སུ་དོར་བ་ལ་ལྷས་བསྟོད་ཅིང་བསྔགས་སོ། །དེ་ནས་ཏ་ལའི་ལྗོན་པ་དང་། ལྕགས་ཀྱི་ཕ་གུ་དང་། སླ་ང་རྣམས་བདུན་བདུན་དུ་བརྩེགས་པ་ལ་ཉག་ཕྲན་གྱི་སྦྱོར་བས་གཅོད་ཚབས་འགྲན་པ་ལ་ཞུགས་པ་ན། ལྷས་བྱིན་གྱིས་ནི་གསུམ། གཅུང་དགའ་བོས་ལྔ། གཞོན་ནུས་ཐམས་ཅད་ལས་ཕྱིར་ཐལ་བའི་ས་ནས་མདའ་ཆུ་ཁྲོན་པ་སྐྱེས་བྱ་བ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་མིག་


JLAZ013_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱུང་ངོ་། །དེ་བཞིན་དུ་ལང་ཚོའི་སྟོབས་ཀྱི་སྒྱེལ་འགྲན་པ་དང་། གླང་པོའི་གཉར་ཞོན་པ་དང་། ཆུ་ཀླུང་ཆེན་པོར་ངང་པ་ལྟར་གཤེགས་པ་ལ་སོགས་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་གནས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའི་གྱད་ཀྱི་འཛིན་སྟངས་ལ་སུས་ཀྱང་སྤོབས་པར་མ་གྱུར་ཏོ། །འཇིག་རྟེན་མཁྱེན་པའི་དབང་པོ་ནི་རེ་ཞིག་དེ་དང་ངང་ཚུལ་མཐུན་པར་འཇུག་པས་སྐྱེས་བུ་འདུལ་ཞིང་། དབང་པོ་གཞན་དབང་དུ་གྱུར་པའི་ན་ཁ་ན་མ་ཐོ་བ་སྤང་ཕྱིར། བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང་། ཡོན་ཏན་བརྒྱད་དང་ལྡན་པ་ས་འཚོ་མ་དང་། གྲགས་འཛིན་མ། རི་དྭགས་སྐྱེས་ཏེ་རང་རང་ལ་འཁོར་ཉི་ཁྲིའི་ཚོགས་དང་བཅས་བཙུན་མོའི་མཆོག་དྲུག་ཁྲི་ཁབ་ཏུ་བཞེས་ནས། འདོད་ཡོན་གྱི་སྣང་བ་ལ་སྒྱུ་མ་ལྟ་བུར་ལོངས་སྤྱོད་དོ། །དེ་ལྟར་སྤྱོད་པའང་ཡང་དག་སྤོང་བ་ལ་རབ་ཏུ་ཞུགས་ནས་སྲིད་པའི་ཁ་ལོ་ཆོས་སུ་བསྒྱུར་བ་ནི། སིལ་སྙན་གྱི་སྒྲ་ལས་སྔོན་གྱི་སྨོན་ལམ་གྱི་མཐུ་རབ་ཏུ་སད་པར་བསྐུལ་བས། འདུན་པས་ཤིང་རྟའི་ཁ་ལོ་བ་བྱས་ཏེ་གྲོང་ཁྱེར་གྱི་ཕྱོགས་བཞིར་སྐྱོ་སངས་ལ་གཤེགས་པ་ན་སྐྱེ་རྒ་ན་འཆིའི་མཚན་ཉིད་བཞི་གཟིགས་པས་ཐུགས་རབ་ཏུ་སྐྱོ་སྟེ་འདི་སྐད་དུ། རྒ་དང་ན་དང་འཆི་འགྱུར་


JLAZ013_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བ། །གལ་ཏེ་འདི་གསུམ་ཡོད་མིན་ན། །བདག་ཀྱང་ཤིན་ཏུ་ཡིད་འོང་བའི། །ཡུལ་རྣམས་ལ་ནི་དགའ་བར་བྱེད། །ཅེས་ཕུན་སུམ་ཚོགས་པ་ཡང་རྟག་པ་མ་ཡིན་པ། འགྱུར་བའི་སྡུག་བསྔལ་དང་འགྲོགས་ཤིང་ཁྱབ་པ་འདུ་བྱེད་ཀྱིས་འཁྱུད་པ། སྡུག་བསྔལ་གྱི་སྡུག་བསྔལ་ཕྱི་བཞིན་འབྲེང་བའི་ཆོས་ཉིད་ལ་ཤིན་ཏུའང་ཐུགས་བྱུང་ནས་ངེས་པར་འབྱུང་བ་ལ་དམ་བཅས་སོ། །དེའི་ཚེ་ཟས་གཙང་མའི་ཚོགས་རྣམས་ནི་གཞོན་ནུ་རབ་ཏུ་འབྱུང་གིས་དོགས་པའི་གྲོང་ཁྱེར་གྱི་ཁོར་ཡུག་སྤྱན་པ་བ་དང་མེལ་ཚེས་སྲུང་བ་ལ་བརྩོན་པར་བྱེད་པས་གཤེགས་སུ་མ་སྟེར་བའི་ནུབ་ཐ་མ་ལ། ཡབ་ལ་ཕྱག་གིས་ནི་བཏུད། ཐ་ཚིག་གིས་གཅུད་དེ་ཕ་མས་མ་གནང་བའི་མཐའ་བསལ། ཆིབས་སྔགས་ལྡན་གྱི་སྟེང་ན་རྒྱལ་ཆེན་བཞིའི་སྲི་ཞུ་དང་བཅས་ཏེ་ནམ་མཁའི་དབྱིངས་ནས་གཤེགས་སོ། །དེར་མཆོད་རྟེན་རྣམ་དག་གི་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་དོར་ཏེ་རབ་ཏུ་བྱུང་བའི་རྟགས་མ་ཡིན་པ་དོར། ཤ་ནའི་གོས་དང་ངུར་སྨྲིག་བརྗེས་ནས་གསོལ། ཡངས་པ་ཅན་དང་རྒྱལ་པོའི་ཁབ་ཏུ་རྟོག་གེ་པ་གདམས་ངག་ཆེ་བར་གྲགས་པ་རིང་འཕུར་དང་ལྷག་སྤྱོད་གཉིས་ལས་ཅི་ཡང་མེད་པ་དང་། སྲིད་རྩེའི་ཏིང་འཛིན་སློབ་དཔོན་གྱི་གོ་འཕང་དེ་སྲིད་ནི་མངོན་དུ་མཛད་ཀྱང་། ཏིང་འཛིན་


JLAZ013_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཀུན་ཏུ་སྤྱོད་པ་དེ་དག་ནི་སྲིད་པའི་ཉེས་དམིགས་ལས་གྲོལ་བའི་ལམ་མ་ཡིན་པར་མཁྱེན་ནས་ཆུ་ཀླུང་ཆེན་པོ་ནེ་རཉྫ་ནའི་འགྲམ་དུ་ལྔ་སྡེ་བཟང་པོ་བཅས་ལོ་དང་པོ་གཉིས་ལ་འབྲས་ཉག་མ་རེ། བར་པ་གཉིས་ལ་ཆུ་ཐིགས་པ་རེ། ཐ་མ་གཉིས་ལ་ཅི་ཡང་མ་གསོལ་བའི་དཀའ་ཐུབ་ཀྱི་ཏིང་ངེ་འཛིན་ལོ་དྲུག་བསྟེན་ནོ། །དེའི་ཚེ་ལྷ་རྣམས་ཀྱིས་ཚིགས་སུ་བཅད་པས་ནི་བསྐུལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་ནི་ལམ་དམན་པ་ལས་སད་པར་བྱས་ནས་བྱང་ཆུབ་སྙིང་པོར་རབ་ཏུ་བསྐུལ་ལོ། །དེར་ངལ་ཞིང་དུབ་པའི་མཐའ་བསལ་བའི་ཕྱིར་རགས་པའི་ཁ་ཟས་ལ་ཅུང་ཟད་སྤྱད་པས་ལྔ་སྡེ་བཟང་པོ་མི་མོས་པར་གྱུར་ཏེ་ཝཱ་རཱ་ཎ་སཱིར་སོང་ངོ་། །དེ་ནས་མ་ག་དྷཱ་རྡོ་རྗེ་གདན་དུ་བཞུད་པའི་ལམ་ལ་བྲམ་ཟེའི་བུ་མོ་ལེགས་སྐྱེས་མས་བ་མེན་ལྔ་བརྒྱའི་འོ་མ་ཉིང་ཁུར་བསིངས་པས་བསྙེན་བཀུར་བའི་མོད་ལ། སྐུ་ལུས་གསེར་གྱི་གཏན་པ་ཕྱིས་པ་བཞིན་དུ་གྱུར་ཅིང་དེའི་བསོད་ནམས་ཆུད་མི་འཛའ་བར་མཛད། ལམ་དུ་རྩྭ་འཚོང་བཀྲ་ཤིས་ལས་རྨ་བྱའི་མགྲིན་པ་ལྟ་བུར་རེག་ན་འཇམ་པའི་རྩྭ་ཕྱག་གང་བཞེས་ནས་རྡོ་རྗེའི་གདན་དུ་བྱོན། སངས་རྒྱས་ཐམས་ཅད་ཀྱི་བྱིན་བརླབས་ལས། རང་བྱུང་བའི་རྡོ་རྗེའི་གདན་བྱང་ཆུབ་ཤིང་གི་སྙིང་པོ་ཅན་དུ་རྩྭའི་གདིང་བ་ལ་སྐྱིལ་མོ་


JLAZ013_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་བཅས་ནས། སྟན་འདིར་བདག་གི་ལུས་འདི་བསྐམ་ཡང་རུང་། །པགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་སོ། །དེ་ལྟར་དམ་བཅའ་བརྟན་པོའི་སྲོད་ཀྱི་ཆ་ལ་བདུད་སྡེ་འཇོམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། བདུད་ཀྱི་གནས་ཐམས་ཅད་དཀྲོགས་ཤིང་སྤ་བཀོང་བའི་འོད་ཟེར་གྱིས་ཁྱབ་པར་མཛད་པས། བདུད་སྡིག་ཏོ་ཅན་རྔོན་པའི་ཆ་བྱད་དུ་རྫུ་ཡིན་ལྷགས་ནས་སེར་སྐྱའི་གྲོང་ནི་ལྷས་བྱིན་གྱིས་མནན། ཕོ་བྲང་བཅོམ། ཤཱཀྱ་རྣམས་ནི་ཁ་བཏགས། ཁྱོད་འདི་ན་ཅིའི་ཕྱིར་འདུག །ལན་དུ། མངོན་པར་སངས་རྒྱས་པའི་སླད་དུའོ། །བདུད་ཀྱིས་སྨྲས་པ། མངོན་པར་རྫོགས་པར་འཚང་རྒྱ་བ་ནི་ཚོགས་དཔག་ཏུ་མེད་པ་བསགས་པའི་འབྲས་བུ་ཡིན་ན། ཁྱོད་ནི་རྒྱལ་པོའི་བུ་སྐྱིད་བདེར་གནས་པ་ཙམ་མོ། །བྱང་ཆུབ་སེམས་དཔས་ལན་དུ། ཁྱོད་ཀྱི་གཏན་པ་མེད་པའི་མཆོད་སྦྱིན་གཅིག་ཁོ་ནས་འདོད་པ་ཁམས་ཀྱི་དབང་ཕྱུག་ཐོབ་ན། ངས་བསྐལ་པ་དཔག་ཏུ་མེད་པར་ཚོགས་གཉིས་རྫོགས་པར་བྱས་པས་ཅིའི་ཕྱིར་འཚང་མི་རྒྱ། དགའ་རབ་དབང་ཕྱུག་མཛུབ་མོ་གཉིས་སྒྲེངས་ཏེ་གཤུང་བའི་ངག །ངས་ནི་འདི་ན་མཆོད་སྦྱིན་གཏན་པ་མེད། །


JLAZ013_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ལ་ནི་ཁྱོད་ཉིད་དཔང་ཡིན་ན། །ཁྱོད་ལ་འདི་ན་དཔང་འགའ་ཡོད་མིན་པས། །སྨྲས་ཀྱང་དཔང་མེད་ཁྱོད་ནི་ཡེ་ཕམ་ཡིན། །ཞེས་ཟེར་རོ། །དེར་བྱང་ཆུབ་སེམས་དཔས་བསོད་ནམས་བརྒྱ་ལས་གྲུབ་པའི་ཕྱག་ས་ལ་བསྣུན་ནས། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད། །འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག །ཅེས་གསུངས་མ་ཐག་ཏུ་སའི་ལྷ་མོ་བརྟན་མ་གསེར་བཙོ་མ་ལྟ་བུའི་ལུས་ཕྱེད་ས་ལས་འཐོན་ཏེ། རྡུལ་ཕྲ་རབ་གཅིག་བཟུང་ནས། ངས་སའི་དཀྱིལ་འཁོར་ཆེན་པོ་འདི་འདི་ཙམ་གྱི་ཆ་ཤས་སུ་བགྲང་བར་ནུས་གྱི། རིགས་ཀྱི་བུ་འདིས་མགོ་དང་ཡན་ལག་བྱིན་པ་ནི་བགྲང་བར་མི་ནུས་པས་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ལ་བབ་བོ་ཞེས་བརྗོད་ནས་མི་སྣང་བར་གྱུར་པ་དང་། བདུད་སྡིག་ཅན་ཤིན་ཏུ་སྐྱེངས་ཤིང་ཡུལ་ཡུལ་པོར་གྱུར་ནས་རང་གནས་སུ་སོང་ངོ་། །སོང་ནས་ཀྱང་བདུད་ཀྱི་དམག་བྱེ་བ་དུང་ཕྱུར་དག་སྦྲན་ནས་སྒྱུ་མ་ལྟ་བུའི་བློ་མཆོག་མ་ཡིན་པ་རྣམས་འཇིགས་ཤིང་སྐྱི་བུང་བར་བྱེད་པའི་གཡུལ་བཤམས་ཏེ་ལྷགས་སོ། །འདི་ལྟར་ཉོན་མོངས་པའི་དགྲ་བཅོམ་ཞིང་


JLAZ013_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལྟ་བུའི་སེམས་ཀྱི་རང་གི་ངོ་བོ་ཉིད་མེད་པར་མཐོང་བ་དག་ལ་དཔུང་དང་བཅས་པའི་འཕྲུལ་འཁོར་གྱིས་རྫི་བར་ནུས་པ་མ་ཡིན་པས། བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བ་དང་བརྟུན་ངས་པའི་རྣམ་པར་རྟོག་པ་ནི་ཅང་མེད་དོ། །བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། མཚོན་ཆ་འཕངས་པ་ནི་མེ་ཏོག་གི་ཆར་དུ་བབས། མི་སྙན་པའི་སྒྲ་སྐད་ནི་བསྟོད་དབྱངས་ཀྱི་རང་བཞིན་དུ་གྱུར་པས། གཡོན་ཅན་དཔུང་དང་བཅས་པ་འདོད་པའི་དུག་སྡོང་ནི་འགྱེལ། མདའ་ལྔའི་མེ་ཏོག་ནི་ལྷུང་། ཁེངས་པའི་བྲག་རི་ནི་ཉིལ། གཡུལ་གྱི་རྟུལ་ཞུགས་ནི་སྨད། ཆུ་སྲིན་རྒྱལ་མཚན་ནི་ནུབ། དྲན་པའི་ཤིང་རྟ་ནི་འབྲོས་པ་ལ་རིངས་པས་མགོ་ཡང་རྨོངས་པའི་གནས་སུ་བྱེར་བར་གྱུར་ཏོ། །སླར་ཡང་རང་གི་བུ་མོ་བདུན་མཛེས་མའི་ཆ་བྱད་དུ་བསྒྱུར་ཏེ་ཆགས་པའི་ཟོལ་གྱིས་བསླུ་བར་བརྩམས་ནས་པད་དཀར་མའི་འགྱུར་བ་ནི་ངོམ། མཻ་ན་ཀཱའི་དོ་ཤལ་ནི་འཕྱང་། ལེགས་རྒྱན་མའི་སྐ་རགས་ནི་འཆིང་སྐྲ་འདྲེས་མའི་གདུ་བུ་ནི་འཁྲོལ་བ་ལ་སོགས་པར་རབ་མྱོས་མའི་གཡོ་སྒྱུ་སུམ་ཅུ་རྩ་གཉིས་ཀྱི་ཞགས་པ་འདེབས་པ་ལ་བརྩོན་ན་ཡང་། བྱང་ཆུབ་སེམས་དཔའ་ལ་བ་སྤུའི་རྩེ་མོ་གཡོ་བའི་སྐབས་ཀྱང་མེད་པས་རྒན་མོ་


JLAZ013_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་དུ་བྱིན་གྱིས་བརླབས་པས། སླར་འགྱོད་དེ་བཟོད་པར་གསོལ་བས་སོར་ཆུད་དུ་བསྩལ་ལོ། །དེ་ནས་མངོན་པར་བྱང་ཆུབ་པའི་དུས་ལ་བབས་ཏེ། དགུང་གི་ཆ་ལ་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ཉམས་འོག་ཏུ་བཙུད། ཐོ་རངས་རྒྱལ་རྔ་བརྡུང་དུ་ཉེ་བ་ན་ལྷའི་མིག་དང་ཟག་པ་ཟད་པའི་མངོན་ཤེས་བསྐྱེད་དེ། བདེན་བཞི་མཐར་ཕྱིན་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ན་ས་ཆེན་པོ་འདི་རབ་ཏུ་གཡོས་ཤིང་། དབུ་མ་འོད་གསལ་ཆོས་སྐུའི་ཁང་མཛེས་དམ་པར་གཟུང་འཛིན་དག་བྱའི་ཁམས་རྣམས་མ་ལུས་པ་གཉིས་སུ་མེད་པའི་ཡེ་ཤེས་སུ་བྱང་ཆུབ་པས། འཇིག་རྟེན་ན་ཟླ་བ་སྒྲ་གཅན་གྱིས་བཟུང་ཞིང་། སྒྲ་གཅན་ཟིན་དང་ཀུན་དགའ་བོ་ཡང་བཙས་སོ། །སངས་རྒྱས་པའི་ཞག་བདུན་ཕྲག་བདུན་པ་ལ་ཚོང་དཔོན་ག་གོན་དང་བཟང་སྐྱོང་གིས་སྦྲང་རྩི་ཕུལ་པ། རྒྱལ་ཆེན་བཞིས་རིན་པོ་ཆེ་ནས་རྡོ་བའི་བར་གྱི་ལྷུང་བཟེད་ཕུལ་པ་ལས། རབ་བྱུང་གི་ཆ་མ་ཡིན་པ་དོར་ཏེ་ཐ་མའི་སྣོད་དུ་བཞེས་ནས་ཤིས་པ་བརྗོད་པ་གསུངས། བདུད་རྩི་ཟབ་མོ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པར་སྟོན་པའི་སླད་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་


JLAZ013_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་གསུངས་ཏེ། འཁོར་ལོ་བསྐུལ་བའི་བསོད་ནམས་ཀྱི་ཁྱད་པར་ལའང་དགོངས་པ་མཛད་དོ། །དེར་ཚངས་པས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་ཏེ་དེ་བཞིན་གཤེགས་པའི་དྲུང་དུ་འོངས་ནས། སྨྲ་བའི་ཉི་མ་ཅི་སླད་དེ་རིང་བཏང་སྙོམས་བཞུགས། །དམ་པའི་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པའི་ཆོས་ཀྱི་དུང་ནི་རབ་ཏུ་འབུད་དུ་གསོལ། །ལ་སོགས་པའི་ཚིགས་སུ་བཅད་པས་བསྐུལ་ཏེ་ཙནྡན་གྱི་ཕྱེ་མས་གཏོར་ནས་བརྒྱ་བྱིན་ཀྱང་སྦྲན་པའི་སླད་དུ་རང་གི་གནས་སུ་སོང་ངོ་། །སོང་ནས་ཀྱང་སླར་བརྒྱ་བྱིན་དང་བཅས་ཏེ། དེས་ནོར་བུ་རིན་པོ་ཆེ་ཕུལ་ནས། ཟླ་བ་ཉ་བ་གཟའ་ལས་ཐར་པ་ལྟར། །ཐུབ་པ་ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཞེས་ཞུས་པས་མ་གནང་། སླར་ཚངས་པས་ཡང་ཡང་བསྐུལ་ན་བསོད་ནམས་ཀྱི་ཚོགས་ཆེན་པོར་དགོངས་པར་རིག་ནས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་སྔོན་ཆད་མ་ག་དྷཱར་དྲི་མ་དང་བཅས་པའི་ཆོས་ཀྱི་ནོངས་པའི་མཚན་ཉིད་ཤེས་པའི་ཚིགས་སུ་བཅད་པས་བསྐུལ་བས། འཁོར་ལོ་བཞེས་ཏེ་བཀའ་སྩལ་པ། ཚངས་པ་མ་ག་དྷཱ་ཡི་སེམས་ཅན་གང་། །རྣ་བར་ལྡན་


JLAZ013_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དད་དང་ཤེས་རབ་ལྡན། །མི་འཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་གསུངས་པའི་སྐད་ཅིག་མར། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་ངོ་ཞེས་པའི་སྒྲ་འོག་མིན་གྱི་བར་དུ་ཐོས་ཏེ་རང་རང་ལ་མངའ་བའི་མཆོད་པའི་ཚོགས་དང་བཅས་ཏེ་ལྷགས་སོ། །དེར་བདུད་རྩིའི་ཟབ་མོའི་སྣོད་ཀྱི་དང་པོར་གྱུར་པ་ནི། གདུལ་སླ་བ། སྦྱང་སླ་བ། རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པ་ཞིག་ལ་དགོངས་མོད་ཀྱི། དེ་ནི་རིང་འཕུར་དང་ལྷག་སྤྱོད་དུ་མཁྱེན་ཀྱང་འཚོ་བའི་འདུ་བྱེད་ལས་ཐལ་ལོ། །འདི་ན་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་ལྔ་སྡེ་བཟང་པོ་ལ་གཟིགས་ཏེ། ཝཱ་རཱ་ཎ་སཱིར་གཤེགས་པ་ན། དགེ་སྦྱོང་གོའུ་ཏ་མ་ལྷོད་པ། མང་དུ་ཟ་བ། སྤོང་པ་ལས་ཉམས་པ་ཞེས་སུན་ཕྱུང་ནས་ལྔ་སྡེ་རྣམས་ཀྱིས་མི་འདུད་པའི་ཁྲིམས་བཅས་སོ། །དེར་ལམ་དུ་བྲམ་ཟེ་ཉེ་བར་འཚོ་ཞེས་བྱ་བ་མ་བརྟགས་ཤིང་བ་བཅོལ་དུ་སྨྲ་བ་དེ་ན་རེ། གཽ་ཏ་མ་ཁྱོད་ཀྱིས་སུ་ལ་ཚངས་པར་སྤྱད། བཀའ་སྩལ་པ། ང་ལ་མཁན་པོ་གང་ཡང་མེད། །ང་དང་འདྲ་བ་ཡོད་མ་ཡིན། །ང་ནི་གཅིག་པུར་རྫོགས་སངས་རྒྱས། །བསིལ་གྱུར་ཟག་པ་ཟད་པ་ཡིན། །ཞེས་པ་ལ་སོགས་པའི་དྲི་ལན་རྣམ་པ་གསུམ་སྩལ་ནས་ཝཱ་རཱ་ཎ་སཱིར་བྱོན་པ་ན། ཉི་མའི་འོད་ཀྱིས་རྒྱུ་སྐར་ལ་བྱ་བ་བཞིན་དུ་ལྔ་སྡེ་བཟང་པོའི་ཁྲིམས་སུ་བཅས་པ་རང་


JLAZ013_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །ཚེ་དང་ལྡན་པ་གཽ་ཏ་མ་དབང་པོ་ནི་གསལ་ལ་པགས་པ་ཡོངས་སུ་དག་ན་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་མཛད་དམ་ཞེས་སྤྱོད་ཡུལ་མཉམ་པར་བལྟ་བ་ལ་ཁྱོད་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་མ་ཟེར་ཅིག །ཡུན་རིང་པོར་མི་བདེ་བར་གྱུར་ཏ་རེ། ངས་ནི་བདུད་རྩི་ཐོབ་བོ། །སངས་རྒྱས་སོ། །ཐམས་ཅད་མཁྱེན་པའོ། །ཞེས་ལྡོངས་པའི་གནས་གང་ཡིན་པ་མངོན་དུ་གསལ། ས་ཕྱོགས་དེར་རིན་པོ་ཆེའི་ཁྲི་སྟོང་བྱུང་བའི་འདས་པའི་སངས་རྒྱས་གསུམ་གྱི་ཁྲི་ལ་གུས་པས་བཏུད་དེ་བཞི་པའི་སྟེང་དུ་ལྷམ་མེར་བཞུགས་པའི་མོད་ལ་གཞན་རྣམས་སྣང་བ་མེད་པར་གྱུར། ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་མཐའ་གཉིས་སྤངས་ནས་དབུ་མའི་ལམ་གྱི་བདེན་པ་བཞིའི་ཆོས་འཁོར་ལན་གསུམ་དུ་བཟློས་པ་རྣམ་པ་བཅུ་གཉིས་སུ་བསྐོར་བས། ལྔ་སྡེ་བཟང་པོ་རང་བྱུང་གི་བསྙེན་པར་རྫོགས་ཏེ་འཇིག་རྟེན་ན་གདུགས་ཟླ་མེད་པའི་དགེ་སློང་གི་དགེ་འདུན་ཆེན་པོར་གྱུར་ཞིང་། འཁོར་ཐམས་ཅད་ཀྱི་བདེན་པ་མཐོང་། དེའང་འདུལ་བའི་སྡེ་སྣོད་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལས་བརྩམས་ཏེ། འདུལ་བའི་འདུལ་བ་བཅས་པ་དང་རང་བཞིན་གྱི་རྣམ་པར་གཞག་པ་རྣམས་དང་། འདུལ་བའི་མདོ་སྡེ་ཏིང་ངེ་འཛིན་དང་ཚངས་པར་མཚུངས་སྤྱོད་རྣལ་འབྱོར་དུ་བྱ་བའི་རིམ་པ། འདུལ་བའི་མངོན་པ་དེ་དག་གི་རབ་དབྱེ་རྒྱ་ཆེར་བཤད་པ་ལ་སོགས་སོ། །དེ་ནས་


JLAZ013_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་ལ། ཤཱ་རིའི་བུ་དང་མཽངྒལ་གྱི་བུ་ལ་སོགས་པ་དགྲ་བཅོམ་པ་ལྔ་སྟོང་ཙམ་དང་། སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་ཙམ་དང་། མགོན་མེད་ཟས་སྦྱིན་དང་དགེ་བསྙེན་མ་ས་ག་ལ་སོགས་པའི་དགེ་བསྙེན་ཕོ་མོའི་ཚོགས་དང་། ལྷ་དང་ཀླུ་དང་དྲི་ཟ་ལ་སོགས་པ་རབ་ཏུ་མང་པོ་སྟེ་ཐུན་མོང་གི་འཁོར་རྣམ་པ་བཞི། ཐུན་མོང་མ་ཡིན་པའི་འཁོར་ས་ཆེན་པོ་རབ་ཏུ་འཐོབ་པའི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། རིན་ཅེན་འབྱུང་ལྡན་དང་། དྲ་བ་སྦྱིན་ལ་སོགས་པ་རབ་ཏུ་མང་པོ་རྣམས་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེའང་མདོ་སྡེའི་སྡེ་སྣོད་གཙོ་བོར་སེམས་ཀྱི་བསླབ་པ་སྟོན་པ་ལས། མདོ་སྡེའི་འདུལ་བ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚོམས་རྣམ་པར་བཞག་པ་དང་། མདོ་སྡེའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བའི་ཏིང་ངེ་འཛིན་དང་། མདོ་སྡེའི་མངོན་པ་ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན་གྱི་རབ་ཏུ་དབྱེ་བ་ཇི་སྙེད་པ་དག་གོ །ལྷའི་གནས་དང་ཀླུའི་གནས་ངེས་པར། དགེ་སློང་དང་། དགེ་སློང་མ་དང་། ལྷ་དང་། ཀླུ་དང་། བྱང་ཆུབ་སེམས་དཔའ་གྲངས་མེད་པ་ལ་བཀའ་ཐ་མ་ངེས་པ་དོན་གྱི་ཆོས་འཁོར་བསྐོར་ཏེ། དེའང་མངོན་པའི་སྡེ་སྣོད་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལས། མངོན་པའི་འདུལ་བ་ཚེགས་ཆུང་ཞིང་


JLAZ013_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སླ་བའི་ཐབས་ཀྱི་ཉོན་མོངས་པ་འདུལ་བ་རྣམས་དང་། མངོན་པའི་མདོ་སྡེ་དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ། མངོན་པའི་མངོན་པ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། དབང་པོ་དང་། རྣམ་པར་ཤེས་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་རབ་ཏུ་དབྱེ་བ་ཆ་དང་བཅས་པའོ། །དེ་དག་ཀྱང་མདོ་སྡེ་ཡོན་ཏན་བཀོད་པ་ལས། ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་བདག་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམས་སྐོང་བའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་དབང་པོའི་རིམ་པས་འཁོར་ལོ་གསུམ་ཅིག་ཆར་དུ་ཐོས་པ་དང་རིམ་གྱིས་འཇུག་པའི་ལས་ཅན་རྣམས་ལ་རིམ་པས་ཐོས་པ་གསུང་སྒྲ་ཚིག་རང་མཚན་ལས་འདས་པའི་ཁྱད་ཆོས་ཡིན་ནོ། །ཚུལ་འདིས་ནི་རྒྱལ་བའི་འཕྲིན་ལས་ཚད་མེད་པའི་ཆོས་ཀྱི་སྒོ་དང་། ཐེག་པའི་རྣམ་གྲངས་དང་། གདུལ་བའི་ཐབས་ཚུལ་དང་། དུས་སྔ་ཕྱི་ལ་སོགས་པ་བསམ་པར་མི་ནུས་པའི་གོ་བ་ཡང་དག་བསླངས་པ་ཉིད་དོ། །དེ་ལྟ་བུའི་ཐེག་པ་གསུམ་དང་བཅས་པའི་ཆོས་ཚུལ་རྒྱ་མཚོ་ཚད་མེད་པས། ལ་ལ་ལམ་དང་འབྲས་བུའི་ཆོས་ལ་བཀོད། ལ་ལ་ནི་ལྷ་དང་མིའི་བདེ་བ་ལ་བཀོད། ལ་


JLAZ013_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་གནས་སྐབས་ཀྱི་འཇིགས་པ་ཆེན་པོ་ལས་བསྒྲལ་ཞིང་སྐྱོབས། མདོར་ན་ཆོ་འཕྲུལ་ཆེན་པོ་ལ་སོགས་པའི་འཕྲིན་ལས་ཀྱི་རོལ་པ་ཚད་མེད་པས་མཐོང་བ་དང་། ཐོས་པ་དང་། རིག་པ་དང་། དྲན་པ་ཡན་ཆོད་ཀྱི་སེམས་ཅན་ཐམས་ཅད་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་གསེར་འགྱུར་རྩིའི་འཁྲུལ་འཁོར་ལྟ་བུ་ནི་བཏབ། དངོས་ཀྱི་གདུལ་བར་བྱ་བ་དྲི་ཟ་རབ་དགའ་དང་། ཀུན་ཏུ་རྒྱུ་རབ་བཟང་ཡན་ཆོད་ཐབས་ལ་མཁས་པ་དང་། ཐུགས་རྗེ་ཆེན་པོའི་མུ་ཁྱུད་ཀྱི་ར་བའི་ཁོངས་སུ་ཆུད་པར་མཛད་ནས་གྲོང་ཁྱེར་རྩྭ་ཅན་དུ་ཐ་མའི་མཛད་པ་ལ་དགོངས་ནས་གཤེགས་སོ། །དེར་མཐོང་ན་མི་མཐུན་པ་མེད་པའི་སྐུ་ནི་ཅ་ཅོ་དང་ག་ཞར་མ་ཡིན། གླལ་བ་ལ་སོགས་པའི་ཐ་མལ་གྱི་ཆོས་ཡོངས་སུ་སྤངས་པ་ཞིག་ལ། དཔལ་གྱི་མགུར་ལས་སྦྲིད་པ་ཞིག་ཐོན་པ་སྐྱེ་དགུའི་བདག་མོའི་རྣ་བར་གཟོན་པར་གྱུར་ནས། སངས་རྒྱས་བསྐལ་པ་གྲངས་མེད་པ་གསུམ་དུ་བཞུགས་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པས། ས་བླ་པ་ནས་འོག་མིན་གྱི་བར་དུ་འགྲེམས་པ་བཞིན་དུ་ཐོས་ནས་དེ་དག་ཀྱང་དེ་བཞིན་དུ་སྨོན་ནོ། །དེར་སྐྱེ་དགུའི་བདག་མོ་ལ་ཁྱོད་ཀྱིས་མ་ལེགས་པ་བྱས། བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག་མི་ཟེར་བར། སྐྱེས་བུ་ལེ་ལོ་ཅན་མང་པོ་བསྒྲུབ་པའི་གེགས་སུ་གསུངས་པས། བཟོད་པར་གསོལ་བའི་སླད་


JLAZ013_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དེ་དགྲ་བཅོམ་མ་ལྔ་བརྒྱ་དང་བཅས་མྱ་ངན་ལས་འདས་སོ། །དེའི་ཚེ་མཆོག་ཟུང་གིས་དམྱལ་བའི་གནས་པ་ལྟར་བྱོན་ན། མུ་སྟེགས་བྱེད་ཀྱི་སློབ་དཔོན་དང་མཁན་པོ་རྣམས་ཀྱང་ལས་ཀྱི་འབྲས་བུ་ལ་སྤྱོད་དོ། །རང་གི་གྲུབ་པའི་མཐས་ནོངས་པའི་ཚུལ་རྗེས་སུ་འཇུག་པ་དག་ལའང་འཕྲིན་དུ་བྱས་པ་སྔོན་ལ་ཤཱ་རིའི་བུས་བསྐྱར་བ་ཤ་འཁོན་མེད་པས་མ་ཐོས། ཕྱི་ནས་མཽངྒལ་གྱི་བུས་ཁྱོད་ཅག་གི་སློབ་དཔོན་ནི་མནར་མེད་པའི་དམྱལ་བ་ན་ཉམ་ཉེས་པར་གྱུར་ནས་འཕྲིན་འདི་ལྟར་བརྫངས་སོ་ཞེས་སྨྲས་པ་ན། འདི་འུ་ཅག་ལ་སྨྲ་བར་མ་ཟད་མཁན་པོ་དང་སློབ་དཔོན་ལའང་སྨྲ་བར་བྱེད་པས་ཆོམས་ཤིག་ཅེས་སྐུ་ལུས་འདམ་བུ་བཅོམ་པ་ལྟར་བརྡུངས་སོ། །དེར་ཤཱ་རིའི་བུས་ཆོས་གོས་ཀྱི་གྲར་གཏུམས་ཏེ་ཁུར་ནས་གྲོང་ཁྱེར་ཤིང་ཐག་ཅན་དུ་བསྐྱལ། མི་འཚོ་བར་ཤེས་ནས་གྲོགས་པོ་འཆི་བ་ཐོས་པར་ཡང་མི་བྱ་ན་མཐོང་བ་ལྟ་ཅི་སྨོས་ཀྱང་ཅི་དགོས་ཞེས་དཔལ་ན་ལེནྡྲར་སོང་ནས་དེའི་སྔ་དྲོ་དགྲ་བཅོམ་པ་བཞི་སྟོང་དང་བཅས་མྱ་ངན་ལས་འདས་སོ། །དེའི་ཕྱི་དྲོ་མཽངྒལ་གྱི་བུ་དགྲ་བཅོམ་པ་བཞི་བརྒྱ་དང་བཅས་མྱ་ངན་ལས་འདས་སོ། །གཞན་ཡང་། དགྲ་བཅོམ་པ་མང་པོ་བུད་ཤིང་ཟད་པའི་མེ་ལྟར་མྱ་ངན་ལས་འདས་སོ། །དེ་ནས་སངས་རྒྱས་ཀྱི་བསྟན་པ་འཁོར་རྣམ་པ་བཞི་དང་བཅས་པ་གནས་བརྟན་འོད་སྲུང་ཆེན་པོ་ལ་གཏད་དེ། སྐུའི་སྟོད་


JLAZ013_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཡོགས་བསལ་ནས། དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག །དེ་བཞིན་གཤེགས་པ་ལ་བལྟ་བ་ནི་རྙེད་པར་དཀའ་སྟེ་ཨུ་དུམ་ཝ་ར་བཞིན་ནོ། །དགེ་སློང་དག་ཅང་མ་སྨྲ་ཞིག་དང་། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ནོ། །ཞེས་ངེས་པར་འབྱུང་བའི་རྒྱུས་གདུལ་བྱ་ལེ་ལོ་ཅན་ཆོས་ལ་བསྐུལ་ནས་ཤིང་སཱ་ལ་ཟུང་གཅིག་གི་སར་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་སོ། །དེར་འོད་སྲུང་ཆེན་པོ་ཀླུ་ཡུལ་ནས་བྱོན། གདུང་ལ་གསོལ་བ་བཏབ་པས་ཞུགས་རང་འབར་སྟེ་སྐུ་གདུང་བསིལ་བུར་གྱུར། རང་རང་གི་སྐལ་བའི་ཁྱད་པར་དང་འཚམས་པར་ཆ་བརྒྱད་དུ་བགོས་པ་མཆོད་རྟེན་གྱི་སྙིང་པོར་བྱས་སོ། །དེ་བཞིན་གཤེགས་པས་ལེཊ་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་པ་རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་མཐའ་གྲུར་ཁྱབ་པའི་རྒྱན་ཞེས་བྱ་བ་ལས། སྟོན་པ་འཇིག་རྟེན་དུ་བྱོན་ཚུལ་གླེང་བའི་རབ་ཏུ་བྱེད་པ་སྟེ་དང་པོའོ།། །།

དེའི་བསྟན་པ་འཕགས་པའི་ཡུལ་དུ་སུ་ཞིག་གིས་བསྐྱངས་པ།


JLAZ013_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་གཉིས་པ་དེའི་བསྟན་པ་འཕགས་པའི་ཡུལ་དུ་རྩ་བ་ཇི་ལྟར་ཚུགས་པ་ནི། འཆད་པར་འགྱུར་བའི་བསྟན་སྐྱོང་ཆེན་པོ་རྣམས་ཀྱི་བདག་པོའི་རྐྱེན་ལས་རྒྱུ་དང་འབྲས་བུའི་ཐེག་པ་མཐའ་ཀླས་པ་ཉིད། སྔོན་དང་ད་ལྟ་ཕྱི་མའི་མུར་ཐུག་གི་བར་གནས་ཤིང་འཕེལ་བར་མཛད་པ་སྟེ། དེའི་ངེས་པའང་། ལེགས་པར་གསུངས་


JLAZ013_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཀའ་ལ་བཤད་སྒྲུབ་བྱེད་པ་དང་། དེའི་དོན་མ་ནོར་བ་འཆོས་སྐྱོབ་གཉིས་ཀྱི་དོན་དང་ལྡན་པར་འགྲེལ་ཞིང་། གཞན་ལ་འདོམས་པའི་འཕྲིན་ལས་ཚད་མེད་པའི་དབང་གིས་ཡིན་ནོ། །དེ་སྐད་དུའང་། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་པ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་སོ། །གང་གི་ཚེ་རྒྱལ་ཚབ་འོད་སྲུང་ཆེན་པོ་ལ་སྟོན་པས་བསྟན་པ་ལེགས་པར་གཏད། དེས་ཀྱང་འཁོར་རྣམ་པ་བཞི་བསྐྱངས། ཀུན་དགའ་བོའི་སེམས་ཀྱི་དྲི་མའི་ཆ་ཤས་སྤྱོ་བ་བདུན་དང་བཅས་པས་བསལ། བཀའི་བསྡུ་བ་དང་པོར་བྱས་པའི་ཚེ་ལྷ་དང་མིའི་འཇིག་རྟེན་ཐམས་ཅད་ནི་བདེ། རྒྱལ་པོ་མ་སྐྱེས་དགྲར་གྲགས་པ་ཡང་། སྔོན་གྱི་བསོད་ནམས་ཀྱི་འབྲས་བུ་ལ་རང་དབང་དུ་སྤྱོད། སྟོན་པའི་བསྟན་པ་སློབ་མ་དང་བཅས་པ་ལ་གཅིག་ཏུ་གུས་པས་ཕྱི་མའི་བསོད་ནམས་ལ་འདུན་པ་དེའི་ཚེ། རྒྱལ་ཚབ་འོད་སྲུང་ཆེན་པོས་ཀྱང་ཀུན་དགའ་བོ་ལ་བསྟན་པ་གཏད་ནས། རི་བོ་བྱ་གག་རྐང་ཅན་དུ་སྐུ་གདུང་མི་འཇིག་པར་བྱིན་གྱིས་བརླབས་ནས་མྱ་ངན་ལས་འདས་སོ། །དེར་སྐྱེ་བོ་ཐམས་ཅད་ཀྱང་སྐྱོ་བ་རབ་ཏུ་བསྐུལ་བར་གྱུར་ཏེ། སྟོན་པའི་ཞལ་མཐོང་བའི་དགེ་སློང་སོ་སོ་སྐྱེ་བོ་དག་ནི། སངས་རྒྱས་བཞུགས་པའི་ཚེ་བདག་ཅག་


JLAZ013_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བག་མེད་པར་འཁྱམས་པས་ཁྱད་པར་མ་ཐོབ་པོ་ཞེས་ཡིད་འབྱུང་བས་ཏིང་ངེ་འཛིན་དང་བསླབ་པའི་གནས་ལ་ཤིན་ཏུ་བརྩོན་པར་བྱེད། འཕགས་པ་སློབ་པ་རྣམས་ཀྱང་དེ་བཞིན་ནོ། །སྟོན་པའི་ཞལ་མ་མཐོང་བའི་དགེ་སློང་གསར་བུ་དག་ནི་བདག་ཅག་སྟོན་པའི་ཞལ་མཐོང་བ་ལས་ནི་རིང་དུ་གྱུར། དངོས་སུ་འདོམས་པར་བྱེད་པའང་མཐུ་ཆུང་གིས། བརྩོན་པ་རབ་ཏུ་མ་བསྐྱེད་ན་རྣམ་པར་འཁྱམས་པར་འགྱུར་རོ་སྙམ་ནས་དགེ་བའི་ཕྱོགས་ལ་ཤིན་ཏུ་བརྩོན་པས། འབྲས་བུ་ཐོབ་པ་ཉིན་རེ་བཞིན་ཡང་འཕེལ་བར་གྱུར་ཏོ་ཞེས་གྲགས་སོ། །དེའི་ཚེ་འཕགས་པ་ཀུན་དགའ་བོ་དགེ་སློང་གི་དགེ་འདུན་དང་བཅས་པ་འོད་མའི་ཚལ་ལ་སོགས་པར་བཞུགས་ནས། སྐྱེ་བོའི་ཚོགས་མང་པོ་འབྲས་བུ་རྣམ་པ་བཞི་ལ་བཀོད་པས་འཕགས་པ་ཀུན་དགའ་བོ་ནི་སྟོན་པ་དང་མཚུངས་པའི་ཉན་ཐོས་སོ་ཞེས་ལྷ་དང་མིའི་འཇིག་རྟེན་ན་སྒྲོག་པར་བྱེད་དོ། །རེ་ཞིག་ན་དེད་དཔོན་གྱི་བུ་ཤ་ནའི་གོས་དང་བཅས་བཙས་པ་ཤ་ནའི་གོས་ཅན་དུ་གྲགས་པ་འཕགས་པས་རབ་ཏུ་བྱུང་བར་བསྐུལ་བ་ཐོས་པ་འཛིན་པའི་རྩེ་མོར་གྱུར་པ་ལ་བསྟན་པ་གཏད། རིམ་བཞིན་ཡོངས་སུ་གྲགས་པ་ལུང་ཕྲན་ཚེགས་ཀྱི་བཞེད་པ་བཞིན་ལེགས་མཐོང་གི་བར་གྱིས་གཏད་རབས་བདུན་ནམ། ཁ་ཆེ་བ་རྣམས་ཀྱིས་འདོད་པས་བརྒྱད། ལངྐར་གཤེགས་པའི་འགྲེལ་པ་ལས་དེ་


JLAZ013_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་མཐུན་པར་བཤད་ཅིང་། གཏད་རབས་བདུན་ནི་སྟོན་པའི་བསྟན་པ་ལ་བྱ་བ་རླབས་པོ་ཆེ་འགྲན་ཟླ་སྤངས་པ་ཉིད་དོ། །གཞན་ཡང་ནཱ་རོ་ཏ་པས་དཔལ་དཱི་པཾ་ཀ་ར་ལ་གཏད་པ་ཡན་ཆད་ཀྱི་གཏམ་དུ་གྱུར་པ་དང་ཕྱི་ནས་ཀྱང་མ་ག་དྷཱའི་པཎྜི་ཏ་ས་དབང་བཟང་པོ་དང་དབང་པོས་བྱིན། བྲམ་ཟེའི་པཎྜི་ཏ་བྷ་ཊཱ་ག་ཊི་གསུམ་གྱིས་བྱས་པའི་རྒྱ་གར་གྱི་གཏམ་རྒྱུད་ཐ་དད་པ་དང་མཁས་པའི་ངག་བགྲོས་མང་དུ་བསྣན་པ་དག་ལས་བྱུང་བའི་ཡི་གེ་ངོ་མཚར་གྱི་གཏམ་དུ་སྣང་བ་དག་ཀྱང་ཡོད་མོད་ཀྱིས་ཐམས་ཅད་བྲི་བར་མ་ནུས་པས་བསྟན་པའི་རྩ་ལག་ཆེན་པོར་གྱུར་པ་དེ་དག་ལ་དད་པ་བླ་ལྷག་ཏུ་བསྐྱེད་པར་བྱས་ནས། འདིར་རེ་ཞིག་ཉན་ཐོས་ཀྱི་བསྟན་པ་ལའང་ཕན་པ་རྒྱ་ཆེན་པོ་བཏགས། ཁྱད་པར་དུ་བློ་མཆོག་རྣམས་ཀྱི་སྤྱོད་ཡུལ་ཐེག་པ་ཆེན་པོའི་གཞུང་ལུགས་གསལ་བར་མཛད་ཅིང་། གང་ཞིག་སངས་རྒྱས་ཀྱི་བསྟན་པ་ལ་དགྲ་ཟླར་ཆས་པའི་འོད་སྲུང་རྫོགས་བྱེད་ཀྱི་རྗེས་འབྲང་རྟོག་གེ་པ་དྲུག །བྲམ་ཟེ་རྒྱུས་རྒལ་ལ་སོགས་པའི་གཞུང་འཛིན་རྗེས་སྒྲོག་པ་དྲུག །རེངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་སོགས་པའི་རྗེས་འབྲང་སྙོམས་འཇུག་པ་དྲུག་སྟེ། འཇིག་ཚོགས་ལ་ལྟ་བ་སུམ་བརྒྱ་དྲུག་ཅུའི་ཚེར་མ་རྣོན་པོས། རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལ་འབུགས་པར་རྩོམ་པའི་སྙིང་སྟོབས་དང་ལོག་པའི་བློ་གྲོས་མ་རྨོངས་པ་གང་དག །


JLAZ013_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མེ་བཞིན་དུ་གདོན་མི་ཟ་བར་བསྲེག་བྱ་ཟ་བ་ཚད་མའི་རིག་པ་དང་། རླུང་བཞིན་དུ་ཐོགས་རྡུགས་སྤངས་པའི་རྫུ་འཕྲུལ་གྱིས་ནུས་པ་ཟད་མི་ཤེས་པའི་མཐུས་སྤ་བཀོང་བར་བྱས། ཉམས་སྨད་པར་བྱས། ཚར་བཅད་པར་བྱས་ནས། སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པའི་བྱ་བ་བྱས་པས་འཛམ་བུའི་གླིང་གི་རྒྱན་དྲུག་དང་། རྨད་བྱུང་གཉིས། ཆེན་པོ་བཞི་ཞེས་ཉི་མ་དང་ཟླ་བ་ལྟར་གྲགས་པ་དེ་དག་གི་རྟོགས་པ་བརྗོད་པས་མདུན་བསུས། སྤྱི་དང་བྱེ་བྲག་གི་བསྟན་པའི་ཉིན་མོར་བྱེད་པ་དག་གི་རྣམ་པར་ཐར་པ་ཅུང་ཟད་ཀྱང་བརྗོད་པའི་ལམ་དུ་དྲང་བར་བྱའོ། །དེ་ལ་རེ་ཞིག་གི་དུས་ན་ཡུལ་ཙམྦ་ཨརྞ་ཞེས་བྱ་བར་ཉི་མའི་རིགས་ཀྱི་རྒྱལ་པོ་ནི་མི་ཏ་ཞེས་བྱ་བ་འབྱོར་པའི་དཔལ་དང་ལྡན་པ་ཞིག་ཡོད་དོ། །དུས་གཞན་ཞིག་ན་དེ་ཚོང་དཔོན་གྱི་ཆུང་མ་དང་འདུས་པ་ལས་སྦྲུམ་པར་གྱུར་ཅིང་། ནམ་ཞིག་རྒྱལ་པོའི་མ་དུས་ལས་ཡོལ་བའི་མྱ་ངན་བསལ་བའི་ཉིན་སྦྲུམ་པ་གང་ཞིག་བཙའ་བར་བྱས་པས། བུའི་མིང་མྱ་ངན་མེད་ཅེས་བྱ་བར་བཏགས་སོ། །དེ་ནི་དཔའ་བ། རྟུལ་ཕོད་པ། སྒྱུ་རྩལ་དྲུག་ཅུ་དང་། བརྟག་པ་བརྒྱད་ལ་བྱང་ཆུབ་པ། ཁྲོ་ཞིང་གཏུམ་པས་ཉིན་མོའི་དང་པོ་ལ་གསོད་པ་དང་། འཆིང་བ་དང་བརྡེག་པ་ལ་སོགས་པ་ཆད་པས་གཅོད་པའི་བྱ་བ་རྣམས་མ་བྱས་པར་རྣམ་པར་ཤེས་པ་རྣལ་དུ་མི་ཕེབས་པས་ཁ་ཟས་ཀྱང་


JLAZ013_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བར་མི་བྱེད་ཅིང་། སྡིག་པའི་གྲོགས་པོའི་གཞན་དབང་ལས་སྲོག་གི་མཆོད་སྦྱིན་ལ་བརྩོན་པར་བྱེད་དོ། །དེ་རེ་ཞིག་ན་སྔོན་གྱི་སྨོན་ལམ་ལས་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་དུས་ལ་བབས་པ་ན། དགྲ་བཅོམ་པ་གྲགས་པ་སློབ་མར་བཅས་པའི་ཐུགས་རྗེ་དང་རྫུ་འཕྲུལ་གྱིས་སྔར་གྱི་སྤྱོད་ཡུལ་ལས་ཤིན་ཏུ་ལྡོག་པར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་ལ་སྲི་ཞུ་འགྲན་ཟླ་མེད་པས་བཀའ་བསྡུ་བ་གཉིས་པའི་ཚེ་སྦྱིན་བདག་ཏུ་གྱུར་ཞིང་། བསྟན་པའི་ཕྱོགས་སུ་རྒྱལ་སྲིད་གཏོང་བ་ལའང་འཇུངས་པ་དང་སེར་སྣ་སྤངས་པ་དེའི་རྒྱུད་ལས་བྱུང་བ་རྒྱལ་པོ་པདྨ་ཆེན་པོ་དང་དུས་མཉམ་པ་ལས་ཐོག་འཕྱི་བ་ཙམ་ན། ཡུལ་ཨོ་ཌི་བི་ཤར་རྒྱལ་པོ་ཟླ་བ་བསྲུང་བ་ཞེས་བྱ་བ་བྱུང་ངོ་། །དེའི་ཁྱིམ་དུ་འཕགས་པ་ལག་ན་རལ་གྲི་ཆོས་གོས་གསུམ་པའི་དངོས་པོ་ཅན་དུ་བྱོན་ནས། ཐེག་པ་ཆེན་པོའི་ཆོས་འགའ་ཞིག་བསྟན་ཅིང་གླེགས་བམ་ཞིག་ཀྱང་བཞག་པ་འདི་ནི་སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ནས་ཐེག་པ་ཆེན་པོའི་བསྟན་པ་དབུ་བརྙེས་པའི་དང་པོ་ཡིན་ཞེས་གྲགས་སོ། །འདིའི་ཚེ་བསྡུ་བ་གསུམ་པའི་དུས་སུ་སྣང་ཞིང་རིམ་པར་ལྷ་དང་ཀླུ་དང་། དྲི་ཟ་དང་སྲིན་པོའི་ཡུལ་ལ་སོགས་པ་ནས་འཕགས་པ་དཀོན་མཆོག་བརྩེགས་པ་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་མང་པོའི་གླེགས་བམ་ཡང་བྱོན། བྱམས་པ་དང་རིགས་


JLAZ013_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སེམས་དཔའ་ལ། ཆོས་གསན་པའི་ཐེག་པ་ཆེན་པོའི་དགེ་སློང་མདོ་སྡེ་མང་པོ་འཛིན་པ། བློ་གྲོས་ཐོགས་པ་མེད་པ། རྫུ་འཕྲུལ་དང་མངོན་ཤེས་མངའ་བ། བཟོད་པ་ཐོབ་པ་ཤ་སྟག་ཅིག་ཅར་དུ་བྱུང་བས་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ་པ་ན། ཉན་ཐོས་པ་རྣམས་དེའི་སྤྱོད་ཡུལ་དུ་མ་གྱུར་པས། ཐེག་པ་ཆེན་པོ་བཀའ་མ་ཡིན་ནོ་ཞེས་བསྐུར་བ་འདེབས་པ་བྱུང་ནའང་། ཉི་མའི་འོད་ཀྱིས་འོད་གཞན་ལ་བྱ་བ་བཞིན་དུ་ཉན་ཐོས་སྟོང་ཕྲག་མང་པོའི་དབུས་ན་ཐེག་པ་ཆེན་པོ་པ་རེ་རེ་ཙམ་གནས་ཀྱང་ཟིལ་གྱིས་མི་ནོན་པའོ། །དེ་ལྟ་ནའང་བསྡུ་བ་གསུམ་པའི་དགོས་དོན་གྱི་གཙོ་བོར་སྨོས་པ་དགེ་སློང་ལྷ་ཆེན་པོའམ། བཟང་པོ་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་པ་དང་། ལྷ་ཆེན་ཤི་བའི་ཕྱི་ནས་བཟང་པོ་བྱུང་བར་སྨྲ་བའང་ཡོད་དེ། ཇི་ལྟར་ཡང་། དེ་མ་བྱུང་བ་ཕན་ཆོད་དུ། འབྲས་བུ་ཐོབ་པའང་ཉིན་རེ་བཞིན་འཕེལ་བར་བྱུང་ལ། དེས་བསྟན་པ་དཀྲུགས་པ་ཕྱིན་ཆད་ནས་དགེ་སློང་རྣམས་རྣལ་འབྱོར་ལ་མི་བརྩོན་པར་རྩོད་པའི་དོན་ཁོ་ན་སེམས་པར་བྱེད་པས་འབྲས་བུ་ཐོབ་པའང་ཤིན་ཏུ་ཉུང་བས་ཉན་ཐོས་པའི་བསྟན་པ་ནི་དར་ལ་མ་སྨིན་པ་དུས་དེ་ཙམ་ནས་ཡོད་ཅིང་། དེ་དག་གིས་ཐེག་ཆེན་པོའི་ཕྱོགས་ལ་ཁ་ཟེར་བར་བྱེད་པས། ཁྱབ་བརྡལ་དུ་མེད་ཅིང་བག་ལ་ཉལ་གྱི་ཚུལ་དུ་ཡོད་དོ། །གང་གི་ཚེ་ཆེན་པོ་བཞིའི་ཡ་གྱལ་དུ་གྱུར་


JLAZ013_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྲམ་ཟེ་སྒྲ་གཅན་འཛིན་ནམ། གྲུབ་པའི་དབང་ཕྱུག་ཡོངས་ཀྱི་སྤྱི་མེས་སློབ་དཔོན་ཆེན་པོ་ས་ར་ཧ་འཛམ་བུའི་གླིང་དུ་བྲམ་ཟེའི་རིགས་ཀྱི་ལང་ཚོའི་མེ་ཏོག་ཡོངས་སུ་བཟུང་ནས། རིག་བྱེད་ཡན་ལག་དང་བཅས་པ་དང་། རིག་པའི་གནས་ཆེན་པོ་བཅོ་བརྒྱད་བརྟག་པ་བརྒྱད་ལ་སོགས་པ་གཙུག་ལག་རྒྱ་མཚོའི་ཕ་རོལ་ཏུ་སོན་ནས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་གསང་ཚིག་བསླབས་པ་ན་རྡོ་རྗེ་རྣལ་འབྱོར་མ་ཆང་འཚོང་མའི་རྣམ་པས་དམ་ཚིག་གི་བདུད་རྩི་སྩལ་བ་རྟོག་པ་མེད་པར་ལོངས་སྤྱད་དོ། །དེར་བྲམ་ཟེའི་རིགས་ལས་ཉམས་སོ་ཞེས་གྲགས་པ་ངན་པའི་ཐེམ་སྐས་ལ་དྲངས་ཏེ་སྨ་དབབ་པར་འདོད་པ་ན་སློབ་དཔོན་ནི་རེ་ཞིག་ནས་དཔལ་གྱི་རི་ག་ལ་བར་གསང་བའི་བདག་པོས་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་བསྟན་ནས། ལུང་ལེགས་པར་བྱིན་ཏེ་དངོས་གྲུབ་མཆོག་གི་ཤིང་རྟ་ལ་འཛེགས་པ་ཞིག་པས། བྲམ་ཟེ་རྣམས་ལ་ཆང་སྐྱུག་པའི་སྦྱོར་བ་མཛད། མཚོའི་སྟེང་དུ་རྡོ་ཆེན་པོ་འཕངས་ཏེ། གལ་ཏེ་ངས་འཐུངས་ན་ནི་བྱིང་ཤིག །ཁྱོད་རྣམས་ཀྱིས་འཐུངས་ན་འཕྱོ་བར་གྱུར་ཅིག །གསུངས་པས་འཕྱོ་བར་གྱུར་ཏོ། །དེ་ནས་རབ་ཏུ་བྱུང་བ་ནི་བསྟན་པ་ཐམས་ཅད་ཀྱི་རྩ་བའོ་སྙམ་དུ་ཤྲཱི་ནཱ་ལེནྡྲར་བྱོན། འཕགས་པ་གནས་བརྟན་པའི་སྡེ་ལས་རབ་ཏུ་བྱུང་། དགེ་སློང་གི་དངོས་པོར་བསྒྲུབས་ནས་སྡེ་སྣོད་གསུམ་པ་ཆེས་མཆོག་ཏུ་གྱུར། གནས་དེ་ཉིད་དུ་དམ་པའི་ཆོས་


JLAZ013_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་སྨྲ་བའི་མཁན་པོར་གྱུར་པར་གྲགས་ནའང་། ཐེག་པ་ཆེན་པོའི་མདོ་སྡེ་དར་རྒྱས་སུ་གྱུར་ཅིང་། བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད། ཕྱག་རྒྱ་ཆེན་པོའི་ཐབས་ཀྱི་ཉེ་རྒྱུ་ནི་སྤྲོས་པ་མེད་པར་རྗེས་སུ་བསྟན་པས་དེའི་རྗེས་སུ་སློབ་པར་བགྱིའོ། །སྙམ་ནས་རབ་ཏུ་བྱུང་བའི་བརྟུལ་ཞུགས་ལ་ཞེན་པ་སྤངས། མདའ་འཚོང་གི་བུ་མོ་དངོས་གྲུབ་ཀྱི་རྟེན་དུ་ཉེ་བར་བཟུང་། མདའ་བསླངས་པས་གནས་ལུགས་ཀྱི་ངོ་བོ་བརྡ་ཐབས་ཀྱིས་མཚོན་པའི་སྤྱོད་པར་ངོ་འཕྲོད་ནས། ཡུལ་སྣ་ཚོགས་སུ་མདའ་མཁན་མཆོག་གི་ཆ་ལུགས་ཀྱིས་སྤྱོད་དོ། །དེར་རྒྱལ་པོ་ལ་སོགས་པ་སྐྱེ་བོ་མཐའ་ཡས་འཕྱས་པས། ཀྱེ་ལགས་ང་ནི་བྲམ་ཟེ་སྟེ། །སྨྱིག་མཁན་མོ་དང་ལྷན་ཅིག་སྤྱོད། །རིགས་དང་རིགས་མིན་ངས་མ་མཐོང་། །ཞེས་པ་ལ་སོགས་དོ་ཧ་སྤྱོད་པའི་རྡོ་རྗེའི་རྒྱང་གླུ་རོལ་མོར་འཁྲོལ་བས། རྒྱལ་པོ་ལ་སོགས་པ་སྟོང་ཕྲག་ལྔ་མངོན་སུམ་པའི་གནས་ལུགས་ལ་སྦྱར། རིག་པ་འཛིན་པའི་ལུས་སུ་གྱུར་ནས་ནམ་མཁའ་ལ་འགྲོ་ཞིང་མཐར་མི་སྣང་བར་གྱུར་པས་ཕྱོགས་ཐམས་ཅད་ནི་གྲགས་པས་ཁྱབ། འགྲོ་བ་མང་པོའི་དོན་མཛད་ནས་སྐུ་ལུས་མ་སྤངས་པར། སངས་རྒྱས་ཀྱི་ཞིང་དུ་བཞུད་པར་གྲགས་པ་དང་། རྣམ་པ་གཅིག་ཏུ་ཡི་དྭགས་ཀྱི་དོན་དུ་རང་གི་སྤུར་སྦྱངས་པའི་དུད་པས་ཡི་དྭགས་ཀྱི་ཚོགས་མང་


JLAZ013_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྷའི་འཇིག་རྟེན་དུ་སྐྱེ་བར་བྱིན་གྱིས་བརླབས། ངོ་བོ་ཉིད་ཕྱག་རྒྱ་ཆེན་པོའི་ཞིང་དུ་བཞུད་དོ་ཞེས་གྲགས་སོ། །དེ་ཉིད་ཀྱི་སློབ་མའི་གཙོ་བོར་གྱུར་ཅིང་། སྟོན་པ་དྲང་སྲོང་ཆེན་པོས་ལུང་དུ་བསྟན་པའི་རྒྱལ་ཚབ་ཆེན་པོ་བ། འཛམ་གླིང་མཛེས་པའི་རྒྱན་གྱི་རྩེ་མོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། ཤྲཱི་པཪྤ་ཏའི་ཤར་ཕྱོགས་གྲོང་ཁྱེར་བསོད་ནམས་དང་ལྡན་པའམ། ཡང་ན་ལྷོ་ཕྱོགས་བེ་དྷའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐྱེ་བའི་འཁྲི་ཤིང་བཟུང་། ལྟས་མཁན་རྣམས་ཀྱི་ངག་ལས་དགེ་སློང་བརྒྱ། བྲམ་ཟེ་བརྒྱ། ཕལ་པ་བརྒྱ་རྣམས་ལ་སྟོན་མོ་དྲངས་ན་རིམ་པས་ལོ་བདུན་ཟླ་བ་བདུན་ཞག་བདུན་དུ་འཚོ། དེ་ལས་ཐབས་མེད་ཟེར་བས་དེ་བཞིན་དུ་བྱས། དེ་རྣམས་རྫོགས་སུ་ཉེ་བ་ན། ཕ་མས་མ་བཟོད་དེ་ཡུལ་འཁྱམ་དུ་བཏང་བ་དཔལ་ལྡན་རྒྱུན་སྟེར་གྱི་དྲི་གཙང་ཁང་དུ་བསླེབས། མཁན་པོ་དྲི་མ་མེད་པའི་གཟི་བརྗིད་ཅན་དང་གཉིས་འཆད་པའང་ཡོད་ཀྱིས། ཕལ་ཆེར་མཐུན་པ་སྒྲ་གཅན་འཛིན་ལས་རབ་ཏུ་བྱུང་། རིགས་པ་སྔགས་ཀྱི་དངོས་གྲུབ་བྱིན་པས་རིང་པོར་འཚོ་བའི་བརྟན་པ་ཐོབ། ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང་། ཤེས་པར་བྱ་བའི་གནས་ལ་མི་མཁྱེན་བྱ་བ་ནི་སྤངས། རྒྱུད་སྡེ་མང་པོ་ལ་དབང་འབྱོར་ཞིང་བདེན་པའི་དོན་མངོན་སུམ་དུ་གཟིགས། བསྙེན་པར་རྫོགས་


JLAZ013_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དགེ་སློང་དཔལ་ལྡན་ཞེས་བྱ་བའི་གྲགས་པའི་རྒྱལ་མཚན་ནི་བཟུང་། ན་ལེནྡྲའི་མཁན་པོར་གྱུར་ནས་དགེ་སློང་གི་དགེ་འདུན་བསླབ་པ་གསུམ་གྱི་རྒྱན་དང་ལྡན་པ་རྣམས་ནི་ལེགས་པར་བསྔགས་ཤིང་། དེ་ལས་ཅིག་ཤོས་སུ་གྱུར་པ་དག་ཀྲྀ་ཀྲྀའི་རྨི་ལྟས་ལ་རང་དབང་དུ་སྤྱོད་པས་དབང་ཆེ་བར་ཡོད་པ་གནས་ལས་བསྐལ་པར་མཛད་པས་སྟོང་ཕྲག་བརྒྱད་ཙམ་བྱུང་བར་གྲགས། བསྟན་པ་ཆོས་བཞིན་དུ་བསྐྱངས། སྔོན་འཕགས་པ་ཉེར་སྦས་ཀྱིས་བསྟན་པ་སྐྱོང་བའི་མཇུག་ཙམ་ན་བྲམ་ཟེ་མོ་ཛཿས་ཞེས་བྱ་བ་ལ་བུ་གསུམ་ཡོད་པ་རང་རང་ལ་སྐྱབས་ཐ་དད་པ་ལས་ཆུང་བ་དགེ་བ་ནི་སངས་རྒྱས་ལ་མོས་པས། དེས་རྡོ་རྗེ་གདན་གྱི་དྲི་གཙང་ཁང་བཞེངས། རྟེན་བྱང་ཆུབ་ཆེན་པོ་བཞེངས་པའི་བཟོ་བོ་དང་། རྒྱུ་ཚོགས་རྣམས་སྟ་གོན་དུ་བྱས་ནས་ཞག་བདུན་གྱི་བར་དུ་སུ་ཡང་མ་འོང་ཞེས་བསྒོས་ནས་ནང་དུ་འདུག་པ་ན། དྲུག་པའི་ཉིན་མས་འོངས་ཏེ་སྒོ་བརྡུངས་སོ། །ཞག་དྲུག་ལས་མ་སོང་བས་ནངས་པར་སྒོ་དབྱེའོ་བྱས་པས། མ་ན་རེ། ང་དོ་ནུབ་འཆི་བ་ཡིན། ད་ལྟ་སའི་སྟེང་ན་སངས་རྒྱས་མཐོང་བ་ནི་ང་ལས་མེད། ཕྱིས་གཞན་གྱིས་སྐུ་གཟུགས་ཀྱི་རྣམ་པ་འདྲ་བ་དང་མི་འདྲ་བ་མི་ཤེས་སོ་ཟེར་བས་སྒོ་ཕྱེ། དེར་བཟོ་བོ་རྣམས་ནི་མི་སྣང་སྟེ་ལྷས་སྤྲུལ་པར་གྲགས། མས་ལེགས་པར་བརྟགས་


JLAZ013_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ནས། འདི་ནི་རྣམ་པ་ཐམས་ཅད་ནས་སྟོན་པ་འདྲ་ན། འོད་ཟེར་མི་འཕྲོ། ཆོས་མི་གསུངས། སྤྱོད་ལམ་གསུམ་མི་མཛད་པས་མི་འདྲ་བའི་ཁྱད་པར་རོ་ཟེར། གཞན་སངས་རྒྱས་དངོས་དང་འདྲ་བའི་སྐུ་གཟུགས་ཡིན་སྐད། ཞག་བདུན་མ་ལོན་པས་བཟོའི་ཁྱད་པར་ཅུང་ཟད་མ་གྲུབ་པ་ཞབས་གཡས་པའི་མཐེ་བོང་ངམ། དབུ་སྐྲ་གཡས་འཁྱིལ། ན་བཟའ་དང་བ་སྤུ་སྐུ་ལ་མ་རེག་པ་རྣམས་འདོད་ཕྱོགས་ཐ་དད་པར་སྣང་། དེ་ལྟ་བུའི་གཙུག་ལག་ཁང་ལ་སྲོག་ཆགས་ཀྱི་གནོད་པ་བསྲུང་བའི་ཕྱིར་རྡོ་རྗེའི་དྲ་མིག་གི་ར་བས་བསྐོར་བ་དང་། ཁ་ཅིག་བྱང་ཆུབ་ཤིང་ལ་གླང་པོ་ཆེའི་གནོད་པ་བསྲུང་ཕྱིར་དུ་འདོད། མུ་གེ་ཆེན་པོ་ལོ་བཅུ་གཉིས་སུ་བྱུང་བ་ན་མཁན་པོ་ནི་སྒྲུབ་པར་བཞུགས་པས་སྐབས་མ་འཚལ་བར་དགོངས། མ་ག་དྷཱའི་ཡུལ་རྣམས་སྟོང་པ་ཙམ་བྱུང་ཡང་། སེམས་ཅན་གྱི་ལས་སུ་གཟིགས་ནས། །གསེར་འགྱུར་རྩིའི་སྦྱོར་བས་དགེ་འདུན་རྣམས་འཚོ་བས་མི་བྲེལ་བར་མཛད། སློབ་དཔོན་སྒྲུབ་པ་ཐོན་ནས་རྒྱུ་མཚན་དྲིས་ཤིང་ཞུས་པ་ན། ཁྱོད་ཀྱིས་མ་ལེགས་པ་བྱས། ཟས་ཀྱི་ཆར་འབེབས་པའི་ནུས་པ་ང་ལ་ཡོད་པ་ལ། ཁྱོད་སེམས་ཅན་ལ་སྙིང་རྗེ་ཆུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འགལ། སྡིག་སྦྱང་དུ་གཙུག་ལག་ཁང་བརྒྱ་རྩ་བརྒྱད། ལྷ་ཁང་སྟོང་། མཆོད་


JLAZ013_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁྲི་ཕྲག་བཞེངས་དགོས་གསུང་། དེའི་སླད་དུ་གནོད་སྦྱིན་འཛམྦྷ་ལ་ལས་ནོར་བླངས། ཀུ་རུ་ཀུ་ལླེའི་རིག་སྔགས་གྲུབ་པས་ཀླུ་རྒྱལ་འཇོག་པོའི་བུ་མོ་བཀུག་པ་ན། ཆོས་གསུང་བའི་གྲྭར། བཟང་མོའི་རྣམ་པ་ཅན་གཉིས་འཁོར་མང་པོ་དང་བཅས་ནས་བྱུང་བས་ཙནྡན་ས་མཆོག་གི་དྲིས་དཔག་ཚད་ཙམ་ཁྱབ་པ་བྱུང་། དེའི་རྒྱུ་དྲིས་པས། ངེད་ནི་འཇོག་པོའི་བུ་མོ་ལགས་ཏེ་མི་གྲིབ་བསྲུང་བའི་སླད་དུ་ལུས་ལ་ཙན་དན་ས་མཆོག་གིས་བསྐུས་པའོ་ཟེར། འོ་ན་སྒྲོལ་མའི་སྐུ་བཞེངས་པའི་སླད་དུ་ཙན་དན་ཡང་སྦྱིན་ཅིག །གཙུག་ལག་ཁང་བཞེངས་པའི་གྲོགས་ཀྱང་འཚལ་ལོ་གསུངས་པས། ཕ་ལ་ཟླ་ཡི་ཟེར་ནས་སོང་། ནངས་པར་བྱུང་ནས། སློབ་དཔོན་ཉིད་ཀླུ་ཡུལ་དུ་ཕེབས་ན་བཀའ་བཞིན་བྱེད་གཞན་མི་ནུས་སོ་ཟེར། དེར་དོན་ཆེན་པོ་གཟིགས་ནས་གཤེགས་ཏེ་སྐལ་བ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་བསྐོར། སྟོང་ཕྲག་བརྒྱ་དང་ཡི་གེ་ཉུང་ངུ་ལ་སོགས་པ་སྤྱན་འདྲེན་པའི་འཕྲིན་ལས་ཀྱི་སྣང་བ་རྒྱ་ཆེན་པོ་མཛད། དགེ་སློང་བདེ་བྱེད་ཅེས་བྱ་བས་བསྟན་པ་ལ་རྨ་སྲོལ་བཏོད་པའི་ཆེད་དུ་བྱས་པ་རིག་པའི་རྒྱན་ཞེས་བྱ་བའི་གཞུང་ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་ཅན་བྱུང་བ་ཡང་དངོས་སྟོབས་རིགས་པའི་ཤུགས་ཀྱིས་ཚར་བཅད། ཉན་ཐོས་སེན་དྷ་པ་དག་གིས། ཐེག་ཆེན་ལ་རྩོད་པའི་གཞུང་མང་པོ་བྱུང་བ་


JLAZ013_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མི་མངོན་པའི་རུམ་དུ་རྒྱས་བཏབ། རེ་ཞིག་ན་ཛ་ཊ་སཾ་གྷ་རར། མུ་སྟེགས་ཀྱི་རྒོལ་བ་ལྔ་བརྒྱ་ཙམ་རྩོད་པས་ཕམ་པར་བྱས་ཏེ་རང་གི་བསྟན་པ་ལ་བཅུག །སློབ་དཔོན་འདིས་བཞེངས་པའི་མཆོད་རྟེན་གྱིས་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་། ལྷ་ཁང་ཡང་མཆོག་ཏུ་མང་བ་གྲུབ། རི་མང་པོ་གསེར་དུ་བསྒྱུར་བར་བཞེད་པ་རྗེ་བཙུན་མས་མ་འོངས་པ་ན་རྩོད་པར་འགྱུར་བར་ལུང་བསྟན་པས་ཅི་བདེར་བཞག །དེ་ལྟ་ནའང་གསེར་གྱི་འབྱུང་ཁུངས་མང་པོ་བྱིན་གྱིས་བརླབས་ཤིང་། རྡོ་ཡང་གསེར་མདོག་ཏུ་གྱུར་པ་ཙམ་ཡོད་སྐད། གླིང་གཞན་དང་མི་མ་ཡིན་གྱི་གནས་སུ་ལོ་སྐོར་ཙམ་འགྲོ་དོན་མཛད། ལམ་ཀ་ན་བྱིས་པ་མང་པོ་བརྩེ་བ་ལས་གཅིག་རྒྱལ་པོར་འགྱུར་བ་ལུང་བསྟན་པ་ཕྱི་ནས་རྒྱལ་པོ་བདེ་སྤྱོད་ཅེས་བྱ་བར་གྲགས། འདི་སློབ་དཔོན་ལ་ཤིན་ཏུ་གུས་ཤིང་། གདམས་པ་ནོད་པ་ལ་བརྟེན་ནས་བཅུད་ལེན་དང་གནོད་སྦྱིན་གྱི་མངག་གཞུག་འགྲུབ། སྟོབས་བཅུ་མངའ་བའི་དགོངས་དོན་དང་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་རྒྱལ་པོ་མང་དུ་བསྐྲུན་པ་ནི། ཉི་ཟླ་ལྟ་བུར་གྲགས་པ་ཆེ་ཞིང་ཁྱད་པར་ཐེག་པ་ཆེན་པོ་ནམ་མཁའ་ལྟར་གསལ་བར་མཛད། ཕྱིས་དཔལ་གྱི་རི་ལ་ལོ་ཉིས་བརྒྱ་ཙམ་གནོད་སྦྱིན་མོའི་འཁོར་དང་བཅས་ཏེ་སྔགས་ཀྱི་སྤྱོད་པས་བཞུགས། རྒྱུད་སྡེ་ཐ་དད་པ་དང་རིག་འཛིན་རྒྱ་མཚོ་ལྟ་བུའི་ཚོགས་རྗེར་བཞུགས་པས་ཐུན་མོང་བའི་རྣམ་ཐར་གྱིས་ལོ་རྒྱུས་དཔོགས་པར་


JLAZ013_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་ཏེ། པདྨ་གསུང་གི་དཀྱིལ་འཁོར་ན་སློབ་དཔོན་ནཱ་གཱརྫུ་ན་ཞེས་ཡོངས་སུ་གྲགས། མདོར་ན་སྡེ་སྣོད་འཛིན་པའི་དབུས་ན་གནས་པའི་ཚེ་རྣམ་པར་ཐར་པ་བརྒྱད། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པའི་རྒྱན་གྱིས་མཛེས་ཤིང་། སྔགས་ཀྱི་བརྟུལ་ཞུགས་ལས་གྲུབ་པ་ཆེན་པོ་བརྒྱད། ཚར་གཅོད་པ་དང་། རྗེས་སུ་འཛིན་པ་ལ་སོགས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐམས་ཅད་རང་དབང་དུ་གྱུར་ནས་བདེ་བར་གཤེགས་པའི་གཟུགས་བརྙན་དང་བསྟན་པར་བཅས་པ་ལ་སྲི་ཞུ་དང་། རི་མོར་བྱས་པའི་ཚུལ་ནི་འདི་ལ་འགྲན་ཟླར་འོས་པ་འགའ་ཡང་ཡོད་པར་མ་གྲགས་ཤིང་། མཚན་བཟང་པོ་སོ་གཉིས་གྲུབ་པའི་སྐུ་དེས་ལོ་བརྒྱ་ཕྲག་དྲུག་གི་བར་དུ་བསྟན་པ་ལེགས་པར་བསྐྱངས། མཐར་རྒྱལ་པོ་བདེ་སྤྱོད་ཀྱི་བུ་རབ་ནུས་ཞེས་བྱ་བ་ལ། རང་གི་མས་གོས་བཟང་པོ་སྲུབ་མེད་པ་གཅིག་བྱིན་པ་ན། དེས་འདི་བདག་གི་རྒྱལ་སྲིད་འཛིན་པའི་ཚེ་གྱོན་ནོ། །མ་ན་རེ་ཁྱོན་ཀྱིས་རྒྱལ་སྲིད་འཛིན་པ་མི་འོང་སྟེ། ཡབ་དང་སློབ་དཔོན་ཚེའི་བཅུད་ལེན་སྟབས་ཅིག་ཏུ་གྲུབ་ཡིན་པས་སློབ་དཔོན་དང་སྲོག་གཅིག་གོ །དེས་ན་གཅེན་པོ་རྣམས་ཀྱང་བུ་དང་ཚ་བོའི་བར་རྒྱལ་སྲིད་མ་ཐོབ་པར་འདས་ཟེར་བས་དེ་རྒྱལ་སྲིད་ལ་འདོད་པའི་གདུངས་པས་ཤིན་ཏུ་མི་དགའ་བར་གྱུར་པ་ལ། མ་ན་རེ། འོ་ན་ཐབས་ཡོད། སློབ་དཔོན་བྱང་ཆུབ་སེམས་དཔའ་ཡིན་པས་


JLAZ013_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་བསླང་ན་སྟེར་མཆི། བུས་ཀྱང་དཔལ་གྱི་རི་ལ་སློབ་དཔོན་གྱི་དྲུང་དུ་དབུ་བསླང་བའི་ཕྱིར་འོངས་སོ། །དེར་སློབ་དཔོན་གྱིས་ཇི་ལྟར་འདོད་པ་བཞིན་དུ་ཆོད་ཅིག་པར་བསྒོ་བས། རལ་གྲི་ཤིན་ཏུ་རྣོ་བས་ཀྱང་ཆད་པར་མ་གྱུར་ནས། སྔོན་སྨྱུག་མ་བཅད་པ་ལས་སྐྱེ་བ་བཅད་པའི་ལྟུང་བྱེད་ཀྱི་ལས་ཡོད་པར་གཟིགས་ནས། སྨྱུག་མའི་ཤུན་ལྤགས་ཀྱིས་བྲེགས་པར་བསྒོས། དེས་དེ་བཞིན་དུ་བྱས་པས། ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། །ཕྱི་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །ཞེས་པའི་སྒྲ་ཡང་བྱུང་། བཅུད་ལེན་གྲུབ་པ་སླར་འགྲིག་གིས་དོགས་ནས། དབུ་དཔག་ཚད་མང་པོས་ཆོད་པའི་སར་འཁྱེར་བར་བརྩམས་པ་ན། ལམ་དུ་གནོད་སྦྱིན་མོས་ཕྲོགས་ཏེ་དབུ་དང་སྐུ་ལུས་གཉིས་ཀར་ལྷ་ཁང་བརྩིགས། སྔར་དེ་གཉིས་ཀྱི་བར་དུ་དཔག་ཚད་བཞི་ཙམ་ཡོད་པ་ད་ལྟ་རྒྱང་གྲགས་མ་ལོངས་ཙམ་ཡོད་སྐད། སློབ་དཔོན་འདིའི་མཛའ་བཤེས་སུ་གྱུར་པ་བྲམ་ཟེ་མཆོག་སྲེད་ཅེས་བྱ་བ་འཕགས་པ་སྤྱན་རས་གཟིགས་ལས་རིག་སྔགས་གྲུབ་པ་ཞིག་བྱུང་སྟེ། དེས་སྒྲ་པཱ་ཎི་པ་རྫོགས་པར་ཤེས་པའི་ཀླུ་ཤེ་ཥ་ཞེས་བྱ་བ་རིག་སྔགས་ཀྱིས་བཀུགས་ཏེ་ཡི་གེར་བྲིས་ཤིང་། འགྲེལ་པ་བརྩམས་པ་དང་། རྒྱལ་པོའི་བུ་མོ་དཔྱིད་ལྡན་མ་གཡོ་སྒྱུས་བསླུས་པ་སོགས་ཀྱི་འཕྲོས་དོན་ལས་སྒྲ་ཀཱ་ལ་པའི་བྱུང་ཁུངས་སྔ་སོར་གྲགས་པ་ལས་ཐ་དད་པའི་གཏམ་ངོ་མཚར་བའང་ཡོད་


JLAZ013_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །སློབ་དཔོན་འདིའི་སློབ་མར་གྱུར་པ་ནི་བསམ་གྱིས་མི་ཁྱབ་མོད་ཀྱི་གསར་མའི་ཕྱོགས་ལ་གྲུབ་པའི་རྣལ་འབྱོར་དུ་གྲགས་པ་ནི་ཤ་ཝ་རི་པའོ། །འཛམ་བུའི་གླིང་མཛེས་པར་བྱེད་པའི་རྒྱན་གཉིས་པ། ཨཱརྱ་དེ་ཝ་ནི། སྔོན་གྱི་ལོ་རྒྱུས་རྣམས་ལས་པདྨོའི་དབུས་ན་སྐྱེ་བའི་ཟེའུ་འབྲུ་འཛུམ་པར་གྲགས་ནའང་། སློབ་དཔོན་ཟླ་བ་གྲགས་པས་སིངྒ་ལའི་རྒྱལ་པོའི་སྲས་སུ་བཤད་ཅིང་། རྒྱ་གཏམ་ཁུངས་མ་དག་ལའང་དེ་སྐད་དུ་གླེང་ངོ་། །དེ་ལ་སིངྒ་ལའི་གླིང་གི་རྒྱལ་པོ་པཉྩ་ཤྲི་ག་ཞེས་བྱ་བའི་རིགས་སུ་ལང་ཚོའི་མྱུ་གུ་གསར་པ་བཟུང་། ཆེར་སྐྱེས་ནས་རྒྱལ་ཚབ་ཀྱི་ས་ལ་ནི་སྤྲོ་བར་མ་གྱུར་ཏེ། མཁན་པོ་ཧེ་མ་དེ་ཝ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཨཱརྱ་དེ་ཝ་ཞེས་བྱ་བའི་མཚན་གྱིས་གྲགས་པའི་ཟླ་འོད་གསལ་བར་བྱས། སྡེ་སྣོད་གསུམ་པོ་ཆུབ་པར་བྱས་ནས་ཡུལ་ཐ་དད་པའི་ལྷ་ཁང་དང་མཆོད་རྟེན་དག་བལྟ་བའི་ཕྱིར་འཛམ་བུའི་གླིང་ཀུན་ཏུ་བྱོན། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞབས་པད་བསྟེན་ཏེ་རྒྱལ་བའི་མྱུ་གུ་ཀུན་གྱིས་འཇུག་པར་འོས་པའི་རིག་པའི་གནས་རྣམ་པ་ལྔ་ལེ་ལག་དང་བཅས་པ་དང་། ཕྱི་ནང་གི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པར་མཛད། །ཐོབ་པར་བྱ་བའི་དངོས་གྲུབ་ཀྱི་གནས་མང་པོའང་མངོན་དུ་མཛད་ནས་དོན་གྱི་བསྟན་པའི་བདག་པོ་ཉིད་དུ་བསྐོས། རིའི་ལྷ་དང་། ཤིང་གི་ལྷ་ལ་སོགས་པ་ལས་ཡོ་


JLAZ013_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་བླངས་ནས་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། གནོད་སྦྱིན་མོས་འཚོ་བ་སྦྱར་ནས་ཐེག་པ་ཆེན་པོའི་ཆོས་གཞི་རེ་བཙུགས། ལྷོ་ཕྱོགས་ཀྱི་རྒྱུད་རྣམས་སུ་ཤེས་རབ་རྣམ་པ་གསུམ་གྱི་སྒོ་ནས་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་མཛད་པ་ལས། རེ་ཞིག་གི་ཚེ། ཤར་ཕྱོགས་ན་ལི་ནའི་གྲོང་ཁྱེར་ཁོར་ཏ་ཞེས་བྱ་བར་བྱུང་བ། རང་གི་འདོད་པའི་ལྷ་གཙུག་ན་ཟླ་བ་བསྒྲུབས་པས་ཕྱོགས་ཐམས་ཅད་ལས་རྒྱལ་བའི་དངོས་གྲུབ་ཀྱིས་བསྙེམས་པ། བྲམ་ཟེ་ཐུབ་དཀའ་ནག་པོས། གང་ན་སངས་རྒྱས་ཀྱི་བསྟན་པ་གནས་པའི་ཡུལ་དང་ཡུལ་ཕྲན་ཐམས་ཅད་དུ་ཕྱིན་ནས་རྩོད་པའི་རྒོལ་བ་རྩུབ་མོས་ཕལ་ཆེར་ཅང་མི་སྨྲ་བའི་གནས་ལ་སྦྱར་རོ། །སྦྱར་ནས་ཀྱང་སླར་ང་རྒྱལ་གྱིས་མེ་ལྕེ་རྣོན་པོ་གཡོས་པར་གྱུར་ཏེ། དཔལ་ན་ལེནྡྲ་ཞེས་བྱ་བ་ནང་པའི་མཁས་པ་ཐམས་ཅད་ཀྱི་བསྟི་བའི་གནས་ག་ལ་བ་དེར་སོང་ནས། རང་རང་གི་བསྟན་པ་རྒྱལ་བའི་རུ་མཚོན་དུ་བཙུགས་ཏེ་རྩོད་པའི་ཤིང་རྟ་འདྲེན་པར་དུས་བཏབ་བོ། །དེར་ནང་པའི་པཎྜི་ཏ་རྣམས་ནི་བག་ཁུམས་པར་གྱུར་ནའང་སློབ་དཔོན་འབྱོན་ཐུབ་པའི་ཡུན་སྲིད་ཙམ་དུ་རྩོད་པའི་དུས་བཏབ་པའི་ཚུལ་བྱས་སོ། །དེར་ནག་པོ་ཆེན་པོ་ལ་གཏོར་མ་བྱས་པས། སྤྲུལ་པའི་བྱ་རོག་བྱུང་བའི་མགུལ་པར་སློབ་དཔོན་སྤྱན་འདྲེན་པའི་འཕྲིན་ཡིག་བརྫངས་ཏེ་སོང་ངོ་། །དེས་སློབ་དཔོན་ལ་བརྡ་འཕྲོད་དེ་རྐང་མགྱོགས་ཀྱི་རྫས་ལ་བརྟེན་ནས་སྤྱོད་པ་ན། ལམ་དུ་ལྗོན་


JLAZ013_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་མོ་ཟེར་ཏེ་མུ་སྟེགས་ཀྱི་རིགས་ལས་མངལ་ཆགས་མ་གཅིག་གིས། དངོས་གྲུབ་ཀྱི་རྫས་ཀྱི་དོན་དུ་དགེ་སློང་མཁས་པའི་མིག་དགོས་ཞེས་བསླངས་པས་སྤྱན་ཡ་གཅིག་དེ་ལ་བྱིན་ནོ། །དེར་ཐུན་ཚོད་གཅིག་ཁོ་ན་ལ་ན་ལེནྡྲར་ཕེབས་ནས་ནམ་མུ་སྟེགས་ཀྱི་རྒོལ་བ་ལྷགས་པ་ན། དེ་དག་གི་དཔུང་གཉེན་དུ་གྱུར་པ་སྲིང་མོ་པཎྜི་ཏ་དང་། ནེ་ཙོ་དང་། ཐོད་ལེ་ཀོ་རེ་རྣམས། དགེ་བསྙེན་སྤྱི་བརྟོལ་ཅན་དང་། བྱི་ལ་དང་། མར་ནག་གི་བུམ་པ་རྣམས་ཀྱིས་བཏུལ། དེའི་ཚེ་སློབ་དཔོན་ལ་མིག་ཡ་གཅིག་པ་ཞེས་དཔྱས་གདགས་པར་སྨྲས་པ་ལ། དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། །ཨཱརྱ་དེ་ཝ་མིག་གཅིག་པོ་ནི་གང་ཡིན་དེས། །སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང་། །ཞེས་བྱ་བ་སྔ་རྒོལ་འཇོམས་པའི་གླེང་གཞིར་བྱས་ནས་བསྒྲུབ་པ་དང་། སུན་འབྱིན་པའི་ཚིག་གི་མེ་ལྕེ་ནི་སྦར། རབ་ཏུ་འབར། ཤིན་ཏུ་འབར་བར་གྱུར་ནས་གཞུང་ལུགས་ངན་པའི་གཏམ་གྱི་ཚང་ཚིང་ནི་བསྲེགས། དབང་ཕྱུག་ཉིད་དེའི་རྒྱུད་ལ་འཇུག་པའི་བརྟན་པ་ནི་ཕྲོགས། འབྲོས་པར་བྱ་བའི་ལམ་ནི་རིག་སྔགས་ཀྱིས་བཅད། གདུལ་བར་བྱ་བའི་དུས་ལ་ཤིན་ཏུ་བབ་པར་གཟིགས་ནས། གཙུག་ལག་ཁང་དུ་ཐབས་ལ་མཁས་པའི་བཙོན་རར་གཞུག་པར་བྱས་སོ། །དེར་གླེགས་བམ་རྣམས་ཀླགས་པས་


JLAZ013_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ལུང་བསྟན་པའི་མདོ་སྡེ་མཐོང་ནས་སྔར་བསྟན་པ་ལ་བྱ་བ་མ་ཡིན་པར་བྱས་པ་ལ་ཤིན་ཏུ་འགྱོད། སངས་རྒྱས་ལ་དད་པ་ཆེས་ཆེར་འཕེལ་བར་གྱུར་ནས་རབ་ཏུ་བྱུང་སྟེ་སྡེ་སྣོད་གསུམ་འཛིན་པའི་པཎྜི་ཏ་ཆེན་པོ་འགྲན་ཟླས་དབེན་པ་ཉིད་དུ་བྱིན་གྱིས་བརླབས་པ་སློབ་དཔོན་ཆེན་པོ་དཔའ་བོའི་ཞབས་སོ། །དེ་ལྟ་བུའི་སློབ་དཔོན་འཕགས་པས་མཐར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་གཤེགས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད། མཐར་བྲལ་གྱི་དོན་རྒྱས་པར་སྟོན་པ་དབུ་མ་བཞི་བརྒྱ་པ་ལ་སོགས་མདོ་སྔགས་ཀྱི་བསྟན་བཅོས་དཔག་ཏུ་མེད་པ་མཛད་ནས་བསྟན་པ་ལ་ཕན་པ་རྒྱ་ཆེར་བཏགས་ཡུལ་ཀཉྩི་དང་ཉེ་བའི་རཾ་ག་ནཱ་ཐཱ་ཞེས་བྱ་བར་དབང་ཕྱུག་ཕུན་སུམ་ཚོགས་པའི་དགེ་སློང་སྡེ་སྣོད་གསུམ་པ་སྒྲ་གཅན་འཛིན་བཟང་པོ་ལ་དོན་གྱི་བསྟན་པ་གཏད་དེ་མྱ་ངན་ལས་འདས་སོ། །དེ་ལ་ཆེན་པོ་བཞིའི་ཡ་གྱལ་དུ་གྱུར་ཞིང་སྟོན་པ་མཆོག་ལ་བསྟོད་པ་བྱེད་པར་ལུང་གིས་བསྔགས་པ་སློབ་དཔོན་མ་ཏི་ཙི་ཏྲའམ། དཔའ་བོ་ནི་གྲོང་ཁྱེར་ཁོར་ཏ་ན་ཚོང་དཔོན་གཅིག་ལ་བུ་མོ་བཅུ་ཡོད་དེ། ཐམས་ཅད་ཀྱང་དཀོན་མཆོག་ལ་དད་པ་དང་ལྡན་པ་ཤ་སྟག་གོ །ཐ་ཆུང་གང་ཡིན་པ་བྲམ་ཟེ་ལོངས་སྤྱོད་ཆེན་པོ་སངྒྷ་གུ་ཧྱ་ཞེས་བྱ་བའི་ཁྱིམ་དུ་སོང་བ་ན། བུ་ཞིག་བཙས་པའི་མིང་ནག་པོ་ཞེས་བཏགས་སོ། །ཕ་མ་ལ་ཤིན་ཏུ་གུས་པས་ཕ་ཁོལ་དང་མ་ཁོལ་ཞེས་ཀྱང་གྲགས། རིག་བྱེད་ཡན་ལག་དང་བཅས་པ་ལ་བྱང་བར་གྱུར།


JLAZ013_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མ་སངས་རྒྱས་པ་ལ་དད་པས་ནང་པའི་གྲུབ་མཐའ་ལ་གཞུག་པར་འདོད་ཀྱང་། ཕའི་དབང་ལས་ཕྱི་རོལ་པའི་གྲུབ་མཐའ་འཛིན་པར་གྱུར། སྔགས་རྒྱུད་ཀྱི་སྦྱོར་བ་དང་། རྟོག་གེ་ལ་ཤིན་ཏུ་རྣོ། ལྷ་དབང་ཕྱུག་ཆེན་པོ་བསྒྲུབས་པས་དངོས་སུ་ལུང་སྟོན་པར་བྱེད་ཅིང་དངོས་གྲུབ་གསུམ་བྱིན། དེས་ཀྱང་རྩོད་པ་ལས་མ་རྒྱལ་ན་དབང་ཕྱུག་རང་ཉིད་སྙིང་ལ་འཇུག་པར་ཁས་འཆེས་སོ། །དེར་སྙེམས་པ་ཤིན་ཏུ་འཕེལ་ཏེ་ཀཱ་མ་རུ་པ་དང་། ཏི་ར་ཧུ་ཏི་དང་། གཽ་ར་དང་། ཨཽ་ཌི་བི་ཤ་ལ་སོགས་པའི་ཡུལ་རྣམས་སུ་ཕྱིན་ནས་སངས་རྒྱས་པ་རྣམས་རྩོད་པས་ཕམ་པར་བྱས། འགའ་ཞིག་ལྟ་བ་ངན་པ་ལ་བཀོད་ཁ་ཅིག་གི་མངའ་ཐང་ཕྲོགས། ལ་ལ་མུ་སྟེགས་ལ་ཕྱག་འཚལ་དུ་གཞུག་པ་ལ་སོགས་དམའ་དབབ་པར་བྱས་སོ། །དེར་མ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཡིན་པས་འདི་སྙམ་དུ། གལ་ཏེ་འདི་ནཱ་ལེནྡྲར་སོང་ན་རྩོད་པའི་ཁྱུ་མཆོག་རིག་སྔགས་གྲུབ་པ་དག་གིས་ཕམ་པར་བྱས་ཏེ། སངས་རྒྱས་པའི་ལམ་ལ་འཇུག་པར་འགྱུར་རོ་སྙམ་ནས། བུ་ཉོན་ཅིག་ཡུལ་གཞན་གྱི་སངས་རྒྱས་པ་རྣམས་ནི་རྟའི་རྣ་བའི་སྤུ་ཙམ། མ་ག་དྷཱའི་སངས་རྒྱས་པ་རྣམས་ནི་རྟའི་ལུས་དང་མཚུངས་ཏེ། གལ་ཏེ་མ་ག་དྷཱ་པ་ལས་རྒྱལ་བར་མ་གྱུར་པ་དེ་སྲིད་དུ། རྒོལ་བའི་གྲགས་པ་ཐོབ་པར་འདོད་པ་ནི་ཉམ་ཆུང་ངོ་ཞེས་བརྗོད་པས། དེར་མ་ག་དྷཱར་སོང་ངོ་། །


JLAZ013_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་ཀྱང་རྒོལ་བའི་རི་མཚོན་རྣོན་པོ་འཕྱར་བ་གང་། སློབ་དཔོན་འཕགས་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་ཀྱིས་འཐོར་རླུང་དྲག་པོས་ལྷུང་བར་བྱས་པས། ང་རྒྱལ་གྱི་གདོང་པ་ཤིན་ཏུ་སྨད་པར་གྱུར་ནས་ཆུ་བོ་གངྒཱ་ལ་ལྕེབ་པར་བརྩམ་མོ། །འཕགས་པས་དེ་ལས་ལྡོག་པའི་གཏམ་བཤད་མ་ཐག་པ་ཉིད། སྡེ་སྣོད་ཀྱི་གླེགས་བམ་ལས་སྔོན་གྱི་སྨོན་ལམ་བཙན་པོ་སྟོབས་སུ་གྱུར་ནས་རང་གི་ལྟ་བ་ནོར་བ་ནི་གོ། རྒྱུ་འབྲས་ལ་སྐུར་པ་བཏབ་པའི་འགྱོད་པས་བཅིངས་ཏེ་ལྕེ་འབྲེག་པའི་ཕྱིར་སྤུ་གྲི་བསྲེལ་བ་ལ་མངོན་དུ་ཕྱོགས་སོ། །དེར་རྗེ་བཙུན་མས་ལུང་བསྟན་ཏེ་ནང་པའི་བསྟན་པ་ལ་ཞུགས་ནས་སངས་རྒྱས་ལ་བསྟོད་པ་མང་དུ་གྱིས་ཤིག །ལས་ཀྱི་སྒྲིབ་པ་ནི་བྱང་བར་འགྱུར་རོ་ཞེས་གསུངས་པས། དེ་སྡེ་སྣོད་གསུམ་འཛིན་པར་གྱུར་ཏེ། བཤགས་པའི་དོན་དུ་བསྔགས་པར་འོས་པ་ལ་བསྔགས་པའི་བསྟོད་པ་དང་། བརྒྱ་ལྔ་བཅུ་པ་ལ་སོགས་པ་མང་པོའང་བརྩམས། དེའི་ཚེ་མུ་སྟེགས་བྱེད་དང་། བྲམ་ཟེ་དག་ནི། འདི་ལྟར་བྲམ་ཟེ་རྣམས་ཀྱི་མཆོག་རབ་ཏུ་གྱུར་པ་ཐུབ་དཀའ་ནག་པོ་ཡང་རང་གི་གྲུབ་པའི་མཐའ་གྱོ་མོ་དང་གསེག་མ་བཞིན་དུ་བོར་ནས། སངས་རྒྱས་པའི་བསྟན་པ་ལ་འཇུག་པར་བྱེད་ན། གདོན་མི་ཟ་བར་ནང་པའི་གྲུབ་མཐའ་ཡ་མཚན་ཆེའོ། །ཞེས་རྒྱུད་དེ་ལས་མུ་སྟེགས་བྱེད་དང་། བྲམ་ཟེའི་ཚོགས་རེ་རེ་ནས་སྟོང་ལྷག་པ་རེ་དཔལ་ན་ལེནྡྲ་ཁོ་


JLAZ013_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ནར་ཡང་རབ་ཏུ་བྱུང་། དེས་མཛད་པའི་བསྟོད་པ་རྣམས་ཀྱང་སངས་རྒྱས་ཉིད་ཀྱིས་རྗེས་སུ་བསྟན་པའི་བྱིན་རླབས་ལས། ཡུལ་དང་ཡུལ་ཕྲན་ཐམས་ཅད་དུ་ཁྱབ་ཅིང་། ཐ་ན་གླུ་གར་མཁན་དང་། བཞད་གད་མཁན་ཡན་ཆོད་ཀྱི་སྒྲོག་པར་བྱེད་པས། སྐྱེ་བོ་ཐམས་ཅད་ཀྱི་དད་པའི་བསུང་ཞིམ་འགུགས་པར་བྱེད་པའི་དྲིའི་བཞོན་པ་གཅིག་ཏུ་གྱུར། སྐྱེས་བུ་ཆེན་པོ་འདི་ནི་བསོད་ནམས་ཀྱི་མཐུ་ཤིན་ཏུ་ཆེ་བས། ཉིན་རེར་གྲོང་ཁྱེར་དུ་བསོད་སྙོམས་ཀྱི་བྱ་བ་ལ་གཤེགས་ནའང་ཟས་ཀྱི་རྣམ་པ་དཔག་ཏུ་མེད་པ་དག་འབྱོར་པས། བསམ་གཏན་པ་ཉིས་བརྒྱ་ལྔ་བཅུ་དང་། ཀློག་པ་བ་དེའི་གྲངས། དགེ་སློང་ལྔ་བརྒྱ་འཚོ་བས་བྲེལ་བ་མེད་པར་བྱེད་ཅིང་། སྙན་པར་དངགས་པ་ལས་རྩོམ་པའི་ཁྱུ་མཆོག་ཏུ་གྱུར་པས་བསྟན་བཅོས་ཀྱི་ཚིག་དོན་ཀྱང་ཤིན་ཏུ་བཟང་སྟེ། སློབ་དཔོན་ཆོས་ཀྱི་གྲགས་པའང་མགུ་བར་ནུས། བདག་པོའི་རྐྱེན་དེ་ལས་དེ་བཞིན་གཤེགས་པའི་མཛད་པ་སྙན་དངགས་ཆེན་པོ་ལ་སྦྱར་བ་དང་། དེ་ཙམ་གྱིས་ཐོས་པ་དང་རྩོད་པ་ལྷུར་ལེན་པའི་གནས་ཙམ་ལ་བསྔགས་པ་མ་ཡིན་པར་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག་གཉིས་ལ་སོགས་པ་མཆོག་ཏུ་གྱུར་པའི་དགོངས་འགྲེལ་དང་གཞུང་ཁྱད་དུ་འཕགས་པ་མང་པོས་བསྟན་པའི་བྱ་བ་རྒྱ་ཆེན་པོ་བྱས། སྐུ་ཚེའི་སྨད་དུ་གྱུར་པ་ན། རྒྱལ་པོ་ཀ་ནི་ཀས་སྤྱན་འདྲེན་པའི་ཕོ་ཉ་བཅུག་པ་ལ་ལང་ཚོའི་འབྲས་བུ་ཤིན་ཏུ་རྒ་བས་


JLAZ013_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོན་པར་མ་གནང་སྟེ་སྤྲིངས་ཡིག་མཛད་ནས་རྒྱལ་པོ་དེ་ཆོས་ལ་བཀོད། རང་གི་སློབ་མ་ཡེ་ཤེས་སྙན་པ་ཞེས་བྱ་བ་དེ་རྒྱལ་པོའི་སློབ་དཔོན་དུ་བརྫངས། མདོ་སྡེ་ལ་སོགས་པའི་གླེགས་བམ་དང་གཏམ་རྒྱུད་ཀྱི་ཡི་གེའི་རྐྱེན་ལ་མ་ལྟོས་པར་མཁན་པོ་དང་། སློབ་དཔོན་དག་གིས་སྙན་ནས་སྙན་དུ་བརྒྱུད་པའི་སངས་རྒྱས་ཀྱི་སྐྱེས་རབས་བཅུ་ཕྲག་བཅུའི་བདག་ཉིད་ཅན་ཕ་རོལ་དུ་ཕྱིན་པ་བཅུ་དང་སྦྱར་སྟེ་རྩོམ་པར་བཞེད་ནས། སུམ་ཅུ་རྩ་བཞི་མཛད་ཟིན་པའི་སྐབས། སྐྱེས་རབས་ཀྱི་དང་པོར་སྟག་མོ་ལུས་སྦྱིན་གྱི་རྟེན་འབྲེལ་ལས་སྐུ་ཚེ་གཞན་དབང་དུ་གྱུར་པའམ། བྱང་ཆུབ་སྤྱོད་པའི་རྣམ་ཐར་རང་ཉིད་ཀྱང་སྙིང་སྟོབས་ཀྱི་མཐུ་ཚད་མེད་པ་བརྟག་པར་གྱུར་ནས། ནགས་བསེབ་ཏུ་སྟག་མོ་ཕྲུ་གུ་འབྲངས་པ་བཀྲེས་པས་ཉེན་པ་གཟིགས་པས། སྐུ་ལུས་སྦྱིན་པར་བརྩམས་པ་ན་ཅུང་ཟད་བག་ཚ་བའི་རྣམ་པས་ལྷག་པར་ཡང་སངས་རྒྱས་ལ་དད་པ་བསྐུལ་བའི་ཕོ་ཉར་བྱས། དང་པོར་སྐུ་ལུས་ལས་ཁྲག་ཕྱུང་སྟེ་སྨོན་ལམ་བདུན་ཅུ་པ་བྲིས་ཤིང་སྟག་རྣམས་ལའང་བླུད། སླར་སྐུ་ལུས་སྦྱིན་པར་བཏང་བས་སྐྱེས་རབས་སོ་བཞི་པའི་འཕྲོ་ལུས་པར་གྲགས། འདོད་པ་གཅིག་ཏུ་བརྩམ་བྱ་ཡོངས་སུ་རྫོགས་མོད་དེ། སློབ་དཔོན་སྟག་གིས་ཟོས་ནས་ཅི་ཞིག་ན་དཔེ་མ་རྙེད་པ་དེ་ལས་མ་འདུས་ཟེར་བའང་སྣང་སྟེ། ལུང་གི་རྒྱུན་ནི་ཡོད་པས་དེ་དག་དཔྱད་པ་མེད་པར་བཞག་གོ །སློབ་དཔོན་འདི་ཐེག་པ་ཆེན་པོ་


JLAZ013_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཡང་དེ་ཁོ་ནའི་ཁ་ཟིན་ཀྱང་མ་མཛད་ཀུན་ལ་སྙོམས་པར་ཕན་འདོགས་པས་ཉན་ཐོས་པ་རྣམས་ཀྱང་དད་ཅིང་། ནང་པ་ཀུན་གྱི་གཙུག་ཏུ་བཀུར་བའི་གྲགས་པ་ཤིན་ཏུ་ཆེའོ། །འདི་རྒྱལ་པོ་ཟླ་བ་སྦས་པའི་བུ་སྙིང་པོ་ཐིག་ལེ་ཞེས་བྱ་བ་ཡུལ་གཽ་རར་བྱུང་བ་དེ་དང་ཐོག་མ་མཉམ་པར་གྲགས། དེའི་ཚ་བོའི་བུ་དྷརྨ་ཙནྡྲས་སྲིད་སྐྱོང་བའི་ཚེ་ཏུ་རུཥྐའི་དམག་གིས་མ་ག་དྷཱ་པ་བཅོམ། དཔལ་ན་ལེནྡྲར་ཡང་གནོད་པ་ཆེན་པོ་བྱུང་། དྷརྨ་ཙནྡྲའི་ཞང་པོའི་བུར་གྱུར་པ་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་ཚེ་རྒྱ་ནག་གི་ཡུལ་དུ་མདོ་སྡེ་སྨྲ་བ་འགའ་ཞིག་བརྫངས། སྟག་གཟིག་གི་རྒྱལ་པོའི་སྟེང་དུ་གཡུལ་ལས་རྣམ་པར་རྒྱལ་བའི་བ་དན་འཕྱར་ཏེ་ཉི་འོག་དང་། ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཕལ་ཆེར་ལ་ལུང་བཏང་། སྔར་ཉམས་པར་བྱས་པའི་ཆོས་གཞི་ཐམས་ཅད་སོར་ཆུད་པར་བྱས་ནས་བགྲང་གཞི་བཅུ་ཕྲག་བཞི་ཙམ་དུ་བསྟན་པ་དར་བར་ཡོད་པ་ལ། ན་ལེནྡྲར་མུ་སྟེགས་ཅན་གྱི་སློང་མོ་བ་གཉིས་ལྷགས་པ། དགེ་ཚུལ་གཟུ་ལུམས་ཅན་དག་གིས་བཤལ་ཆུས་གཏོར། སྒོ་གླེགས་ཀྱི་བར་དུ་བཙིར། ཁྱི་གཏུམ་པོ་དག་རྦད་པས། དེ་གཉིས་བློ་ཤིན་ཏུ་མ་རུངས་པར་གྱུར་ནས། གཅིག་གིས་འཚོ་བ་སྦྱར། གཅིག་གིས་ཉི་མ་བསྒྲུབ་པར་དམ་བཅས་སོ། །དེར་སའི་རུམ་དུ་ཞུགས་ཏེ་ལོ་དགུའི་བར་དུ་


JLAZ013_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ཀྱང་དོན་མ་གྲུབ་ནས་ཕྱིར་འགྲོ་བར་བརྩམས་པས། གྲོགས་པོ་ན་རེ། ཕྱོགས་ཐམས་ཅད་དུ་མུ་གེས་ཉམ་ང་ན། ངས་དཀའ་བ་དེ་སྙེད་ཀྱིས་འཚོ་བ་སྦྱར་བས་ཁྱོད་སྔགས་མ་གྲུབ་པར་ཕྱི་རོལ་དུ་ནམ་བྱུང་བ་དེའི་ཚེ། མགོ་གཅོད་དོ་ཞེས་ཆུ་གྲི་རྣོན་པོ་བསྲེལ་བས། དེ་འཇིགས་ཏེ་སླར་ཡང་ལོ་གསུམ་བསྒྲུབས་པས་དོན་གྲུབ་སྟེ་སྦྱིན་སྲེག་གི་སྦྱོར་བ་བརྩམས། བསྲེགས་ཐལ་ལས་སྔགས་བཟླས་ཏེ་གཏོར་བ་ཙམ་གྱིས་མེ་རང་འབར་དུ་གྱུར། སངས་རྒྱས་པའི་ཆོས་གཞི་བསྟེན་པའི་ལྷ་ཁང་བརྒྱད་ཅུ་རྩ་བཞི་བསྲེགས། ཁྱད་པར་དུ་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་བཞུགས་པའི་དཔལ་ན་ལེནྡྲའི་ལྷ་ཁང་ཆེན་པོ། རཏྣ་ས་ག་ར། རཏྣ་ད་དྷི། རཏྣ་རཎྚ་ཀ་ཞེས་བྱ་བ་གསུམ་ཆར་ཚིག །རཏྣ་ད་དྷི་ཞེས་བྱ་བ་ལ་དགུ་ཐོག་ཡོད་པས་སྟེང་ཁང་གི་གླེགས་བམ་འགའ་ཞིག་ལས་ཆུའི་རྒྱུན་ཆེན་པོ་བབས་ཏེ། འབར་བ་གང་ཞིག་མནལ་བར་གྱུར་པས་གླེགས་བམ་མ་ཚིག་པ་འགའ་ཡང་བྱུང་བ་རིག་པ་འཛིན་པའི་སྡེ་སྣོད་དུ་གྲགས། མུ་སྟེགས་གཉིས་རྒྱལ་པོའི་ཆད་པས་འཇིགས་ཏེ་བྱང་ཕྱོགས་ཧ་ས་མ་ཞེས་བྱ་བའི་ཡུལ་དུ་བྲོས་ཀྱང་སྡིག་པའི་མཐུས་ལུས་ལ་མེ་འབར་ནས་ཤི །དེ་བཞིན་དུ་སློབ་དཔོན་ཀླུ་སྒྲུབ་ལྷོ་ཕྱོགས་ཀྱི་རྒྱུད་ན་འགྲོ་དོན་མཛད་པའི་ཚེ་ཀླ་ཀློའི་ཆོས་ལུགས་མགོ་བརྩམས་ཤིང་། དཔལ་གྱི་རི་ལ་བཞུགས་


JLAZ013_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ཙ་ན། རྒྱལ་པོ་ནེ་མ་ཙནྡྲའི་བློན་པོ་རྒྱལ་བཤེས་ཞེས་བྱ་བས་ངོ་ལོག་བརྩམས་ཏེ་རྒྱལ་སྲིད་ལ་རང་དབང་དུ་བྱས། ན་ལེནྡྲར་གྷཎྜེ་བརྡུངས་པའི་སྒྲ་ལ་ཕཊ་ཌཱ་ཡ་ཞེས་བྱུང་བ། བྲམ་ཟེ་སྒྲ་མཁན་རྣམས་ཀྱིས་མུ་སྟེགས་ངན་པ་རྣམས་ཀྱི་ཀླད་པ་འགེམས་ཞེས་པའི་སྒྲར་ཤེས་ནས། བྲམ་ཟེ་རྒྱལ་བཤེས་ལ་སོགས་པ་མུ་སྟེགས་རྣམས་ཀྱིས་དམག་བྱས། ཡུལ་དབུས་ནས་ཛ་ལནྡྷ་རའི་བར་གྱི་གཙུག་ལག་ཁང་མང་པོ་ཞུགས་ལ་སྦྱངས། དགེ་སློང་མང་དུ་ཐོས་པ་འགའ་ཡང་བསད་པ་སོགས་མདོར་ན་ཀླུ་སྒྲུབ་ཡུལ་དབུས་སུ་བསྟན་པ་སྐྱོང་བ་ཡན་ཆད་ལྷ་ཁང་བཞེངས་པ་ལ་སོགས་ཇེ་མང་དུ་སོང་བས་ཡར་འཕེལ་དང་། ལྷོ་ཕྱོགས་ཀྱི་རྒྱུད་ན་འགྲོ་དོན་མཛད་པ་ཙམ་ནས་འགྲིབ་པའི་ཐོག་མ་བརྩམས་པ་སྟེ། དམ་པའི་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་ནས་ཐེག་པ་ཆེན་པོའི་གསུང་རབ་སྤྱི་དང་བྱེ་བྲག་པ་ཆ་བཅོ་ལྔར་བཏང་བའི་ཆ་དགུ་མེའི་གནོད་པས་སྦྱངས། ཆ་བཞི་དམག་གི་བྱ་བས་བརླག །ཆ་གཅིག་རང་བཞིན་གྱིས་ནུབ་པས། ཆ་གཅིག་ལས་མ་ལུས་པར་གྲགས། རྒྱུ་མཚན་དེ་ཙམ་ལས་ཀྱང་མདོ་རྒྱུད་སྣ་ཚོགས་པའི་དཔེ་ཡུལ་ཁོལ་བུ་ནས་ལྷགས་པའམ། བས་མཐར་བལྟར་མི་མངོན་པའི་རིག་པ་འཛིན་པ་དག་གིས་རང་གི་རྒྱུད་དམ། ཡི་གེའི་སྲོག་ཏུ་བཟུང་བ་ལས་བོད་ཡུལ་ལ་སོགས་པར་མཆེད་པའང་ཡོད་དེ།


JLAZ013_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་གཙུག་ལག་ཁང་ཆུང་རེའི་ཆོས་ཀྱི་རྣམ་གྲངས་མཐོང་བ་དག་གིས། རྒྱ་གར་ན་དེའི་ཕྱི་མོ་ཡོད་མེད་ངེས་ངེས་ལྟར་བསྒྲགས་ནས་དམ་པའི་ཆོས་སྤོང་བར་ཞུགས་པ་ལ་སྙིང་པོ་མེད་དེ། དེ་ནི་དམ་པའི་ཆོས་མངོན་པ་ལ་དགྲ་བྱུང་བའི་ཐ་སྙད་ཡོད་པས་དེ་ལྟར་འཐད་ཀྱང་རྒྱུད་ལ་མ་ཡིན་ནོ་སྙམ་ན། དཔུང་བཟང་གིས་ཞུས་པར། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་པ་རིག་པ་འཛིན་པའི་རྒྱུད་སྡེ་སྣོད་བཞི་པར་བཞག་པ་དེས་ཀྱང་ཤེས་པར་འགྱུར་ལ། དེར་མ་ལྟོས་པ་འདིར་ནི་རཏྣ་ད་དྷི་ཞེས་པའི་སྟེང་ཁང་གི་གླེགས་བམ་ལས་ཆུ་རྒྱུན་གྱི་མཐུས་མ་ཚིག་པ་ནང་རྒྱུད་སྡེ་ལྔ་དང་གསང་བ་འདུས་པར་འདོད་པ་དེ་ལ་ཅིས་བསྙོན། ལར་གསང་སྔགས་བྱིངས་ཆེ་བྱུང་བའི་དུས་ཚོད་འདི་ཙམ་ནའོ་ཞེས་གཏན་ཚིགས་ཀྱིས་སྒྲུབ་པར་དཀའ་ནའང་། སྔོན་ཐེག་པ་ཆེན་པོའི་ཆོས་དར་བ་ནས་མི་རིང་བར་རིག་པ་འཛིན་པ་འབུམ་ཕྲག་གཅིག་དང་། ཨཽ་ཌི་ཡ་ནའི་སྐྱེ་བོ་རྣམས་རིག་པ་འཛིན་པའི་གནས་ཐོབ་པ་ཕལ་མོ་ཆེ་བླ་མེད་ཀྱི་ལམ་ལ་བསྟེན་པ་ཡིན་ནོ། །འདི་ལྟར་གསང་བའི་བདག་པོ་ལ་སོགས་པས་སྐལ་བ་དང་ལྡན་པ་ཤིན་ཏུ་མང་པོ་ལ་ཞལ་ཅིག་ཆར་དུ་བསྟན་ནས་སྔགས་ཀྱི་ཐེག་པ་བཤད། དེ་དག་ཐམས་ཅད་འཇའ་ལུས་སུ་དེངས་པས་རྗེས་སུ་གདམས་པ་བཞག་པ་ཆེར་མེད་ལ། འོན་ཀྱང་དགའ་རབ་རྡོ་རྗེ་ལ་སོགས་པས། སློབ་མ་ལ་ཆིག་བརྒྱུད་བྲེང་ཆགས་སུ་གདམས་ཤིང་། ལ་ལ་འདས་རྗེས་ཀྱི་ཚུལ་དུ་གདམས་པས་


JLAZ013_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་རྫོགས་པ་ཆེན་པོ་ལ་སོགས་བྱུང་ངོ་། །འདི་ལྟར་སྔོན་གྱི་དམ་པ་དེ་དག་ནི་ཤིན་ཏུ་སྒམ་ཞིང་གསང་བ་བསྲུང་བ་ལ་མཁས་པས་དངོས་གྲུབ་མ་ཐོབ་ཀྱི་བར་དུ་སུས་ཀྱང་གསང་སྔགས་སྤྱོད་པ་ཡིན་པར་མི་ཤེས་ཏེ། དཔེར་ན་འཕགས་པ་ནཱ་ག་རྫུ་ན་བཞིན་ཏོ། །གང་ཆོ་འཕྲུལ་ཆེན་པོ་དང་བཅས་མི་སྣང་བར་གྱུར་པའམ་རྫུ་འཕྲུལ་གྱི་བཀོད་པ་ཆེན་པོ་བཤམས་པ་དེའི་ཚེ། ཨ་ལ་ལ་དེ་ནི་སྔགས་ཀྱི་སྤྱོད་པ་ཅན་ནོ་ཞེས་སླད་ནས་རིག་པར་འགྱུར་བ་ཤ་སྟག་གོ །རྒྱུ་དེས་སློབ་དཔོན་གྱིས་སློབ་མ་ལ་བརྒྱུད་པའི་རིམ་པ་བྲེང་ཆགས་མངོན་ཚན་ཅན་དུ་གདམས་པའི་གནས་དུས་དང་ཐོག་མཉམ་འདི་ལྟའོ་ཞེས་མཚན་ཉིད་དཔག་པར་ནུས་པ་ཁོ་ན་མ་ཡིན་ཏེ། ཡེ་ཤེས་ཀྱི་སྐུ་ཅན་ཡིན་པས་འདས་གྲོངས་ཀྱི་བསྙེལ་བ་མི་མངའ་ཡང་། ལྟར་མངོན་པ་དང་། མི་མངོན་པའི་བརྟུལ་ཞུགས་ཡ་མ་ཟུང་ལ་མངའ་བརྙེས་པ་དག་ལ། དུས་བསྒྲིག་པ་དང་། བརྒྱུད་ཐག་ཉེ་འགྱང་པོ་ན་བསམ་པ་ནི་བྱིས་པའི་རྣམ་རྟོག་སྟེ། གང་དུ་ཆོས་དེའི་སྣོད་དུ་གྱུར་པ་མཆིས་ན་དེའི་ཐད་ཀར་རང་ཞལ་བསྟན་ཏེ་རྗེས་སུ་གདམས་པའང་ཡོད་ན་ཡོངས་སུ་གྲགས་པའི་གཏམ་དང་། དེ་ལ་དེར་བསྟེན་གྱི་ཐོག་དང་སྔ་ཕྱི་བསྒྲིག་པ་སོགས་བློ་གྲོས་ཕུར་ཁུང་ཐུག་པའོ། །དེ་ལྟ་ནའང་ས་ར་ཧ་པ་དང་། ཀླུ་སྒྲུབ་ཡབ་སྲས་དང་། ཤ་ཝ་རི་བའི་བར་དུ་བརྒྱུད་པ་ནས་བརྒྱུད་པར་འདོམས་པ་ཡང་ཡོད་ལ། དེའི་ཕྱིར་རྣལ་འབྱོར་བླ་ན་མེད་པ་ནི་མངོན་ཚན་དུ་སྤྱོད་པ་ཆེར་མེད་


JLAZ013_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རང་བཞིན་དུ་སྔོན་ལས་ཆེས་དང་བར་གྱུར་པས་གྲུབ་ཐོབ་གྲགས་ཆེ་བ་རྣམས་ཀྱང་དུས་འདི་ཙམ་ནས་བྱོན་ལ། བྱ་སྤྱོད་ཀྱི་སྔགས་རྒྱུད་རྣམས་ནི་ལོ་ཉིས་བརྒྱ་ཙམ་གྱི་བར་དུ་མངོན་ཚན་དུ་སྤྱོད་པར་ཤིན་ཏུ་དར་རོ་ཞེས་གྲགས་སོ། །འཛམ་བུའི་གླིང་མཛེས་པར་བྱེད་པའི་རྒྱན་གྱི་དམ་པར་གྱུར་པ། ཤིང་རྟ་ཆེན་མོའི་ལམ་སྲོལ་འབྱེད་པ་སློབ་དཔོན་ཐོགས་མེད་དང་། དེའི་གཅུང་དབྱིག་གཉེན་ནི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་བུ་ཟབ་མོའི་ཕྱོགས་ཞེས་བྱ་བ་རྒྱལ་སྲིད་ལ་གནས་པའི་ཚེ། དགེ་སློང་སྡེ་སྣོད་གསུམ་པ་ཞིག་ང་རྒྱལ་གྱི་རྣམ་པར་སྨིན་པ་ལས་བུད་མེད་དུ་སྐྱེ་བ་བཟུང་བ་བྲམ་ཟེ་མོ་པྲ་ཀཱ་པ་ཤཱི་ལ་ཞེས་བྱ་བ། སྔོན་གྱི་བག་ཆགས་ཀྱི་དབང་ལས་བསྟན་པ་ལ་དད་ཅིང་བློ་གྲོས་རྣོ་བ། བྱང་ཆུབ་ཀྱི་སེམས་སྟོབས་ཆེ་བ་གཅིག་ཡོད་པ་དེ་འདི་སྙམ་དུ། ཀྱེ་མ་བསྟན་པ་ནི་འདི་ལྟར་ཉམས་དམས་པ་བདག་ཅག་ནི་བུད་མེད་དུ་གྱུར་པས་ཅི་བྱར་ཡོད་ཀྱིས། ལུས་ལས་ཁྱེའུ་བསྐྱེད་དེ། དེ་བསྟན་པ་ལ་སྲི་ཞུ་བསྐྱེད་དུ་གཞུག་གོ་སྙམ་ནས། རྒྱལ་རིགས་དང་འདུས་པ་ལས་སློབ་དཔོན་ཐོགས་མེད་དང་། བྲམ་ཟེའི་རིགས་དང་འདུས་པ་ལས་དབྱིག་གཉེན་འཁྲུངས་སོ། །དང་པོ་ནི་བློ་རྣོ་བའི་ཆོ་ག་རྫོགས་པར་བྱས་ནས། ཆེར་བསྐྱེད་པ་ན། རིག་པའི་གནས་བཅོ་བརྒྱད་མ་ཉིད་ཀྱིས་བསླབས་ཏེ་ཤིན་ཏུ་བྱང་བར་གྱུར་ཏོ། །བུས་རང་གི་རིགས་ཀྱི་ཆོས་འདྲི་བ་ན། བུ་རིགས་ཀྱི་བྱ་བ་བྱེད་པའི་ཕྱིར་བསྐྱེད་


JLAZ013_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མ་ཡིན་ཏེ། བསྟན་པ་ལ་ཕན་པའི་སླད་དུ་བསྐྱེད་པ་ཡིན་ན། རབ་ཏུ་བྱུང་ནས་བློ་སྦྱང་བར་འོས་སོ། །ཞེས་གདམས་པ་དེ་ལ་མཉན་ཏེ་བསྟན་པ་ལ་ཞུགས། བསྙེན་པར་རྫོགས་ནས་ལོ་ལྔའི་བར་དུ་ཀློག་པ་ལ་བརྩོན། ལོ་རེར་ཚིགས་བཅད་འབུམ་འབུམ་གྱི་ཚིག་དོན་ཐམས་ཅད་ཆུབ་པར་བྱས་སྡེ་སྣོད་གསུམ་དང་ཐེག་པ་ཆེན་པོའི་མདོ་སྡེ་ནི་ཕལ་ཆེར་སླ་ཡང་། ཤེར་ཕྱིན་གྱི་མདོ་ནི་བརྗོད་བྱ་མ་ཟློས་ཤིང་། མ་འཛིངས་པ་དག་དཀའ་བའི་གནས་སུ་གཟིགས། དེའི་དོན་དུ་ལྷག་པའི་ལྷ་བསྒྲུབ་པར་དགོངས། རི་བོ་བྱ་རྐང་ཅན་དུ་གྲགས་པའི་ཕུག་པར་འཕགས་པ་བྱམས་པ་བསྒྲུབས་པས་ལོ་གསུམ་དུ་རྟགས་ཅི་ཡང་མ་ཐོབ་བོ། །དེར་ཐུགས་མུག་ནས་ཕྱིར་ཐོན་པ་ན། བྲག་ངོས་ལ་བྱ་ཚང་བཅས་པ་གཤོག་པས་རེག་པས་ཤིན་ཏུ་ཟད་པ་དག་གཟིགས་པས། རང་གི་བརྩོན་འགྲུས་ཉམ་ཆུང་བར་ཤེས་ཏེ་སླར་ལྡོག་གོ །ཡང་ལོ་གསུམ་གྱི་མཐར་ཡང་དེ་བཞིན་དུ་འཐོན་པ་ན། ཆུ་ཐིགས་ཀྱིས་བྲག་ཟད་པ་གཟིགས་པ་ལས་བརྩོན་འགྲུས་བསྐུལ་ཏེ། ཡང་ལོ་གསུམ་བསྒྲུབས། དེ་ལས་ཐོན་པ་ན། རྒན་པོ་ཞིག་གྲིས་རས་བལ་འཇམ་པོས་ལྕགས་འཕྱིས་པ་ལས་ཁབ་ཏུ་གྱུར་པ་སྣོད་ཁེངས་པ་ཙམ་བསྟན་པས་དེའི་རྐྱེན་གྱིས་ཡང་ལོ་གསུམ་སྟེ། ཁྱོན་ལོ་བཅུ་གཉིས་སུ་བསྒྲུབས་ཀྱང་ལྟས་སུ་གྱུར་པ་ཅང་མ་མཐོང་བས་སྐྱོ་བ་ལྷག་པར་འཕེལ་ཏེ་ཕྱིར་འཐོན་ཏོ། །


JLAZ013_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཁྱི་མོ་མི་ལ་ཟུག་ཅིང་། སྨད་འབུས་ཟ་བ་ཞིག་གཟིགས་པས་སྙིང་རྗེ་ཚད་མེད་པ་སྐྱེས། འབུ་རྣམས་མ་བསལ་ན་ཁྱི་འདི་ཐར་པར་མི་འགྱུར་ལ། གལ་ཏེ་བསལ་ན་འབུ་རྣམས་འཆི་བར་འགྱུར་སྙམ་ནས། སྤུ་གྲི་རྣོན་པོས་རང་གི་བརླའི་ཤ་ནས་ཕྲལ་ཏེ། དེར་འབུ་གཞུག་གོ་སྙམ་ནས། སྤྱན་བཙུམས་པའི་མོད་ལ་འབུ་རྣམས་བླངས་པ་ན། ཕྱག་ཡུལ་ཡུལ་བ་ལས་ཅང་མ་རྙེད། དེ་ཉིད་དུ་གཟིགས་པ་ན་སྔར་གྱི་ཤུལ་ན་རྗེ་བཙུན་བྱམས་པ་མཚན་དཔེ་རབ་ཏུ་འབར་བ་ལྷམ་མེར་སྣང་། དེར་ཡུས་པའི་ཚུལ་གྱིས། ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །ཅི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང་། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབེབས། །བདག་གིས་དེ་ཙམ་དུ་བསྒྲུབས་ཀྱང་ཞལ་མི་སྟོན་པ་ཞེས་སྤྱན་ཆབ་ཕྱུང་བས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ང་ནི་རྟག་ཏུ་ཁྱོད་ཀྱི་མདུན་ན་གནས་ཏེ་ལས་ཀྱི་སྒྲིབ་པས་མ་མཐོང་ངོ་། །ད་ལྟའི་སྙིང་རྗེ་ཆེན་པོའི་མཐུ་ནི་དེ་ལྟའོ། །ད་གྲོང་ཁྱེར་གྱི་སྐྱེ་བོ་རྣམས་ལའང་སྟོན་པར་གྱིས་ཤིག་དང་། གསུངས་པ་བཞིན་ཕྲག་པར་ཐོགས་ནས་བསྟན་པས་ཆང་འཚོང་མས་ཁྱི་གུ། དབུལ་པོས་ཞབས་མགོ་ཙམ་མཐོང་བར་གྲགས་ཏེ་གཞན་དུ་སུ་ལའང་མཐོང་བའི་སྣོད་ཀྱིས་སྐལ་བ་


JLAZ013_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །ད་ཅི་འདོད་པ་ཡིན་གསུང་བ་ལ། ཐེག་པ་ཆེན་པོ་དར་བར་ཞུས་པས། ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ནས་ཡུད་ཙམ་ལ་དགའ་ལྡན་གྱི་གནས་སུ་ཁྲིད། ལྷའི་དྲོ་སྐད་ཅིག་སྟེ་དེ་མིའི་ཞག་གིས་གཞལ་བ་སོགས། བཞུགས་ཡུན་རིང་ཐུང་འདོད་པ་ཐ་དད་པ་སྣང་། ཐེག་པ་ཆེན་པོ་མ་ལུས་པ་དང་། བྱམས་པའི་ཆོས་ལྔ་གསན་པ་ན་དོན་ཚན་རེ་རེས་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་རེ་རེ་ཐོབ། ཡུན་རིང་པོར་སྐད་ཅིག་གིས་གཤེགས་པ་དང་། ན་ཚོད་ལ་བགྲེས་རྒུད་མི་མངའ་མཚན་གྱིས་རྗེས་མཐུན་པས་སྐུ་ལ་བརྒྱན་པ་སོགས་ས་ཐོབ་པའི་ཡོན་ཏན་ཁྱད་པར་ཅན་མང་པོ་མངའ། མནལ་ལམ་དུ་ཡང་རང་དོན་ཡིད་བྱེད་ཀྱི་བློ་མེད་ཅིང་། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་སྤྱོད་པ་དང་། འཇམ་པ། དུལ་བ། དེས་པ་ཡང་ཡིན་ལ། གྲུབ་པའི་མཐའ་དང་སྤྱོད་པ་ངན་པ་ཚར་གཅོད་པ་སོགས་ལ་ལྷག་པར་རྣོ་བ་ཞིག་གོ །དེ་ནས་མ་གདྷཱའི་ཡུལ་གྱི་ཕྱོགས་སེ་ལུ་པ་ན་ཞེས་བྱ་བའི་ནགས་སུ་གཙུག་ལག་ཁང་མཛད་དེ་བཞུགས་ནས་ཚུལ་ཁྲིམས་ཕུན་སུམ་ཚོགས་ཤིང་། མང་དུ་ཐོས་པའི་སློབ་མ་བརྒྱད་ལ་ཐེག་པ་ཆེན་པོའི་ཆོས་ཟབ་མོ་དག་བསྟན་པས། ཐམས་ཅད་ཀྱང་བཟོད་པ་ཐོབ་ཅིང་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་མདོ་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཤ་སྟག་བྱུང་།


JLAZ013_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དེར་བྱམས་པའི་ཆོས་ལྔ་ཡང་ཡི་གེར་བཀོད། མངོན་པ་ཀུན་ལས་བཏུས་ལ་སོགས་པ་བསྟན་བཅོས་རྒྱ་ཆེན་པོ་མཛད། ཨུཥྨ་པུ་རི་ཞེས་བྱ་བའི་གཙུག་ལག་ཁང་དུ་རྒྱལ་པོ་ཟབ་མོའི་ཕྱོགས་ཀྱིས་སྦྱིན་བདག་བྱས་ཏེ། ཕྱོགས་བཞིའི་དགེ་སློང་ཐམས་ཅད་འདུས་པར་སྡེ་སྣོད་གསུམ་དང་། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ཙམ་བཤད་པས། མདོ་སྡེའི་གནས་ལ་བློ་གྲོས་བྱང་ཞིང་ཐེག་ཆེན་གྱི་རིགས་སད་པ་སྟོང་ཕྲག་ལས་ཐལ་བ་བྱུང་། མངོན་པའི་ཕྱོགས་ཀྱི་བསྟན་པ་བར་སྐབས་སུ་ནུབ་པ་ལྟར་གྱུར་པ་སླར་ཤིན་ཏུ་དར་བའི་གྲགས་པའི་རྒྱལ་མཚན་འཕྱར། དེའི་ཚེ་རྒྱལ་པོ་ཟབ་མོའི་ཕྱོགས་ཀྱི་བསམས་པ། སློབ་དཔོན་འདི་ནི་འཕགས་པ་ཡིན་ཞིང་གཞན་སེམས་ཤེས་པར་གྲགས་ན། ཇི་ལྟར་ཡིན་བགམ་པར་བྱའོ་ཞེས་བློན་པོ་རྣམས་དང་། བྲམ་ཟེའི་ཚོགས་དམངས་དང་བཅས་པར་བགྲོས་ཏེ། བསྔགས་པར་འོས་སམ། དམར་དབབ་པའི་གནས་གང་ཡིན་པ་ཐ་ཚིག་ཏུ་བཀོད་ནས་ཕོ་བྲང་གི་འཁོར་ཁྱམས་སུ་སློབ་དཔོན་འཁོར་བཅས་སྤྱན་དྲངས། ཕུན་སུམ་ཚོགས་པའི་བསོད་ནམས་ཀྱིས་བསྙེན་བཀུར། མ་ཧེ་ནག་པོ་ས་དཀར་གྱིས་བསྐུས་པ་ཁྱིམ་ཕུགས་སུ་སྦས། གསེར་གྱི་བུམ་པ་མི་གཙང་བས་གཏམས་པ་སྦྲང་རྩིས་བཀང་སྟེ་རས་ཀྱི་གཡོགས་པ་ཅན་ལག་ཏུ་ཐོགས་ནས། ཁྱིམ་གྱི་ཕུགས་ན་ནི་གང་། ལག་ཏུ་ཐོགས་པ་ནི་ཅི་ཞེས་དྲིས་པས། སློབ་


JLAZ013_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ནི་ཚིག་གིས་མངོན་པར་ཤེས་པ་ཙམ་མ་ཡིན་པར། དོན་གྱིས་མངོན་པར་ཤེས་པའི་གནས་ལ་མཐར་ཕྱིན་པ་ཞིག་པས་ལྐོག་ཏུ་གྱུར་པ་དེ་ནི་མངོན་དུ་ཤེས་པར་མཛད་དོ། །སླར་ཡང་ལྐོག་གྱུར་ཤེས་པ་ནི་ཟག་པ་དང་བཅས་པའི་ཁམས་ལའང་ཡོད་ན། སེམས་ཀྱི་ཆོས་ཉིད་ཤེས་སམ་མི་ཤེས་སྙམ་ནས། ཤེར་ཕྱིན་གྱི་མདོའི་ཚིག་ལ་དྲི་བ་གསུམ། དོན་ལ་དྲི་བ་གསུམ་སྟེ་དྲུག་ཡིད་ཀྱིས་དྲིས་པ་ལ། ལན་ཐོགས་པ་མེད་པར་བཏབ་པས། རྒྱལ་པོ་དང་སྐྱེ་བོའི་ཚོགས་ཐམས་ཅད་ངོ་མཚར་ཏུ་གྱུར་ཏོ། །སླར་རྒྱལ་པོ་དེ་ཆོས་ཀྱིས་ཡང་དག་པར་བཏུལ་ནས་ཐེག་པ་ཆེན་པོའི་ཆོས་གཞི་ཉི་ཤུ་རྩ་ལྔ་བྱེད་དུ་བཅུག་གོ །དེའི་ཚེ་གཅུང་དབྱིག་གཉེན་ཉན་ཐོས་པའི་ཕྱོགས་སུ་གནས་པས། ཐེག་པ་ཆེན་པོའི་ཆོས་དང་གང་ཟག་ལ་ཐེ་ཚོམ་ཟ་བའི་བརྟིངས་ཚིག་སྨྲ་བ་གསན་ནས་ཐབས་ལ་མཁས་པ་དང་ཐུགས་རྗེ་ཆེན་པོའི་འཕྲིན་ལས་མ་སྨད་པས་བཏུལ། ཡུལ་ལྷོ་ཕྱོགས་པའི་བྲམ་ཟེ་བ་སུ་ནཱ་ག་ཞེས་བྱ་བས། འཕགས་པ་ཐོགས་མེད་ཀྱིས། རྒྱལ་བ་མ་ཕམ་པ་ལས་ལུང་བླངས་ནས་ཐེག་པ་ཆེན་པོའི་ཆོས་སླར་ཡང་དར་བར་བྱེད་དོ་ཞེས་ཐོས་ནས་དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྱེད་པའི་ཕྱིར་སྤྱན་འདྲེན་དུ་འོངས་ལ། གང་དང་ལྷན་ཅིག་པར་གཤེགས་པར་བརྩམས་པ་ན། དེའི་མ་ནད་ཀྱིས་བཏབ་བོ་ཞེས་པའི་ཕོ་ཉ་བྱུང་བས། ཡུལ་དུ་མྱུར་བར་བསླེབ་པར་འདོད་པའི་གདུང་བ་བསྐྱེད་


JLAZ013_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་སློབ་དཔོན་གྱིས་བྲམ་ཟེ་འདོད་ན་མྱུར་བར་སླེབ་པར་བྱེད་པར་བྱེད་དོ་ཞེས་དབུགས་ཕྱུང་ནས་ཟླ་གསུམ་གྱི་ལམ་ཐུན་ཚོད་གཉིས་ལ་བགྲོད་པར་མཛད། ཚོང་དཔོན་དྷ་ན་རཀྵི་ཏ་ཞེས་བྱ་བས་སྤྱན་དྲངས་པའི་ཚེ་ཡང་དེ་བཞིན་དུ་མཛད་ནས་ཡུལ་ཀྲྀཥྞ་ར་ཛ་དང་། ཨོ་རྒྱན་གཉིས་ཀར་ཡུན་རིང་བཞུགས་ཤིང་ཐེག་པ་ཆེན་པོ་དར་བར་མཛད། ཡུལ་དེ་གཉིས་ཀྱི་བར་དུ་མཆོད་རྟེན་བརྒྱ་ཕྲག་རེ་དང་ལྷ་ཁང་ཉི་ཤུ་རྩ་ལྔ་བཞེངས་ནས་རེ་རེ་ཡང་ཐེག་ཆེན་གྱི་ཆོས་གཞི་རེ་བཙུགས་སོ། །མ་ག་དྷཱར་ཡང་དེ་ཇི་བཞིན་པ་མཛད། ལན་ཅིག་མཐའ་འཁོབ་ཀྱི་གྲོང་ཁྱེར་ཨ་མོ་རྒྱ་དང་ཉེ་བར་རྒྱལ་ཕྲན་ཞིག་ལ་ཆོས་སྟོན་པའི་ཚེ། གར་ལོག་གི་དམག་བྱུང་ནས། སློབ་མའི་ཚོགས་ལ་བཟོད་པའི་ཁུར་སྐྱེད་ཅིག་པར་གདམས། ཐམས་ཅད་ཀྱི་མཉམ་པར་བཞག་པས། མདའ་འཕངས་པ་རྡུལ་དུ་སོང་། དམག་གི་གཙོ་བོས་སློབ་དཔོན་ལ་རལ་གྲི་བསྣུན་པས་ཀྱང་སྐུ་ལ་གནོད་པ་མེད་ཅིང་། རལ་གྲི་དུམ་བུ་བརྒྱར་ཆག །ཚིག་རྩུབ་ཀྱི་ཚེར་མ་རྣོན་པོས་ཀུན་ནས་གཞར་ཡང་བཟོད་པའི་གོ་ཆ་ལ་ཉམས་ཉེས་མེད་པས། དེ་དག་ཀྱང་དད་དེ་ཕྱག་གི་བཏུད་ནས་སོང་ངོ་། །གཞན་གྱི་བསམ་པ་མཁྱེན་པའི་ཕྱིར་ཆོས་སྟོན་པ་ཐམས་ཅད་སློབ་མས་གང་མི་ཤེས་ཤིང་ཐེ་ཚོམ་གྱི་གནས་སུ་གྱུར་པ་དེ་གསལ་བར་བཀྲལ་ནས་སྟོན་པའི་ཕྱིར། སློབ་དཔོན་འདི་ལས་ཆོས་ཉན་པ་ལ་མི་མཁས་པར་གྱུར་


JLAZ013_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགའ་ཡང་མེད་ཅིང་། ས་དང་ལམ་གྱི་ཡོན་ཏན་སྐྱེས་པ་ཡང་སྟོང་ཕྲག་མང་པོ་བྱུང་། གྲུབ་མཐའ་ཕྱོགས་རེ་ཙམ་མ་ཡིན་པར་སྒོ་ཐམས་ཅད་ནས་གསུངས་པས་ཐེག་པ་ཆེ་ཆུང་གི་སློབ་མར་གྱུར་པ་གྲངས་མེད། ཁྱད་པར་ཀླུ་སྒྲུབ་ཀྱི་ཚེ་ཡང་དགེ་འདུན་ཕལ་ཆེར་ཉན་ཐོས་ཁོ་ན་མང་ལ། བར་དུ་ཐེག་ཆེན་གྱི་ཆོས་ཤིན་ཏུ་དར་བར་གྱུར་པའི་ཚེ་ཡང་དེའི་དགེ་སློང་ཁྲི་ཕྲག་ཏུ་ལོངས་པ་ནི་མེད་ན་སློབ་དཔོན་འདིའི་དུས་དགེ་སློང་ཐེག་པ་ཆེན་པོ་འཛིན་པ་ཁྲི་ཕྲག་མང་པོ་བྱུང་བས་ཐེག་ཆེན་གྱི་བསྟན་པའི་བདག་པོར་གྲགས། སྐུ་ཚེའི་སྨད་ལ་ན་ལེནྡྲར་ལོ་བཅུ་གཉིས་ཙམ་བཞུགས། དགུན་དུ་གྱུར་པའི་ཚེ་ཉིན་རེ་བཞིན་མུ་སྟེགས་ཀྱི་རྒོལ་བ་ལྷགས་པ་ལ། རིགས་པ་སྣ་ཚོགས་ཀྱི་མཚོན་ཆ་རྣོན་པོས་དེ་དག་གི་གྲུབ་པའི་མཐའ་སུན་ཕྱུང་བས། མུ་སྟེགས་སྟོང་ཕྲག་ཏུ་ཉེ་བའང་ནང་པའི་བསྟན་པ་ལ་རབ་ཏུ་བྱུང་། གང་ན་དགེ་སློང་ལྟ་བ་ཉམས་པ་དང་། མ་བསྡམས་པ་དང་། ཆོ་ག་མ་ཡིན་པ་ཐམས་ཅད་ཚར་བཅད་ནས་དགེ་འདུན་ཤིན་ཏུ་དག་པར་མཛད། ཐེག་པ་ཆེན་པོའི་མངོན་པ་མིང་ཙམ་དུ་གྱུར་པ་དེ་མཆོག་ཏུ་གསལ་བར་མཛད་ནས་རྒྱལ་པོའི་ཁབ་ཏུ་ཞི་བའི་གྲོང་ཁྱེར་དམ་པར་གཟིམས་སོ། །འཛམ་གླིང་མཛེས་པའི་རྒྱན་སློབ་དཔོན་མཁས་པའི་དབང་ཕྱུག་དབྱིག་གཉེན་ནི། སྐྱེ་བའི་མྱུ་གུ་བཟུང་ནས་བློ་རྣོ་བའི་ཆོ་ག་བྱས་ཤིང་། ཡི་གེ་དང་། བརྡ་སྤྲོད་པ་ལ་


JLAZ013_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རིག་པའི་མཐུ་སད་པའི་བར་ནི་གཅེན་དང་མཚུངས་ལ་ན་ལེནྡྲར་རབ་ཏུ་བྱུང་ནས་ཉན་ཐོས་ཀྱི་སྡེ་སྣོད་མ་ལུས་པ་བྱང་བར་མཛད། ཆོས་མངོན་པ་དང་སྡེ་པ་བཅོ་བརྒྱད་ཀྱི་གྲུབ་པའི་མཐའ། རིགས་པའི་ལམ་གྱིས་ཤིང་རྟར་གྱུར་པ་གང་ཡིན་པ་དེའི་རྩེར་སོན་པ་ཉིད་དུ་འཛེག་པའི་སླད་དུ་ཁ་ཆེར་སློབ་དཔོན་སཾ་གྷ་བྷ་དྲར་བསྙེན། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་དང་། གྱེས་པ་བཅོ་བརྒྱད་ཀྱི་མདོ་སྡེ་དང་། འདུལ་བའི་གཞུང་མི་འདྲ་བའི་ཁྱད་པར་མུ་སྟེགས་ཅན་དྲུག་པོའི་གཞུང་ལུགས་དང་། རྟོག་གེའི་གནས་ཐམས་ཅད་ལ་མཁས་པར་མཛད། དེ་ཉིད་དུའང་ལོ་གྲངས་འགའ་ཞིག་ཏུ་རིགས་པ་དང་མི་རིགས་པ་རྣམ་པར་ཕྱེ་ཞིང་ཉན་ཐོས་ཀྱི་སྡེ་སྣོད་སྨྲ་བའི་དབང་ཕྱུག་དམ་པར་གྱུར། སླར་མ་ག་དྷཱར་འབྱོན་པར་དགོངས་ནས་ལམ་དུ་གནོད་སྦྱིན་གདུག་པ་དང་། ཆོམ་རྐུན་གྱིས་གནོད་པས་ཉམས་ཉེས་པ་མེད་པར་བརྟོལ། ན་ལེནྡྲར་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔའི་གླེགས་བམ་གཟིགས་པ་ན། ཐོས་པའི་ལང་ཚོ་དར་ཡང་ཉན་ཐོས་ཀྱི་བློ་གྲོས་དཀྱེལ་ཆུང་བས་ཐེག་པ་ཆེན་པོ་ཐུགས་སུ་མ་ཆུད། རྟོག་གེའི་རིག་པ་ནི་དག་པའི་སྣང་བ་དང་མཛའ་བ་མ་ཡིན་པས་ལྷག་པའི་ལྷ་ལ་གསན་པའི་གནས་ལ་ཐེ་ཚོམ་གྱི་ཀུན་ནས་དཀྲུགས་ཏེ་ཐེག་པ་ཆེན་པོའི་ཆོས་དང་གང་ཟག་ལ་བརྟིང་པའི་ཚིག །ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་


JLAZ013_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོན་པའི་གྲུབ་མཐའ་བརྩམས། །ཞེས་སྨྲས་པ་གཅེན་པོས་གསན་ཏེ་འདུལ་བའི་དུས་ཡིན་པར་དགོངས། རང་གི་སློབ་མ་གཉིས་མདོ་སྡེ་ས་བཅུ་པ་དང་། བློ་གྲོས་མི་ཟད་པའི་མདོ་སོ་སོར་འཛིན་དུ་བཅུག་ནས། སྲོད་ཀྱི་དུས་ལ་ནི་བློ་གྲོས་མི་ཟད་པ་ཐོན། ཐོ་རངས་ཀྱི་དུས་ན་ས་བཅུ་པ་ཐོན་ཞིག་པར་གདམས་ནས་གཅུང་གི་དྲུང་དུ་བཏང་ངོ་། །དེ་གཉིས་ཀྱིས་ཀྱང་དེ་བཞིན་དུ་བྱས་པས། དབྱིག་གཉེན་གྱིས་རྟོག་པ་བཅུག་ནས་སྲོད་ཀྱི་ཚེ། ཐེག་ཆེན་འདི་རྒྱུ་ལ་བཟང་སྟེ། འབྲས་བུ་ལ་གཡེལ་ལམ་སྙམ་དུ་དགོངས། ཐོ་རངས་ས་བཅུ་པ་བཏོན་པས། རྒྱུ་འབྲས་གཉིས་ཀ་ལ་བཟང་བར་ཤེས་ཏེ་དེ་ཉིད་དུ་བློ་མཆོག་དམ་པར་གྱུར། སྔར་སྐུར་པ་བཏབ་པ་རྗེས་སུ་དྲན་ནས་ཤིན་ཏུ་འགྱོད་དེ་ལྕེའི་མྱུ་གུ་ལ། སྤུ་གྲིའི་རེག་པ་བརྡེག་པར་བཟས་པ་ན་མདོ་འདོན་པ་གཉིས་ཀྱིས། ལྗགས་བཅད་པས་ག་ལ་འཚལ། སྡིག་པ་བཤགས་པའི་ཐབས་གཅེན་གྱིས་སྟོན་ན་འཕགས་པའི་དྲུང་དུ་གཤེགས་པར་འཚལ་ཞེས་བསྐུལ་བས། ཐོགས་མེད་ཀྱི་དྲུང་དུ་བྱོན། སྐུ་མཆེད་ཆོས་ཀྱི་བགྲོ་གླེང་མཛད་པ་ན། གཅུང་སྤོབས་པ་མྱུར་ལ། གཅེན་མཆིད་ལན་བཟང་བར་བྱུང་། གཅེན་གྱི་གསུང་ལས། ཁྱོད་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་པས་ཤེས་རབ་རྣོ་ལ། ང་ལྷག་པའི་ལྷ་ལ་


JLAZ013_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འདྲི་ཡིན་སྨྲ་བ་ཡིན་ནོ་གསུངས་པས། དེ་ཉིད་བདག་ལའང་བསྟན་དུ་གསོལ་ཞུས་པ་ན། རྗེ་བཙུན་ལ་འདྲི་ཡི་གསུངས་ནས་ཞུས་པས། བྱམས་པས་འདི་སོ་སོ་སྐྱེ་བོ་ཡིན་ཐེག་པ་ཆེན་པོ་ལ་སྐུར་པ་བཏབ་པས་ཚེ་འདི་ལ་ང་མི་མཐོང་། ལས་སྒྲིབ་ཟད་པའི་ཐབས་སུ་ཐེག་ཆེན་གྱི་མདོ་ལ་འགྲེལ་པ་མང་དག་རྩོམས། གཙུག་ཏོར་རྣམ་རྒྱལ་མ་ཡི་དམ་དུ་གྱིས་ཤིག །ཕྱི་མའི་དུས་ན་མཇལ་བར་འགྱུར་རོ། །ཞེས་ལུང་བསྟན་པ་བསྙད་པས་ཤིན་ཏུ་ཡིད་ཆེས་ཏེ། ང་ཡི་ཕུ་བོ་ཀླུ་དང་འདྲ། །ང་ནི་ཆར་སྡོད་བྱ་དང་འདྲ་། །ཀླུ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །བྱ་ཡི་མགྲིན་པར་སོང་བ་མེད། །ཅེས་སྨྲས་སོ། །དེ་ལྟར་སྐུ་མཆེད་བགྲོ་གླེང་མཛད་པ་ནས་འདིའི་བར་གྱི་ལོ་རྒྱུས་རྒྱ་གར་བའི་བགྲོས་ཚད་མ་ཡིན་པར་དཀའ་བའི་དགག་སྒྲུབ་ཀྱང་ངེས་པར་མཐོང་སྟེ་མཁས་པའི་བྱ་བ་ཡིན་ལ། འདིར་ནི་རེ་ཞིག་བོད་འདིར་སྔོན་རབས་སུ་གྲགས་པའི་གཏམ་དང་མཐུན་པ་ཉིད་དུ་བྱས་སོ། །གཅེན་ལ་ཐེག་པ་ཆེན་པོའི་མདོ་སྡེ་ཚང་བར་གསན་པ་ཙམ་གྱིས་ཐུགས་སུ་ཆུད། སློབ་དཔོན་གཞན་ལ་སྔགས་ཀྱི་འཇུག་སྒོའང་ནོས་ནས་གཟུངས་དང་། རིག་སྔགས་བཟླས་པས་གྲུབ། ཡང་དག་པའི་དོན་ཐུགས་སུ་ཆུད་ཅིང་ཏིང་ངེ་འཛིན་ཁྱད་པར་ཅན་ཡང་མངའ། རྒྱལ་བའི་བཀའ་མི་ཡུལ་ན་བཞུགས་སོ་འཚལ་ཐུགས་ལ་ཆུད་པར་གྲགས་པས་སྟོན་པ་མྱ་ངན་ལས་


JLAZ013_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་ཕྱི་ནས་སློབ་དཔོན་འདི་ཉིད་ལྟ་བུའི་མང་དུ་ཐོས་པ་མེད་ཅེས་གླེང་། ཉིན་རེ་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཆུ་ཚོད་གཅིག་གམ་གཉིས་ཁོ་ནའི་ཡུན་ལ་བཏོན་གྲུབ་པར་མཛད་པས་བུལ་མགྱོགས་ཀྱི་མཐའ་མཚོན་སྟེ། ཉན་ཐོས་ཀྱི་སྡེ་སྣོད་གསུམ་དང་ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མང་པོ། གཟུངས་ལྔ་བརྒྱ་དང་བཅས་པ་ལོ་དུས་སུ་ལན་རེ་ཞལ་འདོན་དུ་མཛད་པའི་ཚེ། བྷ་ག་བི་ཧ་ར་ཞེས་བྱ་བར་ཟངས་ཆེན་ཏིལ་མར་གྱིས་བཀང་བའི་རྫིང་བུའི་ནང་དུ་བཞུགས་ནས་ཉིན་མཚན་སྦྲེལ་མ་བཅོ་ལྔས་ཚར་གཅིག་འདོན་པར་ནུས། དེ་གདུང་ཕྲག་གི་ཕུག་རོན་གཅིག་གིས་ཐོས་པས་ཐར་པའི་ས་བོན་ཐེབས་ཏེ་ཚེ་འཕོས་པ་གང་སློབ་དཔོན་བློ་གྲོས་བརྟན་པར་གྱུར་ནས་སྐུ་ཚེའི་སྨད་ཀྱི་སློབ་མའི་མཆོག་རྒོལ་ངན་ཚར་གཅོད་ཅིང་། གཞུང་འགྲེལ་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར། སློབ་དཔོན་དབྱིག་གཉེན་ཐེག་པ་ཆེན་པོ་ལ་ཞུགས་པ། དེའི་ཚེ་ཉན་ཐོས་པ་སོགས་མཁས་པ་ལྔ་བརྒྱ་ཙམ་ཡང་ཐེག་ཆེན་ལ་ཞུགས། ཐོགས་མེད་སྐུ་འདས་པའི་འོག་ཏུ་དཔལ་ན་ལེནྡྲའི་མཁན་པོ་མཛད། བསྟན་པའི་བྱ་བ་རླབས་པོ་ཆེ་ལ་གཡེལ་བ་མེད་བཞིན་དུ་ཉིན་རེ་བཞིན་ཆོས་སྤྱོད་བཅུ་རྣམ་པ་ཐམས་ཅད་ནས་མ་ཆག་པར་མཛད་ཅིང་། གཞན་སྟོང་


JLAZ013_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་རེ་ཡང་ཉིན་རེར་ཆོས་སྤྱོད་བཅུ་ཚང་བ་ལ་སྦྱོར་བ་དང་། ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་མི་འདྲ་བའི་ཆོས་ཐུན་ཉི་ཤུ་རེ་ཆག་མེད་དུ་གསུངས། སྲོད་ཀྱི་དུས་སུ་ཆོས་རྣམས་ཀྱི་སྙིང་པོ་བསྡུས་ཏེ་གལ་བཟུང་བ་དང་། གཞུང་གཟུག་པར་མཛད་ཅིང་། གུང་ཐུན་ལ་ཁམས་ཅུང་ཟད་གསོ་བའི་ངང་ནས་ལྷག་པའི་ལྷ་ལས་ཆོས་གསན་པར་མཛད། ཐོ་རངས་ཡང་དག་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག །སྔ་ཕྱིར་མུ་སྟེགས་ཅན་གྱིས་རྒོལ་བ་ལྔ་བརྒྱ་ཙམ་ལུང་རིགས་ཀྱི་འཁྲུལ་འཁོར་རྣོན་པོས་འཐག་པར་མཛད་ནས། བྲམ་ཟེ་དང་མུ་སྟེགས་བྱེད་སྟོང་ཕྲག་ལྔ་ཙམ་ནང་པའི་བསྟན་པ་ལ་བཙུད། འཁོར་ལོ་དང་པོ་བསྟན་པའི་གཞིར་བཟུང་ནས། ཆོས་རྣམས་མ་ལུས་པའི་མཚན་ཉིད་གཏན་ལ་འབེབས་པ་མཛོད་རྩ་བ་རང་འགྲེལ་དང་བཅས་པ་མཛད་དེ། ཁ་ཆེར་འདུས་བཟང་ལ་རྩ་བ་བསྐུར་བས་མཉེས། འགྲེལ་པ་བསྐུར་བས་རྩ་བ་སུན་འབྱིན་པར་འདུག་ཞེས་མ་མཉེས་ཟེར་བའི་ལོ་རྒྱུས་ཀྱང་བོད་ན་གྲགས། འཁོར་ལོ་བར་པའི་དགོངས་འགྲེལ་ཆོས་ཐམས་ཅད་རྣམ་རིག་ཙམ་དུ་སྟོན་པ་ཤེར་ཕྱིན་གྱི་གཞུང་འགྲེལ་དང་། འཁོར་ལོ་ཐ་མ་ངེས་དོན་དུ་བཤད་པ་པྲ་ཀ་ར་ཎ་སྡེ་བརྒྱད་རང་རྐང་དང་བཀའ་དང་བསྟན་བཅོས་ཀྱི་འགྲེལ་པ་མང་དུ་མཛད། མཐའ་འཁོབ་ཐག་རིང་པོ་རྣམས་སུའང་གཤེགས་ཤིང་ཕལ་ཆེར་མ་ག་དྷཱ་ཉིད་དུ་བཞུགས་ནས། ཐེག་པ་ཆེན་པོའི་ཆོས་གཞིའང་བརྒྱ་རྩ་བརྒྱད་


JLAZ013_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས། ལན་གཅིག་ཤར་ཕྱོགས་གཽ་རའི་ཡུལ་དུ་བྱོན་ནས་སྐྱེ་བོ་དཔག་ཏུ་མེད་པ་ལ་མདོ་སྡེ་གསུངས་པས། ལྷས་མེ་ཏོག་གི་ཆར་པ་གསེར་དུ་ཕབ། མུ་ཏོ་བ་རེ་རེས་ཀྱང་། གསེར་གྱི་མེ་ཏོག་བྲེ་བོ་ཆེ་ཙམ་རེ་རྙེད་པ་བྱུང་། ཡུལ་དེར་ཡང་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས། ཨོ་ཌི་བི་ཤར་བྲམ་ཟེ་མ་ཀྵི་ཀ་ཞེས་བྱ་བས་སྤྱན་དྲངས། ཐེག་ཆེན་གྱི་དགེ་འདུན་སྟོང་ཕྲག་བཅུ་གཉིས་ལ་ཟླ་བ་གསུམ་དུ་དུས་སྟོན་བྱས་པས། བྲམ་ཟེའི་ཁྱིམ་དུ་རིན་པོ་ཆེ་ལྔའི་འབྱུང་ཁུངས་བརྡོལ། རྒྱལ་པོ་ལ་སོགས་ཐམས་ཅད་དད་པར་བྱས་ནས། དེར་ཡང་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས། ལྷོ་ཕྱོགས་ལ་སོགས་པའི་ཡུལ་གཞན་མང་པོར་ཡང་ཉིད་ཀྱིས་བཀའ་བསྒོས་ནས་བཙུགས་པའི་ཆོས་གཞི་རྣམས་བསྡོམས་ན་དེ་དང་མཉམ་པར་ཡོད་ཅེས་གྲགས། དེའི་དབང་ལས་ཡུལ་ཐམས་ཅད་ཀྱི་ཐེག་པ་ཆེན་པོའི་དགེ་སློང་བསྡོམས་ན་དྲུག་ཁྲིར་ལོངས་པ་ཙམ་ཡོད་པས་བསྟན་པ་ཤིན་ཏུ་རྒྱ་ཆེ། མདོར་ན་གང་དུ་བཞུགས་པར་མི་མ་ཡིན་གྱིས་མཆོད་པ་དང་། རིན་པོ་ཆེའི་འབྱུང་ཁུངས་བརྡོལ་བ། མངོན་ཤེས་ཀྱི་དགེ་མི་དགེའི་གནས་གསལ་པོར་སྟོན་པ། ནད་རིམས་དང་འབྱུང་བའི་གནོད་པ་བདེན་སྟོབས་བརྗོད་པས་ཞི་ནུས་པ། རིག་སྔགས་ཀྱི་མཐུས་སྐུ་ཚེ་ལ་དབང་ཐོབ་པ་ལ་སོགས་མངའ། མཐར་ཉིད་དང་ལྷན་ཅིག་སྤྱོད་པའི་དགེ་སློང་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་


JLAZ013_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟོང་གིས་བསྐོར་ནས་བལ་ཡུལ་དུ་བྱོན། དེར་ཡང་ཆོས་གཞི་དང་དགེ་འདུན་མང་པོ་སྤེལ། བལ་པོ་ཧ་དུ་ཞེས་པ་རབ་བྱུང་གི་ཆ་བྱད་ལ་སྡོམ་ཁྲིམས་མེད་པས་ཆོས་གོས་དང་བཅས་ཏེ་ཞིང་རྨོད་པ་གཟིགས་པས་སྟོན་པའི་བསྟན་པ་ཉམས་སོ་ཞེས་ཐུགས་རབ་ཏུ་སྐྱོ་ནས། གཙུག་ཏོར་རྣམ་རྒྱལ་མའི་གཟུངས་བཟློག་སྟེ་བཏོན་པས། དེ་ཉིད་སྐུ་མྱ་ངན་ལས་འདས། སློབ་དཔོན་འདི་དང་། བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་ཐོག་མཉམ་པར་གྲགས་སོ། །ཆེན་པོ་བཞིའི་ཡ་གྱལ་སློབ་དཔོན་ཡོན་ཏན་འོད་ནི། རྒྱལ་པོ་ཟབ་མོའི་ཕྱོགས་མི་རྟག་པར་གྱུར་ནས། ནུབ་ཕྱོགས་མ་རུའི་ཡུལ་དུ་རྒྱལ་པོ་ཤྲཱི་ཧཪྵ་ཞེས་བྱ་བ་ལས་དབང་ཤིན་ཏུ་བཙན་པ་ཞིག་བྱུང་ནས་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ལ་ལུང་བཏང་། དེའི་ཚེ་ན་སློབ་དཔོན་ཡོན་ཏན་འོད་ཡུལ་བཅོམ་རླག་ཏུ་བྲམ་ཟེའི་རིགས་ཀྱི་མྱུ་གུ་ལས་ལང་ཚོའི་མེ་ཏོག་གསལ་ཏོ། །དེར་རིགས་ཀྱི་ཆོས་རིག་བྱེད་ཡན་ལག་དང་བཅས་པ་ལ་ལེགས་པར་བྱང་བའི་དུས་ཞིག་ན་དེ་ཉིད་ཀྱི་གཙུག་ལག་ཁང་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སློབ་དཔོན་ཆེན་པོ་དབྱིག་གཉེན་ལས་སྡེ་སྣོད་གསུམ་དང་། ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་ལ་སྦྱངས་པ་ཕུལ་དུ་ཕྱིན། སྡེ་པ་ཐ་དད་པའི་འདུལ་བ་བསྟན་བཅོས་དང་བཅས་པ་མཐའ་དག་ལ་མཁྱེན་པའི་སྤྱན་དང་ལྡན། རྟག་ཏུ་


JLAZ013_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་འབུམ་སྡེ་ཐུགས་ལ་འདོན་པར་མཛད་ཅིང་། ལྷན་ཅིག་གནས་པའི་དགེ་སློང་སྟོང་ཕྲག་ལྔ་ཡོད་པའང་མ་བསྡམས་པའི་ཉེས་བྱས་ཕྲ་མོ་ཙམ་དང་ཡང་འཛའ་བར་མི་བྱེད་ཅིང་གལ་ཏེ་བྱུང་སྲིད་ནའང་ཕྱིར་བཅོས་ཀྱི་དེ་མ་ཐག་ཏུ་སོར་ཆུད་པར་བྱེད་པས་སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་བསྟན་པ་སྐྱོང་བའི་དུས་བཞིན་དུ་ཡུལ་བཅོམ་བརླག་གི་གཙུག་ལག་ཁང་ཨ་གྲ་པུ་རི་ཞེས་བྱ་བའི་རྒྱན་དམ་པར་མཛེས་པ་ཉིད་དོ། །དེར་ཚུལ་ཁྲིམས་རྣམ་པར་དག་པའི་བདེན་པ་ནི་ཚད་མེད་པ་ཞིག་པས་ཀླ་ཀློའི་གྲུབ་མཐའ་འཛིན་པ་སྟོང་ཕྲག་བཅུ་གཉིས་འབར་བ་ཆེན་པོ་མེའི་ཀློང་དུ་རེ་ཞིག་རྒྱས་འདེབས་པར་བྱེད་པའི་རྒྱལ་པོ་ལས་ཤུགས་ཅན་ཤྲཱི་ཧཪྴས། བློན་པོ་མ་ཏང་ག་ར་ཛ་ཆད་པས་བཅད་དེ་མིག་ཕྱུང་བ་ཡང་སློབ་དཔོན་འདིའི་སྨོན་ལམ་གྱི་བདེན་པས་སོར་ཆུད་པར་མཛད། རྒྱལ་པོ་དེའི་བླ་མར་གྱུར་པས་ཉིན་རེ་བཞིན་ལོངས་སྤྱོད་ཀྱི་འདུ་བ་རྒྱ་ཆེན་པོ་འབྱོར་ཡང་གང་ཞིག་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ་ནི། ཟས་ཀྱི་གསུམ། གོས་ཀྱི་གསུམ། གནས་ཁང་གི་ལྔ། འདུག་སྟངས་ཀྱི་གཅིག་སྟེ། སྟོན་པས་ལེགས་པར་བཅས་པའི་གནས་ལས་འདའ་བར་བྱེད་པ་མ་ཡིན་པས་དེ་མ་ཐག་དགེ་བའི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་དམིགས་པ་མེད་པར་རྒྱས་འདེབས་པར་བྱེད་པ་ལ་སོགས་ཡོན་ཏན་གཞལ་བར་དཀའ་བ་ཞིག་གོ།


JLAZ013_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུའི་གླིང་མཛེས་པར་བྱེད་པའི་རྒྱན་གཞུང་བྱེད་པ་པོ། སྨྲ་བའི་སེངྒེ་ཕྱོགས་ཀྱི་གླང་པོ་ནི། རྒྱལ་རིགས་སུ་སྨྲ་བའང་ཡོད་མོད་ཀྱི་འདིར་རྒྱ་གར་བའི་གཏམ་གྱི་རྗེས་སུ་འབྲངས་ནས། ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སིངྒ་བཀྟ་ཞེས་བྱ་བ་ཀ་ཀེའི་ཡུལ་དང་ཉེ་བར་བྲམ་ཟེའི་རིགས་སུ་འཁྲུངས། ཕྱི་རོལ་པའི་གྲུབ་མཐའ་ལ་ལེགས་པར་བྱང་ཞིང་ཉན་ཐོས་གནས་མ་བུའི་སྡེ་པའི་མཁན་པོར་གྱུར་པ་གླང་པོ་བྱིན་ནམ། ཁ་ཅིག་ཏུ་རྒྱལ་བའི་དབང་པོ་ཞེས་བྱ་བ་ལས་རབ་ཏུ་བྱུང་། ཐེག་དམན་གྱི་སྡེ་སྣོད་ཐམས་ཅད་ལ་མཁས་པར་བྱས་ནས་གླང་པོ་བྱིན་ལ་གདམས་ངག་ནོད་པས། བརྗོད་དུ་མེད་པའི་བདག་འཚོལ་བ་བསྟན་ཏོ། །དེ་རྣམ་པར་བརྟགས་ཤིང་བཙལ་བས་ཡོད་པའི་ཕྱོགས་དང་འགལ་ཏེ་ཉིན་མོ་སྐར་ཁུང་ཐམས་ཅད་བསལ། མཚན་མོ་ཕྱོགས་བཞིར་མར་མེ་བཏང་། ལུས་གཅེར་བུར་ཕྱུང་ནས་ཕྱི་ནང་ཀུན་ཏུ་ཡང་ཡང་བལྟ་བས་བྲེལ་བ་ལྟར་བྱེད་དོ། །དེ་གྲོགས་ཀྱིས་མཐོང་ནས་མཁན་པོ་ལ་བསྙད་པས་མཁན་པོས་དེའི་རྒྱུ་དྲིས་སོ། །བདག་ནི་བློ་རྟུལ་ཞིང་དམན་པས། མཁན་པོས་བསྟན་པའི་དེ་ཉིད་གང་ཡིན་པ་བདག་གིས་མ་མཐོང་སྟེ། སྒྲིབ་བྱེད་ཀྱིས་བསྒྲིབས་སོ་སྙམ་ནས་བལྟ་བའོ། །ཞེས་དོན་གྱིས་མཁན་པོའི་འདོད་པ་འགོག་པའི་རིག་པ་བསྟན་པ་དེས་ཀྱང་གོ་ནས་ཁྲོས་པར་གྱུར་ཏེ། ཁོ་བོའི་གྲུབ་མཐའ་ལ་ཟུར་ཟ་བ་ཁྱོད་དེངས་ཤིག་


JLAZ013_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བསྐྲོད་པའི་གནས་མ་ཡིན་པ་ཡང་བསྐྲད་དོ། །འདི་ལྟར་དམ་པ་རྣམས་ནི་བག་ཡོད་སྲུང་བ་ལ་མཁས་པ་ཡིན་པས། དེ་ཉིད་དུ་རིགས་པས་སུན་དབྱུང་བར་ནུས་མོད་ཀྱང་། སློབ་དཔོན་དུ་གྱུར་པས་འོས་མ་ཡིན་པར་དཔྱད་དེ་ཕྱག་བཙལ་ནས་ཕྱིར་དོང་ངོ་། །རེ་ཞིག་ནས་ན་ལེནྡྲར་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་དྲུང་དུ་བྱོན་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་རྣམ་རིག་དང་ཚད་མ་ལ་ཤིན་ཏུ་མཁས་པར་གྱུར། མདོ་ལྔ་བརྒྱ་ཙམ་བློར་ཆུད། སྔགས་ཀྱི་དངོས་གྲུབ་བརྙེས་པ་ཞིག་ལས་རིག་སྔགས་ནོད་དེ་བསྒྲུབས་པས་འཕགས་པ་འཇམ་དཔལ་མངོན་སུམ་དུ་གཟིགས་ནས་ཆོས་གསན། ཨཽ་ཌི་བི་ཤ་ཞེས་བྱ་བའི་ཡུལ་གྱི་ནགས་ཚལ་དབེན་པའི་ཕྱོགས་བྷེ་ར་སི་ལ་ཞེས་བྱ་བའི་བྲག་ཕུག་ཏུ་བསམ་གཏན་གྱི་བརྟུལ་ཞུགས་རྩེ་གཅིག་ཏུ་བསྟེན་ཏོ། །ལོ་འགའ་ཞིག་འདས་པ་ན། དཔལ་ན་ལེནྡྲར་རང་གི་འདོད་པའི་ལྷ་མངོན་སུམ་དུ་མཐོང་བའི་རྟོག་གེ་ལ་བྱང་བ་དང་བཅས་པའི་མུ་སྟེགས་ཀྱི་རྒོལ་བ་བརྫི་བར་མི་ནུས་པ་དག་ལྷགས་སོ། །དེར་ནང་པ་རྣམས་ཀྱི་རྩོད་པའི་རུ་མཚོན་སྒྲེང་བར་རྔོ་མ་ཐོགས་ནས། སློབ་དཔོན་ཕྱོགས་ཀྱི་གླང་པོ་སྤྱན་དྲངས། བརྒལ་བ་དང་། བརྟག་པ་དང་། བསྒྲུབ་པ་དང་། སུན་འབྱིན་པའི་ཆུ་ཀླུང་ཆེན་པོ་བཞི་རྣམ་པར་འཁྲུགས་པར་གྱུར་ནས་མུ་སྟེགས་ཅན་གྱིས་འདོད་པའི་གཞུང་སྙེམས་


JLAZ013_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཅ་ཅོ་དང་བཅས་པ། ཕྱོགས་ཀྱི་གླང་པོའི་རིགས་པར་སྨྲ་བའི་ཡན་ལག་བདུན་གྱིས་རྣམ་པར་བརྫིས། རབ་ཏུ་བརྫིས་ནས་དེ་དག་སངས་རྒྱས་པའི་གྲུབ་མཐའི་ཕག་ཏུ་ཡིབ་པར་བྱེད་པའི་གནས་ལ་སྦྱར་རོ། །དེར་དགེ་འདུན་རྣམས་ལ་མདོ་སྡེ་དུ་མ་བཤད་ཅིང་ཆོས་མངོན་པ་ཡང་དར་བར་བྱས། འཁོར་བར་འཕྱན་པའི་རྒྱུའི་གཙོ་བོ་མ་རིག་པས་ལྡོངས་པ་ཉིད་དྲུང་ནས་འབྱིན་པའི་གཉེན་པོ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་ཆེད་དུ་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩར་ལོངས་པ་ཡང་བརྩམས། ནམ་ཞིག་ན་རང་གི་བློ་གྲོས་ཐུན་མོང་མ་ཡིན་པའི་ལྕགས་ཀྱུས་དྲངས་པའི་རྟོག་གེའི་ཚུལ་ལུགས་དེ་དག་ཐོར་བུའི་ཚུལ་དུ་འཐོར་བ། ལུས་ཡོངས་སུ་རྫོགས་པའི་དངོས་པོར་གྱུར་པའི་བསྟན་བཅོས་ཚད་མ་ཀུན་ལས་བཏུས་སུ་བྱ་བར་དགོངས། ལྷོ་ཕྱོགས་རི་བོ་འབིགས་བྱེད་དང་ཉེ་བའི་བསྟི་གནས་དེའི་བྲག་ངོགས་སུ་མཆོད་བརྗོད་དང་། རྩོམ་པའི་དམ་བཅའ་ཚིགས་སུ་བཅད་པ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་བཙལ་ནས། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་རྡོ་ཐལ་གྱིས་བྲིས་པས། ས་གཡོ་བ་དང་། འོད་འབྱིན་པ་དང་། སྒྲ་ཆེན་པོ་གྲགས་པར་གྱུར།


JLAZ013_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མུ་སྟེགས་ཀྱི་སྟོན་པ་ནག་པོ་ཐུབ་རྒྱལ་ཞེས་བྱ་བས་དེའི་ལྟས་ཡིན་པར་ཤེས་ནས། སློབ་དཔོན་བསོད་སྙོམས་ལ་བྱོན་པའི་ཤུལ་དུ་འོངས་ནས་ལན་གཉིས་སུ་བསུབས་སོ། །གསུམ་པའི་ཚེ་སློབ་དཔོན་གྱིས་སྔར་བཞིན་བྲིས་ནས་མཇུག་ཏུ། འདི་ཀུ་རེ་དང་ཀྱལ་ཀའི་ཕྱིར་ཡིན་ན་དགོས་པ་ཆེན་པོ་ཡོད་པས་མ་དབྱི་ཞིག །འོན་ཏེ་ཕྲག་དོག་གི་དབང་གིས་ཡིན་ན་བློ་ལ་ཡོད་པའི་ཕྱིར་བསུབ་ཏུ་མེད་དོ། །གལ་ཏེ་རྩོད་པའི་སླད་དུ་ཡིན་ན་ནི་ལུས་མངོན་དུ་སྟོན་ཅིག །བརྩོད་པར་བྱའོ། །ཞེས་བྲིས་པ་ན། དེ་མཐོང་སྟེ་ཁོ་ཡང་བསྡད་དོ། །དེར་སློབ་དཔོན་བསོད་སྙོམས་ནས་འཁོར་བ་ན་བསྟན་པ་བྱ་དགར་བཞག་སྟེ། རྩོད་པའི་ལས་ལ་ཞུགས་པས། མུ་སྟེགས་དེ་ལན་མང་པོའི་བར་དུ་ཕམ་པར་གྱུར་ནས། ད་ཁྱོད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་དགོས་གསུངས་པ་ན། ཁོ་ཁྲོས་ཏེ་རིག་སྔགས་ཀྱིས་བཏབ་པའི་ཐལ་བ་གཏོར་བས། སློབ་དཔོན་གྱི་ཡོ་བྱད་ཕལ་ཆེར་འཚིག །སློབ་དཔོན་ཡང་འཚིག་ལ་ཁད་དུ་བྱུང་། དེར་ཐུགས་སྐྱོ་སྟེ། ཀྱེ་མ་བདག་གིས་མུ་སྟེགས་འདི་གཅིག་པུའི་དོན་ཡང་བྱ་བར་མི་ནུས་ན། གཞན་དོན་རྒྱ་ཆེན་པོ་ག་ལ་ནུས་སྙམ། ཞི་བདེ་ལ་མངོན་དུ་དགོངས་ནས་ཐོད་ལེ་ཀོར་ནམ་མཁར་འཕངས་པའི་ཡུན་ལ་སེམས་བསྐྱེད་གཏོང་བར་དམ་བཅས་པ་ན། དེ་ས་ལ་མ་ལྷུང་བའི་བར་ལ་འཕགས་པ་འཇམ་དཔལ་ཞལ་བསྟན་ཏེ། བུ་ཀྱེ་མ་ཁྱེད་ཐེག་པ་དམན་དང་ཕྲད་པས་བློ་གྲོས་ངན་པ་བསྐྱེད། །ཁྱོད་


JLAZ013_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སངས་རྒྱས་མ་ཐོབ་བར་གྱི་དགེ་བའི་བཤེས་སུ་ང་འགྱུར་གྱིས། །མུ་སྟེགས་ཚོགས་ཀྱིས་ཁྱོད་ཀྱི་བསྟན་བཅོས་འདི་ལ་གནོད་པར་ནུས་མིན་སྟེ། །ཕྱི་མའི་དུས་སུ་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་གསུངས། དེར་སློབ་དཔོན་གྱིས་ཀྱང་ཚིགས་སུ་བཅད་པས་གསོལ་བ་བཏབ་སྟེ། བསྟན་བཅོས་ཆེན་པོ་ཚད་མ་ཀུན་ལས་བཏུས་བརྩམས། གཞན་ཡང་དེའི་རང་འགྲེལ་དང་། དམིགས་པ་བརྟག་པ་རྩ་འགྲེལ་ལ་སོགས་པ་བསྟན་བཅོས་ཀྱི་རིམ་པ་མང་པོ་མཛད། རེ་ཞིག་ན་བྲོ་འཚལ་བར་གྱུར་ཏེ་གྲོང་ཁྱེར་ནས་བསོད་སྙོམས་སླངས་པའི་ཕྱི་ན་ནགས་ཚལ་གྱི་མཐོངས་ཞིག་ཏུ་བཞུགས་སོ། །དེར་ཅུང་ཟད་མནལ་བར་གྱུར་ཏེ་དེའི་ལམ་དུ་སངས་རྒྱས་མང་པོའི་ཞལ་མཐོང་ཞིང་ཏིང་ངེ་འཛིན་མང་པོ་ཐོབ། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། གླང་པོ་ཆེའི་ཚོགས་ཀྱིས་བསིལ་བའི་གྲིབ་མ་ལ་བསྟེན་ཅིང་ཡོད་པ་ན། ཡུལ་དེའི་རྒྱལ་པོ་འཁོར་དང་བཅས་པ་སྐྱོ་སངས་ལ་འོངས་པས་མཐོང་བའི་མོད་ལ་རོལ་མོའི་སྒྲ་སྒྲགས་པས་མནལ་སད། ཁྱོད་ཕྱོགས་ཀྱི་གླང་པོ་ཡིན་ནམ་ཞེས་འདྲི་བ་ལ། དེ་ལྟར་འདོགས་གསུངས། རྒྱལ་པོ་དད་དེ་ཞབས་ལ་ཕྱག་བྱས། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ནས་ཡུལ་ཐ་དད་པའི་མུ་སྟེགས་ཀྱི་རྒོལ་བ་ཕལ་ཆེར་རིགས་པར་སྨྲ་བས་ཚར་བཅད་པས་རྩོད་པའི་ཁྱུ་མཆོག་ཆེན་པོར་གྲགས། སྔོན་གྱི་ཆོས་གཞི་ཉམས་པ་ཐམས་ཅད་སོར་ཆུད་པར་མཛད།


JLAZ013_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཨཽ་ཌི་བི་ཤའི་རྒྱལ་པོའི་བློན་པོ་བྷ་དྲ་ས་ལི་ཏ་ཞེས་བྱ་བ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། བྲམ་ཟེ་དེས་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་བཞེངས་པ་རེ་རེར་དགེ་འདུན་གྱི་སྡེ་ཆེན་པོར་རེ་བཙུགས། བྲམ་ཟེ་དེའི་སྐྱེད་མོས་ཚལ་ན་ནད་ཐམས་ཅད་གསོ་བར་ནུས་པ་མུཥྚི་ཧ་རེ་ཏ་ཀ་ཞེས་བྱ་བ་ཨ་རུ་རའི་བྱེ་བྲག་གི་སྡོང་པོ་ཞིག །སྐྱེ་བོ་མང་པོའི་ཉེར་འཚོར་གྱུར་པ་བསྐམས་པར་གྱུར་པ་ལ་ཚུལ་ཁྲིམས་རྣམ་པར་དག་པའི་སྨོན་ལམ་གྱི་བདེན་པས་སོར་ཆུད་པར་མཛད། ཆོས་ཀྱི་རྗེས་སུ་བཟུང་བའི་སློབ་མ་ནི། རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་། ཀུན་ལས་བཏུས་ཀྱི་འགྲེལ་པ་བྱེད་པོ་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཡང་སློབ་དཔོན་དུ་གྱུར་པ་དབང་ཕྱུག་སྡེ་ལ་སོགས་པ་དཔག་ཏུ་མེད་པ་ཡོད་དེ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་ནི་གཅིག་ཀྱང་མ་བཟུང་། སྔོན་སྟོན་པའི་དྲུང་ན་གནས་པའི་ཉན་ཐོས་ཆེན་པོ་དེ་དག་བཞིན་དུ་འདོད་པ་ཆུང་ཞིང་ཆོག་ཤེས་པས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལས་ཉམས་པ་མེད་པར་ཨཽ་ཌི་བི་ཤའི་ནགས་ཁྲོད་ཞིག་ཏུ་སྐུ་ཡོངས་སུ་མྱ་ངན་ལས་འདས་སོ། །སློབ་དཔོན་ཆེན་པོ་འདི་དང་ཐོག་མཉམ་པར། དབྱིག་གཉེན་གྱི་དངོས་སློབ་བཙུན་པ་དགེ་འདུན་འབངས་དང་འཕགས་པ་རྣམ་གྲོལ་སྡེ། སྐུ་མཆེད་གཉིས་ཀའི་སློབ་མར་གྱུར་པ་སློབ་དཔོན་ཆོས་འབངས་སོགས་ཀྱིས་ཀྱང་བསྟན་པའི་བྱ་བ་མཛད། དེ་


JLAZ013_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་གཉིས་སྔ་ཕྱིར་བྱོན་ནས་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་བཙུགས། ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་གཞུང་ནི་ཤིན་ཏུའང་ཐ་དད་དེ། ཐོགས་མེད་ཀྱི་གཞུང་ནི་སེམས་ཙམ་ཁོ་ན་ཡིན་ལ། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་ལམ་དུ་གྱུར་པ་ནི་ཁོ་བོ་ཅག་གི་འདི་ལས་གཞན་དུ་མ་ཡིན་ནོ་ཞེས་མཐའ་གཞན་འགོག་པར་མཛད་པས་ཐེག་པ་ཆེན་པོའང་འདི་ནས་སྡེ་གཉིས་སུ་གྱེས་སོ། །རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་ནི། དགེ་སློང་སྡེ་སྣོད་གསུམ་པ་གཅིག་རྒྱལ་པོའི་ཕོ་བྲང་དུ་དུས་སྟོན་གྱི་སློང་མོར་འཁྱམས་པ་བསོད་སྙོམས་མ་ཐོབ་པར་སྒོ་བས་བསྐྲད་པ་ལས། ཁ་ཟས་བཅད་པའི་བཀྲེས་པས་ཉེན་ཏེ་ཚེ་འཕོས་པའི་ཚེ། ཕྱི་མ་རྒྱལ་པོར་གྱུར་ནས། རབ་ཏུ་བྱུང་བ་རྣམས་ཟས་ཀྱིས་ཚིམ་པར་བྱ་བའི་སྨོན་ལམ་བཏབ་པས། རྒྱལ་པོ་ཤྲཱི་ཧཪྴའི་བུ་རྒྱལ་པོ་ངང་ཚུལ་དུ་སྐྱེས། དེ་རྒྱལ་སྲིད་ལ་གནས་པའི་ཚེ། ཤར་ཕྱོགས་པ་རེནྡྲར་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བའི་པཎྜི་ཏ་གཅིག །མུ་སྟེགས་རྒྱང་འཕེན་པ་གཅིག་དང་རྩོད་པར་གྱུར་ནས་དེ་སུན་ཕྱུང་བས། མུ་སྟེགས་ན་རེ། རྟོག་གེའི་རིག་པ་ནི་བློ་གྲོས་རྣམ་པར་བརྟགས་པ་ཡིན་པས་གང་འགྲན་པ་དེ་རྒྱལ་བའི་ཆོས་ཅན། སྐྱེ་བ་སྔ་ཕྱི་ཡོད་པའི་རྟགས་མངོན་སུམ་དུ་མེད་པས་མི་འདོད་ཟེར་བ་ན། རྒྱལ་པོ་དང་བཅས་


JLAZ013_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཔང་པོར་བཞག་ནས་དཔྲལ་བར་མཚལ་གྱི་ཐིག་ལེ་བཏབ། ཁ་ནང་དུ་མུ་ཏིག་བཅུག་སྟེ་སྐྱེ་བ་མངོན་དུ་སྟོན་པའི་ཕྱིར་འདས་ཤིང་། དེའི་ཕུང་པོ་ཟངས་ཁ་སྦྱོར་དུ་བཅུག་ནས་རྒྱལ་པོས་རྒྱས་འདེབས་པར་བྱས་སོ། །དེ་རྒྱལ་རིགས་ཀྱི་པཎྜི་ཏ་བི་ཤེ་པ་ག་ཞེས་པའི་བུར་སྐྱེ་བར་ཁས་བླངས་པ་བཞིན། དེ་ལ་ཁྱེའུ་མཚན་དང་ལྡན་པ་དཔྲལ་བར་མཚལ་དང་ཁ་རུ་མུ་ཏིག་ཡོད་པ་བྱུང་ངོ་། །རྒྱལ་པོས་སྔར་གྱི་ཕུང་པོ་བལྟས་པ་ན་དཔྲལ་བའི་མཚལ་ཡང་བྱེད། མུ་ཏིག་གི་བཤུལ་ཧ་རེ་འདུག །དེར་མུ་སྟེགས་ཀྱང་ཡིད་ཆེས། ཁྱེའུ་བཙས་མ་ཐག་ནས་མ་ལ་ཕྱག་བྱས་ཏེ་ཟླ་བ་བཅུར་འོ་མ་བརྒྱལ་ཏམ་བྱས་པས། ལྟས་ངན་ནོ་སྙམ་ནས་ཁ་རོག་འདུག་པར་གདམས། དེ་ནས་ལོ་བདུན་དུ་ཅང་མ་སྨྲས་པས་ཡང་ལྐུགས་པར་དོགས་སོ། །དེར་མུ་སྟེགས་ཅན་ཞིག་གིས། སྙན་དངགས་ཤིན་ཏུ་དམ་པར་སངས་རྒྱས་པའི་གྲུབ་མཐའ་འགོག་པའི་དོན་བརྩམས་ནས་རྒྱལ་པོ་དང་མཁས་པའི་ཚོགས་ལ་གྲིམས་སོ། །དེར་ཡབ་པཎྜི་ཏས་ཡུན་རིང་དུ་བརྟགས་ཀྱང་རྩོམ་པ་པོའི་མུ་སྟེགས་དེ་ནི་བརྡ་སྤྲོད་པའི་དབང་ཕྱུག་ཅེས་བྱ་བ་ཀུན་གྱིས་ཐུབ་པར་དཀའ་བ་ཡིན་པས་སྒྲ་དོན་ཇི་བཞིན་པ་མ་འཚལ་ན་ལན་གདབ་པ་ལྟ་ཅི་སྨོས། དེར་ཡབ་ཕྱི་རོལ་དུ་སོང་བའི་ཤུལ་དུ་ཙནྡྲ་ལོ་བདུན་པ་དེས། དཀའ་བ་མེད་པར་ལན་བཏབ་ཚིགས་སུ་


JLAZ013_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པ་དང་། མཆན་བུས་དོན་ཀྱང་དཀྲལ་ཏེ་བཞག་གོ །དེ་ཕས་མཐོང་སྟེ་ཁྱིམ་དུ་སུ་ཞིག་ལྷགས་ཞེས་འདྲི་བ་ན། སུ་ཡང་མ་བྱུང་སྟེ་བུ་ལྐུགས་པས་ལྟ་ཞིང་བྲིས་སོ་སྨྲ། ཕས་བུ་ལ་དྲིས་པ་ན་མའི་གདོང་ལ་ལྟ་ཞིང་ཅང་མི་སྨྲའོ། །མས་བཟློས་ཤིག་བྱས་པས་འདི་ནི་བདག་གིས་ཏེ་རྒོལ་བ་འདི་བཟློག་པ་ལ་དཀའ་བ་མེད་དོ་ཟེར། ནངས་པར་བུ་ཙནྡྲ་དང་མུ་སྟེགས་གཉིས་བརྩད་པས་ཙནྡྲ་གོ་མི་རྒྱལ་ཏེ་བྱ་དགའ་རྒྱ་ཆེན་པོ་ཡང་ཐོབ་བོ། །དེ་ལྟར་སྒྲ་དང་རྟོག་གེ་ལ་སོགས་པའི་རིག་གནས་ནི་རང་བཞིན་གྱིས་ཤེས་པ་ཞིག་བྱུང་བས་གྲགས་པའི་ཟླ་འོད་ཀྱང་ཀུན་ན་གསལ། སློབ་དཔོན་བློ་གྲོས་བརྟན་པ་ལས། མདོ་སྡེ་དང་མངོན་པའི་སྡེ་སྣོད་ཕལ་མོ་ཆེ་ལན་ཅིག་ཉན་པ་ཙམ་གྱིས་མཁྱེན། རིག་པ་འཛིན་པ་མྱ་ངན་མེད་བྱ་བ་ལས། རིག་སྔགས་ནོད་དེ་བསྒྲུབས་པས་སྤྱན་རས་གཟིགས་དང་། སྒྲོལ་མའི་ཞལ་མངོན་སུམ་དུ་གཟིགས། མཁས་པའི་དབང་ཕྱུག་ཆེན་པོར་གྱུར་ཏེ། སྨན་དཔྱད་དང་། སྡེབ་སྦྱོར་དང་། བཟོའི་གནས་ལ་བསྟན་བཅོས་མང་དུ་མཛད་ཅིང་། ཁྱད་པར་སྒྲ་རིག་པ་སྟོབས་སུ་གྱུར་ནས་བཤད། བྷ་རེན་དྲའི་རྒྱལ་པོའི་བུ་མོ་ཏཱ་ར་ཞེས་བྱ་བ་བག་མར་བླངས་ཤིང་ལྷན་ཅིག་གནས་སོ། །ལན་གཅིག་དེའི་གཡོག་མོས་ཏཱ་ར་ཞེས་རྗེ་མོ་ལ་བོས་པས། ཡི་དམ་དང་མཚན་མཐུན་པ་ཁྱིམ་ཐབ་ཏུ་མི་རུང་བར་དགོངས་


JLAZ013_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡུལ་གཞན་དུ་འགྲོ་བར་བརྩམས་པ་རྒྱལ་པོས་ཤེས་ཏེ། ངའི་བུ་མོ་དང་ལྷན་ཅིག་མི་འདུག་ན་གངྒཱ་ལ་བསྐྱུར་ཅིག་ཅེས་བསྐྱུར་བ་ན། སློབ་དཔོན་གྱིས་རྗེ་བཙུན་མར་གསོལ་བ་བཏབ་པས། འཕགས་མས་སྤྲུལ་པ་ཡིན་ཟེར། གངྒཱ་དང་རྒྱ་མཚོ་ཕྲད་མཚམས་ཀྱི་གླིང་ཞིག་ཏུ་ཐོན། སློབ་དཔོན་དེར་བཞུགས་པས་གླིང་གི་མིང་ཙནྡྲ་དཱི་པར་ཆགས། ད་ལྟའང་གྲོང་ཁྱེར་བདུན་སྟོང་ཙམ་ཤོང་བ་ཡོད་སྐད། དེར་སྤྱན་རས་གཟིགས་དང་། སྒྲོལ་མའི་རྡོ་སྐུ་བཞེངས། དང་པོར་ཉ་བའི་ཚོགས་ཀྱིས་ཤེས་ཤིང་། རིམ་གྱིས་སྐྱེ་བོ་གཞན་བྱུང་བས་གྲོང་བརྡལ་དུ་ཆགས། འཕགས་པས་བསྐུལ་བ་བཞིན་གོ་མིའི་དགེ་བསྙེན་མཛད་པས་ཙནྡྲ་གོ་མིར་གྲགས། དེ་ནས་ཚོང་པ་རྣམས་དང་འགྲོགས་ཏེ་སིངྒ་ལའི་གླིང་དུ་བྱོན། ཡུལ་དེར་ཀླུ་ནད་དར་བ་ལ་འཕགས་པ་སེངྒེ་སྒྲའི་ལྷ་ཁང་བཞེངས་པས་རང་ཞི། བཟོ་དང་སྨན་དཔྱད་ལ་སོགས་པ་རིག་པའི་གནས་མང་པོ་སྤེལ། སྐྱེ་བོ་བླུན་པོ་རྣམས་ལ་ཕན་པ་རྒྱ་ཆེན་པོ་བཏགས། ཡུལ་བདག་གནོད་སྦྱིན་ལས་ནོར་བླངས་ཏེ། ཆོས་གཞི་མང་དུ་བཙུགས། ཐེག་པ་ཆེན་པོའི་ཆོས་ཀྱང་ཅུང་ཟད་བཤད། སླར་འཛམ་བུའི་གླིང་གི་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན། བྲམ་ཟེ་མཆོག་སྲེད་ཀྱི་ལྷ་ཁང་ན། ཀླུ་ཤེ་ཥལ་རང་གིས་སྒྲ་ཉན་པའི་བཀོད་པ་དང་། ཀླུས་བྱས་པའི་པཱ་ཎི་པའི་འགྲེལ་པ་འདུག་པ་གཟིགས་


JLAZ013_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཚིག་ཉུང་ལ་དོན་མང་བ། ཚང་ལ་མ་བཟློས་པ་ནི་འགྲེལ་པའི་ཡོན་ཏན་ཡིན་ན། ཀླུ་ནི་རབ་ཏུ་རྨོངས་ཏེ། ཚིག་མང་བ། དོན་ཉུང་བ། ཟློས་པ། མ་རྫོགས་པ་ཞེས་སྨད་ནས། པཱ་ཎི་པའི་དོན་འགྲེལ་ཙནྡྲ་བྱ་ཀ་ར་ལེ་ལག་དང་བཅས་པ་མཛད་ནས་དེར། ཉུང་ངུ་རྣམས་གསལ་ཡང་དག་རྫོགས། ཞེས་ཀླུ་ལ་གཞུར་བརྟག་པའང་མཛད། དེའི་ཚེ་དཔལ་ནཱ་ལེནྡྲ་ཞེས་གཙུག་ལག་རྒྱ་མཚོས་བསྟེན་པའི་ཀུན་དགའ་ར་བར། གང་མུ་སྟེགས་ཅན་གྱིས་རྩོད་པ་ལ་མི་མཇེད་པའི་རྟུལ་ཞུགས་མ་སྨད་པ་དེ་ནི་ལྕགས་རིའི་ཕྱི་རོལ་དུ་ཆོས་འཆད་ལ། དེ་ལས་གཞན་དུ་གྱུར་པ་ནི་མ་ཡིན་ནོ། །དེར་སློབ་དཔོན་ཙནྡྲ་གོ་མི་ནཱ་ལེནྡྲར་སོང་བ་ན། དེའི་ཚེ་ལྷོ་ཕྱོགས་ས་མནྟར་སྐུ་འཁྲུངས་ཤིང་ཆུང་ངུ་ཉིད་ནས་རིག་པའི་གནས་རྒྱ་མཚོའི་ཕ་མཐར་སོན་པ། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྡེ་སྣོད་མཐའ་དག་གི་མཛོད་འཆང་བ་ལེགས་ལྡན་འབྱེད་ཀྱི་སློབ་མའི་ཚོགས་དང་། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷི་ལས་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱི་གཞུང་དང་མན་ངག་ལ་ལེགས་པར་སྦྱངས་ནས། མཁས་པའི་དབང་ཕྱུག་ཆེན་པོར་གྱུར་ལ། ཆོས་ཐམས་ཅད་ཀྱི་བདེན་པར་ཞེན་པ་སྒྱུ་མ་དང་རྨི་ལམ་ལྟ་བུའི་ངོ་བོར་རྒྱས་ཐེབས་པས་རི་མོར་བྲིས་པའི་བ་མེན་ལས་འོ་མ་བཞོས་ཏེ་དགེ་འདུན་རྣམས་ལ་འོ་ཐུག་གིས་ཚིམས་པར་མཛད་པ་དང་། སྣང་བའི་བདེན་


JLAZ013_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མཉམ་པ་ཉིད་དུ་ཞིག་པས་རྡོའི་ཀ་བ་ལ་ཕྱག་གིས་ཟང་ཐལ་རྩིག་པ་ལ་ཐོགས་མེད་དུ་བཞུད་པ་ལ་སོགས་ཏིང་འཛིན་གྲུབ་པའི་ཡོན་ཏན་དུ་མས་བརྒྱན་པ་དཔལ་ལྡན་ཟླ་བ་གྲགས་པ་ཞེས་སྙན་པའི་རོལ་མོ་ཕྱོགས་བྲལ་འགྲོ་བའི་རྣ་ལུང་དུ་དཔྱངས་པ་དེ་ཉིད། དྲི་གཙང་ཁང་ཆེན་པོ་དེའི་མཁན་པོར་གྱུར་ནས་ཕྱི་རོལ་དུ་ཆོས་འཆད་ཅིང་ཡོད་པའི་ཚེ། སློབ་དཔོན་ཙནྡྲ་གོ་མི་གདུགས་ཀྱི་ཡུ་བ་ལ་བཟུང་ནས་དེའི་མདུན་ན་འགྲེང་བུར་འདུག་གོ །རྒྱ་གར་འཕགས་པའི་ཡུལ་ན་གང་རྩོད་པར་འདོད་པ་ནི་འགྲེང་བུར་གནས། ཆོས་ཉན་པ་ནི་གུས་པའི་ཚུལ་གྱིས་སོ། །རྒྱུ་དེས་ཟླ་བ་གྲགས་པ་ནི་རྩོད་ཟླར་དགོངས་ནས། ཡོན་ཏན་ཅི་ཤེས་དྲིས་པས། སྒྲ་པཱ་ཎི་པ་དང་། བསྟོད་པ་བརྒྱ་ལྔ་བཅུ་པ་དང་། མཚན་ཡང་དག་པར་བརྗོད་པ་གསུམ་ཤེས་བྱས་པས། འདི་ཁེངས་པ་བསྐྱུངས་པ་ལྟར་སྣང་ཡང་། སྒྲ་རིག་པ་དང་། མདོ་དང་། སྔགས་ཐམས་ཅད་ཤེས་པར་ཁས་བླངས་པས་ཙནྡྲ་གོ་མིའམ་སྙམ་དུ་དྲིས་པས། དེ་ལྟར་གྲགས་གསུངས། འོ་ན་མཁས་པ་ཆེན་པོ་ལགས་པས་དགེ་འདུན་གྱི་བསུ་བ་བྱེད་དགོས་རེ་ཞིག་ཕྱིར་གཤེགས་འཚལ་གསུངས་པས་བདག་དགེ་བསྙེན་ལ་དགེ་འདུན་གྱི་བསུ་བ་བྱ་བ་ག་ལ་འཐད་གསུངས་འདི་ལ་ཐབས་ཤིག་ཡོད་ཀྱི་ཤིང་རྟའི་སྟེང་དུ་འཕགས་པ་འཇམ་དཔལ་བཞུགས་པར་བྱའོ། །དེ་ལ་རྔ་ཡབ་གཡོབ་


JLAZ013_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བྱོན་ཅིག །འཇམ་དཔལ་ལ་བསུ་བ་བྱས་པའི་རྣམ་པར་འགྱུར་རོ་གསུངས་ནས། ཤིང་རྟ་གསུམ་དུ་བྱས་པའི་དབུས་མ་ལ་འཕགས་པའི་སྐུ་དང་། གཡས་གཡོན་ནས་སློབ་དཔོན་རྣམ་གཉིས་ཀྱིས་རྔ་ཡབ་གཡོབ་ཅིང་བྱོན། མདུན་ནས་དགེ་འདུན་གྱི་ཚོགས་བསུ་བར་བྱོན་པའི་ཚེ། ཙནྡྲ་གོ་མི་ལ་འཇམ་དབྱངས་དེ་སྐུ་དངོས་ཀྱི་སྣང་བར་གྱུར་ནས། ཤོ་ལོ་ཀ་བཞི་བཅུ་པའི་བསྟོད་པ་དེ་མཛད་པས། འཇམ་དཔལ་དབུ་ཡོན་མཛད་དེ་ཡོན་ཏན་དེ་ཙམ་མངའ་འམ་གསུངས། ལྟད་མོ་ལ་འོངས་པའི་སྐྱེ་བོའི་ཚོགས་མང་པོས་ཀྱང་མཐོང་ནས་དེ་སྐད་དུ་སྨྲས་པས་རང་སར་ལུས་ཏེ་འཇམ་དབྱངས་དབུ་ཡོན་མར་གྲགས། དེར་ཙནྡྲ་གོ་མི་དད་པའི་ཤུགས་རྒྱས་པས་ཤིང་རྟའི་ཁ་ལོ་ཅི་དགར་ལུས་པ་ཟླ་གྲགས་ཀྱི་སྔོན་དུ་སོང་བས། འདི་ནི་ང་རྒྱལ་ཅན་ཏེ་རྩོད་པར་བྱའོ་སྙམ་དུ་དགོངས་སོ། །དེར་ཙནྡྲ་གོ་མིས་ཐོགས་མེད་ཀྱི་སྲོལ་ལ་བརྟེན་ཏེ་རྣམ་རིག་གི་ཕྱོགས་བཟུང་། ཟླ་གྲགས་ཀྱིས་ཀླུ་སྒྲུབ་ཀྱི་ལམ་སྲོལ་ལ་བརྟེན་ནས་ངོ་བོ་ཉིད་མེད་པར་སྨྲ་བའི་ཕྱོགས་བཟུང་ནས། ལོ་བདུན་གྱི་བར་དུ་བརྒལ་བརྟག་མཛད་དོ། །རྩོད་པའི་དུས་ཙནྡྲ་གོ་མི་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས་སློབ་ཀྱིན་ཡོད་པས་ཟླ་བ་གྲགས་པ་རེ་ཞིག་ཕམ་པ་ལྟར་བྱུང་བ་ན་འདི་ལ་རྩོད་པ་སློབ་པ་ཞིག་ཡོད་ངེས་སྙམ། འཕགས་པ་རྡོ་སྐུའི་ལྷ་ཁང་ན་ཙནྡྲ་གོ་མི་བཞུགས་ཀྱིན་ཡོད་པའི་


JLAZ013_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་བཞིན་སོང་སྟེ་གཟིགས་པས། སྤྱན་རས་གཟིགས་ཀྱི་རྡོ་སྐུས་ཙནྡྲ་གོ་མི་ལ་སློབ་དཔོན་གྱིས་སློབ་མ་ལ་བྱ་བ་བཞིན་དུ་རིག་པ་བསླབ་པ་མཐོང་ངོ་། །དེར་འཕགས་པ་ཉེ་རིང་མ་མཛད་ཅེས་གསུངས་པས་ཆོས་སློབ་བཞིན་པའི་ཕྱག་མཛུབ་ཀེ་རེ་ལུས་པས་འཕགས་པ་མཛུབ་ཀེར་མར་གྲགས། རྩོད་པ་ཤིན་ཏུ་རྒྱུན་རིང་བས་ལྟད་མོར་ལྷགས་པའི་གྲོང་པའི་ཁྱེའུ་ཕོ་མོ་ཚུན་ཆད་ཀྱིས་ཕྱོགས་ཙམ་རིག་པའི་གླུ་ལེན་པ་བྱུང་ཟེར། མཐར་རྩོད་པ་རང་བཞིན་ཞི་ནས་ཟླ་གྲགས་ཀྱིས་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པས། མནལ་ལམ་དུ་ཁྱོད་ནི་འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པས་མི་དགོས་མོད་ཀྱི། ངས་ཙནྡྲ་གོ་མི་ལ་ཅུང་ཟད་བྱིན་གྱིས་བརླབས་པ་ཡིན་གསུངས། གསང་འདུས་འཕགས་སྐོར་བ་རྣམས་ལ་རང་སའི་ལོ་རྒྱུས་ཀྱང་སྣང་། ཡང་རེ་ཞིག་ན་དབུལ་མོའི་བུ་མོ་ཁྱིམ་ཐབ་ཏུ་འགྲོ་བའི་ཆས་མེད་ནས་ཡུལ་སྣ་ཚོགས་སུ་སློང་མོར་འཁྱམས་ཤིང་། མཐར་གྱིས་ཙནྡྲ་གོ་མིར་བསླངས་པས་སྐུ་ལ་གསོལ་བའི་ན་བཟའ་དང་བརྒྱད་སྟོང་པའི་གླེགས་བམ་གཅིག་ལས་གཞན་གང་ཡང་མེད་པས། དབུལ་ཕོངས་ལ་བརྩེ་བའི་ཐུགས་ཀྱིས་ལོགས་བྲིས་ཀྱི་སྒྲོལ་མའི་སྐུ་ལ་གསོལ་བ་བཏབ་ཅིང་སྤྱན་ཆབ་ཕྱུང་བས། དངོས་སུ་གྱུར་ཏེ་སྐུའི་རྒྱན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་རིན་ཐང་སྤངས་པ་དག་མགུལ་ནས་ཕུད་དེ་


JLAZ013_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ལ་སྩལ་པ་དེ་ལ་བྱིན་ཏོ། །དེར་རི་མོའི་སྐུ་བརྙན་རྒྱན་མེད་པར་སོང་བས་སྒྲོལ་མ་རྒྱན་མེད་མར་གྲགས་ཤིང་། རྒྱན་ཕུད་པའི་ཤུལ་ལམ་མེ་ཡོད་སྐད། དུས་དེར་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་བསྟན་བཅོས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཚིགས་སུ་བཅད་པའི་སྒྲ་མདོ་བསྡེབས་ལེགས་པ་དག་གཟིགས་པས། རང་གི་སྒྲ་མདོ་བསྡེབས་མི་ལེགས་པར་མཁྱེན་ནས། འགྲོ་དོན་མི་འབྱུང་ངོ་སྙམ་སྟེ་དཔེ་ཁྲོན་པར་བསྐྱུར་བ་ན། རྗེ་བཙུན་མས། མཁས་པའི་ང་རྒྱལ་གྱིས་བྱས་པའི་བསྟན་བཅོས་ནི་ཕན་ཐོགས་ཆུང་ངུར་འགྱུར་ལ། ཁྱོད་ཀྱིས་ནི་གཞན་ཕན་གྱིས་བསམ་པ་བཟང་པོས་བྱས་པའི་ཕྱིར་སེམས་ཅན་ལ་ཕན་པར་འགྱུར་བས་དཔེ་ཁྲོན་པ་ནས་ཕྱུང་ཞིག །ཅེས་ལུང་བསྟན་པ་ལྟར་བླངས་ཟེར། ཁ་ཅིག །ཀུན་ཏུ་བཟང་པོ་དར་ཆེ་བར་གྱུར་པ་ན། ཙནྡྲ་གོ་མིས་འཕགས་པ་ལ་བདག་གིས་འདི་དར་བར་གསོལ་བ་བཏབ་པས། ཀུན་ཏུ་བཟང་པོ་དར་འཕྲོ་ཆད་ནས་ཙནྡྲ་པ་དར་བར་གྱུར་ཏོ། །དེར་ཟླ་བ་གྲགས་པ་ཐུགས་ཆད་ནས་བསྟན་བཅོས་ཁྲོན་པ་ལ་འཕངས་པས། ཁྲོན་པའི་མིང་ཙནྡྲ་ཁྲོན་པར་ཆགས་ཟེར། ལོ་རྒྱུས་འདི་གཉིས་བརྗོད་བྱ་དང་རྗོད་དོན་ཐམས་ཅད་ཐ་དད་པས་རང་རང་གི་རྗེས་སུ་འཇུག་པ་དག་གིས་འདོད་པ་མིན་ན་རུང་སྟེ། ཇི་ལྟར་ཡང་ཁྲོན་པ་དེ་ནས་ཆུ་འཐུང་ཚད་ཤེས་རབ་ཆེ་བར་གྲགས་པ་མདོ་མཐུན་


JLAZ013_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཀུན་ཏུ་བཟང་པོ་ནི་ད་ལྟ་མིང་ཙམ་ལས་མི་སྣང་ལ། ཙནྡྲ་པ་ནི་ཕྱི་ནང་ཐམས་ཅད་ཀྱི་སློབ་པར་གྲགས་ཤིང་དར་བ་འདིའོ། །སློབ་དཔོན་འདིས་སྒྲ་དང་། སྙན་དངགས་དང་། མངོན་བརྗོད་དང་། སྡེབ་སྦྱོར་དང་། རྟོག་གེ་དང་། སྨན་དཔྱད་དང་། བཟོའི་གནས་བརྒྱ་རྩ་དང་། སྐར་རྩིས་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་བརྩམས་ཤིང་། སློབ་མའི་ཚོགས་ལའང་དེ་ཁོ་ན་འཆད་པའི་ཚེ། རྗེ་བཙུན་མས། ཕྱི་རོལ་པའི་ངན་པ་དྲུག་དང་འདྲེས་པའི་བསྟན་བཅོས་ལ་སྨད་ཅིང་། ནང་པའི་ཚུལ་གསུམ་དང་ལྡན་པའི་གནས་ལ་ལེགས་པར་བསྔགས་པ་ནི་འདི་ལྟ་སྟེ། ས་བཅུ་པ་དང་ཟླ་བ་སྒྲོན་མ་དང་། །སྡོང་པོས་བརྒྱན་པ་དང་ནི་ལང་ཀར་འཇུག །རྒྱལ་བ་རྣམས་ཀྱི་ཡུམ་གྱུར་ཀློགས་ཤིག་ཀྱེེ། །སྡེབ་སྦྱོར་ངན་གཡོའི་སྦྱོར་བས་ཁྱོད་ལ་ཅི། །ཞེས་བསྐུལ་བས། ཐུན་མོང་བའི་རིག་པའི་གནས་ལ་བརྩོན་པའི་ཞགས་པ་ལྷོད་དེ་རྨད་དུ་བྱུང་བའི་མདོ་ལྔ་པོ་དག་གཞན་ལ་འདོམས་ཤིང་། རང་ཉིད་ཀྱང་ཉིན་རེར་ཞལ་འདོན་དུ་བགྱིད་པ་དང་། དེ་དག་གི་དོན་བསྡུའི་བསྟན་བཅོས་ཀྱང་མཛད། སྤྱིར་བསྟོད་པ་དང་། ནང་རིག་པ་དང་། ཕྱི་རོལ་གྱི་བསྟན་བཅོས་དང་། བཟོའི་གནས་དང་བཅས་པ་རེ་རེ་ནས་བརྒྱ་རྩ་བརྒྱད་རེ། ཕྲ་མོ་བ་བཞི་བརྒྱ་སུམ་ཅུ་རྩ་གཉིས་བརྩམས། ཐེག་


JLAZ013_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་བསྟན་བཅོས་བྱང་ཆུབ་སེམས་དཔའི་ལམ་རིམ་མཐའ་དག་གི་བརྗོད་དོན་ལྷོངས་པ་ཞིག་མཛད་པ་འགྲོ་ལྡིང་དང་། སིངྒ་ལའི་ཡུལ་ན་དར། གཞན་ཡང་སྐུ་གསུམ་ལ་འཇུག་པ་དང་། སྡོམ་པ་ཉི་ཤུ་པ་ལ་སོགས་པ་བསྟན་བཅོས་ཀྱང་ཤིན་ཏུ་མང་། མཐར་པོ་ཏ་ལར་གཤེགས་པར་བཞེད་ནས་ཤྲཱི་དྷ་ནའི་གླིང་དུ་བྱོན་པ་ན། སྔོན་ཀླུ་ཤེ་ཥའི་བསྟན་བཅོས་ལ་སྨད་པ་འཁོན་དུ་བཟུང་ནས། རྒྱ་མཚོའི་རླབས་ཀྱིས་གྲུ་གཟིངས་ལ་གནོད་པ་དང་། ཙནྡྲ་གོ་མི་ཕྱུང་ཞིག་ཟེར་བའི་སྒྲ་བྱུང་བས། སྒྲོལ་མ་ལ་གསོལ་བ་བཏབ་པ་ཙམ་གྱིས། གཙོ་འཁོར་ལྔ་མཁའ་ལྡིང་ལ་ཆིབས་པ་ནམ་མཁར་བྱོན་ནས་འཇིགས་པ་ལས་བསྒྲལ། ཤྲཱི་དྷ་ནར་བདེ་བར་སོན་པས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་བསྙེན་བཀུར། སྒྲོལ་མ་དང་། སྤྱན་རས་གཟིགས་ཀྱི་ལྷ་ཁང་སོ་སོ་ནས་བརྒྱ་རྩ་རེ་བཞེངས། རི་པོ་ཏ་ལར་གཤེགས་ནས་སྐུ་ལུས་མ་སྤངས་པར་ད་ལྟར་ཡང་བཞུགས་པར་གྲགས། རེ་ཞིག་ན་སློབ་མ་རྒྱལ་རིགས་རིན་ཆེན་གྲགས་པ་ཞེས་བྱ་བ་དགེ་སློང་ལས་བབས་པ་ཞིག་སྡིག་པ་སྣ་ཚོགས་སྤྱོད་པ་གཟིགས་ནས་སློབ་སྤྲིངས་འདི་གདམས་པ་པོ་ཏ་ལ་ནས་ཚོང་པའི་ཚོགས་ལ་བསྐུར་བས། དེ་ཡང་ཆོས་བཞིན་སྤྱོད་པར་གྱུར་ཏོ། །ཆེན་པོ་བཞི་ཞེས་གྲགས་པའི་ཡ་གྱལ་དྷརྨ་པཱ་ལའམ་ཆོས་སྐྱོང་ནི། རྒྱལ་པོ་སེངྒེ་དང་།


JLAZ013_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བྷར་ཥས་རྒྱལ་སྲིད་སྐྱོང་བའི་དུས་སློབ་དཔོན་ཙནྡྲ་གོ་མི་སོགས་དུས་མཉམ་པ་ཙམ་ན། སྙན་ངག་མཁན་གྱི་རིགས་ལས་ལྷོ་ཕྱོགས་ཀྱི་རྒྱུད་དུ་འཁྲུངས། དགེ་བསྙེན་དུ་གནས་པའི་དུས་ནས་རིགས་ཀྱི་ཡོན་ཏན་དང་། ཕྱི་ནང་གི་གཞུང་ལུགས་ཕལ་མོ་ཆེ་མཁྱེན། སློབ་དཔོན་ཆོས་འབངས་ལས་རབ་ཏུ་བྱུང་ཞིང་འདུལ་བ་ཉན། སླར་ཕྱོགས་ཀྱི་གླང་པོ་ལས་སྡེ་སྣོད་ཡན་ལག་དང་བཅས་པ་ཉན་པས་མཁས་པའི་དབང་ཕྱུག་ཆེན་པོར་གྱུར། མདོ་སྡེ་བརྒྱ་རྩ་བརྒྱད་ཞལ་འདོན་དུ་བགྱིད་ཅིང་། རྡོ་རྗེ་གདན་དུ་བྱོན་ནས་ལྷག་པའི་ལྷ་རྣམས་ལ་བསྟོད་པ་མང་པོ་མཛད། འཕགས་པ་ནམ་མཁའི་སྙིང་པོ་བསྒྲུབས་པས་བྱང་ཆུབ་ཤིང་གི་རྩེ་མོ་ལ་བྱོན་པ་གཟིགས། དེ་ཕྱིན་ཆད་ནས་རྟག་ཏུ་འཕགས་པ་ལ་ཆོས་ཉན་པར་ནུས་ཤིང་། སློབ་མའི་ཚོགས་བྱང་ཆུབ་སེམས་དཔའི་རྩ་ལྟུང་བྱུང་བ་ཀུན་ལའང་དངོས་སམ། རྨི་ལམ་གང་ཡང་རུང་བར་འཕགས་པ་ནམ་མཁའི་སྙིང་པོའི་མདུན་དུ་ལྟུང་བ་བཤགས་སུ་འཇུག་ནུས། རང་ཉིད་དགེ་འདུན་དང་བཅས་པའི་འཚོ་བའི་ཡོ་བྱད་ཀྱང་སྦྱིན་བདག་ལ་མི་འཚལ་བར་ནམ་མཁའ་མཛོད་ལས་བླང་བས་ཆོག་པར་གྲགས། ཟླ་བ་གྲགས་པའི་རྗེས་སུ་དཔལ་ནཱ་ལེནྡྲའི་མཁན་པོ་མཛད། མུ་སྟེགས་ཀྱི་རྒོལ་བ་རྣམས་ཁྲོ་རྒྱལ་དབྱུག་པ་རྣོན་པོའི་མཐུས་སྡིཊ་ནས་ངག་གནོད་པར་བྱེད་པ་ཞིག་བྱུང་། དབུ་མ་


JLAZ013_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བརྒྱ་པ་རྣམ་རིག་ཏུ་བཀྲལ་བའི་འགྲེལ་པ་ལ་སོགས་པ་བསྟན་བཅོས་ཀྱང་མཛད། སྐུ་ཚེའི་མཐར་ལྷོ་ཕྱོགས་གསེར་གླིང་དུ་བྱོན། བཅུད་ཀྱི་ལེན་པའི་དངོས་གྲུབ་ཉེ་བར་བསྒྲུབས་ཏེ། ལེགས་བྲིས་ཀྱི་གནས་ག་ལ་བར་བཞུད་དོ་ཞེས་གྲགས་སོ། །རྨད་དུ་བྱུང་བའི་སྐྱེས་བུ་ཆེན་པོ་སློབ་དཔོན་ཤཱནྟ་དེ་ཝའམ་ཞི་བའི་ལྷ་ནི། ལྷོ་ཕྱོགས་སཽ་རཥྚར་མིའི་བདག་པོ་འཇམ་དཔལ་གོ་ཆ་ཞེས་བྱ་བའི་སྲས་སུ་སྐྱེ་བའི་ལྗོན་ཤིང་བཟུང་ངོ་། །དེར་ནི་བཀུར་བར་འོས་པའི་གནས་ཐམས་ཅད་ལ་གུས་པའི་ཤིང་རྟ་བརྟན་ཅིང་། ཕོངས་པ་དང་མགོན་མེད་པ་ཐམས་ཅད་ལ་བརྩེ་བ་ཆེན་པོ་དང་ལྡན་པས་དེ་ཙམ་ནས་ཐེག་པ་ཆེན་པོའི་རིགས་སད་པ་ཞིག་གོ །སྔོན་གྱི་ལས་འཕྲོའི་མཐུས་གཞོན་ནུ་ནས་མནལ་ལམ་ན་འཕགས་པ་འཇམ་དཔལ་ཞལ་གཟིགས། བསྟན་བཅོས་དང་སྒྱུ་རྩལ་གྱི་གནས་མང་པོ་ལ་མཁས་པར་གྱུར། རེ་ཞིག་ནས་རྒྱལ་སྲིད་ལ་དབང་བསྐུར་བའི་ཁྲི་བཤམས་པ་ན། རྨི་ལམ་དུ་འཕགས་པ་འཇམ་དཔལ་ཁྲི་ལ་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་སྟེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ཁྱོད་དང་ང་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་འཕགས་པ་འཇམ་དཔལ་གྱིས་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་བསྐུར་བའི་དོན་གྱིས་གནང་བ་བྱིན་ཏོ། །དེ་བཞིན་དུ་འཕགས་མ་


JLAZ013_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མས་རང་གི་མའི་ཚུལ་བཟུང་ནས། ཁྲུས་ཀྱི་ཕྱིར་ཆུ་ཚན་སྤྱི་བོ་ནས་བླུགས་པས། དེའི་ཚ་བའི་རེག་བྱ་ལ་དྲིས་པ་ན། བུ་རྒྱལ་སྲིད་ནི་དམྱལ་བའི་ཆུ་ཚན་མི་བཟད་པ་ཉིད་དེ། དེས་ཁྱོད་ལ་དབང་བསྐུར་བར་ཉེའོ། །གསུངས་པས་འདི་སྙམ་དུ། ཀྱེ་མ་རྒྱལ་སྲིད་ནི་དུག་གི་སྡོང་པོ་བཞིན་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པའི་སྲོག་གི་གཤེད་མ་ཉིད་དོ། །འདི་ནི་ཤིན་ཏུ་མི་རུང་ངོ་དགོངས་ནས་ནངས་པར་རྒྱལ་སར་བསྐོ་བ་ལ་ཉེ་བའི་ནུབ་མོ་བྲོས་སོ། །དེར་ཞག་ཉི་ཤུ་རྩ་གཅིག་ཏུ་ཕྱིན་པ་ན་སྐོམ་པས་གདུངས་ཏེ་ནགས་ཀྱི་རྩ་བའི་ཆུ་མིག་ལ་འཐུང་བར་བརྩམས་པ་ན། བུ་མོ་ཞིག་བྱུང་ནས་དེ་ནི་དུག་གི་ཆུ་སྟེ་བཏུང་བར་མི་འོས་སོ། །ཞེས་ལྡོག་ནས་ཆུ་ཞིམ་པོ་བླུད་ཅིང་ནགས་ཀྱི་ཕུག་ན་རྣལ་འབྱོར་པ་གཅིག་འདུག་པའི་དྲུང་དུ་ཁྲིད་དོ། །དེ་ནི་འཇམ་པའི་རྡོ་རྗེ་ཡིན་ཏེ། ས་མཁན་གྱི་བུད་མེད་ནི་སྒྲོལ་མའོ། །དེར་རྣལ་འབྱོར་པ་དེའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ་དུལ་ཞིང་ཟབ་པའི་གནས་ལ་མོས་གུས་ཀྱི་ལང་ཚོ་ཤིན་ཏུ་བརྟས་པར་གྱུར་ནས་རྗེས་སུ་འཛིན་པར་ཞུས་པས། དབང་བསྐུར་ཞིང་རྗེས་སུ་བསྟན་པ་བྱིན་པས་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་སྒོ་དཔག་ཏུ་མེད་པ་བརྙེས་སོ། །དུས་དེ་སྙེད་ནས་འཕགས་པའི་སྣང་བ་དང་རྟག་ཏུ་འགྲོགས་པས་ཤིང་གི་རལ་གྲི་ཤུབས་དང་བཅས་པ་གཅིག་བཅངས་ཏེ་བརྟུལ་ཞུགས་ཀྱི་རྒྱུ་བ་ལས། རྒྱལ་


JLAZ013_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སེངྒེ་ལྔ་པའི་འཁོར་གྱི་ནང་དུ་ཞུགས་ནས། སྒྱུ་རྩལ་གྱི་གནས་ཐམས་ཅད་ལ་ཤིན་ཏུ་མཁས་ཤིང་བློ་གྲོས་ཆེན་པོར་འདུག་ནས་ལྷའི་སྐུ་སྲུང་ཉིད་དུ་ཞལ་འཆེས་སོ། །དེར་བཟོའི་གནས་ཐམས་ཅད་ཀྱང་དར་བར་མཛད། རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་དུ་བཅུག་པས། བློན་པོ་གཞན་རྣམས་ཀྱིས་ཕྲག་དོག་བྱས་ཏེ། ལྷ་གཟིགས་སུ་གསོལ། འདི་ནི་གཡོ་ཅན་ཞིག་སྟེ། རལ་གྲི་ཡང་ཤིང་ལས་མེད་ན་ལྷའི་སྐུ་སྲུང་ནུས་མིན་བརྟག་པར་བྱའོ་ཞེས་བཅས་ནས། རིམ་བཞིན་ཐམས་ཅད་ཀྱི་མཚོན་ཆ་རྒྱལ་པོའི་སྤྱན་སྔར་སྟོན་པ་ལ་ཞུགས་པ་ན། སློབ་དཔོན་གྱིས་བདག་གིས་རལ་གྲི་ནི་བལྟ་བར་མི་བཟོད་དོ། །ཞེས་གསུངས་ཀྱང་ནན་གྱིས་བསྐུལ་ལོ། །འོ་ན་མིག་ཡ་གཅིག་བཀབ་ལ་ལྟོས་ཤིག་གསུངས་ནས་དམ་ཚིག་གི་རལ་གྲི་ཤུབས་ནས་ཕྱུང་མ་ཐག་རལ་གྲིའི་མཐུས་རྒྱལ་པོའི་མིག་ཅིག་ཤོས་ས་ལ་ལྷུང་ངོ་། །རྒྱུ་དེ་ཉིད་ཀྱིས་རྒྱལ་པོ་འཁོར་དང་བཅས་པ་སྐྲག་པར་གྱུར་ཏེ་སྐྱབས་སུ་སོང་བས། སླར་མིག་འདྲུལ་བ་འབྱར་བར་མཛད་པས་མཆོག་ཏུ་དད། རྙེད་བཀུར་གྱིས་བསྙེན་ནས་བཞུགས་པར་གསོལ་ཡང་མ་གནང་སྟེ་རྒྱལ་སྲིད་ཆོས་བཞིན་བསྐྱངས་པ་དང་། ནང་པའི་ཆོས་གཞི་བཅུ་ཕྲག་གཉིས་འཛུགས་པར་དགོངས་ནས་ཡུལ་དབུས་སུ་བྱོན། དཔལ་ན་ལེནྡྲ་ཙནྡྲ་གོ་མིའི་ཕྱི་མ་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་། མཚན་ཞི་བ་


JLAZ013_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལྷར་བཏགས། དེར་པཎྜི་ཏ་རྣམས་དང་ལྷན་ཅིག་གནས་པ་ལས། ནང་དུ་འཕགས་པ་འཇམ་དཔལ་ལ་ཆོས་གསན་ཞིང་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་བརྙེས། བསླབ་པ་ཀུན་ནས་བཏུས་དང་། མདོ་ཀུན་ནས་བཏུས་ལེགས་པར་བརྩམས་པས་མཁས་པའི་ཡང་རྩེར་སོན་པ་ཡིན་ཀྱང་། གཞན་ངོར་ཁ་ཟས་ཀྱང་བྲེའོ་ཆེ་ལྔ་ལྔ་གསོལ། ཉིན་མཚན་དུ་མནལ་ཞིང་། ཐོས་བསམ་སྒོམ་གསུམ་གང་ཡང་མི་བྱེད་པ་ལྟར་བྷུ་སུ་ཀུའི་ཚུལ་དུ་བཞུགས་པས། དགེ་འདུན་རྣམས་ན་རེ། དད་རྫས་ཆུད་གསན་པར་བྱེད་པའི་འདུ་ཤེས་གསུམ་པ་འདི་བསྐྲད་པར་འོས་སོ། །དེའི་ཕྱིར་ན་མདོ་རེ་མོས་སུ་བཏོན་ལ་རང་བུད་དུ་འགྲོ་བར་བྱའོ་ཞེས་བགྲོས་ནས། ཆོ་འཕྲུལ་ཟླ་བ་ལ་གསུང་རབ་རེ་མོས་ཀྱིས་འདོན་པའི་སྐབས་སུ་འབྱོན་པར་བསྐུལ་ལོ། །དེར་སློབ་དཔོན་གྱིས་ཁོ་བོ་ཅག་གིས་ཅི་ཡང་མི་ཤེས་སོ་ཞེས་ལན་འགར་གཅོམ་བསྐྱུངས་ནའང་པཎྜི་ཏ་རྣམས་ཀྱིས་ཉམས་སད་པར་བགྲོས་ནས་ནན་གྱིས་བསྐུལ་བས་མཐར་ཞལ་གྱིས་འཆེས་སོ། །དེར་ཕལ་ཆེར་ནི་དམའ་དབབ་པའི་ཕྱིར་དུ་འཚོགས་ཞིང་། ལ་ལའང་ཐེ་ཚོམ་གྱི་གནས་ལ་འདུ་བར་བྱས་པའི་དབུས་སུ་ཁྲི་ཆེན་པོ་བཤམས་སོ། །དེའི་ཚེ་སློབ་དཔོན་ཉིད་བྱོན་ཏེ་ཁྲིའི་སྟེང་དུ་བག་ཚ་བ་མེད་པར་བཞུགས་ནས། མདོ་སྔར་བྱུང་བ་ཞིག་འདོན་ནམ། འོན་ཏེ་སྔར་མ་གྲགས་པ་ཞིག་འདོན་


JLAZ013_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། ཐམས་ཅད་ཀྱང་ཚོད་བགམ་ལ་སྤྲོ་བར་གྱུར་ནས་སྔར་མ་གྲགས་པ་ཞིག་འདོན་པར་བསྐུལ་ཏོ། །དེར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་ནས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །ཅེས་པའི་ཚིག་མཚམས་ནས་ནམ་མཁའི་དབྱིངས་ལ་ཇེ་མཐོར་གཤེགས་ནས་སྐུ་ལུས་མི་སྣང་བར་གྱུར་ནའང་། ཚངས་པའི་དབྱངས་དང་བཅས་པའི་ཆོས་ཀྱི་སྒྲ་ནི་གཞུང་མ་རྫོགས་ཀྱི་བར་དུ་རྒྱུན་ཆད་པར་མ་གྱུར་ཏོ། །དེའི་ཚེ་སྐྱེས་བུ་དམ་པ་འདི་ནི་བློ་གྲོས་མི་ཟད་པའོ་ཞེས་མགྲིན་གཅིག་ཏུ་སྒྲོག་པར་བྱེད་ཅིང་། པཎྜི་ཏ་གཟུངས་ཐོབ་པ་རྣམས་ཀྱིས་བློ་ལ་བཟུང་བ་ན། ཁ་ཆེ་བ་རྣམས་ལ་ཤླཽ་ཀ་སྟོང་ལྷག་པ་ཞིག་བྱུང་། མཆོད་བརྗོད་རང་གི་བློས་སྦྱར། ཡུལ་དབུས་པ་ཟེར་ཏེ་ཤར་པ་རྣམས་ལ་ཤླཽ་ཀ་བདུན་བརྒྱ་ལས་མ་བྱུང་བ། བཤགས་ལེ་དང་། ཤེས་ལེ་ཆད་པར་གྲགས། མཆོད་བརྗོད་པ་དབུ་མའི་དེ་ཉིད་ལྷན་ཐབས་སུ་བྱས། དབུས་པ་རྣམས་ཀྱི་མཆོད་པར་བརྗོད་པ་དང་། རྩོམ་པའི་དམ་བཅའ་མེད་པ། རྗེས་སྔགས་ཀྱི་དབང་དུ་རྩིས་པའི་ཤླཽ་ཀ་སྟོང་ཡོད་པ་གཅིག་བྱུང་བས། བཞུགས་ཚོགས་ཀྱི་གནས་ལ་ཐེ་ཚོམ་བཀོད་པར་གྱུར་ཏོ། །དེར་ཏྲི་ལིངྐའི་ཆ་གྲོང་ཁྱེར་ཀ་ལིངྐར་གཤེགས་ནས་དེ་ཉིད་དུ་བཞུགས་ཞེས་


JLAZ013_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པས་པཎྜི་ཏ་གསུམ་གྱིས་སོང་ནས། ན་ལེནྡྲར་འབྱོན་པར་ཞུས་པས་མ་གནང་། རང་རང་གི་གཟུགས་ཀྱིས་བཟུང་བ་ཡི་གེར་བཀོད་པའི་ལུགས་གསུམ་པོ་གང་དག་པ་ཡིན་ཞུས་པས། ཡུལ་དབུས་པ་རྣམས་ཀྱིས་བཟུང་བ་ལྟར་ཡིན་གསུངས། འོ་ན་བསླབ་པ་ཀུན་ལས་བཏུས་དང་། མདོ་ཀུན་ལས་བཏུས་བལྟ་བར་གསུངས་པ་གང་ཡིན་ཞུས་པས། བྲང་ཁང་གི་སྐར་ཁུང་ན་ཤིང་ཤུན་ལ་པཎྜི་ཏའི་ཡི་གེ་ཕྲ་མོས་བྲིས་པའི་གླེགས་བམ་ཡོད་པ་ལོངས་ཞེས་གསུངས། ཡུལ་དེ་ན་ནགས་ཚལ་དང་བཅས་པའི་གཙུག་ལག་ཁང་ཞིག་མཆིས་པར། དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་པར་བཞུགས་པ་ལས་ནགས་ཚལ་གྱི་རི་དྭགས་བྲང་ཁང་དུ་འོངས་པ་རྣམས་རྫུ་འཕྲུལ་གྱིས་དམིཊ་པ་མེད་པར་རྒྱས་བཏབ་པས། སློབ་དཔོན་གྱི་བྲང་ཁང་དུ་རི་དྭགས་རྣམས་སོང་བ་མཐོང་ཞིང་། ཕྱིར་བྱུང་བ་མ་མཐོང་ལ། རི་དྭགས་ཀྱི་ཚོགས་ཁ་བྲི་བའང་དགེ་སློང་རྣམས་ཀྱིས་ཤེས་སོ། །དེར་སྐར་ཁུང་ནས་བལྟས་པ་ན་སློབ་དཔོན་ཤ་གསོལ་བ་མཐོང་ནས། དགེ་འདུན་རྣམས་ཀྱིས་རྒོལ་བར་བརྩམས་པ་ན། རི་དྭགས་རྣམས་སླར་གསོས་ཏེ་ཉམས་སྟོབས་དང་ལྡན་པ་དག་ཕྱིར་བྱུང་ནས་ནགས་གསེབ་ཏུ་སོང་ངོ་། །སླར་རབ་ཏུ་བྱུང་བའི་རྟགས་ཀྱང་བོར་ཏེ་བླང་དོར་མེད་པའི་སྤྱོད་


JLAZ013_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གཤེགས་པའི་ཚེ། སྒོ་དྲུང་ཞིག་ཏུ་སྐྱེ་བོ་གཅིག་གིས་འཁྲུད་མ་དོར་བའི་ཟེགས་མ་སློབ་དཔོན་གྱི་ཞབས་ལ་རེག་པས། ལྕགས་བསྲེགས་ལ་ཕོག་པ་བཞིན་དུ་ཁོལ་བར་གྱུར་པ་དེས་མཐོང་ངོ་། །རེ་ཞིག་ན་བ་ཏི་བི་ཧ་རའི་རྒྱལ་པོའི་ས་ཆར་མུ་སྟེགས་ཀྱི་པཎྜི་ཏ་བདེ་བྱེད་ཅེས་བྱ་བས་འོངས་ནས་ཕྱི་ནང་གྲུབ་མཐའ་ལ་བརྩད་ཅིང་མཐུ་དང་རྫུ་འཕྲུལ་འགྲན་པར་བསྐུལ་བ་ན། ནང་པ་གཞན་རྣམས་བག་ཚ་བར་གྱུར་ཏོ། །དེར་སྔར་གྱི་འཁྲུད་མའི་བྱ་བ་མཐོང་བའི་སྐྱེ་བོ་དེས་དེ་དྲན་ནས་ངེས་པར་རྩོད་པ་བཟློག་པ་ཞིག་དེས་ནུས་སོ་སྙམ་ནས་སློབ་དཔོན་གྱི་དྲུང་དུ་ཕྱིན། མུ་སྟེགས་དང་ནུས་པ་འགྲན་པར་ཞུས་པས་ཞལ་གྱིས་བཞེས་པ་བཞིན་དུ་ཡུལ་དེའི་རྒྱལ་པོ་ལའང་བསྙད་དོ། །རྒྱལ་པོས་སྐྱེ་བོ་མང་པོ་འདུས་པའི་དབུས་སུ་ཁྲི་བརྩིགས་ནས་ཕྱི་ནང་གྲུབ་མཐའ་ལ་རྩོད་དུ་བཅུག་པས་སློབ་དཔོན་ཉིད་རྒྱལ་ལོ། །དེར་མུ་སྟེགས་ཀྱིས་ནམ་མཁའ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་སྐད་ཅིག་ལ་བྲིས་པ་ན། སློབ་དཔོན་གྱིས་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་དཀྱིལ་འཁོར་དང་མུ་སྟེགས་རྣམས་འཐོར་རླུང་དྲག་པོས་བསྐྲད་པ་ཆུ་བོ་ཞིག་མཆིས་པའི་ཕ་རོལ་དུ་སོང་ངོ་། །དེར་ཆོས་ཤིན་ཏུ་དར་བར་མཛད་ཅིང་ཡུལ་དེ་ལའང་མུ་སྟེགས་ཕམ་པའི་ཡུལ་ཞེས་སྐབས་དེར་གྲགས་ཀྱང་དུས་ཀྱི་སྟོབས་ལས་ད་ལྟ་མིང་དེ་སྐད་དུ་གྲགས་པའི་


JLAZ013_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའང་མེད་ཅེས་མཁས་པ་དག་ཀྱང་གླེང་ངོ་། །གཞན་ཡང་ལྟ་བ་ཁྱད་པར་ཅན་འཛིན་པ་ལྔ་བརྒྱ་དང་། མུ་ཏོ་བ་སྟོང་ཕྲག་ལ་འཚོ་བ་སྦྱར། འཁྲུག་པ་ཆེན་པོའི་འཐབ་ཟླར་ཞུགས་ནས་རྫུ་འཕྲུལ་གྱིས་བསྡུམས་པ་ལ་སོགས་པ་ངོ་མཚར་ཅན་གྱི་མཛད་པའི་གཏམ་བདུན་ཞེས་བགྲང་བའང་ཡོད་ཀྱི། དགོངས་པ་དང་སྤྱོད་ཡུལ་གཞན་ལས་ཁྱད་པར་འཕགས་པའི་ཚུལ། པཎྜི་ཏ་བྷུ་ཏི་ཙནྡྲས། རྒྱལ་བའི་བསྟན་ལ་བདག་ཉིད་ཆེ། །སྐྱེས་བུ་མང་པོ་བྱོན་མོད་ཀྱི། །ཞི་བའི་ལྷ་ཡིས་མཛད་པ་འདྲའི། །ཉམས་དང་དགོངས་པ་ཅན་མི་རྙེད། །ཅེས་གསུངས་པ་བཞིན་ནོ། །རིགས་པ་སྨྲ་བ་ཐམས་ཅད་ཀྱི་གཙུག་ཏོར་གྱི་ནོར་བུར་སོན་ཞིང་། འཛམ་བུའི་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ལས། གཞུང་འགྲེལ་པར་བྱེད་པའི་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། ལྷོ་ཕྱོགས་རྒྱ་མཚོ་དང་ཉེ་བའི་ཡུལ་ཀཱཉྩི་ན་ག་ར་ཞེས་པའམ། ཕྱི་ནང་ཀུན་ལ་གྲགས་པ་ཏྲི་མ་ལ་ཡའི་ཡུལ་གྱི་མིང་གི་བྱེ་བྲག་ལས་སམ་མཁས་པའི་མདུན་སར་རྒྱལ་དབང་གཙུག་གི་ནོར་བུ་ཞེས་བྱ་བར་རྒྱལ་པོ་སེངྒེ་ལྔ་པ་རྒྱལ་སྲིད་ལ་གནས་པའི་དུས་བྲམ་ཟེའི་རིགས་སུ་སྐྱེ་བའི་མྱུ་གུ་བཟུང་ཞེས་གྲག་གོ །ཆུང་ངུ་ནས་བློ་གྲོས་ཤིན་ཏུ་བསྒྲིམས་པས། རིགས་ཀྱི་ཆོས་དང་། ཡབ་མུ་སྟེགས་ཀུན་ཏུ་རྒྱུ་རོ་ཟནྟ་ཞེས་བྱ་བའི་དབང་ལས་མུ་སྟེགས་ཅན་གྱི་གྲུབ་པའི་མཐའ་མ་ལུས་པ་ལ་


JLAZ013_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པར་སྦྱངས་པས་རྩེར་སོན་ཏོ། །དེར་བྲམ་ཟེ་རྣམས་ཀྱིས་ལྷག་པར་ཡང་བསྔགས་པའི་སྐབས་ཤིག །སྟོན་པ་བདེན་པར་གསུངས་པའི་གྲུབ་པའི་མཐའ་འགའ་ཞིག་འདྲེན་བྱེད་ཀྱི་ལམ་དུ་དོང་བ་ན། རང་གི་སྟོན་པ་ནི་སྐྱོན་དང་བཅས་ཤིང་། བསྟན་བཅོས་དག་ཀྱང་རྣམ་པར་གྲོལ་བའི་ལམ་ལས་ཕྱིར་ཕྱོགས་པའི་མཚང་རིག་པར་གྱུར་ནས། མོས་པའི་ཤིང་རྟ་ལ་དགེ་བསྙེན་གྱི་ཆ་ལུགས་སུ་འཛེགས་སོ། །བྲམ་ཟེ་རྣམས་ཀྱིས་དེའི་རྒྱུ་དྲིས་པ་ན་བསྔཊ་པར་འོས་པའི་གནས་བརྗོད་པས། དེ་དག་གི་གནས་ནས་བསྐྲད་དོ། །དེར་ཡུལ་དབུས་སུ་སློབ་དཔོན་ཆོས་འབངས་ལས་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་མཁས་པར་བྱས། མདོ་སྡེ་དང་གཟུངས་སྔགས་སྡོམ་པའང་ལྔ་བརྒྱ་ཐུགས་ལས་འདོན། རྟོག་གེའི་བསྟན་བཅོས་གཞན་མང་པོ་ཉན་ཡང་ཚིམ་པ་ཐོབ་པར་མ་གྱུར་ནས། དཔལ་ཕྱོགས་ཀྱི་གླང་པོའི་སློབ་མ་དབང་ཕྱུག་སྡེ་ལས་ཚད་མ་ཀུན་ལས་བཏུས་ཚར་གཅིག་ཉན་པས་སློབ་དཔོན་དང་མཉམ། ལན་གཉིས་ཉན་པས་ཕྱོགས་ཀྱི་གླང་པོ་དང་མཉམ་པ་བྱུང་། གསུམ་པའི་ཚེ་དབང་ཕྱུག་སྡེས་ཀྱང་ཕྱོགས་གླང་གི་དགོངས་པ་མ་ལོངས་པའི་འཁྲུལ་པའི་གནས་ཇི་བཞིན་པར་བཟླས་པས། སློབ་དཔོན་ཤིན་ཏུ་མཉེས་ཏེ་ཁྱོད་ནི་ཕྱོགས་ཀྱི་གླང་པོ་དང་མཉམ་མོ། །གྲུབ་མཐའ་ནོར་བ་ཐམས་ཅད་སུན་ཕྱུང་ལ་ཚད་མ་ཀུན་ལས་བཏུས་ཀྱི་འགྲེལ་


JLAZ013_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པའང་གྱིས་ཤིག་པར་གནང་བ་ཐོབ་བོ། །སྔགས་ཀྱི་སློབ་དཔོན་ནི་འདོད་པ་ཐ་དད་ཀྱང་ཌེཾ་གི་པ་འཐད་པར་བྱེད་པས་དེ་ལས་དབང་བསྐུར་བ་ཡང་དག་པར་ནོད་དེ། ལྷག་པའི་ལྷ་བསྒྲུབས་པས་ཧེ་རུ་ཀས་མངོན་སུམ་པར་ཞལ་བསྟན། ཅི་འདོད་གསུང་བ་ན། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་འཚལ་ལོ། །ཞུས་པས་བཞད་སྒྲ་དང་བཅས་མི་སྣང་བར་གྱུར་ཏོ། །དེར་བསྟོད་པ་རྒྱུན་ཆགས་ཀྱང་མཛད། རེ་ཞིག་ན་མུ་སྟེགས་ཅན་ཐམས་ཅད་ཚར་བཅད་པའི་ཕྱིར་གཞན་གཞུང་གི་གྲུབ་མཐའི་གསང་ཚིག་སློབ་པར་བཞེད་ནས། ཁོལ་པའི་ཆ་ལུགས་སུ་བརྫུས་ནས་ལྷོ་ཕྱོགས་ཀྱི་རྒྱུད་ཐམས་ཅད་དུ་བྱོན། མུ་སྟེགས་ཀྱི་གྲུབ་མཐའ་ལ་སུ་མཁས། དྲིས་པས། འགྲན་གྱི་དོ་མེད་གཞོན་ནུ་རོལ་པ་ཡིན་ཟེར། ཆོས་འབྱུང་སྔ་མ་ཚོར་འདི་ཞང་པོ་ཡིན་པར་འདོད་ཅིང་གཞོན་ནུ་མ་ལེན་ཟེར་བ་སོགས་བཀའ་མི་བཙན་པར་གྲགས། མུ་སྟེགས་འདི་དང་ལྷ་ཆེན་པོའི་རྗེས་འབྲང་གཉིས་ལ་སོགས་པས་སངས་རྒྱས་བསྐྱངས་དང་། ལེགས་ལྡན་དང་། ཕྱོགས་ཀྱི་གླང་པོའི་སློབ་མ་མང་པོའི་རྩོད་པས་དམའ་ཕབ་ནས་མངའ་ཐང་དང་ལོངས་སྤྱོད་ཕྲོགས་པའི་གཏམ་རྒྱུད་ཡོད་དོ། །དེའི་ཚེ་གཞོན་ནུ་རོལ་པ་དེ་རྒྱལ་པོ་ལས་མངའ་ཐང་ཐོབ་པའི་འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་དང་། བ་ལང་དང་། མ་ཧེའི་ཚོགས་དང་ལྡན་


JLAZ013_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། བྲན་ཕོ་མོ་ལྔ་བརྒྱ་རེ་རེ་དང་། ཞོ་ཤས་འཚོ་བའི་འཁོར་དང་བཅས་པ་ཡོད་པས། དེའི་གཡོག་ཏུ་བཞུགས་ནས་དེ་ཐམས་ཅད་ཀྱི་ལས་སློབ་དཔོན་གཅིག་པུས་ཟིན་པར་མཛད་པས་མུ་སྟེགས་ཁྱོ་ཤུག་གཉིས་ཤིན་ཏུ་མགུའོ། ཁྱོད་ཅི་འདོད་ཟེར་ལ། གྲུབ་མཐའ་ཉན་པར་འཚལ་ལོ་བྱས་པས་སློབ་མའི་གྲྭར་བཙུད། གསང་ཚིག་བུ་དང་ཆུང་མ་ལ་མ་གཏོགས་གཞན་ལ་མི་སྟོན་པ་འགའ་ཞིག་ཡོད་པ་དེ་དང་དེ་མགུ་བར་བྱས་ཏེ་ཁོང་དུ་ཆུད་པར་བྱས་པས། གྲུབ་མཐའི་གནས་ཐམས་ཅད་ཤེས། གཞན་ཚུལ་འགོག་པའི་གནས་མ་ལུས་པ་ཉམས་འོག་ཏུ་ཆུད་པའི་མཐར། བྲམ་ཟེ་ནོར་ལ་སྲེད་པས་ཡོན་མ་བྱིན་ན་ཉེས་པར་དཔྱད་ནས། རང་གི་གླ་དངུལ་པ་ཎ་ལྔ་བརྒྱ་བྲམ་ཟེ་རྣམས་ལ་བྱིན། ཕྱོགས་དེའི་གནོད་སྦྱིན་ལས་ཀྱང་གསེར་གྱི་དོང་རྩེ་བདུན་སྟོང་བླངས་པ་གཞོན་ནུ་རོལ་པ་ལ་བྱིན་ནས་དེའི་ནུབ་མོ་བྲོས་ནས་བྱོན་ཏོ། །དེར་རྒྱལ་པོ་དུ་མ་རི་སུ་ཞེས་བྱ་བ་ཡོད་པའི་སར་སྒོ་ཡིག་བཏབ་སྟེ། རྩོད་པར་འདོད་པ་སུ་ཞིག་ཅེས་བསྒྲགས་པས། ལྟ་བ་དྲུག་གི་གྲུབ་མཐའ་འཛིན་པ་ལྔ་བརྒྱ་ཙམ་འདུས། ཟླ་བ་གསུམ་གྱི་བར་དུ་རྩོད་པས། ཐམས་ཅད་ལས་རྣམ་པར་རྒྱལ་བའི་བ་དན་འཕྱར་ཏོ། །དེར་རྒྱལ་པོའི་དབང་གིས་མངའ་བསྒྱུར་ཏེ། ཀུན་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། ལོངས་སྤྱོད་དང་ལྡན་པ་ལྔ་བཅུ་ཙམ་ནང་པའི་ཆོས་གཞི་རེ་ཡང་འཛུགས་


JLAZ013_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅུག་གོ །གཏམ་དེ་བྲམ་ཟེ་གཞོན་ནུ་རོལ་པའི་སྙིང་གི་ཚེར་མར་གྱུར་ནས་རང་ཉིད་འཁོར་ལྔ་བརྒྱ་དང་བཅས་པ་རྩོད་པའི་ཕྱིར་འོངས་ནས་འདི་སྐད་དུ། གལ་ཏེ་ཁོ་བོ་རྒྱལ་ན་ཆོས་ཀྱི་གྲགས་པའི་སྲོག་མིང་གི་ལྷག་མར་གྱིས་ཤིག །ཆོས་ཀྱི་གྲགས་པ་རྒྱལ་ན་ནི་བདག་ཉིད་ལ་དེ་ཁོ་ནའོ་ཞེས་རྒྱལ་པོ་ལ་བསྒོ་བ་ན། སློབ་དཔོན་གྱིས། བདག་གི་རྩོད་པ་ཉམས་ཉེས་པར་གྱུར་ནས་གསོད་དམ། བརྡེག་གམ། འཆིང་བ་ནི་རྒྱལ་པོ་ཉིད་ཤེས་ཀྱི་བདག་རྒྱལ་ན་ནི་གཞོན་ནུ་རོལ་པ་གསད་དུ་མི་འཚལ་ཏེ། ནང་པའི་བསྟན་པ་ལ་འཇུག་པར་བྱའོ་ཞེས་རྩོད་པ་ལས། གཞོན་ནུ་རོལ་པའི་ཐུན་མོང་མ་ཡིན་པའི་དམ་བཅའ་ལྔ་བརྒྱ་ཡོད་པའི་སྟེང་དུ། སློབ་དཔོན་གྱིས་སུན་འབྱིན་པའི་རིགས་པའི་རྣམ་གྲངས་བརྒྱ་བརྒྱའི་ཆོས་མང་པོས་རྣམ་པར་བརྟགས་པས། གཞོན་ནུ་རོལ་པ་འཁོར་ལྔ་བརྒྱ་དང་བཅས་པ་ཐལ་བའི་སྐྱོ་མ་ལ་མངོན་པར་ཞེན་པའི་བརྟུལ་ཞུགས་སྨད་དེ། སངས་རྒྱས་ཀྱི་བསྟན་པ་ལ་གཙོ་བོས་མཆོད་ཅིང་། འཁོར་རྣམས་ཀྱང་རབ་ཏུ་བྱུང་ངོ་། །དེ་བཞིན་དུ་རྩོད་པའི་ཁྱུ་མཆོག་ཀ་ཎ་དཱ་དོ་རུ་སོགས་དང་། འབིགས་བྱེད་ཀྱི་རི་བོའི་ཁོང་ནས་རྒོལ་བའི་བ་སྤུ་གཟེང་བ་ཐམས་ཅད་ཀྱང་མུར་འདུག་པའི་གནས་ལ་སྦྱར་རོ། །སླར་བ་དྲ་ལི་ཞེས་བྱ་བའི་གནས་སུ་གཤེགས་ནས། དེ་ན་གནས་པའི་མུ་སྟེགས་ཀྱི་ཚོགས་ལའང་རྩོད་པའི་དྲིལ་སྒྲགས་པས། ཕྱོགས་ལས་


JLAZ013_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྒྱལ་བའི་མེ་འོད་ཀྱི་མདུན་སར་མུ་སྟེགས་མེ་ཏོག་ཟས་ཅན་ཉེ་བར་ནུས་པ་མ་ཡིན་པས། རི་དྭགས་ཀྱི་དབུས་ན་གཅན་གཟན་ལྷགས་པ་བཞིན་དུ་བྲོས་ཤིང་། འགའ་ཞིག་ནི་བག་ཚ་བའི་མེ་ཏོག་འབུལ་བ་ལ་མངོན་དུ་ཕྱོགས་སོ། །ཡུལ་དེར་སྔོན་གྱི་ཆོས་གཞི་ཉམས་པ་ཐམས་ཅད་ཀྱང་སོར་ཆུད་པར་མཛད། ནགས་ཚལ་གྱི་དབུས་ན་བསམ་གཏན་ཉིད་ལ་གནས་པ་ན། དཔལ་ནཱ་ལེནྡྲར་སམ་ག་ཨ་ཙརྱ་ཞེས་བྱ་བའི་མུ་སྟེགས་ཞིག་གིས་རྩོད་པའི་གཏམ་གྱི་ཚེར་མ་རྣོན་པོ་མངགས་ནས་པཎྜི་ཏ་རྣམས་ཀྱི་རྣ་བ་གཟོན་པར་བྱས་པས། ལྷོ་ཕྱོགས་ནས་སློབ་དཔོན་ཆོས་ཀྱི་གྲགས་པ་སྤྱན་འདྲེན་པའི་སྟ་གོན་ལ་བརྩོན་ཞིང་། སང་ཕོད་ཙ་ན་རྩོད་པར་བྱའོ་ཞེས་དུས་ཀྱི་གཏན་ཚིགས་བཀོད་དོ། །ཇི་ཙམ་ན་རྒྱལ་པོ་རབ་གསལ་གྱིས་བྲམ་ཟེ་དང་མུ་སྟེགས་ཅན་མཐའ་དག་ཝ་ར་ཎ་སཱི་སེར་བསྡུས་ཏེ། སའི་བདག་པོ་དང་བཅས་པའི་དབང་པོའི་མདུན་སར། རྩོད་པའི་བྱ་བ་བྱེད་པར་མངོན་དུ་ཕྱོགས་པ་ན། མུ་སྟེགས་ན་རེ། ངེད་རྒྱལ་ན་ཁྱོད་རྣམས་གངྒལ་མཆོང་ངམ། མུ་སྟེགས་ལ་འཇུག་གདམ་ང་གྱིས། ཅི་སྟེ་ཁྱོད་རྣམས་རྒྱལ་ན་ནི་ཁོ་བོ་ཅག་གི་སྲོག་གངྒ་ལ་འདོར་བར་བྱེད་པའོ། །ཞེས་བསྒོས་ནས། རྩོད་པའི་གཡུལ་ངོ་ཆེན་པོ་བཤམས་པ་དེའི་ཚེ་སམ་ག་རའི་དམ་བཅའ་བ་དང་། ཁས་བླངས་པ་དང་། བསྒྲུབ་པར་བྱ་བའི་གྲུབ་


JLAZ013_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐའ་གང་ཡིན་པ་དེ་ནི། དཔལ་ཆོས་ཀྱི་གྲགས་པའི་རིགས་པ་རྣོན་པོས་བརྒལ་བ་དང་། བརྟག་པ་དང་། སུན་འབྱིན་པ་དང་། དགག་པར་བྱ་བའི་དཔུང་གི་ཚོགས་ཡན་ལག་བཞི་པའི་འཁྲུལ་འཁོར་ཆེན་པོས་ཡང་ནས་ཡང་དུ་ཉམས་དམས་པར་བྱས་ཚར་གཅད་པར་བྱས། དམའ་དབབ་པར་བྱས་ནས་ཅང་མི་སྨྲ་བར་ཡུལ་ཡུལ་པོའི་གནས་ལ་བཀོད་དོ། །དེའི་ཚེ་སམ་གར་ནི་ང་རྒྱལ་དྲག་པོས་ཁོང་རྣམ་པར་འཁྲུགས་པར་གྱུར་ནས་རང་གི་སློབ་མ་བྷ་ཊ་ཨ་ཙརྱ་ལ་དགེ་སྦྱོང་མགོ་བྲེགས་འདི་ལས་རྒྱལ་བའི་སྙིང་སྟོབས་སྐྱེད་ཅིག །ཅི་སྟེ་མ་རྒྱལ་ཡང་རུང་སྟེ། ཁོ་བོ་ཅག་ནི་ཁྱོད་ཀྱི་བུར་སྐྱེ་བ་བཟུང་ནས་སླར་ཡང་རྩོད་པའི་བརྟུལ་ཞུགས་ཀྱིས་འཐབ་པར་བྱའོ་ཟེར་ཞིང་། སློབ་དཔོན་གྱིས་བཟློག་ཀྱང་མ་ཉན་པར་ཆུ་བོ་གངྒ་ལ་ལྕེབས་ཏེ་སྲོག་གི་རྒྱུ་བ་བཏང་ངོ་། །དེའི་སློབ་མ་སྔོན་གྱི་རྣམ་པར་དཀར་བའི་ས་བོན་གྱིས་བཟུང་བ་མང་པོ་ཞིག་ནི་སངས་རྒྱས་པའི་གྲུབ་མཐའ་ལ་ཚུད་པར་ནུས་ལ། དེ་ལས་ཅིག་ཤོས་སུ་གྱུར་པ་རྣམས་ནི་རྟག་ཆད་དུ་སྨྲ་བའི་གོམ་པ་བདེ་བླག་ཏུ་འདོར་བས་ཐག་རིང་པོའི་གནས་སུ་བྲོས་པར་གྱུར་ཏོ། །ལོ་དུས་དེ་རྫོགས་པའི་གནས་སྐབས་ན་ཇི་ལྟར་ཟེར་བ་བཞིན་སམ་གར་ཡང་བྷ་ཊའི་བུར་སྐྱེ་བ་བླངས། བྷ་ཊ་ཨ་ཙརྱས་ཀྱང་སླར་ཡང་ལོ་གསུམ་དུ་རང་གི་འདོད་པའི་ལྷ་མཉེས་པར་བྱས།


JLAZ013_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གསུམ་དུ་ནང་པའི་གྲུབ་མཐའ་འགོག་པའི་རིག་པ་ལ་བསམས། ལོ་བདུན་པ་ལ་ཡང་སྔར་བཞིན་བསྟན་པ་དཔང་དུ་བཙུགས་ནས་རྩོད་པས། དཔལ་ལྡན་ཆོས་ཀྱི་གྲགས་པ་ནི་འཕྲོག་བྱེད་དབང་པོ་གངས་ལྡན་གྱི་རི་ལ་ཆས་པ་བཞིན་ཏེ། མུ་སྟེགས་ངན་པའི་གྲུབ་མཐའ་རྣམ་པ་ཀུན་ནས་ཉམས་ཉེས་པར་བྱུང་སྟེ། ངོ་ཚའི་དམ་ཚིག་ནི་འདའ་བར་དཀའ་བ་ཞིག་སྟེ་སློབ་དཔོན་གྱིས་ནན་གྱིས་བཟློག་ཀྱང་མ་ཉན་པར་ཆུ་བོ་གངྒར་མཆོངས་ཏེ་ཤིའོ། །དེར་སྨོན་ལམ་སྟོབས་སུ་གྱུར་པའི་བུ་སམ་གར་ཨ་ཙརྱའི་སྐྱེ་བ་དང་། དེའི་ཕུ་བོ་བྷ་ཊ་ཨ་ཙརྱ་ཕྱི་མ། བྲམ་ཟེ་རང་གི་གྲུབ་མཐའ་ལ་མངོན་པར་ཞེན་པ་རྣམས་ནི་ཤར་ཕྱོགས་ཀྱི་ཡུལ་ཐག་རིང་པོར་བྲོས། བྲམ་ཟེ་གཟུ་པོར་གནས་པ་ལྔ་བརྒྱ་ཙམ་ནི་བསྟན་པ་ལ་རབ་ཏུ་བྱུང་། ལྔ་བརྒྱ་ཙམ་དཀོན་མཆོག་གསུམ་ལ་བླ་མར་བྱེད་པའི་གནས་སུ་བཀོད། དེའི་ཚེ་མ་ག་དྷའི་བྲམ་ཟེ་གང་བ་ཞེས་བྱ་བ་དང་བཅོམ་བརླག་གི་གང་བ་བཟང་པོ་ཞེས་མངའ་ཐང་དང་ལོངས་སྤྱོད་ཆེ་བ་རང་གི་འདོད་པའི་ལྷས་བྱིན་གྱིས་བརླབས་པས་རྟོག་གེའི་རིག་པ་ལ་བློ་བྱང་བ་དག་གིས་ཀྱང་ཡང་ནས་ཡང་དུ་རྩོད་པའི་བྱ་བ་ལ་འོངས་པའང་། སློབ་དཔོན་གྱིས་རིགས་པར་སྨྲ་བའི་རྟུལ་ཞུགས་ཀྱིས་ཚར་བཅད་དེ་ནང་པའི་གྲུབ་མཐའ་ལ་སྦྱར་ནས་རང་རང་གི་ཡུལ་སོ་སོར་ཆོས་གཞི་ལྔ་བཅུ་ཡང་བཙུགས། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གྲགས་པའི་མུ་ཁྱུད་


JLAZ013_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སའི་སྟེང་མ་ལུས་པ་བསྐོར། མ་ག་དྷ་དང་ཉེ་བ་དྲང་སྲོང་མ་ཏཾ་གའི་ནགས་སུ་ཡུན་རིང་དུ་བསྟི་བར་མཛད་ནས་རིག་སྔགས་མང་པོ་གྲུབ་པར་མཛད། རེ་ཞིག་ན་རི་བོ་འབིགས་བྱེད་ཀྱི་ཁོངས་ན་རྒྱལ་པོ་མེ་ཏོག་གི་བུ་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ། གྲོང་ཁྱེར་འབུམ་ཕྲག་བཅུ་ལ་དབང་བསྒྱུར་ཞིང་ལོངས་སྤྱོད་ཀྱི་ཁྱད་པར་ལྷ་དང་མཚུངས་པ་ཞིག་ཡོད་པའི་སའི་ཆར་ལྗོངས་རྒྱུ་ཞིང་གཤེགས། ཅི་ཞིག་ན་རྒྱལ་པོའི་ཕོ་བྲང་དུ་བརྟོལ་བ་ལས་རྒྱལ་པོས་ཁྱོད་ནི་སུ་ཞིག་གོ་ཞེས་དྲིས་སོ། །ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག །སྙན་དངགས་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །ཞེས་གསུངས་པ་ན། ཆོས་ཀྱི་གྲགས་པ་ཡིན་ནམ་དྲིས་པས། དེ་ལྟར་གྲགས་གསུངས། དེར་རྒྱལ་པོས་ཀྱང་གཙུག་ལག་ཁང་མང་དུ་བཞེངས་ནས་ཆོས་ཀྱི་གྲགས་པ་བཞུགས་པར་གསོལ། རྟོག་གེ་རབ་ཏུ་བྱེད་པ་སྡེ་བདུན་གྱི་བསྟན་བཅོས་བརྩམས་ནས། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི །ཆོས་མ་ཡིན་ནམ་ད་གདོད་ལོངས། །ཞེས་པའང་རྒྱལ་པོའི་སྒོ་ཁང་དུ་ཡི་གེར་བྲིས། ཡུལ་དེར་དགེ་སློང་ཁྲི་ཕྲག་ཙམ་བྱུང་ཞིང་བསྟན་པ་དར་བར་མཛད། ཆོས་གཞི་ཡང་བཅུ་ཕྲག་ལྔ་བཙུགས། དེ་ནས་མཐའ་འཁོབ་ཀྱི་ཡུལ་གྲུ་


JLAZ013_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཛིར་ཐར་བྱོན་ནས། མུ་སྟེགས་བྱེད་དང་བྲམ་ཟེ་མང་པོ་རྒྱལ་བསྟན་གྱི་ཤིང་རྟ་ལ་འཛེག་ཏུ་བཅུག །གོ་ཏ་པུ་རི་ཞེས་བྱ་བའི་ལྷ་ཁང་བཞེངས། ཡུལ་དེ་ན་མུ་སྟེགས་ཤིན་ཏུ་མང་བས་སློབ་དཔོན་གྱི་བྲང་ཁང་ལ་མེ་སྦར་བས་ཕྱོགས་ཐམས་ཅད་མེས་འཚིག་པ་ན། ལྷ་དང་གསང་སྔགས་རྗེས་སུ་དྲན་པས། ནམ་མཁའི་ལམ་ལ་རྫུ་འཕྲུལ་གྱིས་གཤེགས་ནས་དཔག་ཚད་གཅིག་ཙམ་གྱི་སའི་ཆ་ན་ཡོད་པའི་རྒྱལ་པོའི་ཕོ་བྲང་དང་ཉེ་བར་བྱོན། རེ་ཞིག་ན། ནང་པའི་བསྟན་པ་ལ་དགྲ་ཟླར་ཆས་པའི་སྙིང་སྟོབས་མ་སྨད་པ་མུ་སྟེགས་སམ་གར་ཨ་ཙརྱ་སླར་ཡང་སྐྱེ་བ་བླངས་པ་དེ་ཉིད་ནར་སོན་ནས། སྐྱེ་བ་སྔ་མ་ལས་ཀྱང་བློ་རྣོ་ཞིང་། རྩོད་པའི་གནས་ལ་བྱང་ཆུབ་པ། བུམ་པའི་སྟེང་ན་ལྷ་དབང་ཕྱུག་ཆེན་པོས་གཟུགས་སྟོན་པ་ཞིག་བྱུང་། དེ་ལོ་བཅོ་ལྔའམ་བཅུ་དྲུག་པར་གྱུར་པའི་ཚེ་དཔལ་ཆོས་ཀྱི་གྲགས་པ་ལ་རྩོད་པའི་རྒྱལ་རྔ་བརྡུང་བར་འདོད་དེ། ཝ་ར་ཎ་སཱི་ར་སོང་ནས། རྒྱལ་པོ་མ་ཧཱ་པ་ནི་ལ་བསྒོས་ཤིང་ཕྱོགས་ཐམས་ཅད་དུ་དྲིལ་སྒྲགས་སོ། །དེར་སློབ་དཔོན་ཡང་ལྷོ་ཕྱོགས་ནས་སྤྱན་དྲངས། བྲམ་ཟེའི་ཚོགས་སྟོང་ཕྲག་ལྔ་ཙམ་དང་བཅས་རྒྱལ་པོ་ལ་སོགས་པའི་སྐྱེ་བོ་དཔག་ཏུ་མེད་པ་དཔང་པོ་ལ་བཀོད་ནས་བསྟན་པ་ནི་གང་རྒྱལ་བའི་རུ་མཚོན་དུ་བཙུགས། རྩོད་པའི་འཁོར་ལོ་ཤིན་ཏུ་ངར་དྲག་པའི་རྣོ་དབལ་འགྲན་པ་ལ་ཞུགས་སོ། །ཞུགས་ནས་


JLAZ013_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆོས་ཀྱི་གྲགས་པའི་རིགས་ལུང་རྒྱ་མཚོ་ནི་ཉིན་མོར་བྱེད་པའི་དཔལ་དང་འགྲོགས་པས། འགལ་ཟླར་བྱེད་པའི་བྱ་རོག་དགྲ་བོ་རིགས་པར་སྨྲ་བའི་གནས་ལ་ནི་ཤིན་ཏུ་ལྡོངས་པར་གྱུར། དེས་སྲོག་གི་ལྷག་མའང་བདེ་བར་འཚོ་བའི་བརྟན་པ་ཕྲོགས་ཏེ་ཆུ་བོ་གངྒཱའི་དབུས་ག་ལ་བ་དེར་ལྕེབས་སོ། །སླར་བྲམ་ཟེ་གཟུ་ལུམ་ཅན་དེ་དག་ཀྱང་རྣམ་པར་དཔྱོད་པའི་བློ་མཐུ་བརྟས་པར་གྱུར་ནས་རང་གི་གྲུབ་པའི་མཐའ་མུར་འདུག་པའི་མཐའ་གང་ཡིན་པ་འཚལ་ནས། མང་པོ་དག་རབ་ཏུ་བྱུང་། མང་པོ་དག་དགེ་བསྙེན་གྱི་བརྟུལ་ཞུགས་འཛིན་ཏོ། །གཞན་ཡང་ཁ་ཆེའི་ཡུལ་ནས་བྲམ་ཟེ་བི་རྒྱ་སིངྷ་དང་། དེ་ཝ་བི་རྒྱ་ཀ་ར་དང་། དེ་ཝ་སིངྷ་ཞེས་བྱ་བ་སྟེ་བྲམ་ཟེའི་སློབ་དཔོན་ཆེན་པོ་གསུམ་ཡང་། དཔལ་ཆོས་ཀྱི་གྲགས་པའི་མདུན་སར་ལྷགས་ནས་དྲང་པོའི་བློས་གྲུབ་མཐའ་ལ་བརྒལ་བརྟག་བྱས་པས། ཆོས་ཀྱི་གྲགས་པའི་རིགས་པར་སྨྲ་བའི་དེ་ཉིད་མཐོང་བས་ནང་པ་ལ་དད་པར་གྱུར་ཏེ། སྐྱབས་སུ་འགྲོ་བ་དང་། བསླབ་པའི་གནས་ལྔ་བླངས། གྲུབ་མཐའ་ཉན་པས་ཚད་མ་སྡེ་བདུན་ལ་བློ་གྲོས་རྣམ་པར་བྱང་སྟེ་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་སོང་ནས་ལུགས་སྲོལ་དེ་དར་བར་བྱས་སོ། །སླར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ནས། གང་ན་སངས་རྒྱས་ཀྱི་བསྟན་པ་མ་དར་བ་དང་། ཉམས་པའི་ཕྱོགས་ཐམས་ཅད་དུ་འགལ་རྐྱེན་དུ་གྱུར་པ་རྩོད་པས་ཚར་བཅད། རྒྱལ་


JLAZ013_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བློན་ལ་སོགས་པ་ཁེངས་དྲེགས་ཅན་དག་ཐུགས་རྗེས་དབང་དུ་བྱས་ནས། དགེ་འདུན་གྱི་སྡེ་དང་ཆོས་གཞི་དཔག་ཏུ་མེད་པ་དར་བར་མཛད། ཉིད་ཀྱིས་བཞེངས་པའི་ལྷ་ཁང་བརྒྱ་རྩ་ཙམ་དང་། གཞན་ལ་བསྐུལ་ཏེ་བཞེངས་པ་གྲངས་ལས་འདས། སློབ་དཔོན་འདིའི་ཐུགས་རྗེ་དང་བརྟུལ་ཞུགས་ཀྱི་མཐུ་ཁོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་པའི་དགེ་སློང་དང་དགེ་བསྙེན་ཡན་ཆད་བསྡོམས་ན་འབུམ་དུ་ཉེ་བ་ཙམ་ཡོད་ནའང་། ཕལ་ཆེར་མཁན་སློབ་གཞན་ལ་གཏད་ནས་ཕྱི་བཞིན་འབྲང་བ་ནི་ལྔ་ལས་མང་བ་མ་བཟུང་ཞེས་གྲགས། སློབ་དཔོན་ཉིད་ཀྱི་སྐུ་ཚེའི་ཐ་མའི་དུས་ཤིག་ན། ཡང་སྔར་གྱི་སམ་གར་ཨ་ཙརྱ་དེ་ཉིད་བྷ་ཊ་ཨ་ཙརྱ་ཕྱི་མའི་བུ་སྟེ་རང་ཉིད་ཀྱི་སྐྱེ་བ་བར་པའི་ཕུ་བོའི་བུར་སྐྱེ་བ་བླངས། སྔོན་སྦྱངས་ཀྱི་བློ་གྲོས་ལྷག་པར་སྟོབས་སུ་གྱུར་པས། རང་གི་འདོད་པའི་ལྷས་རྗེས་སུ་བཟུང་བས་མངོན་སུམ་དུ་རིག་པ་སློབ་ཅིང་། རེས་འགའ་ལུས་ལ་ཡོངས་སུ་ཞུགས་ནས། སྔོན་མེད་པའི་གསང་ཚིག་སྟོན་པ་ཞིག་བྱུང་། དེ་ལོ་བཅུ་གཉིས་ལོན་པ་ཙམ་ནས་དཔལ་ཆོས་ཀྱི་གྲགས་པ་ལ་རྩོད་པར་རིངས་པའི་རྣམ་པར་སྟོན་ཏོ། །དེར་བྲམ་ཟེ་རྣམས་ཀྱིས་རང་ཉིད་ཕམ་གྱི་དོགས་ནས་རེ་ཞིག་ཆོས་ཀྱི་གྲགས་པ་ཕམ་པར་ནུས་པའང་དཀའོ། །དེ་བས་གཞན་ལ་རྩོད་པར་གྱིས་ཤིག་དང་། དེས་ནི་ངེས་པར་རྒྱལ་བའི་གྲགས་པ་ཐོབ་པར་འགྱུར་རོ། །སྨྲས་ཀྱང་།


JLAZ013_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་གྲགས་པ་ཚར་མ་བཅད་པ་དེ་སྲིད་དུ་རྩོད་པའི་གྲགས་པ་ཉམ་ཆུང་ངོ་ཞེས་མ་ཉན་པར་དེ་ལྷོ་ཕྱོགས་ཀྱི་རྒྱུད་དུ་སོང་ངོ་། །སོང་ནས་ཀྱང་གང་རྒྱལ་བ་དེའི་བསྟན་པ་ལ་ཅིག་ཤོས་ཀྱང་འཇུག་པར་བྱས་ནས་རྩོད་པ་ན། འདི་ན་གང་ཞིག་དེ་བཞིན་གཤེགས་པས་དྲི་ཟ་རབ་དགའ་ལ་བྱ་བ་བཞིན་དུ་ཚར་བཅད་པ་དང་རྗེས་སུ་འཛིན་པའི་དུས་ལ་ཤིན་ཏུའང་བབ་ནས། མུ་སྟེགས་སྐྱེ་བ་གསུམ་པའི་དམ་བཅའི་རི་མོ་ནི་བསུབས། གྲུབ་མཐའི་ལྗོན་ཤིང་ནི་འགྱེལ། ཁས་བླངས་ཀྱི་ཐ་ཚིག་ནི་ཤོར། བརྒལ་བའི་བ་དན་ནི་ལྷུང་བར་གྱུར་ནས་སློབ་དཔོན་ཆོས་ཀྱི་གྲགས་པའི་ལུང་རིགས་ཀྱི་སྡེར་མོས་རྫིས་ཤིང་རྣམ་པར་འཐག་པར་བྱས་སོ། །བྱས་ནས་ཀྱང་དེ་ཉིད་དུ་སངས་རྒྱས་ཀྱི་བསྟན་པ་ཐོག་མཐའ་བར་གསུམ་དུ་དགེ་བའི་ཁང་མཛེས་དམ་པར་ཡོངས་སུ་བཅུག་ནས་བྲམ་ཟེ་དགེ་བསྙེན་གྱི་སྤྱོད་པ་ལ་གནས་ཤིང་། རྒྱལ་བའི་བསྟན་པ་ལ་བླ་མར་བྱ་བ་གཅིག་བྱུང་ནས་དེ་ཉིད་ཀྱིས་བཞེངས་པའི་ལྷ་ཁང་ད་ལྟའང་ཡོད་དོ་ཞེས་གྲགས་སོ། །དེ་ལྟ་བུས་སངས་རྒྱས་ཀྱི་བསྟན་པ་ལྷག་པར་རྒྱས་པར་མཛད་ནས། དུས་ཀྱི་མཐར་ཡུལ་ཀ་ལིངྐར་གཙུག་ལག་ཁང་བཞེངས་ཤིང་། སྐྱེ་བོ་མང་པོ་ཆོས་ལ་རབ་ཏུ་བཀོད་ནས་གཟུགས་སྐུའི་བཀོད་པ་རེ་ཞིག་ཞི་བའི་གྲོང་ཁྱེར་ཉིད་དུ་བསྡུས་སོ། །གདུང་དུར་ཁྲོད་དུ་ཞུགས་ལ་ཞེན་པས་མེ་ཏོག་གི་ཆར་ཆེན་པོ་བབས།


JLAZ013_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཐམས་ཅད་དྲི་བཟང་པོ་དང་རོལ་མོས་ཁྱབ་པ་ཞག་བདུན་དུ་བྱུང་། གདུང་ཐམས་ཅད་འཆིང་བུ་འདྲ་བའི་གོང་བུ་གཅིག་ཏུ་འདྲེས་པ་ལ་ད་ལྟའང་དུས་སྟོན་བྱེད་དོ། །སློབ་དཔོན་འདི་དང་བོད་རྒྱལ་སྲོང་བཙན་སྒམ་པོ་དུས་མཉམ་པར་གྲགས་ཤིང་། དེ་བཞིན་དུ་གྲུབ་པའི་རྣལ་འབྱོར་ཆེན་པོ་ལ་ཝ་བ་དང་། ཨིནྡྲ་བྷུ་ཏི་བར་པ་དང་། ཀུ་ཀུ་རཱ་ཛ་དང་། སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང་། ལ་ལི་ཏ་བཛྲ་རྣམས་འོལ་སྤྱི་ཙམ་དུ་ཐོག་མཉམ་པར་བྱེད་ལ། གཞན་དུ་སྔ་ཕྱི་ཅི་རིགས་པའི་དུས་ཚོད་ལ། སྣང་ཞིང་སྲིད་པའི་ཆོས་སོ་ཅོག་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་གི་རོལ་མོར་རྒྱས་ཐེབས་པས། དང་པོའི་སངས་རྒྱས་དང་། རྡོ་རྗེ་འཆང་ཆེན་དང་། རིགས་ལྔའི་སངས་རྒྱས་དང་། རིགས་གསུམ་སེམས་དཔའ་དང་། རྡོ་རྗེ་རྣལ་འབྱོར་མ་དང་། རྡོ་རྗེ་ཕག་མོ་ལ་སོགས་པའི་ཞལ་མངོན་སུམ་དུ་མཐོང་ཞིང་། ལུང་བླངས་པ་ལས་སྐུ་གསུང་ཐུགས་ཡེ་ཤེས་ལྷའི་རོལ་པ་ཆེན་པོར་སྨིན། རྩ་རླུང་ཐིག་ལེ་རྡོ་རྗེ་གསུམ་དུ་རྣམ་པར་དག །གཙང་བ་དང་རྨེ་བ་དང་བར་མ་ལ་སོགས་པའི་རྣམ་པར་རྟོག་པ་མཉམ་པ་ཆེན་པོར་བརྡལ། རྒྱལ་རིགས་དང་། བྲམ་ཟེ་དང་། རྗེ་རིགས་དང་། དམངས་དང་། གདོལ་པ་དང་། སྨྱིག་མ་མཁན་དང་། གཡུང་མོ་དང་། ཐགས་མཁན་དང་། ཉ་པ་དང་། རྔོན་པ་དང་བྱ་གཤོར་བ་ལ་


JLAZ013_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་རིགས་དང་རིགས་མིན་གྱི་ཆོས་ཀུན་རྫོབ་ཀྱི་བློས་བགྲོད་པའི་མཚན་ཉིད་ལ་རྩིས་སུ་གདབ་པ་ནི་སྤངས། ཕྱིའི་སྣང་བ་དང་། ནང་གི་ཤེས་བྱའི་ཆོས་བདེན་ན་བདེན་པར་རོ་མཉམ། བརྫུན་ན་རྫུན་པར་རོ་མཉམ་པས་སྣང་སེམས་ཁྱབ་བརྡལ་ཆེན་པོར་འདྲེས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། སྒྱུ་མའི་བསླུ་བའམ་མིག་འཕྲུལ་གྱི་བྱེད་པས་ཐབས་འཚལ་བ་མ་ཡིན་པར་རྫུ་འཕྲུལ་གྱི་རྐང་པའི་བརྟུལ་ཞུགས་ལ་དབང་འབྱོར་པས། ཆུ་ལ་ངང་པ་བཞིན་བྱ་བ་དང་། ནམ་མཁའ་ལ་མཁའ་ལྡིང་བཞིན་བྱ་བ་དང་། རི་བྲག་ལ་ཐོགས་རེག་སྤངས་པ་དང་། ཟད་པར་གྱི་སྐྱེ་མཆེད་ལ་དབང་ཐོབ་པས་འབྱུང་བ་ལྔ་ལ་གཞན་དབང་དུ་མ་གྱུར་པ་དང་། ཉི་ཟླ་བཙོན་དུ་འཛིན་པ་དང་། ཆུ་བོ་གྱེན་ལ་ལྡོག་པ་དང་། ཕ་བོང་ནམ་མཁར་འཇོག་པ་དང་། ཚེ་ཉི་ཟླ་དང་མཉམ་པ་དང་། སྐུ་ལ་བགྲེས་རྒུད་སྤངས་པ་དང་། ལུས་མི་སྣང་བ་དང་། ནམ་མཁའ་དང་ས་འོག་ལ་སྤྱོད་པ་དང་། གང་ལ་སྡིགས་མཛུབ་གཏད་པ་ཙམ་གྱིས་རེངས་པ་དང་། ལྐུགས་པ་དང་། མྱོས་པ་དང་། རྨོངས་པ་དང་། བྱེར་བ་དང་། འགས་པ་དང་། འཐོར་བ་དང་། གསད་པ་དང་། གསོ་བ་ལ་སོགས་པའི་རྫུ་འཕྲུལ་ཡ་མ་ཟུང་ལ་དབང་འབྱོར་ཞིང་། མུ་སྟེགས་ཅན་རྩོད་པས་ཚར་གཅོད་པ་དང་། ནུས་


JLAZ013_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤ་བཀོང་བ་དང་། ལོག་པར་ལྟ་བ་དབང་དུ་བྱེད་པ་དང་། ཁེངས་དྲེགས་ཅན་ཟིལ་གྱིས་གནོན་པ་དང་། སྐལ་བ་ཅན་རྗེས་སུ་འཛིན་པ་ལ་སོགས་པའི་ཐུགས་རྗེ་དང་། རྫུ་འཕྲུལ་གྱི་བཀོད་པ་ཟད་མི་ཤེས་པས་རྡོ་རྗེ་ཐེག་པའི་བསྟན་པའི་བ་དན་དཀར་པོ་བླ་ན་བསྒྲེངས་པའི་གྲུབ་པའི་དབང་ཕྱུག་གི་ཚོགས་བརྗོད་ཀྱིས་མི་ལང་བ་བྱོན་མོད་ཀྱི། དེ་ལས་སློབ་དཔོན་རྡོ་རྗེ་གདན་པའི་ཚོགས་ཀྱི་འཁོར་ལོ་གཅིག་ཁོ་ནའི་འདུ་བའི་རྟེན་འབྲེལ་ལས། བརྒྱད་ཅུ་ལྷག་བཅས་ཀྱི་འཁོར་ལོར་ཡོངས་སུ་གྲགས་པ་རྣམས་ཀྱིས་མཚོན། སྟོན་པ་བདེ་བར་གཤེགས་པའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེའི་སྲོག་ཤིང་དམ་པར་གྱུར་པ་མཐའ་ཀླས་པའི་རྣམ་པར་ཐར་པ་ནི་ཡི་གེ་ཉུང་ངུའི་ལམ་དུ་འདྲེན་པར་མ་ནུས་ཀྱང་། དེ་ཙམ་གྱིས་དངོས་པོ་ངེས་པར་བསྟན་པས་གུས་པ་དང་སྤྲོ་བ་བསྐྱེད་པའི་དགོས་པ་དམ་པའི་ལམ་ལ་འཇུག་པར་ནུས་པའོ། །དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་པ་རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་མཐའ་གྲུར་ཁྱབ་པའི་རྒྱན་ཞེས་བྱ་བ་ལས། སྤྱི་འཕགས་པའི་ཡུལ་དུ་སྤྱིར་གྲགས་པའི་བསྟན་སྐྱོང་ཆེན་པོ་དག་ལས་རྒྱན་དྲུག་མཆོག་གཉིས་ལ་སོགས་པའི་རྣམ་ཐར་སྨོས་པའི་རབ་ཏུ་བྱེད་པ་སྟེ་གཉིས་པའོ།། །།

བསྟན་པ་དེ་ཉིད་བོད་དུ་བྱོན་ཚུལ།


JLAZ013_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་གསུམ་པ། གངས་རིའི་ཁྲོད་དུ་རྒྱལ་བསྟན་ཇི་ལྟར་བྱོན་པའི་རྣམ་གཞག་ནི། དག་བྱེད་ཀྱི་གཏེར་ཆེན་པོ་བྲི་ནས་ཡུལ་དུ་རུང་བའི་གནས་ལ་རིགས་པར་མི་བྱེད་པ་ལ། ཁ་བ་ཅན་དུ་མཚོ་བྲི་ནས་། ཞེས་པས་གནོད་དོ། །འདིར་རི་བྲག་དང་། ལྗོངས་བདེ་བ་གཉིས་གང་ལ་ཡུལ་དུ་རུང་བའི་ཐ་སྙད་ཀྱིས་ཕྱེ་བ་མི་འགལ་བར་བྱས་ནས་ཡུལ་དང་མི་ལ་སོགས་པ་གདོད་ནས་ཡོད་པའམ། རྒྱལ་པོ་རུ་པ་ཏི་དཔུང་དང་བཅས་པ་རི་ཁ་བ་ཅན་དུ་བྲོས་པ་ལས་འཕེལ་བ་སོགས་སྐབས་དེ་དང་དེར་བྱུང་བ་ཇི་ལྟར་ཡང་བོད་ཀྱི་རྒྱལ་པོ་རྣམས་ཀྱི་རྒྱུད་ནི། རྒྱ་གར་ཤཱཀྱ་ཆེན་པོ་དང་། ལི་ཙ་བྱི་དང་། རི་བྲག་པ་སྟེ་ཤཱཀྱ་རིགས་གསུམ་ལས། འཇམ་དཔལ་རྩ་རྒྱུད་ཀྱི་བཞེད་པས་ལི་ཙ་བྱིའི་རིགས་ལས་མཆེད་པ་ཞིག་ཆུ་བོ་གངྒཱ་ལས་བརྒྱུད་རི་ཁ་བ་ཅན་གྱི་བྲག་ཏུ་སླེབས། རེ་ཞིག་ན་ལྷ་རི་གྱང་མཐོའི་རྩེ་ནས་གཟིཊ་པས། ཡུལ་ཡར་ཀླུངས་དགེ་བཅུའི་དཔལ་གྱིས་མཛེས་པར་དཔྱད་ནས་ལྷ་རི་རོལ་པོའི་རྩེ་ལས་བཙན་ཐང་སྒོ་བཞིར་ཐོན། དངོས་ལ་ཁྱོད་སུ་ཞིག་དྲིས་པས། བཙན་པོའོ། །གང་ནས་བྱོན་དྲིས་པར་ནམ་མཁའ་ལ་མཛུབ་མོ་བསྒྲེངས་པས། བོན་རྣམས་དམུ་ཐག་དང་དམུ་སྐས་ལས་བབས་པའི་ལྷ་ཡིན་ཞེས་སྨྲས་པའོ། །དེར་ལྷ་ལས་ཆད་པའི་རྗེར་བཟུང་སྟེ་གཉའ་བར་ཁྲི་བྱས་ནས་བཏེགས་པས་གཉའ་ཁྲི་བཙན་པོའོ། །དེ་ལྟར་བཙན་པོ་འོད་ལྡེ་ནས་


JLAZ013_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་གྱི་ཁྲི་བདུན། བར་གྱི་ལྟེང་གཉིས། སའི་ལེགས་དྲུག །འོག་གི་ལྡེ་བརྒྱད། བཙན་གསུམ་པའི་བར་ཆོས་སྲིད་བོན་ལུགས་སུ་བསྐྱངས། བཙན་བཞི་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་ན། དེ་བཞིན་གཤེགས་པའི་ལུང་བསྟན་གྱི་བདེན་པའི་རྒྱུད་མངས་སྟོང་གི་འགྱུར་བ་བསིལ་ལྡན་འགྲོ་བའི་བསོད་ནམས་ཀྱི་ཟ་མ་ཏོག་ཏུ་ལྷུང་བའི་དུས་ལ་བབ་སྟེ། ཕོ་བྲང་ཡུམ་བུ་བླ་སྒང་དུ་ཟ་མ་ཏོག་བཀོད་པ་དང་། སྤང་བསྐོང་ཕྱག་རྒྱ་པ། གསེར་གྱི་མཆོད་རྟེན་རྣམས་ནམ་མཁའ་ལས་བབས། མཚན་གཉན་པོ་གསང་བར་བཏགས། མཆོད་པ་བྱས་པས་རྒྱལ་པོའི་སྲིད་དང་ཚེ་རབ་ཏུ་འཕེལ། དམ་པའི་ཆོས་ཀྱི་དབུ་བརྙེས་པར་གྲགས་ཏེ་གླེགས་བམ་བྱུང་བ་ཙམ་མོ། །འདིའི་ཚེ་རྒྱ་གར་ནས་སྨན་པ་པི་བྱི་དང་བི་ལྷ་མ་བྱོན་ནས་གསོ་དཔྱད་ཀྱི་བསྟན་པ་ཡང་བྱུང་། ལ་ལ་ནམ་མཁའ་ལས་བབས་པ་བོན་པོའི་གཏམ་ཡིན་ཟེར་མོད། ནམ་མཁའ་ལས་བབས་ཚད་བོན་ལུགས་ཡིན་ན་འདྲེན་པ་མཆོག་གླང་ཆེན་ཐལ་དཀར་གྱི་རྣམ་པས་ལྷུམས་སུ་ཞུགས་པ་དང་། གྲོང་ཁྱེར་གསལ་ལྡན་དུ་ལྷ་ལས་བབས་པ་དང་། ཨིནྡྲ་བྷུ་ཏིའི་ཕོ་བྲང་གི་ནམ་མཁའ་ལ་སངས་རྒྱས་འཁོར་དང་བཅས་པ་གཤེགས་བཞུད་སོགས་རྫུ་འཕྲུལ་གྱིས་བཀོད་པའང་། ངེས་པའི་དོན་དུ། སངས་རྒྱས་ཡིན། ཆོས་ཡིན། དགེ་འདུན་ཡིན། པོ་ཏི་དང་གླེགས་བམ་གྱི་རང་བཞིན་ཡིན་པ་


JLAZ013_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བོན་ལུགས་སུ་ཐལ་བར་འགྱུར་བས། སངས་རྒྱས་ཀྱི་འཕྲིན་ལས་དང་བསྟན་པའི་བབས་ལུགས་བསམ་གྱིས་མི་ཁྱབ་པའང་དྲན་པར་བྱའོ། །དེ་ནས་རྒྱལ་རབས་ལྔ་པ་གནམ་རི་སྲོང་བཙན་ལ་སྲས་དབུའི་གཙུག་ན་ཨ་མི་ཏཱ་བྷ་ལ་སོགས་པ་ལེགས་པའི་མཚན་དང་ལྡན་པ་ལ། བཟོ་དང་། སྒྱུ་རྩལ་དང་། རིག་པའི་གནས་ལ་མཁས་ཤིང་ཐུགས་སྒམ་པས་བློན་པོ་རྣམས་ཀྱིས་རང་གི་མཚན་ཉིད་ལས་སྲོང་བཙན་སྒམ་པོར་མཚན་གསོལ་བའི་ཆོས་རྒྱལ་བྱོན་ཏོ། །དེས་རང་གི་སྐུ་རིང་ལ་དམ་པའི་ཆོས་ཀྱི་སྲོལ་བཏོད་པའི་སླད་དུ། ཐོན་མི་ཨ་ནུའི་བུ་འཁོར་དང་བཅས་པ་རྒྱ་གར་དུ་མངགས། པཎྜི་ཏ་ལྷ་རིག་པའི་སེངྒེ་དང་། བྲམ་ཟེ་ལི་བྱིན་ལ་ཡིག་རིགས་དང་བརྡའ་སྤྲོད་པའི་གཞུང་ལུགས་ལ་སྦྱངས་པ་མཐར་སོན། རྒྱ་གར་གྱི་ཕྱི་མོ་ལྔ་བཅུ་ལ་དབྲི་བསྣན་གྱི་སྒོ་ནས་བོད་ཡིག་སུམ་ཅུར་མཛད། འཕགས་ཡུལ་བརྡའ་སྤྲོད་ཀྱི་གཞུང་ཆེན་པོ་བརྒྱད་དང་གྲངས་མཚུངས་སུ་བྱས་ནས་བོད་སྐད་དང་རྗེས་སུ་མཐུན་པའི་བརྡའ་སྤྲོད་ཀྱི་བསྟན་བཅོས་བརྒྱད་མཛད། མདོ་སྡེ་དཀོན་མཆོག་སྤྲིན་བསྒྱུར། བསྟན་པའི་སྲོག་ཡི་གེས་བསྟན་པ་ཡིན་པས་ཐུག་མཐའ་མེད་པའི་བཀའ་དྲིན་དུ་གྱུར། དེ་ལས་རྒྱལ་པོས་ཀྱང་བསླབས་ཏེ་ཟ་མ་ཏོག་བཀོད་པ་ལ་སོགས་པ་བསྒྱུར། ཡི་གེ་དྲུག་མ་དང་། གཤིན་རྗེའི་གཤེད་དང་། ཆོས་སྐྱོང་ལྷ་མགོན་ལ་སོགས་པའི་


JLAZ013_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མང་དུ་བསྟན། རྣལ་འབྱོར་དུ་བྱ་བའི་གནས་ལ་སློབ་ཏུ་བཅུག་པས་གྲུབ་པ་ཐོབ་པའང་མང་དུ་བྱུང་། བོད་སྲིན་མོ་གན་རྐྱལ་གྱི་རྣམ་པར་ཡོད་པའི་ས་དགྲའི་གཉེན་པོར་མཐའ་འདུལ། ཡང་འདུལ། རུ་གནོན་གྱི་གཙུག་ལག་ཁང་རྣམས་བཏབ། ཐབས་དང་རྫུ་འཕྲུལ་གྱི་བཀོད་པ་འབྱམས་ཀླས་པས་ཇོ་ཤཱཀྱ་རྣམ་གཉིས་དང་། ལོ་ཀེ་ཤྭ་ར་སྤྱན་དྲངས། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། མི་ཆོས་གཙང་མ་བཅུ་དྲུག་གིས་ཆོས་ལུགས་ལེགས་པར་བཅས། རྒྱ་གར་བལ་པོ་རྒྱ་ནག་གསུམ་ནས་སློབ་དཔོན་སྤྱན་དྲངས། ཐོན་མིས་ལོ་ཙཱ་བྱས་ནས་དམ་པའི་ཆོས་ཀྱང་འགའ་ཞིག་བསྒྱུར་བས་བོད་མུན་པའི་གླིང་དཀར་པོར་བྱས་པ་ཡིན། དེ་ནས་རྒྱལ་རབས་ལྔ་ན་རྗེ་བཙུན་བརྟན་པའི་འཁོར་ལོ་མིའི་སྒྱུ་འཕྲུལ་རྣམ་པར་རོལ་པ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་བྱོན། སྐུ་གཞོན་ནུའི་ཚེ་མ་ཞང་ཞེས་བྱ་བའི་བློན་པོ་ཆོས་ལ་མི་དགའ་བས་ལྷ་སའི་ཇོ་བོ་སྐྱི་རོང་དུ་བསྐྱལ། གཙུག་ལག་ཁང་དུ་བཤས་ར་བྱས། རྒྱལ་པོ་ཆོས་ལ་ཤིན་ཏུ་དད་པ་ལ་རེ་ཞིག་གཞན་དབང་གི་ཚེར་མ་མི་བསྲུན་པས་བཏབ་པ་གང་འདི་ལྟར་གླང་པོ་ཆེ་ཆུ་ཀླུང་ཆེན་པོར་འཇུག་པར་རྩོམ་པ་ན་ལང་ཚོའི་བ་གམ་ཆུའི་ཕང་པ་ན་ནུབ་པ་ལྟར་སྣང་ཡང་། རང་སྟོབས་ཀྱི་དཔུང་པ་བཙན་པོས་གདོན་མི་ཟ་བར་བདེ་བའི་གནས་སུ་ཕྱིན་པ་བཞིན་དུ། ཐུགས་


JLAZ013_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དང་སྨོན་ལམ་གྱིས་དམ་བཅའི་རི་མོ་བསུབ་ཏུ་མེད་པའི་མཐུ་མངོན་དུ་བདོ་བར་གྱུར་ཏེ། ཆོས་བློན་ཆེན་པོ་འགོས་ཀྱི་བློ་གྲོས་སྡིག་ཅན་བསླུ་བའི་གཡོ་སྒྱུའི་ཆོམ་རྐུན་དུ་ཤར་ཏེ་མ་ཞང་སྟོད་ལུངས་སུ་གསོན་དུར་དུ་བཅུག །སློབ་དཔོན་ཧྭ་ཤང་གིས་ལུང་བསྟན་པ་ལྟར། དབའ་གསལ་སྣང་མཁན་པོ་ཞི་བ་འཚོ་སྤྱན་འདྲེན་དུ་བཏང་། བདེ་བར་སོན་ནས་བསམ་ཡས་འོམ་བུའི་ཚལ་དུ་མཇལ། མཁན་པོས་འོ་སྐོལ་གྱིས་འོད་སྲུངས་ཀྱི་བསྟན་པ་ལ་བལ་པོའི་མཆོད་རྟེན་བྱ་རུང་ཁ་ཤོར་དུ། བོད་དུ་དམ་པའི་ཆོས་དར་བར་སྨོན་ལམ་བཏབ་པ་དེ་བསྙེལ་ཏམ་གསུངས་པས། བཙན་པོས་སྒོམ་ཡུན་ཐུང་བས་མ་འཚལ་ཞུས། དེར་མཁན་པོས་བྱིན་གྱིས་བརླབས་ཏེ་སྔོན་གནས་རྗེས་སུ་དྲན། བཙན་པོ་ལ་དགེ་བ་བཅུ་དང་ཁམས་བཅོ་བརྒྱད་ལ་སོགས་པའི་ཆོས་བཤད་པས་བོད་ཀྱི་ལྷ་སྲིན་རྣམས་ཁྲོས། དམར་པོ་རི་ལ་ཐོག་བརྒྱབ། འཕང་ཐང་གི་ཕོ་བྲང་ཆུས་ཁྱེར། ལོ་ཉེས་དང་རྩུབ་འགྱུར་ཆེན་པོ་བྱུང་བས། སྡིག་བློན་རྣམས་ཀྱིས་འདི་ཆོས་བྱས་པས་ལན། ཨ་ཙ་ར་རང་ཡུལ་དུ་བཏང་དགོས་ཟེར། བཙན་པོས་མཁན་པོ་ལ་གསེར་མང་པོ་ཕུལ་ནས་ལོ་རྒྱུས་བསྙད་པས། བོད་ཀྱི་མི་མ་ཡིན་རྣམས་མ་དགའ་བ་ཡིན། ཁོ་བོ་བལ་པོར་འགྲོ་ཨོ་རྒྱན་གྱི་སློབ་དཔོན་པདྨ་སམ་བྷ་ཝ་ཞེས་བྱ་བ་འཛམ་


JLAZ013_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་གླིང་ན་ཆེ་བ་ཞིག་ཡོད། དེ་ངས་ཀྱང་སྤྱན་འདྲེན་དུ་གཏོང་། བཙན་པོ་རང་ཡང་དེ་བཞིན་འཚལ་གསུངས་པས་ཕོ་ཉ་སྔ་རྟིང་དུ་རྫངས། སླར་སྣ་སྣམ་རྡོ་རྗེ་བདུད་འཇོམས་ལ་སོགས་པ་ལམ་དུ་སྟབས་མྱུར་པོས་མངགས་པ་སློབ་དཔོན་གྱིས་མཁྱེན་ནས། མང་ཡུལ་གུང་ཐང་དུ་ཡུད་ཙམ་ལ་ཕེབས་ནས་མཇལ། ཕྱག་རྟེན་གྱི་གསེར་རྣམས་ངའི་སྣང་བ་གསེར་དུ་ཡོད་གསུང་ནས་མངའ་རིས་ཕྱོགས་སུ་གཏོར། སླར་བོད་དུ་གསེར་གྱི་འདོད་དགུ་འབྱུང་བའི་རྟེན་འབྲེལ་མཛད། མང་ཡུལ་གྱི་རི་བོ་དཔལ་འབར་ཕན་ཚུན་བརྗེས། ཉི་ཟླ་ཐང་ལ་ཕབ། ཆུ་བོ་གྱེན་ལ་བཟློག་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་མཐའ་ཀླས་པ་བསྟན། ལམ་དུ་བསྟན་མ་བཅུ་གཉིས་དང་། གཉན་ཆེན་ཐང་ལྷ་ལ་སོགས་པས་མཐོ་འཚམས་པར། ནུས་མཐུའི་ཟིལ་འོག་ཏུ་སྤ་བཀོང་། སྟོད་ལུང་གཞོང་པ་ནས་ཕྱག་མཁར་གྱིས་སྒྲུབ་ཆུ་བཏོན། མངའ་བདག་རྒྱལ་པོས་བསུ་བར་དྲེགས་རློམ་གྱིས་ཀུན་ཏུ་རྟོག་པ་བག་ལ་ཉལ་བརྟན་པ་གཏིང་ནས་དབྲོག་པར་མཛད་པའི་རྗེས་ཤུལ་ཀྱང་མངོན་སུམ་ཚད་མའོ། །དེ་ནས་རང་གི་ཡབ་མེས་ཨག་ཚོམ་གྱིས་བརྩིགས་པའི་ཕོ་བྲང་བྲག་དམར་མགྲིན་བཟང་དུ་སྤྱན་དྲངས་ནས་བཞུགས། རྒྱལ་པོ་ཡིད་ཆེས་སུ་བྱ་ཕྱིར་བྱིས་པ་ལ་རྒྱལ་ཆེན་རིགས་བཞི་པའི་ལྷ་ཞིག་ཕབ་པས། དེས་དམར་པོ་


JLAZ013_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རི་ལ་ཐང་ལྷས་ཐོག་བརྒྱབ། ཤམ་པོས་འཕང་ཐང་ཆུ་ལ་བསྐྱུར། ཞེས་སོགས་ལྷ་འདྲེ་འདིས་འདི་བྱས་ཐམས་ཅད་བཤད་པས། དཔལ་སངས་རྒྱས་གཉིས་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་མཆོག་ཐོབ་པའི་རོལ་པ་རྣམ་པར་བཀོད་པའི་གཡུལ་ངོ་ནི་བཤམས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོཊ་པའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཟད་མི་ཤེས་པའི་ནུས་མཐུས། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་བྱེད་ལས་སུ་གྱུར་པའི་ལྷ་སྲིན་གདུག་པ་ཅན་ཐམས་ཅད་ཀྱི་གདུག་རྩུབ་ཀྱི་འཐོར་རླུང་ནི་མནན། ང་རྒྱལ་གྱི་བྲག་རི་ནི་བཤིག །ཕྲག་དོག་གི་མེ་ལྕེ་ནི་བསྙིལ། སྲོག་གི་སྙིང་པོ་བླངས་ཏེ་བརྟན་པ་དང་བྲལ་བར་བྱས་པས། གངས་རིའི་ཁྲོད་ནག་ཕྱོགས་ཀྱི་ལྷ་སྲིན་གདུག་པའི་ཚང་ཚིང་འཁྲིགས་པའི་གནས་སུའང་། རྒྱལ་བའི་བསྟན་པ་དཀར་འཇམ་དུ་བརྡལ་བ་འདི་ཉིད་གཅིག་པུའི་མཐུར་ཤེས་པར་བྱའོ། །དེ་ནས་ཇོ་བོ་མང་ཡུལ་ནས་སྤྱན་དྲངས། མཁན་པོ་ཡང་སླར་སྤྱོན་པར་བྱས། སློབ་དཔོན་ཆེན་པོས་དཔལ་གྱི་མགུར་ལས་དྲེགས་པ་ཟིལ་གནོན་གྱི་ཐ་ཚིག་དང་། ནམ་མཁའ་ལ་རྡོ་རྗེའི་གར་འགྲོས་ཀྱིས་གཞི་བྱིན་གྱིས་བརླབས། མཁན་པོའི་གསུང་བཞིན་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས། སློབ་


JLAZ013_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་པོས་དྲེགས་པ་ཅན་ཐམས་ཅད་ཀྱང་ལས་ལ་བཀོལ་བས་ཉིན་མི་ཡིས་བརྩིགས་པ་དང་མཚན་མི་མ་ཡིན་པས་བརྩིགས་པ་མཐོ་བར་བྱུང་སྟེ་ཆོས་འཁོར་དཔལ་གྱི་བསམ་ཡས་རྒྱ་ཁྱོན་འདི་ཙམ་ལོ་ལྔ་ལ་གྲུབ། མཁན་སློབ་གཉིས་ཀྱིས་རབ་ཏུ་གནས་པས་དབུ་རྩེའི་ལྷ་རྣམས་ཕྱི་རོལ་དུ་བྱོན། སློབ་དཔོན་གྱིས་བཙན་པོ་ལ་རྟ་མགྲིན་གནང་བ་ཡང་གྲུབ་སྟེ་འཛམ་བུའི་གླིང་དུ་གྲགས་པའི་རྟ་སྐད་ཐོན། སྦ་བཞེད་དུ་འདི་དག་གསལ་བར་མ་བྲིས་པས་དེ་ལ་ཁུངས་སུ་འཚོལ་བ་དག་ཀྱང་དེ་ལྟ་མོད། བསམ་ཡས་ཞིག་གསོ་སྔ་ཕྱི་ཐ་དད་དུ་གྱང་གསེབ་ལས་མི་མ་ཡིན་གྱི་རྗེས་ཁྲུ་གང་པ་ལ་སོགས་ཆེ་ཆུང་མ་ངེས་པ་མང་པོ་ཀུན་གྱི་མཐུན་གྲུབ་ཏུ་ཐོན་པས། ཐང་ཡིག་ལ་སོགས་པ་ལོ་རྒྱུས་བྱེ་བྲག་པ་ལ་ངེས་པ་ལྷག་པར་དུ་རྙེད་པའི་སྐབས་བྱུང་བ་ཡིན། དེ་ནས་ཐམས་ཅད་ཡོད་སྨྲའི་སྡེའི་ལུགས་སུ་སད་མི་བདུན་རབ་ཏུ་བྱུང་སྟེ་དམ་པའི་ཆོས་འདུལ་བའི་གཞི་བཏིང་། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་བཱི་མ་ལ་མི་ཏྲ་དང་། སངས་རྒྱས་གསང་བ་དང་། རྣམ་དག་སེངྒེ་ལ་སོགས་པ་དང་། བོད་ཀྱི་ལོ་ཙཱ་བ་པ་གོར་བཻ་རོ་དང་། རྨ་རིན་ཆེན་མཆོག་དང་། གཉགས་ཛྙཱ་ན་ཀུ་མཱ་ར་དང་། སྐ་ཅོག་ཞང་གསུམ་ལ་སོགས་པའི་ལོ་ཙཱ་བ་བརྒྱ་ཕྲག་བཅུར་ལོངས་པ་ཙམ་གྱིས། སྡེ་སྣོད་གསུམ་དང་། རྒྱུད་སྡེ་དྲུག་གམ་བཞིའི་ངེས་པ་ཅན། དེ་


JLAZ013_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་དགོངས་འགྲེལ་དང་བཅས་པའི་ཆོས་མང་པོ་བསྒྱུར་ཞིང་། ཤེས་རབ་རྣམ་པ་གསུམ་གྱིས་གཏན་ལ་ཕབ། སློབ་དཔོན་ཆེན་པོས་བསམ་ཡས་མཆིམས་ཕུར་སྒྲུབ་སྡེ་ཆེན་པོ་བརྒྱད་ལ་སོགས་ཏེ་རྡོ་རྗེ་ཐེག་པའི་རྒྱུད་དང་སྒྲུབ་ཐབས་མང་དུ་བསྒྱུར་ཞིང་བསྟན་ནས་རྗེ་འབངས་ཉེར་ལྔར་གྲགས་པས་མཚོན་ལས་ཅན་གྱི་སྐྱེས་བུ་རྣམས་རྗེས་སུ་བཟུང་། ཡེར་པ་དང་མཆིམས་ཕུར་སྒོམ་གྲྭ་གཙུགས་པས་ནམ་མཁའི་ལམ་ལ་གྱ་གྱུར་འགྲོ་བ་མང་པོ་བྱུང་། དེ་དུས་ཀྱི་བསྟན་པ་དར་བ་ལྟ་བུ་རྒྱ་གར་དུའང་མ་བྱུང་ཞེས་ཇོ་བོ་དཱི་པཾ་ཀ་ར་གསུངས། ཁྲི་སྲོང་གི་སྲས་སད་ན་ལེགས་མཇིང་ཡོན་ཏེ་མུ་ཏིག་བཙན་པོས་ཡབ་མེས་ཀྱི་གཙུག་ལག་ཁང་དང་། ལོ་པཎ་ཐམས་ཅད་ལ་བསྟི་སྟངས་ཕུལ་དུ་ཕྱིན་པ་མཛད། རྒྱལ་སྡེ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། སྔར་མ་འགྱུར་བའི་གསུང་རབ་ཀྱང་ཐོགས་ཤིག་བསྒྱུར། བོད་འབངས་ཀུན་བདེ་སྐྱིད་ཀྱི་གྲིབ་བསིལ་ལ་ངལ་གསོ་བའི་དབུགས་འབྱིན་ཆེན་པོ་མཛད། ཨུ་རྒྱན་སངས་རྒྱས་གཉིས་པ་ལ་མི་ཕྱེད་པའི་དད་པ་དང་ལྡན་པས་ཟབ་རྒྱས་ཀྱི་གདམས་པ་མང་པོས་རྗེས་སུ་བཟུང་ཞིང་གུང་ཐང་ལ་ཁར་གཤེགས་སྐྱེལ་མ་མཛད་པ་ལ་སོགས་པའི་ཞལ་ཆེམས་ཡི་གེ་ཀྱང་སྣང་། དེའི་སྲས། གཙང་མ། ལྷ་རྗེ། ལྷུན་གྲུབ། དར་མ། རལ་པ་ཅན་


JLAZ013_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྔ་ལས། འཕགས་ཆེན་ལག་ན་རྡོ་རྗེའི་སྒྱུ་འཕྲུལ་རྣམ་པར་རོལ་པ་ཁྲི་རལ་པ་ཅན་གྱིས་རྒྱལ་སྲིད་བཟུང་། རྒྱ་བལ་གྱི་པཎྜི་ཏ་མང་པོའང་སྤྱན་དྲངས། ཉི་འོག་གི་མཁན་པོ་ཛི་ན་མི་ཏྲ་ལ་སོགས་པ་དང་། ལོ་ཙཱ་བ་སྐ་ཅོག་སོགས་གདན་འཛོམས་པར་བྱས། སྔར་ཡབ་མེས་ཀྱི་དུས་བསྒྱུར་བའི་ཆོས། ཨོ་རྒྱན། བལ་ཡུལ། རྒྱ་ནག་སོགས་སྐད་དུ་མ་ལ་བརྟེན་ནས་བསྒྱུར་བས་བོད་སྐད་ལ་འཇུག་དཀའ་བར་རང་སོར་བཞག་པ་རྣམས་ཡུལ་དབུས་འགྱུར་འཆང་གི་རྒྱ་དཔེ་དང་བསྟུན་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། ཡབ་མེས་ཀྱི་གཙུག་ལག་ཁང་ལ་བསྙེན་བཀུར་དང་། བཤད་སྒྲུབ་ཀྱི་སྲོལ་ཤིན་ཏུ་དར། འོན་ཅང་རྡོའི་ལྷ་ཁང་། རྨང་ཐོག་གསུམ་རྡོ་བ། བར་ཐོག་གསུམ་སོ་ཕག །སྟེང་ཐོག་གསུམ་ཤིང་ལས་གྲུབ་པ། ཐོག་རེ་རེ་བཞིན་བྱ་འདབ་དང་སྒོ་དང་ཕ་གུ་ལ་སོགས་ཀྱིས་རྣམ་པར་མཛེས་ཤིང་། སྟེང་གི་རྒྱ་ཕུབས་རླུང་གི་འཁྲུལ་འཁོར་ལས་གདུགས་ལྟར་བསྐྱོད་པ་ལ་སོགས་པའི་ངོ་མཚར་གྱི་བཀོད་པ། མིག་འཕྲུལ་གྱི་དཔེ་ཟླར་བྱས་པ་བཞེངས། བསྟན་པ་ལ་ཤིན་ཏུ་གུས་པས་དགེ་འདུན་རེ་ལ་འབངས་མི་ཁྱིམ་བདུན་ཕུལ་པ་སོགས་མདོར་ན་བསྟན་པའི་རྩ་ལག་ཆེན་པོ། ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་གྲགས་པའི་བ་དན་དཀར་པོས་སྲིད་རྩེའི་བསམ་གཏན་པ་དག་ཀྱང་ཚོར་བ་ལ་སོགས་པའི་ཉེ་བར་ལེན་པ་


JLAZ013_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དྲིའི་བཞོན་པ་ཅན་དང་འགྲོགས་སུ་བཅུག་ནས་དད་པ་དང་རྗེས་སུ་ཡི་རང་བའི་རྣམ་རྟོག་གི་འདུ་འགོད་རྒྱ་ཆེན་པོ་ལ་འགོད་པར་ནུས་པའི་འཕྲིན་ལས་ཅན། ཐུགས་བསྐྱེད་ཀྱི་རྩ་བ་བརླིང་བ། སྙིང་རྗེའི་བ་གམ་བརྗིད་པ། དད་པའི་གཏེར་མཛོད་ཕྱུག་པ། སྙིང་སྟོབས་ཀྱི་གྲྭ་ཟུར་རྣོ་བ། གཞན་ཕན་གྱི་ཁྱད་ནོར་འཛོམས་པ། སྨོན་ལམ་གྱི་སྲོག་ཤིང་བརྟན་པ། འཕྲིན་ལས་ཀྱི་ལོ་འདབ་རྒྱས་པ། ཕན་བདེའི་གྲིབ་བསིལ་མང་བ། ཉོན་མོངས་ཀྱི་ཚ་གདུང་ལས་སྐྱོབ་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་འབབ་སྟེགས་ལ་བདག་ཅག་གངས་ཅན་པ་རྣམས་གཞོལ་བར་བྱེད། འབབ་པར་བྱེད་པའི་བདག་ཉིད་ཆེན་པོ་འདི་དག་གི་བཀའ་དྲིན་ལ་རྣམ་པ་ཐམས་ཅད་ནས་བསམས་ཤིང་། དེ་དག་གིས་བསྟན་པའི་སྲོག་ཤིང་གཅིག་ཏུ་བཀུར་བའི་ཆོས་དང་གང་ཟག་གི་གནས་ཆུད་གཟོན་པའི་ཀུན་སློང་གི་གདོན་ཆེན་པོ་དང་མ་འགྲོཊ་པའི་སྐྱེས་བུ་དམ་པ་རྣམས་ལའང་ཕྱག་བྱ་བར་འོས་སོ། །དེ་ལྟར་སྐྱེ་དགུ་ཀུན་གྱི་ཕན་བདེའི་སྐྱེད་མོས་ཚལ་ལོག་པའི་སྨོན་ལམ་གྱིས་རྣམ་པར་བརྫི་བའི་སྤྲིན་གྱི་དུམ་བུ་གླང་དར་མ་འུ་དུམ་བཙན་རྗེ་བློན་གྱི་སྙིང་ལ་ཡིད་ཀྱི་སྲུབ་ཤིང་དྲག་པོས་རབ་ཏུ་བསྲུབས་ནས། མངའ་བདག་རལ་པ་ཅན་བཀྲོངས། ལོ་པཎ་འདུ་བའི་པད་ཚལ་བཤིག །རབ་བྱུང་རྣམས་རྟགས་དང་ཕྲལ།


JLAZ013_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལ་རྔོན་པར་བཙུད། གསུང་རབ་ཕལ་ཆེར་ལྷ་སའི་བྲག་ལ་སྦས། འགའ་ཞིག་མེ་དང་ཆུར་སྦྱངས། ཇོ་ཤཱཀ་རྣམ་གཉིས་ཀྱང་ཆུ་ལ་བསྐྱུར་བའི་གཏམ། ཆོས་བློན་རྣམས་ཀྱི་རྣ་བར་གཟོན་པར་གྱུར་ཏེ། སྐུ་གཟུགས་ཀྱི་ལྕིད་ལ་བསྙད་ནས་བྱེ་སྟོངས་སུ་སྦས། ལྷ་ས། བསམ་ཡས། ར་མོ་ཆེ་རྣམས་ཀྱི་གཙུག་ལག་ཁང་གི་སྒོར་ཞལ་བ་བྱས་པ་ལ་རྒྱལ་པོ་མགུ་བའི་སླད་དུ་བཙུན་པ་ཆང་འཐུང་བའི་ཆ་བྱད་བྲིས། རྒྱལ་བའི་བསྟན་པ་རིན་པོ་ཆེའི་ལོ་ཏོག་ལ་སེར་བས་བྱ་བ་བཞིན་དུ་བསྣུབས་སོ། །དེ་ལྟ་ནའང་རྒྱལ་བའི་ཐུགས་རྗེའི་རོལ་པ་ནི་ཟད་མི་ཤེས་པས། དཔལ་ཨོ་རྒྱན་སངས་རྒྱས་གཉིས་པའི་དངོས་སློབ། རི་བྲག་ལ་ཐོགས་རེག་སྤངས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། གསང་བའི་བདག་པོ་ལག་ན་རྡོ་རྗེའི་ཡེ་ཤེས་སྒྱུ་མའི་རོལ་པ། ལྷ་ལུང་དཔལ་གྱི་རྡོ་རྗེས། ཆུ་སྲིན་རྒྱལ་མཚན་གྱི་དཔུང་པ་བླ་ན་མཐོ་བའི་རྒྱལ་པོ་སྡིག་ཅན་གྱི་སྙིང་ལྕགས་མདས་རྣམ་པར་བཀས་པས། མདའ་ལ་འཇུ་ཞིང་། ཡང་ན་ལོ་གསུམ་གྱི་སྔས། ཡང་ན་ལོ་གསུམ་གྱི་ཕྱིས་ཞེས་པའི་ཀུ་ཅོ་དྲག་པོ་འདོན་བཞིན་དུ་དམྱལ་བ་མནར་མེད་པའི་གྲོང་ཁྱེར་ཆེན་པོར་ཆས་སོ། །སྐབས་འདིར་འགོས་ལོ་ཆེན་པོའི་དེབ་གཏེར་དུ། བསྟན་པ་བསྣུབས་རྗེས་བོད་ཀྱི་ཁྱིམ་པ་རྣམས་ཀྱིས་ཀྱང་དཀོན་མཆོག་གསུམ་ལ་གུས་པར་བྱས་པས། ལྷ་ས་དང་བསམ་ཡས་


JLAZ013_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་གཙུག་ལག་ཁང་རྣམས་མ་ཞིག །ཁྱིམ་དང་རི་སུལ་ན་གནས་པའི་སྔགས་པ་རྟེན་སྐྱ་བོར་གྱུར་པ་དེ་དག་གིས་ཀྱང་རང་ཉིད་ཀྱི་བསྒྲུབ་པ་ཚུལ་བཞིན་དུ་ཉམས་སུ་བླངས། བསྟན་པ་སྤྱི་ལ་ཡང་གུས་པར་བྱས་པས། མངའ་བདག་རལ་པ་ཅན་ཡན་ཆོད་དུ་འགྱུར་བའི་བཀའ་དང་བསྟན་བཅོས་ཀྱི་པོ་ཏི་རྣམས་ལེགས་པར་བསྲུངས་པས། སྔོན་འགྱུར་བ་ཕལ་ཆེར་ད་ལྟ་ལོངས་སྤྱོད་དུ་ཡོད་པ་འདི་ཡིན་ལ་ཞེས་གསུངས། རིང་མིན་སྲས་འོད་སྲུངས་དང་། ཡུམ་བརྟན་ཆེར་སོན་ནས་ཇོ་བོ་རྣམ་གཉིས་ཁྲི་ལ་བཞུགས་སུ་བཅུག །གཙུག་ལག་ཁང་ལ་ཡང་སྲི་ཞུ་མཛད་མོད་དེ། གླང་དར་གྱིས་བསོད་ནམས་མ་ཡིན་པ་བྱེད་པས་མངའ་རིས་བགོ་བཤར་སོང་། བོད་རྗེའི་གདུང་གིས་བོད་ཁམས་ལ་དབང་བསྒྱུར་བའི་རྟེན་འབྲེལ་གཞན་དུ་གྱུར་ཏོ། །རེ་ཞིག་ན་པཎྜི་ཏ་སྨྲྀ་ཏི་དང་། ཕྲ་ལ་རིང་བ་བོད་དུ་བྱོན། སྤྱན་འདྲེན་པ་པོའི་ལོ་ཙཱ་བ་སླེ་རུ་རྩེ་བྱ་བ་འདས་པས་པཎྜི་ཏ་གཉིས་ཡུན་རིང་པོར་འཁྱམས། སྨྲྀ་ཏིས་རྟ་ནག་ཏུ་རྫི་བོ་མཛད། མཐར་གཉིས་ཀ་ཁམས་ལ་བྱོན་ཏེ་སྨྲྀ་ཏིས་སྨྲ་བའི་སྒོ་མཚོན་ཆར་གྲགས་པའི་བསྟན་བཅོས་ཀྱང་མཛད་དོ། །དེ་ནས་བསྟན་པ་ཕྱི་དར་བྱུང་སྟེ། དར་མས་བསྟན་པ་བསྣུབས་དུས་དཔལ་ཆུ་བོ་རིའི་སྒོམ་གྲྭ་ན་སྨར་ཤཱཀྱ་དང་། གཡོ་དགེ་འབྱུང་དང་། གཙང་རབ་གསལ་གསུམ་གྱི་


JLAZ013_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་རི་དྭགས་འདེད་པ་གཟིགས་པས། བསྟན་པ་བསྣུབས་པའི་ཚུལ་མཁྱེན་ནས་ཉིན་པར་ཡིབ་ཅིང་། མཚན་མོ་བཤུལ་དུ་ཞུགས་ནས་མངའ་རིས་སུ་བྲོས། དེར་ཡང་བཞུགས་པར་མ་ནུས་ནས་བྱང་ལམ་བརྒྱུད། མདོ་སྨད་སྲོ་གུ་ལུང་དུ་བརྟོལ། སྨོན་ལམ་གྱི་མཐུ་ཚད་མེད་པའི་བླ་ཆེན་དགེ་བ་རབ་གསལ་རབ་ཏུ་བྱུང་བའི་མཁན་སློབ་གསུམ་པོས་མཛད་པ་ལས་བསྟན་པའི་མེ་རོ་མདོ་སྨད་ནས་བསླངས། དེ་བཞིན་དུ་སྟོད་ནས་པཱ་ལའི་མཐའ་ཅན་རྣམ་པ་གསུམ་ལས་རིམ་པར་གསོས། དེའི་ཕྱི་ན་འཕགས་པའི་ཡུལ་བི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་གི་པཎྜི་ཏ་རྒྱ་མཚོའི་གཙུག་རྒྱན་ཇོ་བོ་དཱི་བཾ་ཀ་ར་དང་། མ་བྱོན་སངས་རྒྱས་གསུམ་པར་གྲགས་པ་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ལ་སོགས་པ་ལྗོངས་འདིར་བྱོན་ནས་དམ་པའི་ཆོས་འདུལ་བའི་སྡེ་སྣོད་གཙོ་བོར་གྱུར་པའི་བསྟན་པ་རིན་པོ་ཆེའི་ལྗོན་ཤིང་ཡལ་ག་མང་པོར་བརྐྱང་ངོ་། །དེ་བཞིན་དུ་རྡོ་རྗེ་ཐེག་པའི་གནས་ལའང་མཁས་པ་དང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་མང་དུ་བྱོན་པ་ཀུན་ཀྱང་དེ་བཞིན་གཤེགས་པའི་འཕྲིན་ལས་ཀྱི་རོལ་པ་ཟད་མི་ཤེས་པའི་མཐུ་ལས་བྱུང་བ། བསྟན་པའི་ལམ་སྲོལ་ལ་ཡང་དག་པར་ཞུགས་པ། དངོས་དང་བརྒྱུད་ནས་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བདེ་བླག་ཏུ་དཀྲི་བའི་ས་མཁན་འབའ་ཞིག་ཏུ་གྱུར་པའོ། །


JLAZ013_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་པ་རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་མཐའ་གྲུར་ཁྱབ་པའི་རྒྱན་ཞེས་བྱ་བ་ལས། གངས་རིའི་ཁྲོད་དུ་རྒྱལ་བསྟན་ཇི་ལྟར་བྱོན་པའི་རྣམ་གཞག་མདོ་ཙམ་བརྗོད་པའི་རབ་ཏུ་བྱེད་པ་སྟེ་གསུམ་པའོ།། །།

སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པའི་མཚན་ཉིད།


JLAZ013_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་བཞི་པ། ད་ནི་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ན་སྤྲུལ་པའི་ལོ་པཎ་ཆེན་པོ་རྣམས་ཀྱིས་བསྒྱུར་ཞིང་དར་བའི་གསང་སྔཊ་སྔ་འགྱུར་གྱི་མཚན་ཉིད་གང་ཡིན་བཤད་ནས། དེ་བསྟན་པ་ལ་བྱ་བ་བྱས་ཤིང་རྡོ་རྗེའི་ལམ་ལས་དངོས་གྲུབ་བརྙེས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་རྟོགས་པ་བརྗོད་པར་བྱ་སྟེ། དེ་ལ་སྟོན་པ་མྱ་ངན་ལས་འདའ་ཁར། ང་ཡོངས་སུ་མྱ་ངན་ལས་འདས་ནས་འདུལ་བ་ལ་སྣང་། མདོ་སྡེ་ལ་འཇུག །ཆོས་ཉིད་དང་མི་འགལ་ན་བཀའ་ཡིན་པར་བཟུང་ཞེས་གསུངས་པ་ལྟར། བསྐྱེད་པ་མ་ཧཱ་ཡོ་ག་ཏནྟྲ་སྡེ་བཅོ་བརྒྱད་ལ་སོགས་པའི་བསྐྱེད་རྫོགས་ཟབ་མོས་རང་རྒྱུད་ཀྱི་ཉོན་མོངས་པ་མ་སྤངས་གནས་དག་ཏུ་འདུལ་བས་རྡོ་རྗེ་ཐེག་པའི་འདུལ་བ་ལ་སྣང་། ལུང་ཨ་ནུ་ཡོ་ག་གསང་ཆེན་དགོངས་པ་འདུས་པ་ལ་སོགས་པས། སེམས་ཀྱི་བསླབ་པའི་མཚན་ཉིད་ཟབ་མོ་ཕུང་ཁམས་སྐྱེ་མཆེད་དབྱིངས་ནས་སངས་རྒྱས་པར་སྟོན་


JLAZ013_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པས། གསང་བ་སྔགས་ཀྱི་མདོ་སྡེ་ལ་འཇུག །མན་ངག་རྫོགས་པ་ཆེན་པོ་ངོ་བོ་ལ་སྐྱེ་འགག་མེད། རང་བཞིན་ལ་རྟག་ཆད་བྲལ། མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་ཆོས་ཉིད་དང་མི་འགལ་ཞིང་ཡེ་ཤེས་ཐུགས་ཕྲད་དུ་སྟོན་པ་མདོ་སྒྱུ་སེམས་གསུམ་གྱི་ངོ་བོར་གནས་པ་སྟེ། གང་གི་ཚེ་བདག་ཅག་གི་སྟོན་པ་འདི་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་མཚན་གྱིས་སྙན་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་གང་དུ་སྒྲིབ་པ་མཐའ་དག་སྤངས་པའི་ཡོན་ཏན་གྱི་བཀོད་པ་ཟད་མི་ཤེས་པའི་འོག་མིན་ཡེ་ཤེས་རོལ་པའི་རྒྱན་ཉིད་དུ་བཞུགས་ནས། རྡོ་རྗེ་འཆང་རྒྱ་མཚོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པ་བསམ་གྱིས་མི་ཁྱབ་པའི་མངའ་ཐང་ཆེན་པོས་ཆོས་ཀྱི་སྒྲོན་མ་རྣམ་པར་བཀོད་དེ། དུས་བཞི་མཉམ་པ་ཉིད་དེ་སྲིད་དུ་སོ་སོའི་སྐལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་གྱི་ལམ་དང་འབྲས་བུར་འགོད་པའི་འཕྲིན་ལས་ལྷུན་གྱིས་གྲུབ་པ་ནི་འདི་ལྟ་སྟེ། སྐུ་གསུམ་རང་རང་ལ་མཚན་ཉིད་གསུམ་གྱིས། ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། ཆོས་རང་བཞིན་རྫོགས་པ་ཆེན་པོ། འཁོར་ཡེ་ཤེས་རྒྱ་མཚོ། དུས་བསམ་གྱིས་མི་ཁྱབ་པ། གནས་ཆོས་ཉིད་དོན་གྱི་འོག་མིན་ནོ། །ལོངས་སྤྱོད་རྫོགས་


JLAZ013_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐུའི་སྟོན་པའི་རིགས་ལྔའི་སངས་རྒྱས། ཆོས་གསང་སྔགས་ཕྱི་ནང་། འཁོར་གསང་བའི་བདག་པོ་དང་། འཇམ་དཔལ་རྣོན་པོ་ལ་སོགས་དབང་པོ་ཡུལ་སྣང་དག་པ་འབྲས་བུའི་སེམས་དཔའ། དུས་འཕོ་འགྱུར་མེད་པ། གནས་རང་སྣང་སྟུག་པོ་བཀོད་པའི་ཞིང་ཁམས་སོ། །སྤྲུལ་པ་སྐུའི་སྟོན་པ་རྡོ་རྗེ་འཆང་དང་ཐུབ་པ་དྲུག །ཆོས་ཐེག་པ་ཆེ་ཆུང་། འཁོར་སར་གནས་དང་། སོ་སོའི་སྐྱེ་བོ་དང་། མཁའ་འགྲོ་དང་། རིག་པ་འཛིན་པ་ལ་སོགས་ཐ་དད་པའི་ཚོགས། དུས་འདས་དང་མ་འོངས་ད་ལྟར་མ་ངེས་པའོ། །གནས་ལྷ་གནས་ཀྱི་འོག་མིན་དང་། དུར་ཁྲོད་ཆེན་པོ་དང་། རྡོ་རྗེ་བཙུན་མོའི་བྷ་ག་ལ་སོགས་ཏེ་གསང་བ་ཆེན་པོའི་འོག་མིན། འགྲོ་དྲུག་སོ་སོའི་གནས་རིགས་ཐ་དད་པའོ། །དེ་དག་ཀྱང་ཐེག་པའི་རྣམ་གྲངས་སུ་བསྡུ་བའི་སྒོ་ནས། ཀུན་འབྱུང་འདྲེན་པའི་ཐེག་པ་དང་། དཀའ་ཐུབ་རིག་བྱེད་ཐེག་པ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་སྡེ་སྣོད་གསུམ། ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་ཡོ་ག་གསུམ་སྟེ་རིམ་པ་དགུར་རྫོགས་པ་ཉིད་དུ་བསྟན་པའང་། དཔུང་བཟང་གིས་ཞུས་པར། བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུང་། །ཞེས་པས་སྤྱིར་བཏང་དམན་པ་གསུམ་གྱི་ཐེག་པའི་སྤྱི་གཞིར་གྱུར་པས་སྡེ་སྣོད་བཞི་པའམ། དམིགས་བསལ་རིག་འཛིན་སྡེ་སྣོད་ཉག་


JLAZ013_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བསྟན་པ་ཡིན་ནོ། །མདོར་བསྡུ་ན། བསྐལ་པ་དཔག་ཏུ་མེད་པ་ནས་ད་ལྟའི་བར་དུ་ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་གདོད་མའི་མགོན་པོས་གསུངས་པ་ཐམས་ཅད། དུས་གང་དུ་འཁོར་གྱི་མཁའ་འགྲོ་དང་། གྲུབ་པ་མཆོག་དང་། རྡོ་རྗེ་ཆོས་ལ་སོགས་པས་ལེགས་པར་བསྡུས་ཤིང་། ཚེ་ལ་དབང་བའི་མཁའ་འགྲོ་མ་གྲུབ་པ་ཅན་དག་གིས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་ཡུལ་ལ་སོགས་པ་ནས། འཛམ་བུའི་གླིང་གིའང་ཨོ་རྒྱན་དང་། ཟ་ཧོར་གྱི་གནས། ཤམྦྷ་ལ་དང་། སིངྒ་ལ། ལངྐའི་ཡུལ་གྱི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ། འོག་མིན་དང་། དགའ་ལྡན་དང་། རི་རབ་ཀྱི་རྩེ་སྟེ་ལྷ་གནས་གསུམ་དུ་གྲགས་པ་ལ་སོགས་པར་མཁའ་འགྲོ་མས་བཟུང་ནས་བཞུགས་པ་དག །སློབ་དཔོན་ཆེན་པོ་པདྨ་དང་། ཀླུ་སྒྲུབ་དང་། དགའ་རབ་དང་། བཱི་མ་ལ་ལ་སོགས་པས་ཡེ་ཤེས་དང་། རྫུ་འཕྲུལ་གྱིས་སྤྱོད་ཡུལ་ཁོ་ནས་སྤྱན་དྲངས་ཏེ་འཕགས་པའི་ཡུལ་དང་། བོད་ཡུལ་དུ་དར་ཞིང་དེ་ལས་གྲུབ་པ་ཐོབ་པ་མང་པོ་བྱུང་བ་ཡིན་ནོ། །བློ་གྲོས་མཐུ་ཆུང་བ་དག །ཤཱཀྱ་ཐུབ་པ་ཉིད་ནང་ལྟར་རྡོ་རྗེ་འཆང་དུ་བཞེངས་ནས། ཚེ་ལོ་བརྒྱ་པའི་གནས་སྐབས་ན་གསུངས་པ་འགའ་ཞིག་ཡུལ་དུས་དེའི་རིག་པ་འཛིན་པ་དག་ལ་གྲགས་ཆེ་བ་ཙམ་གཏན་ཚིགས་སུ་བཟུང་ནས། དེ་ལས་གཞན་པའི་རྒྱུད་མི་སྲིད་དོ་སྙམ་པ་ནི་འཕགས་པའི་བློ་གྲོས་ཀྱི་ཕྱོགས་ཙམ་མ་ཉེ་


JLAZ013_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འདོད་པ་གྱི་ན་ཡིན་ཏེ། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། ཅེས་དང་། འཇམ་དཔལ་སྒྱུ་འཕྲུལ་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ཞེས་དང་། ཡེ་ཤེས་རོལ་པའི་རྒྱུད་ལས། ཐོག་མའི་རྡོ་རྗེ་འཆང་བ་ངས། །བསྐལ་པ་ཀུན་གྱི་སྔོན་རོལ་ནས། །ཕྱི་མའི་མུ་མཐར་ཐུག་གྱུར་པ། །དེ་སྲིད་བླ་མེད་གསང་བའི་ཆོས། །རྨད་བྱུང་རྒྱལ་པོ་འགྲོ་བ་ལ། །གསུངས་སོ་གསུང་ངོ་གསུང་བར་འགྱུར། །ཞེས་པའི་རང་བཞིན་ལ་རྨོངས་པའོ། །དེ་ལས་སྔགས་གསར་མའི་བརྡའ་ཆད་ནི། བཅོམ་ལྡན་འདས་ཀྱིས་རི་རབ་ཀྱི་ཟོམ། ཨོ་རྒྱན་གྱི་གནས། དཔལ་ལྡན་འབྲས་སྤུངས། རི་བོ་བྱ་རྐང་ཅན། འོག་མིན་ལ་སོགས་པར་ཆགས་བྲལ་དང་། ལོངས་སྤྱོད་རྫོགས་པའི་རྣམ་པ་ཅི་རིགས་པས་གསུངས་པ་དག་སྟེ། རྒྱུད་སྡེ་བཞིའམ། ལྔར་ཡང་གྲགས་པ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། མཁའ་འགྲོ་མ་དང་། གྲུབ་པ་ཆེན་པོ་དང་། རིགས་གསུམ་སེམས་དཔའ་ལ་སོགས་པས་བསྡུས་པ་སྟེ། མཚན་ཉིད་ཇི་ལྟར་ཡིན་པ་མདོར་བསྡུ་ན། ཆོས་ཀྱི་དབྱིངས་རང་བཞིན་གྱི་རྣམ་


JLAZ013_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཐུགས་རྡོ་རྗེའི་ཡེ་ཤེས་ཏེ། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ནོ། །ཞེས་སོ། །འདི་གཉིས་འགྱུར་གྱི་སྔ་ཕྱིའི་དབྱེ་བ་ལ། ཉོན་མོངས་པ་དང་། ལྟ་བའི་སྙིགས་མར་གྱུར་པ་དག་གི་སྡེ་ཚན་དང་ཕྱོགས་རིས་སུ་དབྱེ་ན་འཆོས་ཀྱང་། གཟུ་བོར་གྱུར་པ་དག་དྲི་མ་མེད་པའི་བློ་གྲོས་ཆེན་པོས་སྡེ་པ་བཅོ་བརྒྱད་བཀར་བསྡུ་ཞེས་པས་མཚོན་པར་བྱས་ཏེ་རགས་པའི་མཚན་ཉིད་ཆ་ཕྱེད་པའི་སླད་ཙམ་དུ་བལྟ་བ་སྟེ། པཎྜི་ཏ་སྒྲའི་ཚེར་མ་ཡན་ཆོད་དང་ལོ་ཙཱ་བ་རིན་ཆེན་བཟང་པོ་མན་ཆོད་ཀྱི་འགྱུར་ལས་བཏགས་པའི་ཕྱིར་རོ། །དོན་དུ་ན་ད་ལྟ་གསར་མར་གྲགས་པའི་རྒྱུད་སྡེའི་ཁྲོད་ན་བསྟན་པ་སྔ་དར་གྱི་ཚེ་འགྱུར་བའི་རྒྱུད་ཀྱང་ཡོད་ལ། ད་ནི་ལྔ་བརྒྱའི་ཐ་མར་གྱུར་པས། འཕགས་པའི་ཡུལ་གྲུའང་སྡིག་ཏོ་དང་ཀླ་ཀློས་ཁེངས་ན། རང་རང་གི་འདོད་པས་བླང་བར་འོས་པའི་རྒྱུད་གསར་ལྟར་བྱོན་དུ་ག་ལ་སྲིད། གལ་ཏེ་ན་རེ་ཞིག་གི་བློ་ལ་ཐེ་ཚོམ་ཟ་བའི་ཆོས་སྐད་རྣམ་པ་ཐམས་ཅད་པ་ཅན་ཞིག་ཀྱང་། གསར་མའི་སྡེ་ཚན་དུ་འཇོག་དགོས་པས་འགྲོ་ལྡིང་དང་ཨོ་རྒྱན་གྱི་གླིང་དུ་དེངས་ཤིག །དེ་སྐད་དུ། སློབ་དཔོན་གསང་ཕུ་བས། བསམ་ཡས་ཀྱི་


JLAZ013_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ཁང་ན། རྒྱ་གར་ནས་སྤྱན་དྲངས་ནས་བོད་དུ་མ་འགྱུར་བའི་ཆོས་མང་པོ་ཡོད། ང་ལ་རྫུ་འཕྲུལ་ཅི་ཡོད་ན། ཟབ་ཤོས་ཞིག་བསྒྱུར་ན། བོད་ཀྱི་སྟོན་པ་འདི་ཀུན་ང་ལ་ཇི་སྐད་ཟེར་ན། འདི་འདྲའི་ཆོས་ཤིག་གང་ནས་བྱུང་། ཚིག་ལེགས་ཏེ་ཁུངས་ལ་ཐེ་ཚོམ་ཟ་ཟེར་ནས། སྒྲོ་སྐུར་བྱེད་ཅིང་ལོག་ལྟ་འཕེལ་བ་ལས་མི་འོང་། འོ་སྐོལ་བོད་ཀྱི་སྟོན་པ་འདི་ཚོ། མི་ཚེ་བཤད་སྐམ་རེ་ལ་བསྐྱལ་ནས། མངོན་ཤེས་ཀྱི་སྣ་རྩེ་བག་རེ་མི་སྒྲུབ་པར། ཕོ་ཚོད་འོད་གཏོད་དཔགས་ཀྱིས་ཕྱོགས་གཅིག་ཏུ་ཁ་ཆོད་རྦད་དེ་བཅད་ནས་ཆོས་ཟབ་མོ་ལ་སྒྲོ་སྐུར་བཏབ་ནས། ངན་འགྲོའི་གཡང་ལ་འགྲོ་སྟེ། རང་རེའི་ཐོས་པ་ཕྱོགས་རེ་བ་རེས་ང་རྒྱལ་བས་བརླག་པ་ཡིན། ཞེས་པ་དང་། དེའི་ཐིག་ལེ་བཅུ་དྲུག་དང་། གཏེར་གྱི་ཆོས་སྐད་འདིས་ཇོ་བོ་བཀའ་གདམས་པའི་གྲུབ་མཐའི་སྙིང་པོའང་གང་དུ་དེངས་པར་འགྱུར། དེའི་ཕྱིར་སངས་རྒྱས་རྣམས་ཀྱི་ཕྲིན་ལས་དང་། ཐབས་ལ་མཁས་པའི་གདུལ་ཚུལ་དང་། བྱིན་བརླབས་ཀྱི་ཆོ་འཕྲུལ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཁོང་དུ་ཆུད་པ་ནི། བློ་གྲོས་ཆེན་པོ་སྟེ། གང་དང་གང་དུ་སྐུ་གསུམ་གྱི་སྟོན་པའི་རོལ་པ་ཆེན་པོ་དང་། ཞིང་ཁམས་དང་། ཆོས་འཁོར་གྱི་མཚན་ཉིད་གང་ཡང་མི་འགལ་ཞིང་། བསམ་གྱིས་མི་ཁྱབ་པའི་དོན་དྲན་པར་བྱའོ། །དེ་ལ་བཟང་པོའི་བསྐལ་པ་འདིར་


JLAZ013_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མ་ཡིན་པའི་གསང་སྔགས་འབྱུང་བའི་གླེང་གཞིར་བསྟན་པའི་བཙས་གསུམ་གྱི་བྱིན་བརླབས་ལས། གྲགས་ཆེན་གྱི་སྟོན་པ་བཅུ་གཉིས་སུ་བསྟན་ནས་མདོ་སྔགས་ཀྱི་ཆོས་ཚུལ་མ་ལུས་ཤིང་ལུས་པ་མེད་པ་རྒྱལ་བ་དགོངས་པའི་བརྒྱུད་པ་གཅིག་ཏུ་ཐ་མི་དད་པའི་རྣམ་གཞག་བློ་གྲོས་ཆེན་པོའི་སྤྱོད་ཡུལ་དུ་བྱང་ཆུབ་པའི་རང་བཞིན་ཁོ་བོའི་བླ་མ་ཀུན་མཁྱེན་ངག་གི་དབང་པོས་ཐེག་མཆོག་རིན་པོ་ཆེའི་མཛོད་ལས་རྒྱ་ཆེར་བསྟན་པ་ལས་ཤེས་པར་བྱོས་ཤིག །འདིར་རེ་ཞིག་འཛམ་བུའི་གླིང་འདིའི་དབང་དུ་བྱས་ནས་ཐེག་མཆོག་སྙིང་པོའི་བསྟན་པ་མི་ཡུལ་དུ་ཇི་ལྟར་བབས་ནས་བོད་དུ་བྱོན་པའི་རྣམ་གཞག་བཤད་པར་བྱའོ། །དེ་ལ་ཐེག་པའི་རྩེ་མོ་མན་ངག་རྫོགས་པ་ཆེན་པོ་ནི། ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་ན་རྒྱལ་པོ་ཨུ་པ་རཱ་ཛའམ། དྷརྨཱ་ཨ་ཤྭ་དང་། བཙུན་མོ་སྣང་གསལ་འོད་ལྡན་མ་གཉིས་ལ་སྲས་མོ་མི་ལས་འདས་པའི་དགེ་སློང་མ་ཞིག་ཡོད་ཅེས་གྲག་གོ །དེ་གསེར་གྱི་བྱེ་མ་བརྡལ་བའི་རྒྱ་མཚོའི་འགྲམ་ན་བསམ་གཏན་བྱེད་པའི་ཚེ། ཤེལ་གྱི་སྐྱེས་བུ་འོད་དང་ལྡན་པ་གཅིག་གིས་ཤེལ་བུམ་དཔའ་བོ་འབྲུ་ལྔས་མཚན་པས་དབང་བསྐུར་བ་རྨིས། གཡོག་མོ་མཁའ་འགྲོའི་མཚན་དང་ལྡན་པ་ལ་བཤད་པས་སྤྲུལ་པའི་སྐུ་འབྱུང་བའི་རྟགས་ཡིན་ཟེར། མི་རིང་བར་རྡོ་རྗེ་སེམས་དཔའི་སྤྲུལ་པ་ལྷའི་བུ་སེམས་ལྷག་ཅན་ཞེས་རྫོགས་


JLAZ013_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་ལྷ་ཡུལ་དུ་དར་བར་བྱེད་པ་དེ་དགེ་སློང་མའི་རུམ་ནས་བཙས། ཕ་མེད་ཀྱི་བུར་གྱུར་པས་གནོང་སྟེ་ཐལ་ཁུང་དུ་བོར་བས་སྒྲ་དང་འོད་དང་མེ་ཏོག་གི་ཆར་བྱུང་། ཞག་གསུམ་གྱི་ནངས་པར་བལྟས་པས་མ་མཉམ་པར་འདུག་ནས་ཁྲུས་གསོལ་བ་ན། ནམ་མཁའ་ནས་ལྷ་དང་མཁའ་འགྲོས་ཀྱང་མཆོད་པ་བྱས། ལོ་བདུན་ལོན་པའི་ཚེ་ཡུམ་ལ་པཎྜི་ཏ་དང་ཆོས་གཏམ་བྱ་བ་གསོལ་བས། བུ་སོ་མ་བརྗེས་པས་ཆོས་གཏམ་མི་འོང་ཟེར་ནས་གནང་བ་མ་བྱིན། ནན་གྱིས་གསོལ་ནས་རྒྱལ་པོ་ཨུ་པ་རཱ་ཛའི་མཆོད་གནས་པཎྜི་ཏ་ལྔ་བརྒྱ་དང་རྩོད་པ་བྱས་པས་སུས་ཀྱང་མ་ཐུབ་སྟེ་སྤྲུལ་པའི་སྐུར་བཟུང་ནས་ཞབས་སྤྱི་བོར་བླངས། རྒྱལ་པོ་རབ་ཏུ་དགའ་བས་དགའ་རབ་རྡོ་རྗེར་མཚན་བཏགས། བྱང་ཕྱོགས་ཉི་མ་སྣང་བྱེད་ཅེས་ཡི་དྭགས་དྲག་པོ་གནས་པའི་རི་ལ་ལོ་སུམ་ཅུ་རྩ་གཉིས་ཏིང་ངེ་འཛིན་མཛད་པས་ས་གཡོ་བ་དང་མུ་སྟེགས་ཕམ་པར་བྱས་སོ་ཞེས་པའི་སྒྲ་ཡང་བྱུང་། དེ་ཕྱུགས་རྫིས་བསྙད་པ་ལས་མུ་སྟེགས་ཀྱི་རྒྱལ་པོས་གཤེད་མ་བཏང་ཡང་། སྐུ་ཉི་ཞུར་ལྟ་བུར་གྱུར་པས་གནོད་མ་ནུས། སླར་ནམ་མཁའི་ལམ་ལ་གྱ་གྱུར་གཤེགས་པས་དད་དེ། སངས་རྒྱས་པའི་རྗེས་སུ་ཞུགས། དེར་སྡེ་སྣོད་ཀྱི་ཆོས་རྒྱ་མཚོ་ལྟ་བུ་དང་རྫོགས་པ་ཆེན་པོ་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་གདོད་ནས་


JLAZ013_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལ་མཆིས་པ་དེ། རྡོ་རྗེ་སེམས་དཔའ་ཞལ་མངོན་སུམ་དུ་བསྟན་ནས། འོད་ཟེར་ཆེན་པོའི་དབང་གི་སློབ་པའི་ཡེ་ཤེས་མངོན་སུམ་དུ་གསལ་བའི་ཚུལ་བསྟན། ཚིག་གི་རྒྱུད་ཡི་གེར་འགོད་པའི་གནང་བ་བྱིན་ནས། རྡོ་རྗེ་དབྱིངས་དང་ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་ལ་སོགས་པས་གླེགས་བམ་དུ་བཀོད། མཁའ་འགྲོ་སེམས་ལྡན་མས་བཟུང་སྟེ་མཆོད་པར་བྱེད་ཅིང་སློབ་དཔོན་ཉིད་ཁྱབ་འཇུག་གི་བུ་མོ་གཅེར་བུ་ལ་ཆིབས་ཏེ་དུར་ཁྲོད་བསིལ་བའི་ཚལ་དུ་བྱོན་ནས་མཁའ་འགྲོ་རྣམས་ལ་ཆོས་སྟོན་ཏོ། །དེའི་ཚེ་མ་ག་དྷ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་རིམ་པ་གཉིས་པའི་གྲོང་ཁྱེར་དུ་བྲམ་ཟེ་སྙིང་པོ་གྲུབ་པའམ་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་བྱོན། རྣམ་ཐར་བཻ་རོའི་འདྲ་འབག་ལ་གསལ་ཞིང་རྒྱལ་རིགས་ལྟར་བཤད་པ་འོག་ཏུའང་བྲི་བར་བྱའོ། །དེ་ལ་འཇམ་དཔལ་རྣོན་པོས་ལུང་བསྟན་ནས་དགའ་རབ་རྡོ་རྗེའི་དྲུང་དུ་བརྟོལ། ལོ་དོན་ལྔར་ཆོས་ཉན། མཐར་དགའ་རབ་རྡོ་རྗེ་ཆུ་བོ་དན་ཏིའི་མགོར་འོད་ཕུང་དུ་ཡལ་བའི་ཚེ་འདས་རྗེས་ཀྱི་གླེགས་བམ་བབས། གཟིགས་པ་ཙམ་གྱིས་སློབ་དཔོན་དང་རྟོགས་པ་མཉམ་པར་གྱུར་ནས། རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞི་གནས་པ་སེམས་ཀྱི་སྡེ། བྱ་བྲལ་


JLAZ013_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་གི་སྡེ། གནད་དོན་མན་ངག་གི་སྡེ་དང་གསུམ་དུ་ཕྱེ། གནད་ལས་ཟབ་པ་སྙིང་གི་ཐིག་ལེའི་སྐོར་ལ་བཤད་རྒྱུད་དང་། རྣལ་འབྱོར་རྒྱུད་གཉིས་སུ་ཕྱེ། རྣལ་འབྱོར་རྒྱུད་མཆན་བུར་བཏབ། བཤད་རྒྱུད་སྤེལ་བའི་ཡུལ་མ་རྙེད་ནས་རྡོ་རྗེ་གདན་དུ་གཏེར་ལ་སྦས། ནུབ་ཕྱོགས་ཀྱི་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་ལོ་བརྒྱ་དང་རྩ་དགུར་བཞུཊ་སོ། །དེའི་ཚེ་རྒྱ་ནག་ཏུ་ཁྱིམ་བདག་གི་རིགས་ལས་ཤྲཱི་སིངྷ་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་གཅིག་བྱུང་། སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས་འཇམ་དཔལ་བཤེས་གཉེན་གྱི་མན་ངག་མྱུར་དུ་རྟོགས་པའི་སླད་དུ། རབ་ཏུ་བྱུང་ཞིང་གསང་སྔགས་མཐའ་དག་སྦྱངས་པས་ཚེའི་རིག་འཛིན་དང་རྫུ་འཕྲུལ་ཡང་གྲུབ། དེར་སླར་ཡང་ཐུགས་རྗེ་ཆེན་པོས་བསྐུལ་ཏེ་འཇམ་དཔལ་བཤེས་གཉེན་ལོ་ཉེར་ལྔ་བསྟེན། སློབ་དཔོན་འོད་ཕུང་དུ་ཡལ་བའི་དུས་འདས་རྗེས་ཤྲཱི་སིངྷའི་ཕྱག་ཏུ་བབས་པས་རྟོགས་པ་མཉམ་པར་སོང་། དེ་ནས་ལོ་བརྒྱ་ཉེར་ལྔ་ན་འཇམ་དཔལ་བཤེས་གཉེན་ཕྱི་མ་ནུབ་ཕྱོགས་ཀྱི་པདྨ་ལས་བརྫུས་ཏེ་སྐྱེས་པ་སློབ་དཔོན་ཆེན་པོ་པདྨའི་གསང་སྔགས་མང་པོའི་འབྱུང་ཁུངས་ཀྱང་ཡིན། འདིས་ཨརྱ་དེ་ཝ་ལ་སྙིང་ཐིག་བསྟན་པས་འོད་དུ་ཡལ་ཞིང་། སངས་རྒྱས་ཡེ་ཤེས་ཞབས་ལ་རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས་ཞེས་པས་མཚོན་རྫོགས་


JLAZ013_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དང་ཐ་མི་དད་པའི་འཇམ་དཔལ་ཞལ་ལུང་གི་དོན་བསྟན་པའང་བསྟན་བཅོས་རྒྱུད་ཀྱི་དངོས་པོ་ཅན་རྫོགས་པ་ཆེན་པོའི་གྲུབ་མཐའི་ངོ་བོར་གནས། འདིས་མཚོན་ནས་རྒྱ་གར་གྱི་པཎ་གྲུབ་ཕལ་མོ་ཆེ་ཞིག་རྫོགས་པ་ཆེན་པོའི་ལྟ་བ་ལས་དངོས་གྲུབ་བརྙེས་པ་མང་མོད་ཀྱི། མན་ངག་གི་རྒྱུད་འདི་གཞུང་གིས་གསང་ཞིང་ལུ་གུ་རྒྱུད་ལ་སོགས་པའི་མིང་ཙམ་བརྗོད་ཀྱང་དམ་ཚིག་མ་ཡིན་པར་བཤད་པས། རྒྱ་གར་ནའང་ཆིག་བརྒྱུད་འབའ་ཞིག་ཏུ་བཀའ་རྒྱ་དམ། འགྲོ་དོན་ཀྱང་མཁའ་འགྲོ་མ་དང་། མི་མ་ཡིན་གྱི་གནས་ཁོ་ན་ལ་ཆེ་བར་གསུངས་པས་ཐ་མལ་གྱི་གདུལ་བྱ་ལ་ཁྲོམ་བསྒྲགས་སུ་གནང་བའང་མེད། བྱེ་བྲག་ཏུ་རྒྱ་གར་གྱི་སློབ་དཔོན་རྣམས་གསང་བ་བསྲུང་བ་ལ་ཐུགས་སྒམ། ལྷ་དང་སྔགས་ཀྱི་དེ་ཉིད་ཁྱབ་བརྡལ་དུ་མི་སྟོན་པའི་དམ་ཚིག་ལ་ཤིན་ཏུ་གནས་པས་ནམ་དངོས་གྲུབ་ཆེན་པོ་ཐོབ་པའི་མཚན་མ་ཀུན་གྱི་སྤྱོད་ཡུལ་དུ་མངོན་པའི་ཚེ། ཀྱེ་མ་དེ་ནི་སྔགས་ལ་སྤྱོད་པའི་རིགས་ཅན་ནོ། །ཞེས་གླེང་ཞིང་ཤེས་པ་ལས། བསྟན་པ་སྙིགས་ཤིང་གསང་སྔགས་འཆལ་བའི་གནས་སྐབས་ལྟར། གསང་བ་ཁྲོམ་དུ་གྱེར་ཞིང་། རྒྱུད་དང་མན་ངག་རླུང་གིས་དེད་པའི་ཤིང་ལོ་བཞིན་དཔེ་འཁྱམས་སུ་བྱེད་པ་མེད། དཔེར་ན་མར་པས་མིང་ཙམ་ཐོས་པའི་ནཱ་རོ་མཁའ་སྤྱོད་བལ་པོ་ཕམ་མཐིང་པ་ལ་གྲགས་ཟེར་བ་བཞིན་ནོ། །འདི་


JLAZ013_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྲེང་ཆགས་ཀྱི་བརྒྱུད་པར་མ་བཞུགས་ཀྱང་མངོན་གྱུར་པ། པཎ་ཆེན་ཤཱཀྱ་ཤྲིས་སློབ་དཔོན་ཆེན་པོ་ལ་རྡོ་རྗེ་ཕུར་པ་དངོས་སུ་ཐོབ་པ་དང་། ཕ་དམ་པས་སངས་རྒྱས་གསང་བ་ལས་ཡོ་གའི་གདམས་པ་མནོས་ཤིང་། རྫོགས་པ་ཆེན་པོའི་ལྟ་བའི་གྲུབ་མཐའ་འཛིན་པ་དང་། ཞང་གཡུ་བྲག་པའི་མཆིམས་ཕུ་བཀའ་རྒྱ་མར། སློབ་དཔོན་ཆེན་པོ་དང་། བྷོ་དྷི་སཏྭ། བཱི་མ་མི་ཏྲ་རྣམས་ལས་དངོས་སུ་གསན་པའི་རྫོགས་ཆེན་ཡོད། རྗེ་བཙུན་མི་ལས་རྫོགས་ཆེན་ཉན་ཏེ་ལྟ་བ་རིག་ཐོག་ཏུ་མཉམ་པར་མ་བཞག་པས་རེ་ཞིག་རྟེན་འབྲེལ་འཆུགས་མོད་ཀྱི། མཐར་ཐུག་མར་པའི་ཐབས་ལམ་གྱི་རྒྱུ་བྱས་ནས་འབྲས་བུ་རྫོགས་པ་ཆེན་པོ་ཀ་དག་ཆོས་ཟད་ཀྱི་ཀློང་དུ་དངོས་གྲུབ་བརྙེས་པ་ཡིན་ཏེ་ལྟ་བའི་ཞེ་ཕུགས་ལ་ལྟོས། རྣལ་འབྱོར་གྱི་དབང་ཕྱུག་ཀརྨ་པཀྴི། དགའ་རབ་རྡོ་རྗེའི་སློབ་མ་ཏོག་རྩེ་བར་གྱུར་ནས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཁོང་དུ་ཆུད་པའི་སྔོན་གནས་རྗེས་དྲན་ལས་དངོས་གྲུབ་བརྙེས། ཀུན་མཁྱེན་རང་བྱུང་རྡོ་རྗེས་རང་གི་མཛོད་སྤུར་བཱི་མ་ལ་ཐིམ་པའི་རྐྱེན་གྱིས་སྙིང་ཐིག་ཁོང་དུ་ཆུད་དེ་དགོངས་གཏེར་བྱོན། མདོ་སྔགས་གཉིས་ཀ་ལ་བྱང་བའི་གྲུབ་ཆེན་ཨོ་རྒྱན་པ་དང་། ཡང་དགོན་པ་སོགས་འཁོར་འདས་རོ་གཅིག་ཏུ་ཤར་བ་དེ་རྣམས་ཀྱང་རྫོགས་པ་ཆེན་པོ་ལས་དངོས་གྲུབ་བརྙེས་པ་ཤ་སྟག་ཡིན་


JLAZ013_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བསྟན་པའི་བབས་ཚུལ་གྱི་རྟེན་འབྲེལ་ལས། དེ་དག་ལས་རྒྱ་ཆེར་བརྒྱུད་པ་དང་བརྒྱུད་པའང་བཞུགས་པ་ནི། རྒྱལ་བ་རང་བྱུང་རྡོ་རྗེ་ཙམ་ལས་མ་བྱུང་བ་ལྟ་བུས་ཤེས་སོ། །འཇམ་དཔལ་བཤེས་གཉེན་མི་སྣང་བའི་རྗེས་ཤྲཱི་སིངྷས་མན་ངག་གི་དཔེ་ཕྱུངས། ཐིག་ལེའི་སྐོར་ལ་ཕྱི་ནང་གསང་བ་ཡང་གསང་བླ་ན་མེད་པ་སྟེ་སྐོར་བཞིར་ཕྱེ་ནས་དང་པོ་གསུམ་གཏེར་དུ་སྦས། ཕྱི་མ་ཐུགས་ལ་གབ་པ་མཁའ་འགྲོའི་ལུང་གིས་སྐབས་དབྱེ་ཞིང་དེ་ཉིད་དུ་སྦས། སློབ་དཔོན་ཉིད་བསིལ་སྦྱིན་དུར་ཁྲོད་ན་དཔའ་བོ་དང་མཁའ་འགྲོའི་ཚོགས་རྗེར་མཛེས་པ་ཉིད་དོ། །དེ་ལ་བཱི་མ་ལ་མི་ཏྲ་དང་། ཛྙ་ན་སཱུ་ཏྲས་ཞུས་ཏེ། དང་པོ་ནི་ཁྱིམ་བདག་གི་བུ། ཕྱི་མ་ནི་གདོལ་པའི་རིགས་ལས་རབ་ཏུ་བྱུང་། གཉིས་ཀའང་མཁས་པའི་བྱ་བ་མཐར་ཕྱིན་པས་རྡོ་རྗེ་གདན་ན་པཎྜི་ཏ་ལྔ་བརྒྱའི་གཙོ་བོར་གྱུར། ཚེ་སྔོན་སྤུན་ཟླར་གྱུར་པའི་རྟེན་འབྲེལ་ལས་ཐུགས་ཤིན་ཏུ་གཅུགས། རེ་ཞིག་ན་སྐྱོ་སངས་ལ་བྱོན་པས་ནམ་མཁར་རྡོ་རྗེ་སེམས་དཔའི་ཞལ་གཟིགས། ཁྱེད་གཉིས་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་མོད་ཀྱི་འབྲས་བུ་ཅི་ཡང་མ་ཐོབ། ད་ཚེ་གཅིག་གིས་སངས་རྒྱ་བར་འདོད་ན་རྒྱ་ནག་བྱང་ཆུབ་ཤིང་དྲུང་ན་སོང་ཞིག་པར་བསྐུལ། བཱི་མ་ལ་བརྩོན་འགྲུས་ཆེ་བས་སྔོན་ལ་བརྟོལ། རྣལ་འབྱོར་རྒྱུད་དང་མན་ངག་ཕྱི་ནང་གསང་གསུམ་གྱིས་ཚིམས་ནས་


JLAZ013_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལོག །རྗེས་ལ་ཛྙཱ་ན་སཱུ་ཏྲས་བྱོན་བླ་མའི་བྱིན་བརླབས་ཀྱིས་ཟླ་བ་དགུའི་ལམ་ཉིན་ལམ་ལ་བཅད། མཛེས་མ་ཆུའི་བུམ་པ་ཁྱེར་བས་བཀྲ་ཤིས་ཁྲི་སྒོ་ལུང་བསྟན། དེར་བརྟོལ་བ་ན་སློབ་དཔོན་བསིལ་སྦྱིན་དུར་ཁྲོད་ན་བཞུགས་སོ་ཞེས་མཁའ་འགྲོ་མས་ལུང་བསྟན་པ་བཞིན་སོང་། ཤྲཱི་སིངྷ་ཐོད་པའི་ཁང་བུ་བརྩེགས་པ་ན་ཁྱབ་འཇུག་གི་སྟན་ལ་རོལ་པའི་སྟ་སྟངས་སུ་འདུག་པའི་དྲུང་དུ་སླེབས། ཕྱག་སོར་གསུམ་གྱེན་ལ་བསྟན་བྱུང་བས་གདམས་པ་ལོ་གསུམ་ན་ཐོབ་པར་གོ །དེའི་བར་བླ་མའི་ཞབས་ཏོག་བྱས། དེ་ནས་ལོ་དགུར་རྣལ་འབྱོར་རྒྱུད་དང་ཕྱི་ནང་གསང་གསུམ་པོ་གསན། འདི་ལ་དཔེ་ཞིག་འོང་ཐང་སྙམ་པ་སློབ་དཔོན་གྱིས་དགོངས་ཏེ་དཔེ་རྣམས་ཕྱུང་ནས་གནང་། ལྡོག་པར་ཆས་པ་ན་ཚིམ་མམ་གསུངས། ཚིམས་ལགས་ཞུས་པས། གཏད་པ་མེད་གསུངས་པས་གདམས་པ་མ་རྫོགས་པར་གོ །སླར་གསོལ་བ་བཏབ་པས། སྤྲོས་བཅས་བུམ་པའི་དབང་རྫོགས་པར་བསྐུར། གསང་བ་བླ་མེད་ཀྱི་མན་ངག་ལོ་གསུམ་དུ་གནང་། གླེགས་བམ་ནི་མ་བསྟན་ཏེ་དུས་ལ་བབ་པའི་ཚེ་ཁྱོད་ལ་སྣང་བར་འགྱུར་རོ། །ཞེས་ལུང་བསྟན། ད་ནི་གདམས་ངག་ཀྱང་རྫོགས་པར་ཐོབ། ཉམས་སུ་བླངས་བཞིན་པས་བླ་མའི་ཞབས་ཏོག་བྱའོ་སྙམ་པ་ན། སྣོད་ཁྱད་པར་ཅན་དུ་གཟིགས་ནས་


JLAZ013_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་མེད་ཀྱི་དབང་རྫོགས་པར་གནང་། ལོ་གཅིག་ཏུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ཚད་དུ་ཕྱིན་པར་བྱས། གདམས་པ་དུས་གཅིག་ཏུ་མི་སྟོན་པ་ཐེག་པ་རྒྱལ་པོ་འདིའི་རིང་ལུགས་ཡིན་པས། སླར་ཤིན་ཏུ་སྤྲོས་མེད་ཀྱི་དབང་བསྐུར་བས་གནས་ལུགས་ཡིད་དཔྱོད་ལ་མི་རེ་བའི་ངེས་ཤེས་ཁྱད་པར་ཅན་དུ་སྐྱེས། མཐར་རབ་ཏུ་སྤྲོས་མེད་ཀྱི་དབང་རྫོགས་པ་ན་རིག་པ་ཚད་ལ་ཕེབས། ལོ་བཅུ་དྲུག་གི་བར་དུ་བླ་མའི་མཛད་སྤྱོད་ལྟ་ཞིང་ཉམས་སུ་བླངས། དེའི་ཚེ་སློབ་དཔོན་ནི་རྟུལ་ཞུགས་ཀྱིས་ཀུན་ཏུ་སྤྱོད་པ་རྒྱ་མཚོའི་གནས་ལ་ཞུགས་ཏེ་འཇིགས་སུ་རུང་བའི་དུར་ཁྲོད་རྣམས་མྱུལ། འབྱུང་བཞི་ཟད་པར་གྱི་སྤྲུལ་བསྒྱུར་དང་། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས་མཁའ་འགྲོ་དང་། འབྱུང་པོ་དང་། ཤ་ཟའི་དབུས་ན་བག་ཚ་བ་མེད་པར་བཞུགས་ཞེས་གྲག་གོ །དེར་རྒྱལ་པོ་དཔལ་བྱིན་ཞེས་བྱ་བ་དད་དེ་སྤྱན་དྲངས་པ་ན། སེངྒེ་དཀར་མོ་ཡན་ལག་དྲུག་པ་ལ་བཅིབས་ཏེ་གཤེགས། རེ་ཞིག་ནས་གཡོ་བ་དང་། སྒྲ་དང་འོད་ཆེན་པོ་བྱུང་བས་སྐུ་ཡལ་བར་ཤེས་ཏེ་ཛྙཱ་ན་སཱུ་ཏྲས་གསོལ་བ་བཏབ་པས། ཞལ་ཆེམས་གཟེར་བུ་བདུན་པ་ཕྱག་ཏུ་བབས། གསང་བའི་མན་ངག་རྣམས་བཀྲ་ཤིས་ཁྲི་སྒོའི་ཀ་བའི་ཁོང་ནས་ལོངས་ལ་དུར་ཁྲོད་བསིང་གི་ནགས་སུ་སོང་ཞིག་པར་ལུང་བསྟན་ཐོབ། དེར་སྔོན་གྱི་ལུང་


JLAZ013_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཞིན་གླེགས་བམ་རྣམས་ཕྱུང་། རྡོ་རྗེ་གདན་གྱི་ཤར་ཕྱོགས་ནས་རིང་པོར་ཐལ་བ་ན་དུར་ཁྲོད་དེ་ཡོད་སར་བྱོན་ནས་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་ཅིང་བཞུགས་སོ། །དེའི་ཚེ་པཎྜི་ཏ་གྲུབ་པའི་རྣལ་འབྱོར་ཆེན་པོ་བཱི་མ་ལ་དུར་ཁྲོད་དུ་སྤྱོད་པ་ལ་རྒྱུ་བའི་ཚེ། མཁའ་འགྲོ་མ་དཔལ་གྱི་བློ་གྲོས་ཞེས་བྱ་བས་སྔ་མ་ནི་ཐུན་མོང་གི་མན་ངག་ཡིན་གྱི། ཡང་གསང་བླ་ན་མེད་པ་ཐུགས་ལ་གབ་པ་ཡོད་པས། བསིང་གི་དུར་ཁྲོད་དུ་སོང་ཞིག་པར་བསྐུལ། འདི་ལྟར་སྐྱེས་བུ་དམ་པ་རྣམས་ནི་གདམས་པ་དང་ཡེ་ཤེས་ཐོབ་པའི་གནས་ལ་ཤིན་ཏུ་གུས་པར་སྟོན་པས། རྫུ་འཕྲུལ་གྱི་ཀུན་ཏུ་སྤྱོད་པས་སྐད་ཅིག་ལ་གཤེགས་ཏེ་མཉམ་འགྲོགས་དང་ཡིད་གཉིས་སྤངས་ནས་རྗེས་སུ་འཛིན་པར་ཞུས་པ་ན། མཛོད་སྤུ་ནས་འོད་ཟེར་བཀྱེ། སྤྱན་གྱེན་དུ་ལྡོག་པ་ཙམ་གྱིས་ལོངས་སྐུའི་ཞིང་ཁམས་བསྟན་པས་དད་པ་ཤིན་ཏུ་ཐོབ། སྤྲོས་བཅས་ཀྱི་དབང་བསྐུར་བའི་མོད་ལ་སློབ་དཔོན་བི་མ་ལའི་མཛོད་སྤུའི་སྒོ་ཕྱེ། སྤྲོས་མེད་ཀྱི་དབང་བསྐུར་བས་བ་སྤུའི་སྒོ་ནས་འོད་ཟེར་བྱུང་། ཟླ་བ་བཅུ་འཁོར་འདས་རུ་ཤན་ཕྱེ་ནས་ཤིན་ཏུ་སྤྲོས་མེད་ཀྱི་དབང་བསྐུར་བས་ཡོན་ཏན་ཁྱད་པར་ཅན་སྐྱེས། ཤངས་ཀྱི་རྩེར་ཡི་གེ་ཨ་དཀར་པོ་ཐིགས་ལ་ཁད་པ་བྱུང་། རབ་ཏུ་སྤྲོས་མེད་ཀྱི་དབང་བསྐུར་བས་རིག་པ་བཞི་ཐོག་ལས་རྣམ་པར་གྲོལ། འདི་ཙམ་ན་སློབ་


JLAZ013_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གཉིས་ཀ་དགུང་ལོ་བརྒྱ་དང་གསུམ་ཡིན་ཞེས་གྲགས། བརྒྱ་དང་བཅུ་གསུམ་ལོན་ཚེ་ཛྙཱ་ན་སཱུ་ཏྲ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་གཤེགས་ནས་འདས་རྗེས་བི་མ་ལའི་ཕྱག་ཏུ་བབས་པས་སློབ་དཔོན་དང་དགོངས་པ་མཉམ། དེ་ནས་བི་མ་ལས་རྒྱལ་པོ་དྷརྨ་པ་ལ་དང་། ཡུལ་ཀ་མ་རུའི་རྒྱལ་པོ་གཉིས་ཀྱི་མཆོད་གནས་ལོ་ཉི་ཤུ་རེ་མཛད། སླར་རབ་ཏུ་སྣང་བྱེད་ཅེས་བྱ་བར་སྤྱོད་པ་ལ་གཤེགས་ནས་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་དབང་དུ་བསྡུ་བཞིན་པར་གསང་བ་མན་ངག་གི་དཔེ་ཚར་གསུམ་བྲིས། གཅིག་ཨོ་རྒྱན་གྱི་ཡུལ་གསེར་གྱི་བྱེ་མ་བརྡལ་བའི་གླིང་དུ་སྦས། གཅིག་ཁ་ཆེའི་མཐའ་འཁོབ་རིགས་ངན་གྱི་གྲོང་ཁྱེར་དང་ཉེ་བའི་བྲག་སྐྱིབས་སུ་སྦས། གཅིག་དུར་ཁྲོད་དེ་ཉིད་དུ་རྒྱས་བཏབ་བོ། །སྤྱིར་འཛམ་བུའི་གླིང་ན་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས། མཁའ་འགྲོ་ངེས་པར་འདུ་བའི་དུར་ཁྲོད་བརྒྱ་དང་བཅུ་གསུམ་ཡོད། ཀུན་ཀྱང་མི་མ་ཡིན་གདུག་པ་ཅན་དང་། མཁའ་འགྲོ་མས་དབང་བྱས་པས་གདུག་རྩུབ་ཆེ། སྲོག་ལ་བར་གཅོད་ཤིན་ཏུ་རྩུབ་ཅིང་སྐྱི་གཡའ་བ་ཅན། ཨོ་རྒྱན་དང་། ཟ་ཧོར་དང་། ཤམྦྷ་ལ་སོགས་འཛམྦུ་གླིང་གི་གྲུབ་པའི་གནས་ཐམས་ཅད་དུ་སློབ་དཔོན་བི་མ་ལས་སྤྱོད་པ་མཛད་པས། ཉེ་བའི་འཐུང་སྤྱོད་ཙ་རི་ཏྲ་ནའང་མུ་སྟེགས་ཀྱི་རྣལ་འབྱོར་པ་བཏུལ་བའི་ཞབས་རྗེས་ཡོད་པར་


JLAZ013_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། སློབ་དཔོན་བཱི་མ་ལས་དགུང་ལོ་ཉིས་བརྒྱར་ཉེ་བའི་ཚེ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ན་བསྟན་པ་བཙུགས་པའི་སྐབས་སུ་གྱུར། བཙན་པོ་ཉིད་སྐྱེ་བ་སྔ་མ་ལ་རྒྱ་གར་ན། དགེ་སློང་ཨ་བ་དྷུ་ཏི་བར་གྱུར་པའི་བག་ཆགས་ལས་རྒྱུ་འབྲས་བྱ་རྩོལ་ལས་འདས་པའི་ཐེག་པ་རྒྱ་གར་ན་བལྟར་མི་མངོན་པར་ཡོད་པ་ཡང་མཁྱེན། ཁྱད་པར་ཉང་ཏིང་འཛིན་བཟང་པོ་ཞེས་བྱ་བ། མངའ་བདག་གཞོན་ནུར་བཙའ་བའི་བུ་རྫིར་གྱུར་ལ། ཕྱིས་རབ་ཏུ་བྱུང་ནས་ལོ་བདུན་དུ་མཉམ་པར་གཞག་པས་ཏིང་ངེ་འཛིན་གྱིས་འཚོ་ཞིང་། ཤའི་སྤྱན་གྱིས་གླིང་བཞི་ཅིག་ཅར་དུ་གཟིགས་པས་ཉང་བན་ཤའི་སྤྱན་ཅན་ཞེས་གྲགས་པ་དེས་ལུང་བསྟན་ཅིང་བསྐུལ་ནས། རྒྱལ་པོས་བཱི་མ་ལ་རྒྱ་གར་མ་ཧཱ་ར་ཛའི་མཆོད་གནས་སུ་བཞུགས་པ་ལ། གསེར་གྱི་སྐྱེས་བཟང་པོ་དང་བཀའ་རྟགས་མཛད་ནས་ལོ་ཙཱ་བ་སྐ་ཅོག་གཉིས་སྤྱན་འདྲེན་དུ་མངགས། བོད་གདུལ་བྱར་གཟིགས་ནས་ཨ་ཙ་ར་ས་སྙིང་གཡོག་ཏུ་ཁྲིད་ནས་བྱོན། རྒྱ་གར་བ་རྣམས་ཀྱི་རྨི་ལམ་དང་ཆུ་ཚོད་ཀྱི་རྩིས་འཁྲུགས། རྩི་ཤིང་མེ་ཏོག་རྣམས་ཀྱང་བོད་དུ་ཁ་བསྟན། མཁའ་འགྲོ་མ་རྣམས་ཀྱང་ཕྲག་པ་དོག་པས་མཁས་པ་པཎྜི་ཏས་འབྲས་བུའི་ཆོས་ཁྱེར་ནས་བོད་དུ་སོང་བས་ལན་ཟེར། དེར་བོད་ཐེ་ཚོམ་བསྐྱེད་པའི་རྐང་


JLAZ013_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མགྱོགས་པ་བཏང་ནས་ཕྲ་མེན་གྱི་ངན་སྔགས་མཁན་པོ་སོང་ངོ་ཞེས་བི་མ་ལའི་སྔོན་དུ་བརྟོལ་ནས་དབྱེན་ཆེན་པོ་བཅོས་པས། པཎྜི་ཏ་བསམ་ཡས་སུ་ཕེབས་ཀྱང་བོད་རྣམས་ཐེ་ཚོམ་སྐྱེས་པས་བཙན་པོ་དང་མ་མཇལ། སྤྱིར་སློབ་དཔོན་འདི་དགའ་རབ་རྡོ་རྗེ་དང་ལན་བདུན་མཇལ། རྫོགས་པ་ཆེན་པོ་ལ་གྲུབ་པ་ཤིན་ཏུ་བརྙེས་པས། འཁོར་འདས་བློས་བཅོས་ཤིང་རྒྱུ་འབྲས་ལས་འདས་པར་སྟོན་ཕྱིར། དབུ་ཚལ་དུ་རྣམ་སྣང་གི་ལྡེར་ཚོ་ལ་ཕྱག་མཛད་པས་ཐལ་ཕུང་དུ་སོང་། སླར་ལ་ཐེ་ཚོམ་ཆེར་སོང་བས་དབུ་ཞྭ་བསྐོན་ཅིང་ཕྱག་རེག་པ་ཙམ་གྱིས་སྔར་ལས་གཟི་བྱིན་ཆེ་བར་བྱུང་། རྟགས་རྣལ་འབྱོར་པར་ཡོད་པས་ཕྱི་རོལ་པར་དོགས་པའི་ཉེས་པ་སེལ་ཕྱིར་ཡིན་ཡང་ཟེར་ཏེ་ཇི་ལྟར་ཡང་། རྒྱལ་བློན་ཡིད་ཆེས་མ་གྱུར་པས། སྐྱབས་འགྲོ་ཡན་ལག་དྲུག་པ་བྱས། གསུངས་པ་ནི་མད། རྒྱལ་པོ་སླར་དད་དེ་རྒྱུ་འབྲས་ཀྱི་ཆོས་སྤྱི་དང་བྱེ་བྲག་ཏུ་གཉགས་ཛྙཱ་ནས་ལོ་ཙཱ་མཛད་དེ་སྒྱུ་འཕྲུལ་དང་གཡུ་སྒྲ་དང་བཅས་ཏེ་སེམས་སྡེ་ཕྱི་འགྱུར་བཅུ་གསུམ་བསྒྱུར། མན་ངག་སྙིང་ཐིག་རྗེ་བློན་གཉིས་སོགས་སྐལ་བ་དང་ལྡན་པ་འགའ་ཙམ་ལའང་། ལྐོག་ཆོས་སུ་གདམས་པ་འདི་འཐད་པ་ཀུན་མཁྱེན་ཆེན་པོ་བཞེད། ཆོས་འདི་བློ་ལ་ཆུད་པ་དང་། ལྟ་སྤྱོད་ཟུང་འབྲེལ་དུ་ཉམས་སུ་བླངས་ནུས་པ་ཤིན་ཏུ་དཀོན་པར་གཟིགས་ནས། གསང་བ་སྙིང་


JLAZ013_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་བོད་ཡིག་ཏུ་བྱས་ནས་མཆིམས་ཕུའི་དགེ་གོང་དུ་སྦས། རྒྱ་དཔེ་རྣམས་ཕྱི་མའི་དུས་མན་ངག་བསླད་པ་ཅན་འོང་བར་གཟིཊ་ནས་ཞུ་དག་གི་ཆེད་དུ་སྦས་པ་ཞུ་དག་པར་བྱེད་ཅིང་། རྒྱ་ཆེར་འགྲེལ་པ་པོ་ཀུན་མཁྱེན་ངག་གི་དབང་པོ་བསྟན་པ་མི་ནུབ་པའི་རྒྱལ་མཚན་དུ་བྱོན་ཏོ། །བཱི་མ་ལ་སྔ་ཕྱི་གཉིས་སུ་བྱོན་པར་འདོད་པ་ནི། སློབ་དཔོན་འདི་མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་ལ་མཁས་པས་སོ་སོ་ཐར་པའི་རྒྱ་ཆེར་འགྲེལ་ལ་སོགས་པའི་བསྟན་བཅོས་དགག་པར་མི་ནུས་པ་དག་མཆིས་པ། རྫོགས་པ་ཆེན་པོ་ཕྱོགས་གཞན་དུ་འཕུལ་བར་འདོད་པ་དག་གིས་ཀུན་སློང་མིན་ན་རུང་སྟེ། དོན་ལ་ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་དང་། རིམ་གྱིས་དང་། ཅིག་ཅར་འཇུག་པའི་སྒོམ་དོན་གཉིས་ཀྱང་སློབ་དཔོན་འདིས་མཛད་ཅིང་། ཡེར་པའི་དཀར་ཆག་ལས་རབ་བྱུང་གི་མཁན་པོ་མཛད་པའི་ལོ་རྒྱུས་བསྙད་པ་སོགས་རྟགས་ཀྱང་གང་ཡིན་བསྒྲུབ་དཀའ་ལ། སྤྱིར་འཕགས་པའི་གནས་བརྟན་བཅུ་དྲུག་དང་། ཇོ་བོ་ཨ་ཏི་ཤ་ཡང་བཤུལ་ལམ་ལ་ན་བཟའ་དཀར་པོ་ཡིན་ལ། བོད་དེ་ལ་ཁྱིམ་པར་འཛིན་པ་གསན་པས། ན་བཟའ་བརྗེས་ནས་ཕེབས་པ་སོགས་རྟགས་འབའ་ཞིག་ལ་ངེས་པ་ཁོ་ནའང་ཡོད་དཀའོ། །དེ་ལྟར་ལོ་བཅུ་གསུམ་བོད་ཡུལ་དུ་བཞུགས་ནས་སླར་རྒྱ་ནག་རི་བོ་རྩེ་ལྔར་གཤེགས། སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་


JLAZ013_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་ལ་གནས་དེར་འཕོ་བ་ཆེན་པོའི་སྐུར་བཞུགས། ལོ་བརྒྱ་བརྒྱ་ན་བོད་དུ་སྐུའི་བཀོད་པ་རེ་བསྟན་ནས་རྫོགས་པ་ཆེན་པོའི་ལྟ་སྒོམ་ནོར་བ་བསལ་བར་བྱེད། མ་འོངས་པ་ན་བསྟན་པའི་བཙས་གསུམ་འཇིག་རྟེན་གཞན་དུ་འཕོ་བའི་ཚེ། རྡོ་རྗེ་གདན་དུ་འོད་སྐུར་དེངས་པར་འགྱུར་རོ། །ཨ་ཙ་ར་ས་སྙིང་མཆིམས་ཕུར་གྲོངས་པ་ལའང་ལྟས་ཁྱད་པར་ཅན་བྱུང་ནས་བཱི་མ་ལ་གྲོངས་པར་ནོར་བར་བྱུང་ངོ་། །དེ་ལྟར་བཱི་མ་ལ་གཤེགས་ནས་ལོ་ལྔ་བཅུ་རྩ་ལྔ་ན། དེས་མན་ངག་རྗེས་སུ་གདམས་པ་ཉང་ཏིང་འཛིན་བཟང་པོ་རྒྱུད་རྣམ་པར་དག་སྟེ་ཕུང་པོ་ཟག་མེད་དུ་གྱུར། རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་པའི་ནས་རྔ་མོའི་ཁལ་རྒྱབ་བརྒྱ་བཀལ་བྱུང་བ་ལ་རྡོ་རྗེ་འཕངས་པས་དམ་ཚིག་དྲན་ཏེ་ནས་རྣམས་ལས་ཕྲལ་ཕུལ། དེ་ལ་རྒྱུ་བྱས་ནས་དབུ་རུ་ཞྭའི་ལྷ་ཁང་བཞེངས་སོ། །གདམས་པ་རྣམས་ཀེ་ཚང་རིས་གསུམ་གྱི་སྒོའི་ཀ་བའི་ཁོང་སེང་དུ་སྦས། སྙན་བརྒྱུད་སྲོལ་མི་ཉམས་པའི་ཆེད་དུ་འབྲོ་རིན་ཆེན་འབར་བ་ལ་བཤད། ཉང་བན་ཆེན་པོ་ལྷ་ས་བྲག་ལྷའི་ཕུག་ཏུ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་ཡལ་ལོ། །མན་ངག་སྙིང་གི་ཐིག་ལེའི་སྐབས་ཀྱི་གཏམ་མོ། །རྫོགས་པ་ཆེན་པོ་སེམས་ཕྱོགས་སུ་གྲགས་པ་ནི། དུས་དེར་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་བསྒྱུར་བའི་རྣམ་དཔྱོད་བསམ་གྱིས་མི་ཁྱབ་པ་གཅིག་པོའི་གནས་ལའང་ཕྱིས་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས། བཻ་རོ་ཙཱ་ན་ནམ་མཁའི་


JLAZ013_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་འདྲ། །རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ། །ཞེས་བསྔགས་པའི་བ་དན་དཀར་པོར་གཟེངས་སུ་མཐོ་བར་མཛད་ཅིང་། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ། མཁྱེན་པ་དང་རྫུ་འཕྲུལ་དཔག་ཏུ་མེད་པའི་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙཱ་ན་དང་། གཙང་ལེགས་གྲུབ་གཉིས་པ་བཙན་པོའི་ཐུགས་བསྐྱེད་ཀྱི་ཤིང་རྟ་ལས་མན་ངག་ཡིད་བཞིན་ནོར་བུ་འདྲེན་པའི་དེད་དཔོན་དམ་པར་རྒྱ་གར་འཕགས་པའི་ཡུལ་ལ་ཆས་སོ། །དེར་བཻ་རོ་ལ་ལམ་དུ། མེ་དང་། ཆུ་དང་། དུག་དང་། མཚོན་དང་། ཁང་པ་རྡིབ་པ་དང་། གཅན་འཕྲང་པས་སྲོག་ལ་རྒོལ་བ་ལ་སོགས་འཆི་ལ་ཐུག་པའི་ཡེ་འབྲོག་ཆེན་པོ་ལྔ་བཅུ་རྩ་བདུན་བྱུང་ཡང་ལ་ལ་ནི་དཀའ་སྤྱད་ཁུར་དུ་བཟོད་པའི་སྙིང་སྟོབས་ཀྱིས་བཟློག །ལ་ལ་ནི་སྙིང་རྗེ་ཆེན་པོ་གཞན་དབང་གིས་བསལ། ལ་ལ་ནི་རྫུ་འཕྲུལ་གྱི་བཀོད་པ་ཟད་མི་ཤེས་པས་སྤྲུལ་ཞིང་བསྒྱུར་བ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལས་ཉམས་པ་མེད་དོ། །དེར་སློབ་དཔོན་ཆེན་པོ་ཤྲཱི་སིངྷའི་རྫུ་འཕྲུལ་གྱི་བཀོད་པས་མངོན་པར་འདུ་བྱས་པ་དྷ་ན་ཀོ་ཤའི་ཙན་དན་བསིལ་བྱེད་ཀྱི་ནགས་རིན་པོ་ཆེ་ཟ་མ་ཏོག་སྤུངས་པའི་ཁབ་ཞེས་བྱ་བ། དཔེར་ན་སྒྱུ་མ་མཁན་བཟང་པོས་བདག་ཅག་གི་སྟོན་པ་སྒྱུ་མའི་མིག་འཕྲུལ་གྱིས་བསླུ་


JLAZ013_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བར་བརྩམས་པའི་ཚེ། བཟང་པོའི་མདུན་ཁང་ཀྱང་སྐུ་ལུས་ཀྱི་བཀོད་པས་མཛེས་པར་བྱས། མ་སྐྱེས་དགྲའི་ཁང་ཁྱིམ་ན་ཆོས་སྟོན་གསོལ། ཀུན་ཏུ་རྒྱུའི་སྲང་ན་བསོད་སྙོམས་བྱེད། འཚོ་བྱེད་ཀྱི་ཚལ་ན་འཁོར་རྣམ་པ་བཞི་ལ་ཆོས་སྟོན། སུམ་ཅུ་རྩ་གསུམ་ན་ལྷ་རྣམས་ལ་ཆོས་སྟོན་པས་མཚོན་པར། ཀེ་ཚང་ཆེན་པོ་རིམ་པ་དགུའི་ཡང་སྟེང་ན་དགའ་རབ་རྡོ་རྗེ་ལ་སོགས་པ་བཞུགས་པའི་གནས་སུ་བརྟོལ་ཏོ། །འདི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱི་ཁང་བརྩེགས་བཅུ་པའི་ཡང་ཐོག་ན། སངས་རྒྱས་རྣམས་ཆོས་བགྲོ་བ་དང་། བརྩེགས་དགུ་པ་ན་ས་བཅུ་པ་རྣམས་གནས་པ་དང་ཆོས་མཚུངས་པའི་གནས་ཕལ་པ་མིན་པར་དཔའ་བོ་གཙུག་ཕྲེང་འཆད་པ་ནི་རྣམ་དཔྱོད་ཆེ། དེར་བཻ་རོས་གསེར་རྣམས་ས་འོག་ཏུ་བསྐུངས། མན་ངག་གི་ཆོས་ལ་སུ་མཁས་དྲིས་པས། མཁས་པ་ཉེར་ལྔའི་སྲས་པཎྜི་ཏ་སྟོང་གི་སློབ་དཔོན་ཤྲཱི་སིངྷ་ཉིད་ཡིན་ཟེར། ཆུ་ལེན་གྱི་རྣལ་འབྱོར་མ་ཞིག་བྱུང་བར་ཕྲིན་དུ་མར་རྫངས་ཀྱང་ལན་མ་བྱུང་། ལན་ཅིག་བཻ་རོས་ལྟ་སྟངས་བྱས་པས་དེའི་ཆུ་བན་ས་ལ་འབྱར། དེ་ན་རེ་ཁྱོད་ཀྱང་རྫུ་འཕྲུལ་ཅན་ཞིག་སྟེ་བདག་ལའང་འདི་ལྟ་བུ་ཟེར་ནས་རང་གི་བྲང་ཕྱེ་ཏེ་རྡོ་རྗེ་དབྱིངས་ཀྱི་ལྷ་སོ་བདུན་བཀྲ་ལམ་མེ་བསྟན། སླར་བརྡ་ཐབས་ཀྱི་ནང་དུ་བརྟོལ་བར་གྱིས། བརྡའ་འདི་ལ་ལན་འདི་སྟོན་གྱི་གསང་ཚིག་བསླབས། དེར་སྐབས་


JLAZ013_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་ནས་ནང་དུ་ཚམ་ཚོམ་མེད་པར་བྱོན། ཀེ་ཚང་འོག་མའི་མཁས་པ་རྣམས་ཕྱག་དང་བརྡའ་ལན་གྱིས་མཉེས་པར་བྱས། ནང་པར་ཤྲཱི་སིངྷ་དང་མཇལ། གསེར་གྱི་ཕྱག་རྟེན་དཔག་ཏུ་མེད་པ་ཕུལ། རྩོལ་མེད་ཀྱི་ཐེག་པ་གསུང་བར་གསོལ་བ་བཏབ་པས། ཆོས་ཀྱི་བཀའ་རྩིས་གསལ་བའི་ཕྱིར་དོ་ནུབ་བརྟག་གིས་གསུང་། ནང་པར་དུས་གསུམ་གྱི་ལུང་བསྟན་དང་རྩིས་རྒྱ་བཏབ་ནས་ད་ནི་ཁྱོད་ལ་བསྟན་པར་བྱ་སྟེ། གསང་བ་མ་བསྲུངས་ན་མན་ངག་འདི་གང་དགར་སྤྱད་དུ་མེད། རྒྱལ་པོའི་ཆད་པས་འུ་ཅག་གསུམ་ཀའི་སྲོག་ལ་ཡོང་མཆིས། དེས་ན་པཎྜི་ཏ་བརྒྱ་ལ་གསེར་གྱི་ཕྱག་རྟེན་ཕུལ་ལ་རྒྱུ་འབྲས་ཀྱི་ཆོས་ཉོན། དེ་ཁོ་ན་གཉེར་བྱའི་གཙོ་བོ་ཡིན་པ་ལྟར་གྱིས། མཚན་མོ་མན་ངག་གིས་ཆོས་བསྟན་གྱིས་གསུངས། དེར་བྲམ་ཟེ་ཤིན་ཏུ་བཙན་པར་ཡོད་པས་དཔྱད་མི་བཟོད་པའི་རྟེན་འབྲེལ་བྱས། སློབ་དཔོན་གྱིས་མཚན་མོ་གསང་བ་གདམས་པའི་མན་ངག་སེམས་སྡེ་བཅོ་བརྒྱད་རྣམས་དར་དཀར་ལ་ར་དཀར་མོའི་འོ་མས་བྲིས་དུད་པས་བདུགས་ན་ཡི་གེ་གསལ་བའི་ཐབས་བྱས། བམ་པོ་མང་པོ་ཡུད་ཡུད་ལ་ཚར་བར་མཛད། གཙང་རིས་ཀྱི་མགོན་པོ་མ་ཚང་བ་མེད་པ་དང་། གསང་སྔགས་ཕྱི་ནང་གི་སྲུང་མ་ཐམས་ཅད་ལྷགས་ཏེ་བསྟན་པ་འདི་བསྲུང་བའི་ཆད་ཐོ་བླངས་ཤིང་།


JLAZ013_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གསང་བའི་རྒྱས་བཏབ་བོ། །དེའི་ཚེ་གཙང་བན་ལེགས་གྲུབ་མན་ངག་དེ་ཙམ་གྱིས་ཚིམ། རྒྱལ་པོ་ལ་ངོ་སོ་འདོད་ནས་སྔོན་ལ་དེངས་པ་ལམ་དུ་གཅན་ཕྲང་པས་བསད། བཻ་རོ་ཙཱ་ན་སྙིང་སྟོབས་འགྲན་ཟླ་མེད་པས་ད་དུང་མ་ཚིམ་པར་བཞུགས་པས་སློབ་དཔོན་གྱིས་ནའམ་གསུངས། བཻ་རོས་མཐོང་སྟེ་མ་ཕྲད་རང་སེམས་ན། མྱང་སྟེ་མཚིམ་རང་སེམས་ན་བྱ་བ་ལ་སོགས་པ་དང་། ལྟ་བ་ཕྱོགས་རིས་མེད་པ་དེ། །ལས་དང་རྟོག་པའི་འཕྲང་ལ་རྡུགས། །སྤྱོད་པ་བླང་དོར་མེད་པ་དེ། །འདོད་རྩོལ་གཉིས་ཀྱི་འཕྲང་ལ་རྡུགས། །ལམ་ལ་བགྲོད་དུ་མེད་པ་དེ། །ལུང་དང་རིག་པའི་འཕྲང་ལ་རྡུགས། །རང་བྱུང་ཡེ་ཤེས་ཆེན་པོ་དེ། །བག་ཆགས་སྟུག་པོའི་འཕྲང་ལ་རྡུགས། །དུས་གསུམ་སངས་རྒྱས་དགོངས་པ་དེ། །བྱིང་རྒོད་གཉིས་ཀྱི་འཕྲང་ལ་རྡུགས། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་དེ། །བརྡའ་དོན་ཕྲད་པའི་འཕྲང་ལ་རྡུགས། །རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་དེ། །བརྡའ་དོན་དབྲལ་བའི་འཕྲང་ལ་རྡུགས། །སངས་རྒྱས་སྤྱོད་ཡུལ་རང་དབང་དེ། །སྤྱི་བླུགས་ཚང་བའི་དབང་ལ་རྡུགས། །ཆ་ལ་སེར་སྡེ་བཅོ་བརྒྱད་པོས། །འཕྲང་བརྒྱད་སྐྱེལ་མ་མ་གཤོགས་པས། །བདག་ཉིད་བཻ་རོ་ཙཱ་ན་པ། །ཡུལ་དུ་འགྲོ་བའི་འཕྲང་ལ་རྡུགས། །ཞེས་གསུངས། འདི་ནི་ཚིག་ཚོན་པོ་བླ་ན་མེད་པར་སྣང་སྟེ། སྤྱིར་སྔགས་ཀྱི་རྡོ་རྗེའི་གནས་ཆེན་པོ་རྣམས་དང་ཁྱད་པར་ཐེག་པའི་


JLAZ013_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་དགོངས་པ་ལ་མཁས་སུ་རློམ་པའི་རྟོག་དཔྱོད་ཅན་རྣམས་ཀྱི་སུན་འབྱུང་གི་བློས་གཞལ་ན་རྒྱུ་འབྲས་རྣམ་པ་འགལ་བ་ལྟར་འཆར་བའི་མཚང་དང་། གོལ་ས་མུས་པ་འདིས་བསྟན་ཏོ། །དེར་སློབ་དཔོན་ཤྲཱི་སིངྷས་རྒྱུད་སྡེ་དྲུག་ཅུའི་དབང་དང་མན་ངག་བྱིན། འབྲས་བུ་རང་ཆས་སུ་སྟོན་པ་རྒྱ་མཚོའི་ཀློང་ལ་སོགས་པ་བསྟན་པས་རྟོགས་པའི་མཐར་ཕྱིན། ད་དུང་མ་ཚིམ་པ་ལྟར་མཛད་ནས་ཆད་ལ་བོར་བས། ཆོས་ཀྱི་དབྱིངས་ལ་ཟད་མེད་ཀྱང་། །དེ་བཞིན་ཉིད་ལ་གཅིག་ཤེས་ན། །མ་ལུས་དེ་ལ་ཡོངས་སུ་རྫོགས། །དེ་ལས་ཡོད་ན་སིདྡྷི་ཀན། །ཞེས་གསུངས་ནས་གདམས་པ་མིག་འབྲས་ལྟར་བཙའ་བ། ཁོང་སྙིང་ལྟར་བཙའ་བ། སྲོག་ལྟར་བཙའ་བ་སྟེ་བཙའ་ལུགས་གསུམ། དེ་བཞིན་དུ་སྦྱིན་པའི་གནས་བཞི། མི་སྦྱིན་པའི་གནས་བཞི་ལེགས་པར་གདམས། དགའ་རབ་རྡོ་རྗེ་དང་མཇལ་བའི་ལུང་བསྟན་ཐོབ་པས་དེ་ཉིད་དུ་བཙལ་ཡང་མ་རྙེད། མཁའ་འགྲོའི་ལུང་གི་ཨོ་རྒྱན་དུ་སོང་ཞིག་པར་སྐབས་དབྱེ་བས། དྷུ་མ་ཐ་ལའི་དུར་ཁྲོད་ཆེན་པོར། སློབ་དཔོན་དགའ་རབ་རྡོ་རྗེ་དང་མཇལ་ནས། རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དངོས་གྲུབ་ཐོབ་ཅིང་སློབ་དཔོན་འོད་ཕུང་དུ་ཡལ་ལོ། །བོད་འདིར་བསམ་གྱིས་མི་ཁྱབ་པའི་


JLAZ013_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་བློར་མི་གནས་པས། ཐ་མལ་གྱི་རྟོག་དཔྱོད་ཁོ་ནས་ཆོས་ཀྱི་ཚིག་དོན་འཇལ་བ་བྱུང་མོད། འདིར་དགའ་རབ་རྡོ་རྗེ་ཀེ་ཚང་དང་པོ་ན་བཞུགས་པའོ་སྙམ་ན། མཆོག་གཟིགས་ཀྱི་གྲུབ་པའི་དབང་ཕྱུག་རྣམས་ལ་ཨོ་རྒྱན་ལས་འོག་མིན་ཡང་ལོ་ཟླས་བཅད་པའི་ཡུན་ན་མེད་དེ། འདིར་སློབ་དཔོན་བཻ་རོ་ཙཱ་ནས་གནས་དེ་ཉིད་དུ་རྟོགས་གྲོལ་དུས་མཉམ་གྱི་དངོས་གྲུབ་ཆེན་པོ་བརྙེས་པས་ཨོ་རྒྱན་གྱི་ཡུལ་ལ་དྲན་པ་ཉེ་བར་གཞག་ནས་གོམ་པ་གཅིག་ཙམ་ཡང་འཕགས་པའི་གཏན་ཚིགས་བསྒྲུབ་པར་མི་བྱའོ། །དཔེར་ན་ཏེ་ལོ་པས་ནཱ་རོ་པ་རིམ་པ་མང་པོའི་ཡང་ཐོག་ནས་སྐྱུར་ཟེར་བ། དོན་ལ་རྡེའུ་གཅིག་གིས་སྟེང་ནས་ཀྱང་ལྷུང་བ་མེད་པའི་ཆོས་ཉིད་རྣལ་འབྱོར་དབང་པོ་ཨ་ནནྟས་རང་གི་རྣམ་ཐར་ན་བཀོད་པ་བཞིན་ནོ། །དེ་བཞིན་དུ་གཏན་ཚིགས་ལ་མངོན་པར་ཞེན་པའི་བློ་ཆུང་གིས་ཤྲཱི་སིངྷ་དང་བཻ་རོ་སྔ་ཕྱི་འགལ་བའང་མཐོང་སྲིད་ཀྱི། དེ་དག་ཡེ་ཤེས་སྐུ་ཅན་ཡིན་པ་སྐུ་ལ་འདས་གྲོངས་མི་མངའ། ལས་དག་པས་ད་ལྟའང་མཇལ་དུ་ཡོད་ལ། མ་ཏཾ་གི་པ་ཀླུ་སྒྲུབ་ཀྱི་སློབ་མར་གྲགས་པ་བཞིན། དེ་གཉིས་སྔ་ཕྱི་རིང་བོར་འཛོལ་བའི་དཔེ་ཤེས་པར་བྱའོ། །མཚན་ཉིད་འདི་ལ་བློ་གྲོས་ཚད་མ་ཏཱ་ར་ནཱ་ཐས། སྔོན་བོད་དུ་བྱུང་བའི་ལོ་རྒྱུས་རྣམས་ན། དབང་བསྐུར་ཞིང་གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་སྩལ་ཞེས་


JLAZ013_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། སོ་སོའི་སྐྱེ་བོའི་སློབ་དཔོན་གྱིས་སློབ་མ་ཕལ་པ་གཅིག་ལ་བྱེད་པ་བཞིན་དུ། རྡུལ་ཚོན་བཞེངས། དབང་རྫས་བསགས། ཆོག་འདོན་བཏང་། ཉིན་མོ་བསྒྲུབས། མཚན་མོ་བསྐུར། དཔེ་ཆ་སྒྲོག་པ་དང་། གཞུང་གི་འབྲུ་བཤད་མཛུབ་ཁྲིད་བྱེད་པ་དང་། འཛིན་ཆོས་བཏང་བ་མ་ཡིན་ཏེ། སློབ་དཔོན་ནག་པོ་སྐལ་ལྡན་གྱི་གང་ཟག་དེ་ལ། སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེས། དགོངས་པ་གཏད་དེ་ཐུགས་རྒྱུད་བྱིན་གྱིས་བརླབས་པ་ཙམ་གྱིས། སྐད་ཅིག་དེ་ལ་ཡེ་ཤེས་ཁྱད་པར་ཅན་བརྙེས། རྒྱུད་དོན་མ་ལུས་པ་ཐུགས་སུ་ཆུད། བཀའི་གནང་བ་སྩལ་པ་ཙམ་གྱིས་སེམས་ཅན་གྱི་དོན་རྒྱ་ཆེར་སྤྱོད་པའི་ནུས་པ་ཐོབ་པ་དེ་ཀ་དབང་བསྐུར་བ་དང་གདམས་ངག་རྗེས་གདམས་བླ་ན་མེད་པ་ཡིན་ནོ། །འདིས་མཚོན་པའི་སྔོན་གྱི་གྲུབ་ཐོབ་ཆེན་པོ་རྣམས་ཀྱི་རྣམ་ཐར་ན། གཅིག་གིས་གཅིག་ལ་གདམས་ཚུལ་ཡོད་པ་རྣམས། ཕལ་ཆེར་དེ་བཞིན་ཡིན་ལ། རང་ཅག་བོད་འདི་ན་གོ་བ་འདི་ཙམ་ལ་ཡང་མཐའ་གཉིས་གང་རུང་གཅིག་ཏུ་ལྷུང་བར་སྣང་སྟེ། བླུན་པོ་རྣམས་དང་། བླུན་པོའི་རྗེས་འབྲངས་མཁས་འདོད་ཡོད་པ་ཕལ་ཆེར་ཞིག་ནི། གྲུབ་ཐོབ་རྣམས་ལ་དེ་ལྟར་ཡིན་པའི་གོ་བ་རབ་རིབ་གཅིག་ཤར་བ་རྒྱུ་མཚན་དུ་བྱས་ནས། ད་ལྟའི་བླ་མ་དང་། སློབ་མ་ཕལ་པ་ལམ་སྣ་ཙམ་ཡང་མ་ཟིན་པ། རྒན་


JLAZ013_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རྒོན་རྣམས་ལ་ཡང་གྲུབ་ཐོབ་ཀྱི་རིགས་འགྲེ་འགྲན་འདོད་བྱས་ཏེ། དབང་བསྐུར། རྒྱུད་བཤད། མན་ངག་ཐམས་ཅད་རྩ་བས་བཅད། པོ་ཏི་མགོ་ལ་འཇོག་པ་དང་། དགོངས་པ་གཏད་པས་ཆོག་པ་སོགས་མི་ཤེས་པ་དང་མ་ལྕོགས་པ་ལ་བཟང་བཟང་མོ་དང་དཔའ་བོ་དཔའ་མོ་བྱེད་དོ། །དེ་རིགས་བླ་མས་མ་བཤད། སློབ་མས་མ་གོ། དཔོན་སློབ་གཉིས་ཀར་གྱིས་ཅི་ཡང་མི་ཤེས་པ་ལ་ཤེས་མདོག་བྱེད་པ་ལས་མི་ཡོང་བར་འདུག་པ་འདི་ཆད་པའི་མཐའ་ཡིན་ཡང་། སྔགས་གཞུང་དང་ཆོ་ག་ལ་གཙིགས་སུ་བྱེད་པ་རྣམས་ཀྱང་། ད་ལྟ་ལས་དང་པོ་པ་གང་བྱེད་པའི་རྒྱས་བཀབ་སྟེ། འཕགས་པ་དང་། གྲུབ་ཐོབ་དང་། སྒྲུབ་པ་པོ་མཆོག་རྣམས་ལའང་བྱེད་པ་ནི། བསྒྲིགས་བཀོད་དམ་དམ་མོ་དང་། མཁས་འདོད་བྱས་པས་གཏི་ཐུག་ཏུ་སོང་སྟེ། འདི་ག་ལ་ལྟོས་པའི་རྟག་པའི་མཐའ་ཡིན་ནོ། །དེས་ན་ལས་དང་པོ་པ་ལ་བརྒྱུད་པ་ཁུངས་ལ་ཐུག་པའི་ཆོས་བཀའ་མ་ཆད་པ་ཞིག་དགོས། ཆོ་ག་ལག་ལེན་བྱང་ལ་མ་ནོར་བ་ཞིག་དགོས། བསྙེན་བསྒྲུབ་ལ་སོགས་པ་ཚད་དུ་ཕྱིན་པ་ཞིག་དགོས། རང་རང་གི་གཞུང་བཤད་ཐེ་ཚོམ་ཆོད་ངེས། བློ་རྩེ་གཏད་མཚམས་ཡོད་ངེས་པ་ཞིག་དགོས། མན་ངག་རྣམས་ལག་ལེན་དུ་བཏབ་ན་ཐེབས་ངེས་


JLAZ013_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་དགོས་སོ། །གྲུབ་པ་ཐོབ་པ་རྣམས་ཀྱི་སྤྱོད་ཡུལ་ནི་གཞན་མ་ཡིན་པས། དེ་འདྲའི་ངེས་ཁྲིགས་མེད་ཀྱང་། དེ་ལ་ལོག་ལྟ་དང་ཐེ་ཚོམ་མི་བྱ། གུས་པས་གསོལ་བ་ཐོབ་ཅིག་ཅེས་སོ། །དེར་རྒྱ་གར་བ་ཆོས་ལ་ཕྲག་དོག་པས་རྗེས་བསྙེགས་བྱུང་གིས་དོགས་པས། བཻ་རོས་རྐང་མགྱོགས་ཀྱི་གདམས་པ་ཉམས་འོག་ཏུ་བཙུད། རྐང་མགྱོགས་ཀྱི་གཙོ་བོ་ལ་བརྔན་པ་བྱིན་པས་རྗེས་མ་ཟིན་པ་ལྟར་བྱས། བོད་དུ་མྱུར་བར་ཕེབས། བཙན་པོ་ལ་ཉིན་མོ་རྒྱུ་འབྲས་ཐུན་མོང་བའི་ཆོས་དང་། མཚན་མོ་རྫོགས་པ་ཆེན་པོ་ལྐོག་ཆོས་སུ་གསུངས། དེའི་ཚེ་རྒྱ་གར་བའི་རྨི་ལྟས་ལོག །རྡོ་རྗེ་གདན་གྱི་ཆོས་མཛོད་ཆེན་པོའི་རྒྱ་རུ་སྤྲོད་ཞིག་པས་ཆོས་མ་ཚང་པར་ཤེས། བོད་ཐེ་ཚོམ་བསྐྱེད་པའི་ཕྲ་མ་མཁན་བཅུག །བཙུན་མོ་ཚེ་སྤོང་བཟས་བཻ་རོ་བསླུ་བར་མ་ཚུགས་པས་སྡིག་བློན་རྣམས་བསླད། རྒྱ་གར་བའི་ཕྲ་མ་ལ་བསྙད་ནས་བཻ་རོ་ཁྲིམས་ལ་སྦྱར་བར་གསོལ། རྒྱལ་པོས་སྤྱུགས་པར་ཞལ་གྱིས་བཞེས་ནས་ཀུན་རྫོབ་ཏུ་སྤྲང་པོ་ཆུ་ལ་སྦྱངས། སློབ་དཔོན་དབུ་རྩེའི་གདུགས་ཁང་དུ་བལྟར་མི་མངོན་པར་བྱས་པའང་། དམར་རྒྱན་གྱིས་ཤེས་ནས་བཻ་རོ་ཚ་བའི་རོང་དུ་སྤྱུགས་དགོས་པ་བྱུང་། འདི་དག་གི་གཏམ་འདྲ་འབག་ལ་སོགས་པ་ལས་རྒྱས་


JLAZ013_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱུང་བ་འདིར་དེ་ཙམ་མོ། །དམ་པའི་ཆོས་བསྒྱུར་བའི་རྣམ་གྲངས་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ་སོགས་པ་སེམས་སྡེ་ཉེར་གཅིག །ལུང་བམ་པོ་བཅོ་བརྒྱད། ཀློང་སྡེའི་རྒྱུད་ནམ་མཁའ་ཀློང་ཡངས་ལ་སོགས་པ་ཚིག་བམ་པོ་ཉི་ཁྲི། དེ་དག་ཀྱང་གྲུབ་པའི་སྐྱེས་བུ་རྣམས་ཀྱི་ཕྱག་ན་བཞུགས་པའི་དབང་དུ་བྱས་ཏེ་ཚང་བར་མ་འགྱུར་རོ། །སླར་བཻ་རོས་རྒྱལ་མོ་ཚ་བའི་རོང་དུ་གཡུ་སྒྲ་སྙིང་པོ་རྗེས་སུ་བཟུང་། ཡུལ་དེ་སྨིན་པར་མཛད། ཁམས་སུའང་འགྲོ་དོན་མཛད། རྒྱ་ནག་ཏུ་གཤེགས་ནས་གྲུབ་པ་མཆོག་དང་མཁའ་འགྲོ་མ་རྣམས་དང་ཆོས་སྐད་འདྲེས། ཡར་ལམ་ཡེ་ཤེས་གསང་བ་ལ་སོགས་པའི་རྒྱུད་ལ་བརྟེན་པ་རྡོ་རྗེ་ཟམ་པའི་མན་ངག་གིས། སྤངས་མི་ཕམ་མགོན་པོ་རྗེས་སུ་བཟུང་། དེ་ནི་ལོ་བརྒྱད་ཅུ་རྩ་ལྔ་ལོན་པ་གཞོན་ནུའི་དུས་ཆོས་མ་གྲུབ། རྒས་ནས་ཉེ་འཁོར་དང་སྤུན་ཡང་སྡང་བར་གྱུར་པ་ཞིག་སྟེ། རྒས་ཆེས་པས་ལུང་ཟུངས་ངན་པ་ལ་སྒོམ་ཐག་དང་སྒོམ་བརྟེན་བཅས། གདམས་པ་ཡིད་ལ་ཟིན་པའི་ཕྱིར་ཚུལ་ཤིང་གཏད། སློབ་དཔོན་གྱི་ལུང་བཞིན་ཉམས་སུ་བླངས་པས་ཆོས་ཉིད་གཅེར་མཐོང་དུ་ངོ་འཕྲོད། རྟོགས་པ་ཐོད་རྒལ་དུ་སྐྱེས་པས་རྒད་པོ་དགའ་ཆེ་སྟེ་སློབ་དཔོན་གྱི་མགུལ་པར་འཁྱུད་ནས་ཞག་གཅིག་ཏུ་མ་བཏང་། དངོས་གྲུབ་བརྙེས་


JLAZ013_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལོ་བརྒྱ་ལྷག་བཅས་སུ་ཐུབ། དེས་ངན་ལམ་བྱང་ཆུབ་རྒྱལ་མཚན་ལ་བཤད་ནས་རིམ་པར་འཇའ་ལུས་གྲུབ་པ་ཤ་སྟག་བྱུང་སྟེ། འོག་ཏུ་རྡོ་རྗེ་ཟམ་པའི་རྒྱུད་རིམ་ལ་འཆད་དོ། །དེ་ལྟར་བཻ་རོས་རིམ་པ་སྔར་བཤད་པའི་ཕྱི་མ་ལི་བཟའ་ཤེས་རབ་སྒྲོན་ཏེ། འདིས་བཻ་རོ་ལི་ཡུལ་དུ་སྤྱན་དྲངས། མཐར་བལ་བོ་བ་སེངྒེ་ནགས་སུ་འོད་ཀྱི་སྐུར་དེངས་ཞེས་གྲག་གོ །གངས་ཅན་པ་རྣམས་ཀྱི་སྐྱབས་དང་། མགོན་དང་། རྟེན་དང་། དཔུང་གཉེན་གཅིག་པུ་པ་ཨུ་རྒྱན་སངས་རྒྱས་གཉིས་པ་ལས་ཇི་ལྟར་བརྒྱུད་པ་ནི། སྤྱིར་སློབ་དཔོན་ཉིད་སྐུ་གསུམ་གྱི་སྟོན་པ་རྒྱ་མཚོའི་ངོ་བོ་ཉིད་ཡིན་པས་བརྒྱུད་པ་བྲེང་ཆགས་ཀྱི་མཚན་ཉིད་ལའང་ལྟོས་པ་མེད་དེ། སྐུ་གསུམ་གྱི་ཞིང་ཁམས་རྟེན་བརྟེན་པར་བཅས་པ་རང་གི་མཚན་ཉིད་དང་གཉིས་སུ་མེད་པས་སོ། །དེ་ལས་གཞན་སྣང་འཁྲིད་ཚུལ་གྱི་སྒོ་ནས་ཤྲཱི་སིངྷ་དང་། འཇམ་དཔལ་བཤེས་གཉེན་སོགས་ལས་གདམས་པའི་བཀའ་བབས་རྙེད་པའི་ཚུལ་བསྟན། བོད་དུ་བི་མ་ལས་མན་ངག་སྙིང་ཏིག་དང་། བཻ་རོས་སེམས་ཕྱོགས་དར་བར་མཛད་པས། དེ་དག་ཕྱི་མཐར་འཆལ་ཞིང་། གདམས་པའི་སྙིང་པོ་དང་བྲལ་བའི་ཚེ་འགྲོ་དོན་ཆེ་བར་དགོངས་ནས་རང་གི་སྙིང་ཐིག་གཞོ་སྟོད་ཏི་སྒྲོར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ལྐོག་ཆོས་སུ་གདམས། མངའ་


JLAZ013_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་བཙུན་མོ་འབྲོམ་བཟའ་བྱང་ཆུབ་སྨན་ལས་འཁྲུངས་པ་ལྷ་ལྕམ་པདྨ་གསལ་ལོ་བརྒྱད་ལོན་པ་ཞིག་ཚེའི་དུས་བྱས་པར། ཡབ་རྒྱལ་པོ་མྱ་ངན་གྱིས་དུབ་པ་བསལ་བའི་ཕྱིར། མཆིམས་ཕུར་ལྷ་ལྕམ་གྱི་ཕུང་པོའི་སྙིང་ཁར་མཚལ་གྱི་ཡི་གེ་ནྲྀ་གཅིག་བྲིས། ཏིང་ངེ་འཛིན་གྱི་ལྕགས་ཀྱུ་རྣོན་པོས་རྣམ་ཤེས་བཀུག་པས། མིག་ལྟ་ཞིང་སྨྲ་ཤེས་པར་གྱུར་པའི་ཚེ་མན་ངག་མཁའ་འགྲོའི་སྙིང་ཐིག་བྱིན་རླབས་འཕོ་བའི་སྟོབས་ཀྱིས་གདམས་ནས། སྐྱེ་བ་ཕྱི་མའི་ཆོས་སྐལ་དུ་དབང་བསྐུར། ཟབ་མོའི་གཏེར་དུ་བཙས་པ་ཕྱིན་ཆད་པདྨ་ལས་འབྲེལ་རྩལ་གྱིས་བཏོན་པས་མཁའ་འགྲོའི་སྙིང་ཐིག་ཏུ་གྲགས་པ་སོགས་གཏེར་ལས་བྱོན་པའི་སྙིང་ཐིག་གནད་མ་འཁྲུལ་ཞིང་དོན་ཚང་བ་དག་ཡིན་ནོ། །ལུང་ཨ་ནུ་ཡོ་ག་ནི། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །ཞེས་པའི་ལུང་འདྲེན་གྱི་ཁུངས་བཤད་པའི་རྒྱུད་དགོངས་པ་འདུས་པ་འདི་ནི། འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་དག་ངེས་པར་བཀོད་ལགས་ན། །མཉམ་པས་བླང་དོར་མེད་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་མཆོག་དབང་གིས་མི་ལང་བའི། །ངེས་པའི་


JLAZ013_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཡོངས་མ་གསུངས། །ཞེས་ཡོད་པ་དེ་ཡིན་པར་སྣང་ཞེས་འགོས་ལོ་གཞོན་ནུ་དཔལ་ཡང་བཞེད། སྤྱིར་འདྲེན་པའི་ཐེག་པ་ཞེས་པའི་ཆོས་སྐད་ཁོ་ནས་ཀྱང་མདོ་སྡེ་གདམས་ངག་འབོགས་པ་དེ་ཀུན་འབྱུང་འདྲེན་པ་ལ་སོགས་ཏེ་རིམ་པ་དགུའི་ངེས་འབྱེད་ཀྱི་རྣམ་གྲངས་སུ་འདུ་བའི་ཕྱིར། གྲུབ་པའི་མཐའ་འདི་ལ་ཡིད་གཉིས་བྱེད་པ་རྣམས་རྟེན་དང་རྟེན་བཤད་འགལ་བ་ཡིན་ནོ། །དེ་ལ་སྟོན་པ་མྱ་ངན་ལས་འདས་ནས་རེ་ཞིག་ན་དགྲ་བཅོམ་པ་ཡང་ཉུང་ངུར་གྱུར་ཅིང་བསྟན་པ་ཉམས་དམས་པས་མུ་སྟེགས་པ་རྣམས་ཀྱིས་གཽ་ཏ་མའི་བསྟན་པ་ནི་མེ་ཤི་བའི་དུད་པ་བཞིན་ནོ་ཞེས་ཁ་ཟེར་བར་བྱེད་པའི་ཚེ། འདི་ལྟར་སྤྲུལ་སྐུ་ཆུ་ཟླ་ལྟ་བུ་གཅིག་འདས་ཀྱང་། འོག་མིན་གྱི་ལོངས་སྐུ་ཟླ་བ་དངོས་ལྟ་བུ་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པས། སེམས་ཅན་གྱི་མོས་པ་དང་སྐལ་བའི་ཆུ་སྣོད་དང་འཚམས་པའི་སྤྲུལ་པ་དང་། ཐེག་པ་གང་གིས་འདུལ་བའི་ཆོས་འབྱུང་བའི་གནས་ཡིན་པས། མདོ་དགོངས་འདུས་ལེའུ་བཞི་པར། དྲག་ཤུལ་ཅན་ཞེས་བྱ་བའི་རི། །དགོན་པ་ཆེན་པོའི་གནས་དེ་ནི། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །ཐེག་ཆེན་གདམས་ངག་འབྱུང་བའི་གནས། །ཞེས་གསུངས་པ་ལ་བདེ་མཆོག་རྡོ་རྗེའི་མདོ་འགྲེལ་གྱིས་


JLAZ013_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཧོར་གྱི་ཡུལ་དང་ཉེ་བར་བསྟན་ཅིང་ལངྐའི་ཡུལ་དུ་གྲགས་པ་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར། རིགས་ཅན་དྲ་མ་ལྔ་རང་རང་གི་མངོན་ཤེས་དང་རྫུ་འཕྲུལ་གྱིས་འདུས། གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་པས། སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱིས་བསྐུལ་ནས་གསང་བདག་དངོས་སུ་བྱོན། སྔོན་འོག་མིན། དགའ་ལྡན། རི་རབ་ཀྱི་རྩེ་སྟེ་ལྷ་གནས་གསུམ་དུ་གྲགས་པའི་ཐེག་པ་བླ་ན་མེད་པ། རྩ་བའི་རྒྱུད་ཀུན་འདུས་རིག་པ་དང་། བཤད་པའི་རྒྱུད་དགོངས་པ་འདུས་པ་གཉིས་བཤད་དེ་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་བཻ་ཌཱུརྱ་ཞུན་མས་བྲིས། དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་པའང་རྒྱལ་པོ་ཛ་ལས་བརྒྱུད་དེ་དར་རོ། །བསྐྱེད་པ་བ་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས་དང་པོ་ནི། རྒྱལ་ཚབ་རྡོ་རྗེ་སེམས་དཔས་རིགས་གསུམ་སེམས་དཔའ་ལ་བཤད། དེ་ལས་འཇམ་དཔལ་གྱིས་ལྷ་གྲགས་ལྡན་མཆོག་སྐྱོང་། སྤྱན་རས་གཟིགས་ཀྱི་ཀླུ་རྒྱལ་གྲྀཧྣ་ནག་པོ། ལག་ན་རྡོ་རྗེས་གནོད་སྦྱིན་སྐར་མདའ་གདོང་། ལངྐ་མགྲིན་བཅུས་མི་མ་ཡིན། ལི་ཙཱ་བཱི་དྲི་མེད་གྲགས་པས་མི་རྣམས་ལ་རིག་འཛིན་རིག་པས་བརྒྱུད་དེ་རང་རང་གི་འཁོར་ཚོམ་བུ་འབུམ་སྡེ་དང་བཅས་པ་སངས་རྒྱས། དེ་ནས་


JLAZ013_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཡུལ་དུ་སྔོན་དུ་དར་བ་ནི། གསང་བའི་བདག་པོས་རིགས་ཅན་ལྔ་ལ་ཆོས་འཁོར་བསྐོར་བའི་བྱིན་རླབས་ལས། ལྷོ་ཕྱོགས་ཟ་ཧོར་གྱི་ཡུལ་དུ་རྒྱལ་པོ་ཛ་ཞེས་བྱ་བ་ལ་སྔོན་དུ་ལྟས་ཁྱད་པར་ཅན་གྱི་རྨི་ལམ་བདུན་ཤར། ཕྱག་ན་རྡོ་རྗེ་ཟླ་བ་བདུན་བསྒྲུབས་པས་ཕོ་བྲང་གི་ཡང་ཐོག་ཏུ་གླེགས་བམ་གྱི་ཆར་བབས། དོན་མཁྱེན་ཀྱང་གབ་པར་བྱས་ཏེ་ཨུ་པ་རཱ་ཛ་སོགས་ལ་དྲིས་པས་བརྡའ་མ་ཁྲོལ། དགེ་སློང་ཀུ་ཀུ་རཱ་ཛས་སྒྱུ་འཕྲུལ་དྲྭ་བའི་ལེའུ་སྟོང་ཕྲག་བརྒྱ་པའི་ལེའུ་གསུམ་པ་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུར་རྟོགས། རང་གི་ཟླ་བ་བདུན་བསྒྲུབས་པས་གྲུབ་སྟེ། ལུང་བསྟན་པ་བཞིན། རྒྱལ་པོས་ཕྱག་ན་རྡོ་རྗེ་ཟླ་བ་བདུན་བསྒྲུབས་པས་དངོས་སུ་བྱོན་ནས་དབང་བསྐུར་བྱིན་གྱིས་བརླབས། ཚིག་རྣམས་ལི་ཙ་བཱི་དྲི་མེད་གྲགས་པར་ཞུས་ཤིག་པའི་ལུང་བསྟན་ཐོབ་པ་ལྟར་མཉན་པས་ཏནྟྲ་སྡེ་བཅོ་བརྒྱད་བྱུང་། དེ་ལ་སྡེ་ཚན་གྱིས་དབྱེ་བས། སྐུའི་རྒྱུད་གསུམ་ནི། སངས་རྒྱས་མཉམ་སྦྱོར། གླང་པོ་རབ་འབོག །གླང་པོ་མཚོ་ཞུགས། གསུང་གི་རྒྱུད་གསུམ་ནི། ཟླ་གསང་ཐིག་ལེ། གཅིག་ལས་འཕྲོས་པ། དུ་མ་ལས་འཕྲོས་པ། ཐུགས་ཀྱི་གསུམ་ནི། གསང་བ་འདུས་པ། རི་བོ་བརྩེགས་པ། རྩེ་གཅིག་འདུས་པ།


JLAZ013_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གྱི་གསུམ་ནི། དཔལ་མཆོག་དང་པོ། བདུད་རྩི་མཆོག་དང་པོ། ཡིད་བཞིན་ནོར་བུའི་རྒྱུད་འཕྲིན་ལས་ཀྱི་གསུམ་ནི། ཀརྨ་མཱ་ལེ། སྒྲོན་མ་འབར་བ། ཀཱི་ལ་ཡ་ཡིག་འབྲུ་བཅུ་གཉིས་སོ། །སྤྱིའི་རྒྱུད་གསུམ་ནི། སྒྱུ་འཕྲུལ་དྲ་བ། དམ་ཚིག་བཀོད་པ། ཐབས་ཀྱི་ཞགས་པ་སྟེ་བཅོ་བརྒྱད་དོ། །རྒྱལ་པོ་ཛ། སྲས་ཨིནྡྲ་བྷོ་དྷི། སིངྷ་ར་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་ཝ་སོགས་ཀྱི་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབས་པ་ཚོམ་བུ་འབུམ་པ་ལ་སོགས་པ་རིག་འཛིན་གྱི་ས་ལ་གཤེཊ་པའང་བསམ་གྱིས་མི་ཁྱབ། བྲེང་ཆགས་ཀྱི་བརྒྱུད་པའང་། ཀུ་ཀུ་རཱ་ཛ་ཕྱི་མ། རོ་ལངས་བདེ་བའི་དངོས་གྲུབ། རྡོ་རྗེ་བཞད་པ། ཟ་ཧོར་གྱི་མཁན་པོ་པྲ་བྷ་ཧ་སྟི། སངས་རྒྱས་གསང་བ། བི་མ་ལ། དེས་རྒྱ་གར་གྱི་པཎྜི་ཏ་ལྔ་བརྒྱ་ལ་བཤད་ཅིང་། བོད་དུ་གཉགས་ཛྙཱ་ནས་ལོ་ཙཱ་བྱས་ཏེ་མདོ་དང་སེམས་ཕྱོགས་བསྒྱུར། རྨ་རིན་ཆེན་མཆོག་གིས་མཚན་ཉིད་དང་སྒྱུ་འཕྲུལ་བསྒྱུར། སྒྱུ་འཕྲུལ་དེ་ལའང་ནང་གསེས་སུ་དབྱེ་ན། རྩ་རྒྱུད་གསང་བ་སྙིང་པོ། རོལ་པ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ། དཀྱིལ་འཁོར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། འཕྲིན་ལས་སྟོན་པ་སྒྱུ་འཕྲུལ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་སྒྱུ་འཕྲུལ་བླ་མ། ཡོན་ཏན་


JLAZ013_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པ་སྟོན་པ་སྒྱུ་འཕྲུལ་བརྒྱད་བཅུ་པ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་སྒྱུ་འཕྲུལ་དྲྭ་བ་ཆེན་པོ། དམ་ཚིག་གཙོ་བོར་སྟོན་པ་སྒྱུ་འཕྲུལ་ལེ་ལག་སྟེ་སྡེ་བརྒྱད། ས་ལམ་སྟོན་པ་ཡེ་ཤེས་སྙིང་པོ། ཅིག་ཅར་སྟོན་པ་རྡོ་རྗེ་མེ་ལོང་། ཐབས་ལམ་རིམ་གྱིས་སྟོན་པ་རྡོ་རྗེ་ཐལ་བ། ཅིག་ཅར་སྟོན་པ་རྡོ་རྗེ་རྒྱ་མཚོ་སྟེ་བཤད་རྒྱུད་སྡེ་བཞི་ཞེས་བྱའོ། །དེ་ལས་སྡེ་བརྒྱད་བི་མ་ལས་རྨ་རིན་ཆེན། དེས་གཙུག་ཏུ་རིན་ཆེན་གཞོན་ནུ་དང་། གྱེར་མཆོག་གཉིས། དེ་གཉིས་ལས་དར་རྗེ་དཔལ་གྲགས་དང་། ཞང་རྒྱལ་བའི་ཡོན་ཏན་གཉིས། དེས་དར་རྗེ་ལ་བཀའ་ཡོངས་གྲགས་དང་། ཞང་ལ་བཀའ་མཆིམས་ཕུ་མར་གྲགས་ཏེ། སྒྱུ་དྲྭ་མ་གཏོགས་པ་གནུབས་ཆེན་གྱིས་གསན་ཏོ། །འདུས་པ་མདོ་ནི། རྒྱལ་པོ་ཛས་སྲས་ཨིནྡྲ་བྷོ་དྷི་དང་། ནཱ་ག་བྷོ་དྷི། གུ་ཧྱ་བོ་དྷི་ལ། ནཱ་ག་བྷོ་དྷི་ནི། ཀླུ་བ་སུ་རིགས་དྲུག་གི་ལོ་དགུར་བཤད་དུ་མ་སྟེར། ཨིནྡྲས་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛ། དེས་རོ་ལངས་བདེ་བ། དེས་རྡོ་རྗེ་བཞད་པ། པྲ་བྷ་ཧ་སྟི། ཤཱཀྱ་སེངྒེ། ཤཱཀྱ་པྲ་བྷ། ཤཱཀྱ་མུ་ཏྲ་གསུམ་ལ་བཤད། ཤཱཀྱ་སེངྒེས་དྷ་ན་རཀྵི་ཏ། དེས་སྠི་ར་མ་ཏི་ལ། དེས་བདེ་བ་གསལ་མཛད། དེས་དྷརྨ་བྷོ་དྷི་དང་། བ་སུ་དྷ་ར་ལ་བརྒྱུད་པའམ། ཡང་དྷ་ན་རཀྵི་ཏ་བྲུ་ཤའི་རུ་ཆེ་བཙན་སྐྱེས་ཀྱིས་གདན་


JLAZ013_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས། བྲུ་ཤའི་ཡུལ་གྱི་ཁྲོམ་དུ་བསྒྱུར་བར་བྱས་པས། མོས་པ་ཆུང་བས་མ་འགྱུར་བར་བལ་ཡུལ་དུ་བྱོན། དྷརྨ་བྷོ་དྷི་དང་བ་སུ་དྷ་ར་ལ་བཤད། དེ་ནས་ཕྱིས་བྲུ་ཤའི་ཡུལ་དུ་ཁྲོམ་བསྒྱུར་བྱས། རུ་དྷརྨ་བོ་དྷི་དང་། བ་སུ་དྷ་ར་དང་བྲུ་ཤའི་མཁན་པོས་གནུབས་ཆེན་ལ་བཤད་ནས་བོད་ལ་བྱོན་ཏོ། །དེ་ལ་པོ་ཏིའི་ཆར་བབས་པ་ནི་གདམས་ངག་རང་ཉིད་ལེན་པའི་ཕྱོགས་ཡིན་ཟེར་བ་བྱུང་མོད། རྒྱུད་རང་གི་ངོ་བོ་ནས་རྩོད་པ་མེད་པའི་མངོན་སུམ་ཚད་མ་ནི་ཤེར་ཕྱིན་བརྒྱ་ལྔ་བཅུ་པའི་འགྲེལ་པ་ནས་གསུང་རབ་འདིའི་ལོ་རྒྱུས་ཤིན་ཏུ་ཞིབ་པ་བྱུང་བས་བོ་དོང་པ་ཆེན་པོས་རྒྱུད་སྡེ་སྤྱི་རྣམ་དུའང་བཀོད་ཅིང་། མཉམ་སྦྱོར་གྱི་འགྲེལ་པར་ཡང་དེ་དང་ཚུལ་འདྲ་བ་གཅིག་བཤད་པས་དགག་པར་མི་བྱའོ། །ཞེས་གསུངས་ལ། གཟུ་བོར་གནས་པ་དག་གིས་ཀྱང་དེ་ལ་བསྐྱར་བཟློས་མཛད་སྣང་། སྤྱིར་ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱི་བླ་མའི་གོ་ཆོད་མོད། གདམས་ངག་རང་ཉིད་ལེན་པའི་ཉེས་པ་དེ་རང་རྒྱུད་པ་ལ་ཡིན་ནམ་སྤྲུལ་པའི་སྐུ་ལ་ཡིན། དང་པོ་ལ་ཡིན་ན་རྒྱལ་པོ་ཛའི་ཁང་སྟེངས་སུ་གླེགས་བམ་འབབ་པར་བྱེད་པའི་ཐུགས་རྗེ་དང་རྫུ་འཕྲུལ་གྱི་མངའ་དབང་ཅན་དེ་དག་གིས་ཀྱང་རྒྱལ་པོའི་རྒྱུད་ཆུད་གཟོན་པ་མ་མཁྱེན་པའོ། །ཕྱི་མ་ལ་ཡིན་ན། ཤཱཀྱ་ཐུབ་པས། ང་ལ་མཁན་པོ་མེད་པས་ན། །ང་ནི་རང་བྱུང་


JLAZ013_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ཡིན། །ཞེས་གསུངས་ཤིང་དོན་ལ་གནས་པས་ཤཱཀྱ་ཐུབ་པའང་རང་གི་བསྟན་པའི་ཆོམ་རྐུན་པ་ཉིད་དུ་ཁྱེད་ཀྱིས་སྨྲ་བར་ཤེས་སོ། །པོ་ཏིའི་ཆར་དེ་ཡང་རིགས་པས་བཏགས་པ་ཡིན་སྙམ་ན་དཔལ་ནཱ་ལེནྡྲའི་གྱང་རིས་ལ་མངོན་སུམ་དུ་བྲིས་པ་ལོ་ཙཱ་བ་ཟུ་དགའ་རྡོར་གྱིས་ཀྱང་མཐོང་བའི་ཕྱིར་རོ། །དེ་ལྟར་རྒྱུད་སྡེ་དེ་དག་ལ་སློབ་དཔོན་ཀུ་ཀུ་རཱ་ཛ་དང་། ཨིནྡྲ་བོ་དྷི་དང་། གོ་མ་དེ་ཝི་དང་། པྲ་བྷ་ཧ་སྟི། རྡོ་རྗེ་བཞད་པ་ལ་སོགས་རིམ་པར་དགོངས་འགྲེལ་ཀྱང་དཔག་ཏུ་མེད་པ་བྱུང་སྟེ་གཞན་ལས་ཤེས་སོ། །དེ་དག་ནི་རྣམ་པ་མང་པོ་སྡེ་ཚན་གྱི་བསྡུས་པ་ལས་མདོ་སྒྱུ་སེམས་གསུམ་མམ་ཡོ་ག་གསུམ་གྱི་སྒྲས་སྤྱིར་བསྙད་པ་ཡིན་ནོ།། །།གཉིས་པ་སྒྲུབ་སྡེ་ལ་བཀའ་གཏེར་གྱི་ཕྱོགས་གཉིས་ལས། དང་པོ་ནི། སྐུའི་རྒྱུད་གཤེད་སྐོར་རྣམས་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལས་བྱུང་བ་གཙོ་བོར་བྱུང་ལ། དེ་ནི་སིངྒ་ལའི་རྒྱལ་པོ་གཞོན་ནུ་དཔལ་གྱི་སྲས་ཁྱེའུ་དཔལ་བཟང་ཞེས་བྱ་སྟེ། རྒྱལ་སྲིད་ལ་སྐྱོ་ནས་ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྲོས། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་རབ་ཏུ་བྱུང་ཞིང་། རྒྱུད་ལུང་མན་ངག་ཐམས་ཅད་ཐུགས་ལ་ཆུད། དེས་འཇམ་དཔལ་ལ་ཡི་དམ་བྱས་ནས་བསྒྲུབས་པས། བུམ་པ་ཁོལ། བྲིས་སྐུ་བཞད། མེ་ཏོག་འཁྲུངས་པ་བྱུང་བས། དེའི་ནུབ་མོ་འཇམ་


JLAZ013_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཞལ་གཟིགས། ཚེ་ལ་དབང་བའི་དངོས་གྲུབ་བརྙེས། ཕྱི་ནུབ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ནོན། འཇམ་དཔལ་ཡ་མཱནྟ་ཀའི་ཞལ་མཐོང་ཞིང་དབང་རྒྱུད་མན་ངག་ལུང་དང་བཅས་པ་བཤད་པར་རྨིས། མནལ་སད་ཙ་ན་སྤྲུལ་པའི་གཤིན་རྗེ་མང་པོ་སྐོར་བ་བྱེད་ཅིང་འདུག །དེ་ཐམས་ཅད་ཀྱི་སྲོག་སྙིང་ཕུལ། དེའི་ཚེ་ནམ་མཁའ་ལ་སྒྲ་ཆེན་པོ་གྲགས་པས་པཎྜི་ཏ་རྣམས་ཐེ་ཚོམ་སྐྱེས། དགའ་རབ་རྡོ་རྗེའི་ཞལ་ནས། འདི་ནི་དགེ་སློང་དཔལ་བཟང་གིས་འཇམ་དཔལ་གྲུབ་པའི་རྟགས་ཡིན་གསུངས། མཚན་ཡང་འཇམ་དཔལ་བཤེས་གཉེན་དུ་བཏགས། ནམ་མཁའ་ལས་རི་གནམ་ལྕགས་འབར་བར་སོང་། དེ་ན་རྒྱུད་སྡེ་ལ་མ་ལུས་པ་ཡོད་པ་ལོངས་སྤྱོད་ལ་འགྲོ་བའི་དོན་གྱིས་ཞེས་བྱུང་། དེར་གཤིན་རྗེ་གཤེད་ཀྱི་བརྟུལ་ཞུགས་རོལ་པའི་སྤྱོད་པ་བསྐྱངས་པས་སྨྱོན་པ་བརྟུལ་ཞུགས་ཅན་དུ་གྲགས། སློབ་དཔོན་ཤྲཱི་སིངྷའི་སྡུན་ན་བཙུན་པ་ཤམ་ཐབས་ཐོད་དུ་བཅིངས། ཐོང་གཤོལ་ཕྲག་པ་ལ་བཟུང་བའི་རྨོས་མཁན་དུ་བསྟན། ཤྲཱི་སིངྷ་ཡིད་མ་ཆེས་པས་འདི་ནི་འཇམ་དཔལ་བཤེས་གཉེན་ག་ལ་ཞིག་སྟེ་དེ་ནི་ཡང་ན་པཎྜི་ཏའམ། ཡང་ན་རྣལ་འབྱོར་པའི་ཆ་བྱད་དུ་འོང་ཐང་སྙམ་ནས་བཟའ་ཞིག་བསླངས་པས། ངའི་ཆུང་མ་ལ་སློངས་ཟེར། དེ་ནས་གྲོང་ཁྱེར་དུ་ཕྱིན་ནས་བསླངས་པས། ཇོ་མོས་ཚོང་འདུས་ནས་བྱིའུ་མཆིལ་པ་བདུན་ཉོས། དེ་འབྲས་ཆང་དང་བསྲེས་ནས་དྲངས་བྱུང་། ང་དགེ་སློང་ཡིན་པས་


JLAZ013_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་བྱས་པས་རྗེས་སུ་ཡི་རང་ཟེར་ལག་མཐིལ་དུ་བཞག །ཕུས་བཏབ་པས་ཙོ་དིར་གྱིས་ནམ་མཁའ་ལ་དེངས། དེར་ཁྱིམ་བཙུན་བྱོན་ནས། འདི་ལ་བཟའ་བྱིན་ནམ་གསུངས་པས། ཇོ་མོ་ན་རེ་བཟའ་བྱིན་ཀྱང་ཁོང་མི་འདོད་པར་གདའ་གསུངས་པས། གང་ཟག་འཆིང་བ་ཅན་གསུངས། ཤྲཱི་སིངྷས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞལ་འདོན་མཛད་པས། སློབ་དཔོན་གྱི་དང་པོར་མལ་ལས་གཟིམས་བཞིན་དུ་གསན། དེ་ནས་བཞེངས་ཏེ་གསན། རྫོགས་པ་དང་དོན་ལ་ལྟ་ཅི་ཚིག་ལའང་རྨོངས་གསུངས་པས་འཇམ་དཔལ་བཤེས་གཉེན་ཡིན་ནམ་དགོངས། དེ་བཞིན་དུ་གྲོང་ཁྱེར་དུ་གྲུབ་པའི་སྤྱོད་པ་ཡ་མ་ཟུང་མང་དུ་བསྟན་པས། རྒྱལ་པོའང་ངོ་མཚར་སྐྱེས་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྲགས། རི་མ་ལ་ཡ་ཞེས་སྣང་བ་རང་མཚན་པས་བགྲོད་པར་མི་ནུས་པའི་གནས་དེར་བྱོན་པས་གནོད་སྦྱིན་གྱི་བུ་མོ་ཟངས་ཀྱི་འོད་འཕྲོ་མ་སོགས་ཀྱིས་འབྱོན་དུ་མ་སྟེར། དེར་བདེན་པའི་ཚིག་གིས་བཀྲོལ་བས་ལྕགས་ཀྱི་སྡིག་པ་འཇིགས་སུ་རུང་བ་ཞིག་བྱུང་། དེ་ནི་སྤྲུལ་པར་ཤེས་ནས་བསྟི་སྟངས་བྱས་པས་བསེའི་སྒྲོམ་བུར་སོང་། དེ་ནས་ལས་བཞི་ཚང་བའི་གསེར་གྱི་གླེགས་བམ་བཻ་ཌཱུརྱས་བྲིས་པ་བྱུང་། གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད་ནས་མུ་སྟེགས་འདུལ་བའི་སྔགས་རྒོད་


JLAZ013_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྒྲུབས་ཏེ་ལས་ལ་སྦྱར་ནས་མུ་སྟེགས་ཀྱི་རྒྱལ་ཁམས་བརླག་པར་མཛད། གླེགས་བམ་དངོས་རྡོ་རྗེ་གདན་གྱི་བྱང་དུ་མི་སྣང་བར་རྒྱས་བཏབ་བོ། །དེ་ཉིད་ལ་སློབ་མ་བསམ་གྱིས་མི་ཁྱབ་མོད་ཀྱི། གཙོ་བོར་གྱུར་པ་ཧཱུཾ་ཀཱ་རའི་ལུགས། པདྨའི་འབྱུང་གནས་ལ་བརྒྱུད། དྷ་ན་ཏ་ལ་མན་ངག་གསུངས་ནས་དར། འཇམ་དཔལ་བཤེས་གཉེན་འདིར་ལོ་རྒྱུས་རྙིང་པ་ཐམས་ཅད་ལ་རྒྱལ་རིགས་གཅིག །བྲམ་ཟེའི་རིགས་གཅིག །རྫུས་ཏེ་སྐྱེས་པ་གཅིག་སྟེ་གསུམ་སྣང་བ་རང་ས་རང་སར་གསུམ་ཀ་འཐད་ལ། དོན་ལ་སྤྲུལ་པ་སྒྱུ་མ་ལྟ་བུས་འདུལ་བའི་སྟོན་པ་ཡིན་ཏེ་གདམས་ངག་འབྱུང་བའི་གླེང་གཞི། རྡོ་རྗེ་བཙུན་མོའི་བྷ་ག་དང་ཨོ་རྒྱན་གྱི་གནས་བཞིན་ནོ། །གཤེད་སྐོར་རྣམས་བོད་དུ་གཙོ་བོར་སློབ་དཔོན་ཤཱནྟིང་གཪྦྷ་བྱོན་ནས་དར་ཤིང་། འདིས་བསམ་ཡས་ཀྱི་རབ་ཏུ་གནས་པའང་བྱས་སོ་ཞེས་གྲགས་པ་སྣང་ངོ་། །གསུང་གི་རྒྱུད་རྟ་མགྲིན་ལ་སོགས་པ་པདྨའི་རིགས་མཆོག་དག་ནི་དཔལ་མགོན་ཀླུ་སྒྲུབ་ལས་རིམ་གྱིས་པདྨ་སམྦྷ་ཝ་ལ་བརྒྱུད་པ་སྟེ། སློབ་དཔོན་ཆེན་པོ་འདིའི་རྣམ་པར་ཐར་པ་ཐུན་མོང་དུ་གྲགས་པ་དག་ལས་འདི་ལྟར་མ་གསལ་སྙམ་ན། སྔགས་ཀྱི་རྒྱུད་སྡེ་ཕལ་མོ་ཆེ་ཡང་མཛད་པ་བཅུ་གཉིས་ཀྱི་ཁོང་ནས་གསལ་བས་དེ་དག་ཀྱང་གཞན་དུ་འཕེན་པར་འགྱུར་རོ། །སྤྱིར་གྱི་སློབ་དཔོན་དེའི་དུས་རྒྱ་གར་ན་


JLAZ013_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ཁྱབ་བརྡལ་དུ་དར་བ་ལྟ་ཅི་སྨོས། ཐེག་པ་ཆེན་པོ་དར་བའི་མགོ་རྩོམ་པ་ལའང་ཉན་ཐོས་པ་རྣམས་ཀྱིས་ཀླུ་སྒྲུབ་ཀྱི་ཐེག་པ་ཆེན་པོར་གྲགས་པའི་ཆོས་ལོག་བསྟན་ནོ་ཞེས་སྐུར་པ་བཏབ་པའི་ཕྱིར་གདམས་ངག་གི་གྲུབ་པ་མཆོག་རྣམས་ཀྱི་ཡུལ་དུ་སྤྱོད་པ་ལས་མིང་ཙམ་ཡང་མི་མངོན་པའི་སྐབས་སོ། །ཐུགས་ཀྱི་རྒྱུད་ཡང་དག་གམ། དཔལ་ཧེ་རུ་ཀ་ནི། དོན་གྱི་སངས་རྒྱས་མཉམ་སྦྱོར་ཉིད་དུ་གནས་པ་སློབ་དཔོན་ཧཱུཾ་ཀཱ་ར་ལས་བརྒྱུད་པའི་ཆོས་ཏེ། འདི་བལ་པོའི་ཡུལ་དུ་འཁྲུངས་གོ་ལེབ་ཞེས་བྱ་བའི་དབུལ་པོར་གྱུར་པས་རྒྱ་གར་དུ་བྱོན་ནས་རྒྱལ་པོའི་ཕྱུགས་རྫི་བྱས། ནགས་གསེབ་ཏུ་ཕྱུགས་འཚོར་སོང་བ་ན། སློབ་དཔོན་ཀུ་ཀུ་རཱ་ཛ་སྒོམ་ལ་བཞུགས་པ་དང་མཇལ། ཤིན་ཏུ་དད་དེ་ཕྱག་དང་བསྐོར་བ་བྱས། མ་ཧེའི་འོ་མ་བཞོས་ཏེ་དྲངས་པས། བྱིས་པ་ཁྱོད་ཀྱིས་ཆོས་ནུས་སམ་གསུངས། ཆོས་ནུས་ཏེ་བརྒྱགས་མེད་ཞུས་པས། བརྩོན་པས་ནུས་ན་གྲུབ་པ་ཡིན་གསུངས་ནས་རྡོ་རྗེ་སེམས་དཔའ་རྒྱན་གཅིག་པའི་སྒོམ་བཟླས་གནང་། དེར་ཕྱུགས་འཚོ་བཞིན་བསྒོམས་པས་རྡོ་རྗེ་སེམས་དཔའ་གྲུབ་སྟེ། ལན་ཅིག་བྲག་ལ་སྒོམ་པའི་ཚེ་རྒྱལ་པོས་དེའི་ཐད་ཀ་ན་རྡོ་རྗེ་སེམས་དཔའ་འོད་ཁྱིལ་ལེ་བཞུགས་པ་མཐོང་། དགོངས་


JLAZ013_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་སོང་བ་དང་ཕྱུགས་ཐམས་ཅད་ཀྱང་དེར་འདུས་རྡོ་རྗེ་སེམས་དཔས་ཕྱུགས་དེད་ནས་འོང་བ་མཐོང་། ཕོ་བྲང་ལ་ཉེ་བར་སོང་དུས་ལྷ་མི་གསལ་དུ་སོང་། སྒོ་རྩར་སླེབས་དུས་ཕྱུགས་རྫི་རང་དུ་སྣང་བས་རྒྱལ་པོ་ཐེ་ཚོམ་སྐྱེས། ནངས་པར་གོས་བརྗེས་ནས་ཕྱུགས་རྫིའི་ཕྱི་བཞིན་བལྟར་ཕྱིན་པས། ཡང་བྱིས་པ་དེ་རྡོ་རྗེ་སེམས་དཔར་ཀྲོང་ངེར་སོང་། སླར་ཕྱུགས་རྫི་གཙང་ཁང་དུ་བོས། དེང་ཕན་ཆད་མ་ཤེས་པ་བཟོད་པར་མཛོད་ལ། ངའི་མཆོད་གནས་མཛོད་ཅེས་བསྒོས་པས། བདག་ལ་ཆེ་བའི་ཡོན་ཏན་ཅི་ཡང་མེད་པས་མི་རུང་ཟེར། རྒྱལ་པོས་སྔར་གྱི་ལོ་རྒྱུས་བརྗོད་པས། ངས་སྐྱེ་བ་འདི་ལ་རྒྱལ་པོ་གདུལ་བ་བྱར་མེད། ཕྱི་མ་མངོན་པར་དགའ་བའི་ཞིང་དུ་མཇལ་ལོ་ཟེར། དེར་རྒྱལ་པོས་ངས་ཡོ་བྱད་སྦྱར་གྱིས་བསྒྲུབ་པ་ལ་ཞུགས་སྨྲས་པ་ན། བྱིས་པ་སློབ་དཔོན་ཀུ་ཀུ་རཱ་ཛའི་དྲུང་དུ་སོང་ནས་སྒྲུབ་ཐབས་དངོས་གཞི་ཞུས་པས། སྔར་ལས་འཕྲོ་ཡོད་པས་ལྷ་ངོ་བསྟན་པ་ཡིན། ངས་ཁྱོད་འདུལ་བའི་དུས་ལ་མ་བབས་པས་ཨུ་ཏ་ཡའི་གྲོང་ཁྱེར་ན་སློབ་དཔོན་དུར་ཁྲོད་རོ་ལངས་བདེ་བ་ཡོད་པས་དེར་སོང་ཞེས་ལུང་བསྟན། བྱིས་པས་གྲོང་ཁྱེར་དེར་བཙལ་བས། སློབ་དཔོན་གྲོངས་ནས་པུར་དུར་ཁྲོད་དུ་བསྐྱལ་ཟེར། སླར་ལོག་ནས་ཀུ་ཀུ་རཱ་ཛ་ལ་ཞུས་


JLAZ013_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པས། རོ་ལངས་སྒྲུབ་པའི་མན་ངག་གནང་སྟེ་ཞག་ཉེར་གཅིག་ལ་འགྲུབ། སློབ་དཔོན་ལངས་ཏེ་རོ་ལངས་བདེ་བའི་དངོས་གྲུབ་ཅེས་གྲགས་སོ། །དེར་ཡན་ལག་དྲུག་ཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་ནས་སྨིན་པར་བྱས། དཀྱིལ་འཁོར་གྱི་མེ་ཏོག་ཧཱུྃ་ཀཱ་ར་ལ་བབས་པས་གསང་མཚན་བཛྲ་ཧཱུྃ་ཀཱ་ར་ཞེས་གྲགས། དེར་གདམས་པ་མ་ལུས་པ་རྫོགས་པའི་ཚེ་སློབ་དཔོན་གྱིས། དངོས་གྲུབ་ཀྱི་རྟེན་དུ་ཕྱག་རྒྱ་མཚན་དང་ལྡན་པ་ཞིག་བཟུང་ལ། བསེ་བྲག་བྱ་ཁྱུང་གི་ཚལ་དུ་བསྒྲུབ་པར་སོང་ཞེས་བསྐུལ། དེར་ཧཱུྃ་ཀཱ་རས་རིགས་ངན་གྱི་གྲོང་ཁྱེར་དུ་བྱོན་ནས་བཙལ་བས། རྒན་རྒོན་རང་ཐག་མཁན་གཉིས་ལ་བུ་མོ་མཚན་དང་ལྡན་པ་ཞིག་འདུག །འདི་ནི་ངའི་སྒྲུབ་བདེ་མོར་སྦྱིན་དགོས་བྱས་པས། བུ་མོ་ཁྱོད་ལ་མི་བསྐུར་ཟེར་སྟེར་དུ་མ་འདོད། རིན་འཇལ་བར་བྱས་ནས་ཡུལ་གྱི་རྒྱལ་པོ་ལ་དཔང་པོ་བཅོལ་བས་གསེར་མོ་རང་དང་མཉམ་པ་དགོས་ཟེར། སླར་ལོག་ནས་སློབ་དཔོན་རོ་ལངས་ལ་ལོ་རྒྱུས་བརྗོད་པས་མི་རོ་ལས་གསེར་དུ་བསྒྲུབ་པའི་མན་ངག་གནང་། དུར་ཁྲོད་ནས་རོ་བཙལ་ཏེ་བསྒྲུབས་པས་ལོ་གཅིག་གིས་འགྲུབ། དེར་གསེར་དང་བུ་མོ་བརྗེས་ཏེ་གཉིས་ཀས་སློབ་དཔོན་ཀུ་ཀུ་རཱ་ཛའི་དྲུང་དུ་བྱོན་ནས་གདམས་པ་ལ་མཐའ་གཅོད་བྱས། ཡོ་གའི་ཤིང་རྟ་ཆེན་པོ་སངས་


JLAZ013_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གསང་བ་ལའང་གཏུགས་ཏེ་སྒྲོ་འདོགས་བཅད། དེ་བཞིན་དུ་སློབ་དཔོན་གྱི་ཤཱཀྱ་དེ་བ་ལ་ཡང་དག་གི་བསྒྲུབས་ལུང་མན་ངག་ཞུས། བསེ་བྲག་བྱ་ཁྱུང་ཚལ་དུ་བསྒྲུབས་པས། དཔལ་ཆེན་པོའི་ཞལ་མངོན་སུམ་དུ་མཐོང་། ཚེ་ལ་དབང་བའི་རིག་འཛིན་ཐོབ། ཡུམ་གྱི་མཱ་མ་ཀཱིའི་དངོས་གྲུབ་བརྙེས། གཞན་དོན་དུ་ཡང་དག་རྩ་བའི་སྒྲུབ་པ་མཛད། འདིས་རྒྱ་གར་དུ་སློབ་དཔོན་ཆེན་པོ་པདྨ་ལ་གསུངས་ཤིང་། བོད་དུའང་བྱོན་ནས་དར་བ་ཡིན་ནོ། །རིན་པོ་ཆེའི་རིགས་བདུད་རྩི་ཡོན་ཏན་ནི། རྒྱལ་རིགས་གང་ཟག་གསུམ་ལས་རིམ་པར་བརྒྱུད་དེ་བདུད་རྩིའི་དངོས་གྲུབ་ཐོབ་པས་བསྐལ་པར་མི་བཤིགས་པའི་ཚེ་ལ་མངའ་དབང་འབྱོར་པ་སློབ་དཔོན་བཱི་མ་ལ་མི་ཏྲ་ལས་བྱུང་བ་ཡིན་ཏེ། སློབ་དཔོན་དེ་ནི་རྒྱ་གར་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གླང་པོ་སྒང་ཞེས་བྱ་བ་མི་ཁྱིམ་འབུམ་ཚོ་ཉི་ཤུ་རྩ་དགུ་ཡོད་པ་ན། ཁྱིམ་བདག་བདེ་ལྡན་ཞེས་བྱ་བ་དང་། ཡུམ་བདག་ཉིད་གསལ་རིག་ཅེས་བྱ་བའི་སྲས་སུ་འཁྲུངས། ལོ་བདུན་སློབ་མའི་གྲྭར་ཞུགས་པས་སུས་ཀྱང་དོ་མེད་པ་གཅིག་བྱུང་བས་རིག་པ་ཆེ་བར་གྲགས། བསྟན་པ་ལ་ཞུགས་ནས་བཤེས་གཉེན་མང་དུ་བསྟེན། རིག་པའི་གནས་ཆེ་བ་རེ་ལ་སློབ་མ་གསུམ་གསུམ་བསྟེན་ཏེ་བཅོ་ལྔ་ལ་ཕྲུགས་གཅིག་ཏུ་བསླབས་པས་ལོ་ཉེར་གཅིག་པ་ལ་པཎྜི་ཏའི་གྲལ་དུ་ཐོན། པཎྜི་ཏ་རྒྱ་མཚོའི་དབུས་ན་སྒྲ་སྐད་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་ཤེས། འབྱུང་བ་བཞིའི་


JLAZ013_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དང་། དུད་འགྲོའི་སྐད་ལས་ཀྱང་དོན་འཆར་ཞིང་འཆད་པར་ནུས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཀའ་ཐམས་ཅད་ལ་ཞལ་འདོན་མཛད་ཅིང་། ནང་དུ་དེའི་དོན་མཉམ་གནས་རྫོགས་པ་ཆེན་པོ་ལ་དྲན་པ་ཉེ་བར་གཞག་པ་དེ་ལ་བཤད་ལུང་དང་སྒོམ་ལུང་ནོད་པའི་སློབ་དཔོན་བརྒྱ་དང་དྲུག་ཅུ་ཡོད་པའི་ནང་ནས་སློབ་དཔོན་སངས་རྒྱས་གསང་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་བཅིང་གྲོལ་མེད་པའི་ངོ་བོར་སངས་རྒྱས་པའི་རྒྱུད་སྡེ་རྣམས་བསྟན་ཅིང་། ཁོང་དུ་ཆུད་ནས་མན་ངག་གི་ཡི་གེ་ཡང་མང་དུ་མཛད་དེ་དར་རོ། །དོན་གྲུབ་ཀྱི་རིགས་ལས་འཕྲིན་ལས་ཕུར་པ་ནི། སློབ་དཔོན་ཆེན་པོ་པདྨ་ལས་བྱུང་བའི་མན་ངག་སྟེ། བདག་ཉིད་ཆེན་པོ་འདིའི་རྣམ་པར་ཐར་པ་ནི་བསམ་པར་མི་ནུས་མོད་ཀྱི། རེ་ཞིག་གདུལ་བྱ་ངོར་སྣང་གི་ཚུལ་འཇིག་རྟེན་ན་ཤིན་ཏུ་གྲགས་པ་གསལ་བ་ཡིན་པས་འདིར་འགོད་པའང་ངལ་བའི་ལས་འདུ་བྱེད་པ་ཙམ་མོ། །དེ་ལྟ་ནའང་མཁས་པས་ལུང་རིགས་གཏན་ཚིགས་མི་འགལ་བར་བསྒྲིགས་པའང་ངོ་མཚར་ཆེ་ཞིང་། ལས་ཅན་གྱི་སྣང་ངོར་རྗེས་སུ་གནང་བ་གཏེར་མའི་ཕྱོགས་ལས་བྱོན་པ་ལའང་འཐད་པ་དང་། དགོས་པ་དང་། བྱིན་རླབས་བསམ་གྱིས་མི་ཁྱབ་པ་འདུག་པས། དཀོན་མཆོག་བརྩེགས་པར། འོད་སྲུངས་


JLAZ013_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ངའམ་ང་དང་འདྲ་བས་ཆོས་དང་གང་ཟག་གི་ཚོད་བཟུང་བར་རུང་གི། གཞན་དག་གིས་ནི་མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ། །ཞེས་གསུངས་པ་ལེགས་པར་བསམས་ཏེ། རྟོག་གེའི་རིགས་པ་ཁོ་ནས་མཐའ་གཅིག་ཏུ་སེམས་པ་དང་། ཕྲག་དོག་དང་། ཀུན་སློང་ངན་པས་བསླད་པ་དག་གི་རྗེས་སུ་བློ་གྲོས་ཆེན་པོ་སུའང་མི་འཇུག་པ་ཉིད་དོ། །འདི་ལྟར་ཕུར་པའི་ལོ་རྒྱུས་ཉིད་ལས་ཀྱང་རང་ལུགས་ཀྱི་རྣམ་པར་ཐར་པ་ཡོད་མོད་ཀྱི། སྐབས་ཀྱི་བརྗོད་དོན་ལ་སློབ་དཔོན་ཉིད་ཕྱག་རྒྱ་ཆེན་པོའི་རིག་འཛིན་བསྒྲུབ་པར་དགོངས་ནས། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བལ་མོ་ཤཱཀྱ་དེ་ཝས་སྒྲུབ་བདེ་མོ་བྱས་ཏེ་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་བསྒྲུབས་པས། ཀླུ་གྱོང་པོ་གནོད་སྦྱིན་རྒོད་མ་ཁ། བྱི་དུར་བར་སྣང་ཁམས་ཀྱི་གློག་མ་སྤྲིན་དང་གསུམ་གྱིས་བར་གཅོད་བྱས། ནམ་མཁའི་ཆར་བཅད། རྩི་ཤིང་ལོ་ཏོག་ཐམས་ཅད་བསྐམས་པར་བྱས་པས། བལ་པོ་ཤཱི་ལ་མཉྫུ་དང་། བལ་པོ་ཀུན་ཞིག་གཉིས་རྒྱ་གར་གྱི་པཎྜི་ཏ་ལས་བར་ཆད་འདུལ་བའི་ཆོས་ལེན་དུ་བཏང་། པཎྜི་ཏ་རྣམས་ཀྱིས་ནཱ་ལེནྡྲའི་གཙུག་ལག་ཁང་ནས། བི་ཏོ་ཏ་མ་ལ་འབུམ་སྡེ་དང་ཕུར་པ་མི་ཁུར་གཉིས་བརྫངས། ཡང་ལེ་ཤོད་དུ་ཕེབས་པ་ཙམ་གྱིས་བར་ཆད་ཞི། བསྒྲུབས་


JLAZ013_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཟླ་བ་གཅིག་ན་རྡོ་རྗེ་གཞོན་ནུའི་ཞལ་གཟིགས། སླར་ཡང་ཕུར་སྦྲགས་མའི་སྒྲུབ་པ་མཛད། དམ་ཅན་མ་མོ་བཅུ་གཉིས་ཀྱི་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས། དེའི་ཚེ་བི་ཏོ་ཏ་མ་ལའི་རྒྱུད་སྡེ་ཚན་བཞི་བཅུ་ཞེ་བརྒྱད་དམ། སུམ་ཅུ་སོ་དྲུག་ཏུ་ཕྱེ་ཞེས་གྲགས། དེར་རྒྱུད་སྡེ་ལེ་ལག་དང་བཅས་པ་དབང་ཆེན་པོའི་ཕྲག་པ་ན་བཟུང་། སློབ་དཔོན་ཉིད་ཀྱང་གཤེགས་པས། ཡུལ་ཚ་བ་ཚ་ཤོད་དུ་ནུབ་གཅིག་གཟིམས་པའི་ནམ་ཕྱེད་ན་ཆོ་འཕྲུལ་ཆེན་པོ་བྱུང་། གཟིགས་པས་མདུན་ན་ནེ་གུ་དྲུང་དྲུང་བ་ཞིག་འདུག །དེར་ཕྱག་རྒྱས་བསྡམས། ལྷུང་བཟེད་དུ་བཅུག །སང་ཆུ་མིག་བྱང་ཆུབ་རིས་སུ་བྲོ་བཏབ་པའི་ཚེ་ཁ་ཕྱེ་བས་བུད་མེད་བཞིན་བཟང་མ་བཞི་འདུག །སུ་ཡིན་དྲིས་པས་ཡུལ་ཚ་བ་ཚ་ཤོད་ལ་དབང་བྱེད་པའི་ས་བདག་མོ་བཞི་ཡིན། ངེད་ཅག་སེམས་ཅན་རྣམས་ཀྱི་ཚེ་སྲོག་ལ་དབང་བའི་བདག་པོར་སློབ་དཔོན་གྱིས་དབང་བྱིན་ཅིག་ཟེར། སློབ་དཔོན་གྱིས་དེ་ལྟར་མི་རུང་གསང་སྔགས་རྡོ་རྗེ་ཕུར་པ་བསྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་བགེགས་རྣམས་ཀྱི་ཚེ་སྲོག་ལ་དབང་བྱེད་པར་བསྐུར་རོ་གསུངས་ནས་དེ་ལྟར་མཛད། གསང་བའི་མཚན་རྡོ་རྗེ་ཡ་བྱིན་ལ་སོགས་པར་བཏགས། དེ་ནས་ནཱ་ལེནྡྲར་བརྟོལ། པཎྜི་ཏ་རྣམས་ལ་དཔེ་སྔ་མ་གཏད་ཅིང་། རང་གི་མན་ངག་ཏུ་ཕྱེ་བ་རྣམས་


JLAZ013_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་བཅུག་པས། འདི་དག་ནི་ལུང་དང་མི་འགལ་ལ་བསྒྲུབ་པའི་ཆ་རྐྱེན་དུ་འཕཊ་སོ་གསུངས་ནས་རྒྱལ་མཚན་གྱི་རྩེ་ལ་འཕྱར། དེར་དུར་ཁྲོད་སོ་ས་གླིང་དུ་མཁའ་འགྲོ་མ་བདེ་བའི་འཁོར་ལོ་ལས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་ཐོབ་པ་སློབ་དཔོན་པྲ་བྷ་ཧ་སྟི་ལས། ཕུར་པའི་ཆོས་ཚར་བཅོ་བརྒྱད་གསན། ཚེ་དང་། ལས་དང་། ས་འོག་གི་རིག་འཛིན་གསུམ་གྲུབ། བོད་ཀྱི་སྤྱན་འདྲེན་པའང་ལྷགས་པ་མཁྱེན་ནས་སླར་ཡང་ལེ་ཤོད་དུ་བྱོན། སློབ་དཔོན་གསུམ་གདན་འཛོམ་པ་ན། བི་མ་ལས་ཕུར་པ་གདེངས་པས་ཆུ་བོ་གྱེན་ལ་ལྡོག །བལ་པོ་ཤཱི་ལ་མཉྫུས་བྲག་ལ་ཕུར་པ་བཏབ། སློབ་དཔོན་ཆེན་པོས་ནགས་ཚལ་ལ་མེ་ཤོར་བའི་སར་བསྡིགས་པས་ཙན་དན་གྱི་ནགས་སུ་སོང་། དེ་ནས་བསམ་ཡས་སུ་རྒྱལ་པོ་ལ་ཕུར་པའི་ཆོས་གསུངས། མཁར་ཆེན་བཟའ་མཚོ་རྒྱལ་མ། ཅོག་རོ་བཟའ་མཆོད་གནས་མ། ཨ་ཙ་ར་ས་ལེ་གསུམ་ལ་མདུན་གྱི་ནམ་མཁར་དཀྱིལ་འཁོར་སྤྲུལ་ཏེ། དབང་ལྷ་ལ་ཞུའམ་བླ་མར་ཞུ་གསུངས་པས། མཁར་ཆེན་བཟས་བླ་མ། ཅོག་རོས་ལྷ་ལ་གདམས། ས་ལེས་བླ་མའི་དགོངས་པ་དང་སྦྱར་བར་ཞུས་པས། རྟེན་འབྲེལ་གྱི་དབང་ལས་ཡང་ཕུར་བདུད་རྩི་གསུམ་ལྕམ་ལུགས་མི་ཟབ་པར་གྲགས། མཁར་ཆེན་བཟའ་ལ་རྒྱུད་


JLAZ013_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དང་མན་ངག་སྙིང་པོར་དྲིལ་ནས་གནང་སྟེ་ས་ལེ་ལའང་ཤོད་གསུངས་པས་ཕུར་པ་ཇོ་མོ་ལུགས་ཟབ་པ་ཡིན་ནོ། །སྤྱིར་བོད་ཡུལ་འདིར་ཕུར་པ་ཤིན་ཏུ་དར་ཞིང་དེ་ལས་དངོས་གྲུབ་བརྙེས་པའང་བསམ་གྱིས་མི་ཁྱབ་ལ། གསར་མ་རྣམས་མ་དར་གྱི་བར་ལ་བོད་དུ་ཡི་དམ་དང་སྔགས་ཀྱི་བསྟན་པའི་སྲོག་ཀྱང་ཡང་ཕུར་གྱིས་བཟུང་། བརྒྱུད་པ་བྱིན་གྱིས་བརློབ་པར་ནུས་པའི་རིག་སྔགས་འཆང་བའི་གདུང་དང་། དེ་ལས་མཁས་ཤིང་གྲུབ་པ་བརྙེས་ནས་བསྟན་པའི་ཆུ་མགོ་ཐ་དད་པར་ཤར་བའི་སྐྱེས་བུ་དམ་པ་རྣམས་ཀྱང་བྱུང་མོད། དེ་ལྟ་ནའང་། ཕལ་ཆེར་ཡོངས་སུ་འདྲིས་ལ་སྡང་། །རྟག་ཏུ་གསར་པ་གསར་པ་འཚོལ། །ཞེས་པ་ལྟར་དཔལ་ཡེ་བཟང་རྩེ་བས། བོད་འདིར་རྡོ་རྗེ་ཕུར་པའི་སྒྲུབ་པ་ཤིན་ཏུ་དར་ལ། དེ་ལའང་ཁ་ཟེར་བ་དག་ཡོད་མོད་ཀྱི། དུས་ཕྱིས་ཆོས་རྗེ་ས་སྐྱ་བས་ཤངས་སྲེག་ཤིང་ནས་སློབ་དཔོན་པདྨ་དངོས་ཀྱི་ཕྱག་དཔེའི་རྒྱ་དཔེ་རྙེད་ནས་འགྱུར་མཛད་པས་ཕལ་ཆེར་ཁ་རོགས་ཏེ་འདུག་གོ །ཞེས་གསུངས་པ་ལྟར་ས་པཎ་གྱིས་ཕུར་པའི་རྒྱ་དཔེ་རྙེད་པས་དགྱེས་ཆེས། སྣམ་སྦྱར་མནབས་ནས་རྒྱ་དཔེ་ཕྱག་ཏུ་བཟུང་། བསུ་བ་དང་རོལ་མོའི་བྱེ་བྲག་གིས་སྤྱན་དྲངས་པས་བོད་དུ་བྱུང་བའི་ཆོས་སུ་སྒྲོ་འདོགས་པའི་གཟུ་བོར་མི་གནས་པ་དག་གི་བཞིན་རས་ལ་མུན་


JLAZ013_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱུག་པ་བྱེད་པའི་སྐབས་བྱུང་བ་ཡིན་ནོ། །གཉིས་པ། བདེ་འདུས་གཏེར་མའི་ལོ་རྒྱུས་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་སྟོན་པ་བཅོམ་ལྡན་འདས་ཆོས་སྐུ་ཀུན་ཏུ་བཟང་པོ་ཉིད་དགོངས་པ་མཉམ་ཉིད་བསལ་བཞག་མེད་པའི་ངང་དུ་བཞུགས་པ་ལ། ཡུམ་ཀུན་ཏུ་བཟང་མོས་རྡོ་རྗེའི་དམ་ཚིག་ཆེན་པོའི་གླུས་བསྐུལ་ནས། ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་འཕྲུལ་ཏོ། །ཞི་བའི་གདུལ་བྱར་མ་གྱུར་པ་རྣམས་ལ་ཁྲོ་བོ་ཆེ་མཆོག་ཧེ་རུ་ཀའི་སྐུར་བཞེངས་ནས་ཁྲོ་བོའི་དཀྱིལ་མཁོར་བསྟན་ཏེ་དགོངས་པས་བརྒྱུད་པ་དག །རིག་འཛིན་རྣམས་ལ་བརྡ་ལས་བརྒྱུད་དེ་གཙོ་བོར་གྱུར་པ་སྟོན་པ་ཉིད་བྱང་ཆུབ་སེམས་དཔའི་ངང་ཚུལ་ཅན་རིག་འཛིན་རྡོ་རྗེ་ཆོས་ཀྱི་ཕྱོགས་སུ་བསྡེབས་ཏེ་གླེགས་བམ་དུ་སྣང་བར་མཛད་དོ། །དེར་རེ་ཞིག་མིའི་ནང་དུ་སྐལ་བར་གྱུར་པ་མ་རྙེད་ནས་མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེ་ལ་གཏད་རྒྱས་བརྒྱུད། མཁའ་འགྲོ་མས་བདེ་གཤེགས་འདུས་པའི་སྤྱི་རྒྱུད་ལྔ་དང་། བྱེ་བྲག་གི་རྒྱུད་བཅུ་རྣམས་རིན་པོ་ཆེ་སྣ་བརྒྱད་ལས་བྱས་པའི་སྒྲོམ་བུར་སྩལ། སྒོས་རྒྱུད་རྣམས་སྒྲོམ་བུ་ཐ་དད་པར་བཅུག་ནས་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་


JLAZ013_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཏབ་བོ། །དེར་དུས་ལ་བབ་པའི་ཚེ་ཉིན་པར་ཐོག་སེར་འབབ་ཅིང་། མཚན་མོ་གློག་འགྱུ་བ་ལ་སོགས་པའི་ཆོ་འཕྲུལ་ཟད་མི་ཤེས་པ་སློབ་དཔོན་བརྒྱད་ཀྱིས་དགོངས་ཏེ། ཐམས་ཅད་ནམ་མཁར་བྱོན་ནས། དགོངས་པ་གཅིག་ཏུ་བསྡུས། མཆོད་རྟེན་ཆེན་པོའི་མདུན་དུ་ལྷགས་ནས་མཐུན་པའི་རྫས་དང་བདེན་པའི་ཚིག་གིས་དཀྲོལ། གཞན་དོན་དུ་དགོངས་པའི་བརྟུལ་ཞུགས་བསྐྱེད་དེ་དབང་དུ་བསྡུས་པས། གདུགས་བདུན་གྱི་ནུབ་མོ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་མངོན་སུམ་དུ་བྱོན་ནས་མཆོད་རྟེན་ནས་སྒྲོམ་བུ་ཕྱུང་སྟེ། ཆེ་མཆོག་གི་བསེ་སྒྲོམ་བི་མ་ལ། ཡང་དག་གི་དངུལ་སྒྲོམ་ཧཱུཾ་ཀཱ་ར། གཤིན་རྗེའི་ལྕགས་སྒྲོམ་འཇམ་དཔལ་བཤེས་གཉེན། རྟ་མགྲིན་གྱི་ཟངས་སྒྲོམ་ཀླུ་སྒྲུབ། ཕུར་པའི་གཡུ་སྒྲོམ་སློབ་དཔོན་པདྨ། མ་མོའི་བསེ་སྒྲོམ་དྷ་ན་སཾ་སྐྲྀ། མཆོད་བསྟོད་ཀྱི་མཆོད་སྒྲོམ་རོམ་བུ་གུ་ཧྱ། དྲག་སྔགས་ཀྱི་གཟི་སྒྲོམ་ཤཱནྟིང་གཪྦྷ་སྟེ་སོ་སོར་བཀའ་བབས་ཀྱི་ངེས་པ་གཏད་པས་རང་རང་གི་དོན་ལ་མཁས་ཤིང་གྲུབ་པ་ཐོབ་པར་གྱུར། རིན་ཆེན་སྣ་བརྒྱད་ཀྱི་སྒྲོམ་དུས་དེར་རྒྱ་མ་བཀྲོལ་བ། ཕྱིས་སློབ་དཔོན་པདྨར་གཏད་པ་ནས་བདེ་གཤེགས་ཡོངས་རྫོགས་ཚོམ་བུ་གཅིག་ཏུ་སྒྲུབ་པའི་རྒྱུད་དང་མན་ངག་བྱུང་། སླར་བོད་དུ་བཙན་པོ་ཁྲི་སྲོང་ལྡེ་


JLAZ013_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་གྱིས་གསོལ་བ་བཏབ་པ་ལས་བསམ་ཡས་མཆིམས་ཕུའི་བྲེ་གུ་དགེའུ་ར་ལས་ཅན་གྱི་རྗེ་འབངས་བརྒྱད་ལ། ཕྱི་ནང་གསང་བའི་དབང་དང་མན་ངག་རྫོགས་པར་བྱིན། དེའི་ཚེ་གསེར་སྲང་བཅུ་རེ་ལས་བྱས་པའི་མེ་ཏོག་སོ་སོར་དོར་བས། མངའ་བདག་ཉིད་དབུས་ཀྱི་ཆེ་མཆོག །ནམ་མཁའི་སྙིང་པོ་ཡང་དག །སངས་རྒྱས་ཡེ་ཤེས་གཤིན་རྗེ། ངན་ལམ་མཆོག་དབྱངས་རྟ་མགྲིན། མཁར་ཆེན་བཟའ་ཕུར་པ། དཔལ་གྱི་ཡེ་ཤེས་བླ་མེད་ཧེ་རུ་ཀ །རླངས་དཔལ་སེང་དྲེགས་པ་ཀུན་འདུལ། བཻ་རོ་ཙཱ་ན་སྟོབས་ལྡན་ནག་པོ་ལ་བབས་པས་ལྷ་སོ་སོ་ཞལ་གཟིཊ། མཁར་ཆེན་བཟས་བླ་མ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མཐོང་། དེ་དག་མཆོག་གི་གདུལ་བྱ་ཡིན་པས་དབང་དུས་སུ་རྟོགས་པ་བརྙེས། བཀའ་བབས་སོ་སོར་བསྒྲུབས་པས་བཙན་པོས་ཏིང་འཛིན་ཁྱད་པར་ཅན་གྲུབ། རྩ་མདུད་གྲོལ་བས་ཤེས་རབ་ཕྱོགས་མེད་དུ་རྒྱས་ནས། བཀའ་ཡང་དག་པའི་ཚད་མ་ཞེས་པའི་བསྟན་བཅོས་ཀྱང་མཛད། སྐུ་ཚེ་ཕྱིར་བསྲིངས། ནམ་མཁའི་སྙིང་པོས་ཉི་ཟེར་ལ་བཅིབས་ཤིང་བྲག་ལ་འདམ་རྫབ་ལྟར་མཛད། སངས་རྒྱས་ཡེ་ཤེས་ནམ་མཁའ་ལ་བྱ་ལྟར་གཤེགས་ཤིང་ཚེའི་རིག་འཛིན་བརྙེས། རྒྱལ་བ་མཆོག་དབྱངས་བསྐྱེད་རིམ་གྱད་དུ་གྱུར་པས་དབུ་གཙུག་ན་རྟ་མགོ་འབྱིན་


JLAZ013_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རྟ་སྐད་ཧི་ཧིར་བསྒྲགས། མཁར་ཆེན་བཟས། འཕགས་ཡུལ་གྱི་གྲུབ་ཐོབ་དག་གིས་ཀྱང་སྤྱོད་ཡུལ་དུ་དོགས་པའི་བསད་པ་གསོ་ནུས། འབྲོག་མི་དཔལ་ཡེས་མ་མོ་ལས་ལ་དངོས་སུ་འཁོལ། རླངས་དཔལ་སེང་གེས་སྡེ་བརྒྱད་བྲན་དུ་འཁོལ། བཻ་རོ་ཙཱ་ན་ཡེ་ཤེས་ཀྱི་སྤྱན་དང་ལྡན་ཞིང་རྫུ་འཕྲུལ་གྱི་བཀོད་པ་ལ་མངའ་བརྙེས་པ་སོགས་བྱུང་བས་འདི་དག་ལ་གྲུབ་ཆེན་བརྒྱད་ཞེས་གྲགས། འདིའི་སྟེང་དུ་སློབ་དཔོན་ཆེན་པོས་མན་ངག་རྗེས་སུ་གདམས་པ་ལས་དངོས་གྲུབ་ཆེན་པོ་བརྙེས་པ། གཉགས་ཛྙཱ་ན་ཀུ་མཱ་ར་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་སོགས་པ་ནམ་མཁའ་ལ་འདབ་ཆགས་བཞིན་བྱ་བ་དང་། ཆུ་བོ་ལ་གར་མཁན་བཞིན་བྱ་བ་དང་། མཁའ་སྤྱོད་དུ་འོད་ཕུང་གིས་འགྲོ་བ་དང་། གཅན་གཟན་གྱི་གཉའ་བ་ནས་འཛིན་པ་དང་། ཆུ་བོ་གྱེན་ལ་ལྡོག་པ་དང་། རོ་ལངས་གསེར་དུ་བསྒྱུར་བ་དང་། ལྟ་སྟངས་ཀྱིས་གཡག་རྒོད་འགུགས་པ་དང་། རི་བྲག་ལ་ཐོགས་རེག་སྤངས་པ་དང་། ཐོག་མདས་བྲག་རི་བསྙིལ་བ་དང་། ཕ་བོང་ཟན་ལྟར་གཅོད་པ་དང་། ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅའ་བ་དང་། བར་སྣང་ནས་འདབ་ཆགས་འཛིན་པ་དང་། ཕུར་པ་གདེངས་ཆད་སྲོག་གི་རྒྱུ་བ་འགགས་པ་ལ་སོགས་ལྟར་མངོན་པའི་རྫུ་འཕྲུལ་ཡ་མ་ཟུང་དང་། ནང་ཏིང་ངེ་འཛིན་གྱི་དགོངས་པ་ཚད་དུ་ཕྱིན་པས་མི་བརྗེད་པའི་


JLAZ013_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། གཡུང་དྲུང་ལྟ་བུའི་ལུས་ལ་སོགས་ཏེ་དངོས་གྲུབ་རྣམ་པ་གཉིས་ཀྱི་གོ་འཕང་ལ་རྐང་སྟེཊ་འཇོག་པ་བཅུ་བདུན་བསྣན་པས་རྗེ་འབངས་ཉི་ཤུ་རྩ་ལྔར་གྲགས་པ་ཡིན་ནོ། །དཔལ་འཛིན་གྱིས། འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་དུ། །བོད་ཀྱི་ལྷ་འདྲེ་འཛུད་ལུགས་ཀྱིས། །གཞན་དུ་འབྱུང་པོ་ཟད་དམ་ཅི། །ཞེས་ཁ་ཟེར་བ་བྱས་མོད། དེ་དག་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་པས་དྲེགས་པ་ཅན་འཁོར་དུ་མི་རུང་ཟེར་ན། དཔལ་ལྡན་འབྲས་སྤུངས་རྒྱུ་སྐར་གྱི་དཀྱིལ་འཁོར་ལའང་ཉེས་པ་དེ་ཡོད་པས་སོ། །ཡང་བོད་ཀྱི་ལྷ་འདྲེའི་མིང་སྣང་ལུགས་ཀྱིས་བོད་དུ་བྱས་སོ་ཟེར་ན་ནི། གཟུངས་གྲྭ་ལྔར་ཡུལ་སོ་སོའི་གནོད་སྦྱིན་མང་དུ་བཀོད་པ་དེ་ཡང་ནོར་བར་འགྱུར་ལ། སྤྱིར་རྟོག་གེའི་རིག་པས་གཞལ་ནའང་། འཇིག་རྟེན་གྱི་ཁམས་ན་མིང་འདྲ་དང་རུས་འདྲ་ཇི་སྙེད་ཡོད། ཕྱིན་ཅི་ལོག་འདིས་ཕུང་པོ་གསུམ་པའི་སངས་རྒྱས་གྲྭར། སྲེད་མེད་བུ་སོགས་འཛུད་ལུགས་ཀྱིས། །གཞན་དུ་འདྲེན་པ་ཟད་དམ་ཅི། །ཞེས་ཚངས་པ་དང་ཆུ་ལྷ་དང་། སྲེད་མེད་བུ་ལ་སོགས་པ་དངོས་བསྟན་དུ་སྨྲ་བར་འགྱུར་བ་ཤིན་ཏུ་ཐ་ཆད་པའི་ཚིག་གོ །ཁྱད་པར་རྒྱུད་ཀྱི་གླེང་གཞི་མ་མཐོང་ཞིང་། སངས་རྒྱས་ཀྱི་འཕྲིན་ལས་རླབས་པོ་ཆེའི་ཚུལ་ཁོང་དུ་མ་ཆུད། ཆོས་ཉིད་བསམ་གྱིས་


JLAZ013_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པའི་གནས་ལ་ལྟ་བའི་སྐལ་བ་ནི་ཆད། བེམ་པོའི་རུམ་ནས་སྣང་བ་ཀོ་ལེར་ཤར་བའི་གཏན་ཚིགས་ཀྱིས་རང་གི་ཚི་ཆད་པར་བྱ་བ་རྒྱ་གར་ནས་བྱུང་བའི་རྒྱུད་ལ་བོད་ཀྱི་ལྷ་འདྲེ་མི་རུང་བར་བསྟན་པའི་ཤུགས་ཀྱིས་རྒྱ་གར་ཉིད་ཀྱི་ལྷ་འདྲེ་བྱུང་སྲིད་ན་འགལ་བ་མེད་པར་དོན་གྱི་སོང་བས། གང་དུ་སྟོན་པས་གསང་སྔགས་གསུངས་པའི་གནས་དང་མཚན་ཉིད་སོགས་ཀྱི་གོ་བ་རབ་རིབ་ཙམ་ཡང་མ་ཆགས་པ་ཉིད་དོ། །འདིར་འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད་ལས། བཅོམ་ལྡན་འདས་འབར་བ་ཆེན་པོའི་སྐུར་བཞེངས་ཚུལ་བསྟན་པའི་རྗེས། འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་ལྷའི་ཚོགས་དང་། བདུད་དང་། གཤིན་རྗེ་དང་། སྲིན་པོ་དང་། གནོད་སྦྱིན་དང་། གཟའ་དང་། ཀླུ་དང་། རྒྱལ་པོ་དང་། གིང་དང་། མ་མོ་ཆེན་མོ་རྣམས་དང་། ཌཱཀྐིའི་ཚོགས་དང་། རཱུ་ཏྲ་དང་། མུ་སྟེགས་དང་། སྲོག་གི་བདག་པོ་དང་། ནོར་གྱི་བདག་པོ་དང་། ཚེའི་བདག་པོ་དང་། སྲིད་པའི་བདག་པོ་དང་། གཞན་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། དུར་ཁྲོད་ཆེན་པོ་དང་། འཛམ་བུའི་གླིང་མཐའ་འཁོབ་ཀྱི་ས་དང་། རིའི་རྒྱལ་པོ་དང་། རི་ཕྲ་མོ་དང་། རྒྱ་མཚོ་དང་། ཆུ་ཕྲན་དང་། ཡོངས་སུ་འདུ་བའི་ཤིང་དང་། ནགས་ཚལ་ཆེན་པོ་དང་གནས་ཕྲ་


JLAZ013_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བསམ་གྱིས་མི་ཁྱབ་པ་དག་ན་གནས་པའི་འཇིག་རྟེན་གྱི་དྲེགས་པ་ཅན་ཕོ་དང་མོའི་རྣམ་པར་འདུག་པ་དང་། གཙོ་བོ་དང་འཁོར་གྱིས་ཁྱད་པར་དུ་གྱུར་པ་དང་། བྲན་དང་གཡོག་གི་ཚོཊ་དང་བཅས་པ་དག་རང་རང་གི་གནས་ནས་མྱུར་དུ་སྔངས་ཤིང་སྐྲག་ལ་འཇིགས་པ་དང་། ཡ་ང་བའི་སེམས་དང་། དུལ་བའི་སེམས་ཀྱིས་ཐོན་ཏེ། བཅོམ་ལྡན་འདས་དེའི་སྤྱན་སྔར་རླུང་དྲག་པོའི་ཤུགས་ཀྱིས་རབ་ཏུ་བསྐྱོད་པའི་ཤིང་བལ་གྱི་འདབ་མ་བཞིན་དུ་རང་དབང་མེད་པར་ལྷགས་པར་གྱུར་ཏེ། ཞེས་སྟོན་པ་བཅོམ་ལྡན་འདས་གསང་བའི་བདག་པོ་དཔལ་ཧེ་རུ་ཀས་གང་དུ་རང་སྣང་གི་འོག་མིན་སྤྲུལ་པའི་གནས་དེར་འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས། སྲོག་སྙིང་བླངས། འཁོར་གྱི་རོལ་པར་མཛད་པའི་ཕྱིར། འཇིག་རྟེན་གྱི་ཁམས་ཞེས་པས་སྤྱིར་བསྡུས་པ་ལ་འཛམྦུའི་གླིང་ཞེས་པས་བྱེ་བྲག་གིས་བསྡུས་པའི་ཁོངས་སུ་བོད་ཅེས་བྱ་བའི་ཡུལ་ཕྲན་ཀོ་ལེ་བ་འདི་ཡོད་པ་བ་ལང་རྫི་བོ་ཡན་ཆད་ཀྱིས་ཀྱང་ཤེས་པར་འགྱུར་རོ། །རྒྱུད་སྡེའི་གནས་ཆེན་པོ་འདི་དག་གཟིགས་ནས་གཡུང་སྟོན་རྡོ་རྗེ་དཔལ་བས་མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཕྱེ་ཞིང་། སྔགས་ཀྱི་སྟོན་པས་གདུལ་བྱ་ནག་ཕྱོགས་པ་འདུལ་ནུས་པར་བཤད་པའང་དོན་འདི་ལྟ་བུ་ལ་དགོངས།


JLAZ013_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་བློ་གྲོས་བསམ་གྱིས་མི་ཁྱབ་པ་འགོས་ལོ་གཞོན་ནུས། ལྷ་ཆེན་པོ་འདི་རྣམས་ཀྱང་སངས་རྒྱས་མཐོང་བ། རང་རང་གི་གསང་སྔགས་ཀྱི་གསང་ཚིག་དང་བཅས་ཤིང་དེས་འཇིག་རྟེན་ལ་ཕན་འདོགས་པ་ཤ་སྟག་ཡིན། ཞེས་གསུངས་པའང་དོན་འདིར་གནས་ལ། གཞན་དུ་བོད་ཀྱི་ལྷ་འདྲེས་སངས་རྒྱས་མཐོང་བའི་ཚུལ་སྟོན་པ་མེད། ཤམྦྷ་ལ་སོགས་པ་ནག་ཕྱོགས་སུ་བྲིས་པའང་ཡོད་དེ་གནས་སྐབས་ཀྱི་གཏམ་ཙམ་མོ། །དེ་བཞིན་དུ་དཔལ་འཛིན་གྱིས་གསར་མའི་རྒྱུད་འགྲེལ་འདི་ཙམ་ཞིག་འགྱུར་བ་ལ། ཐ་ན་རྫོགས་པ་ཆེན་པོ་ཞེས་པའི་མིང་ཙམ་ཡང་མེད་ཅེས་རང་མཚང་རང་གིས་སྟོན་པ་ཉིད་དེ། འཇམ་དཔལ་ཞལ་ལུང་ལས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་གཟུགས་ཅན། །ཞེས་དང་། ཡེ་ཤེས་ཞབས་ཀྱིས་སྒྲུབ་ཐབས་ཀུན་ཏུ་བཟང་མོར་ཡང་རྫོགས་པ་ཆེན་པོ་ཞེས་བཤད་པས་རྒོད་འགྱོད་ལ་སོགས་པའི་སྒྲིབ་པ་ལྔ་ཅར་ཉམས་སུ་མྱོང་བར་བྱས་སོ། །ལར་རྟོག་དཔྱོད་འདི་ནི་བློ་གྲོས་ཕུར་ཁུང་ཐུག་པ་ཡིན་ཏེ། གཅིག་ལ་གཅིག་ལྟོས་ཀྱི་ལུང་བསྟན་པ་མེད་པས་ཆོས་མ་ཡིན་པར་འགྲོ་ན། མདོ་སྡེ་རྣམས་ནས། གསང་སྔགས་སྤྱིའི་མཚན་ཉིད་དང་མིང་ཙམ་ཡང་མ་བསྟན་པས་དེ་ཐམས་ཅད་ཀྱང་རྫུན་པར་འགྱུར་རོ། །དེ་བཞིན་དུ་


JLAZ013_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གཟུ་བོར་མི་གནས་པའི་རྫུན་གཏམ་དང་། དྲང་དོན་གྱི་ཕྱོགས་ལ་འཆེལ་བ་དང་། རི་བོང་གི་ཆ་ལ་བྲག་ཆ་ལྟ་བུར་བཟློ་བ་ལ་སོགས་པའི་ཕྱོགས་ཀྱང་བསལ་བར་བྱ་སྟེ། དེ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་བསྐྱེད་བླ་ན་མེད་པས། གངས་ཅན་པ་རྣམས་ཀྱི་བསོད་ནམས་དམ་པའི་བགོ་སྐལ་དུ། བསྐལ་པ་དང་པོ་ཆགས་པ་ནས་ད་ལྟའི་བར་དུ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་བྱིན་རླབས་ལས། འོག་མིན་གྱི་གནས་སུ་དྲུག་པ་རྡོ་རྗེ་འཆང་དུ་རྣམ་པར་འཕྲུལ་ཏེ། གསང་བ་འཛིན་པ་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྒྱ་མཚོའི་རྡུལ་གྱིས་ཀྱང་མཐའ་མི་དཔོགས་པར་གསུངས་པ་ཉིད། རིགས་གསུམ་སེམས་དཔའ་ལ་སོགས་པས་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པའི་ཡུལ་དུ་སྣང་བར་མཛད་ཅིང་། མཁའ་འགྲོ་དང་། གྲུབ་ཐོབ་རིག་པ་འཛིན་པ་དུ་མས་བཟུང་སྟེ་གནས་པ་དག་ཀྱང་བོད་འདིར་བྱོན་མོད་ཀྱི། དེ་དག་ལ་འཇམ་དཔལ་གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤོང་བའོ། །ཞེས་གསུངས་པ་ལྟར་སྔོན་གྱི་སྤྲུལ་པའི་ལོ་པཎ་ཆེན་པོ་རྣམས་ལ་ཕྱག་བྱ་བ་དང་། རྗེས་སུ་ཡི་རང་བ་ལྟ་ཅི་སྨོས། རྒྱ་གར་ན་མེད་པ་དང་། བོད་དུ་བཅོས་


JLAZ013_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཀྱི་བརྟིང་ཚིག་མང་དུ་སྨྲས་ནས་ཐོས་པ་ཉུང་ཞིང་རྨོངས་པའི་ཕྱོགས་ལ་མངོན་པར་ཞེན་པ་རྣམས་ཀྱང་། ངན་འགྲོའི་ལམ་ལ་འཁྲིད་པར་རྩོམ་པའི་ཉེས་སྤྱོད་ཆེན་པོ་འདི་བཟོད་པར་དཀའ་བས། བཏང་སྙོམས་ལས་བསླང་བར་བྱའོ། །དེ་ལ་རྒྱ་གར་ན་མེད་པ་ཁོ་ནས་རྒྱུད་ཡང་དག་པ་མ་ཡིན་པའི་གཏན་ཚིགས་མི་འགྲུབ་སྟེ། རྒྱ་གར་གྱི་རྒྱུད་རྣམས་ཀྱང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མཁའ་འགྲོ་མའི་གནས་དང་། ཁྱད་པར་དུ་འཛམ་བུའི་གླིང་གི་ཟ་ཧོར་དང་། ཤམྦྷ་ལ་དང་། སིངྒ་ལ་དང་། མ་ལ་ཡ་དང་། ཨོ་རྒྱན་ལ་སོགས་པ་མཁའ་འགྲོའི་གནས་ཆེན་པོ་དག་ནས་སློབ་དཔོན་དགའ་རབ་རྡོ་རྗེ་དང་། ཀླུ་སྒྲུབ་སྙིང་པོ་དང་། པདྨ་འབྱུང་གནས་དང་། ས་ར་ཧ་པ་དང་། བཱི་མ་ལ་མི་ཏྲ་ལ་སོགས་པས་སྤྱན་དྲངས་ཏེ་བྱོན་པ་ཡིན་ནོ། །གལ་ཏེ་བཞུགས་པ་དག་ཀྱང་ཡོད་སྲིད་དེ་ཁྱོད་ཀྱི་ལན་རེ་ཙམ་ཕྱིན་པས་མཐོང་མི་ནུས་ཏེ། ཉམ་ཆུང་བོད་ཀྱི་རྒྱལ་ཁམས་ཙམ་ན་ཡོད་པའི་གླེགས་བམ་གྱི་རྣམ་གྲངས་ཀྱང་ཤུལ་རིངས་ཀྱི་མགྲོན་པོས་ཁ་ཚོན་མི་ཆོད་ན། སྔོན་གྱི་སྤྲུལ་པའི་ལོ་པཎ་ཆེན་པོ་རྣམས་ལྟར་རྫུ་འཕྲུལ་གྱི་བཀོད་པས་ཡུལ་ཉེར་བཞི་ལ་སོགས་པ་མཁའ་འགྲོའི་གསང་མཛོད་ལ་བགྲོད་ནུས་པ་ནི་ཕྱིས་ཀྱི་ལོ་ཙཱ་བས་མ་བྱུང་། རྒྱུ་མཚན་དེས་ཇོ་བོ་


JLAZ013_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཏི་ཤས་ཀྱང་རྒྱ་གར་གྱི་སློབ་དཔོན་ནག་པོ་པ་དེ་ཚེ་འཕོས་པ་འདི་ཁོ་ན་ཡིན་ཏེ། ཁོ་བོས་འདི་དང་ཆོས་གཏམ་ག་ན་ནུས་གསུངས་པའི་རོང་ཟོམ་ཆོས་ཀྱི་བཟང་པོའི་ཞལ་ནས། སྔོན་པ་གོར་བཻ་རོ་ཙཱ་ན་དང་། རྨ་རིན་ཆེན་མཆོག །གཉགས་ཛྙཱ་ན་ཀུ་མཱ་ར། ཀ་ཅོག་རྣམ་གཉིས་ལ་སོགས་སྤྲུལ་པའི་ལོ་ཙཱས་བསྒྱུར་བའི་ཆོས་ཡིན་ལ། ད་ལྟའི་ལོ་ཙཱ་བ་དགུན་བལ་ཡུལ་དུ་བསྡད། དབྱར་ཚད་པས་འཇིགས་ནས་མང་ཡུལ་དུ་དོན། སྔོན་གྱི་མཁས་པའི་འགྱུར་ལ་རང་བཟོ་བཅོས་མ་སྣ་ཚོགས་བྱས་པ་དང་མི་འདྲ། མཁས་པ་པཎྜི་ཏའི་ཁྱད་ཀྱང་། པདྨ་འབྱུང་གནས་དང་། བཱི་མ་ལ་མི་ཏྲ། བོ་དྷི་སཏྭ། སངས་རྒྱས་གསང་བ་ལ་སོགས་པ་རིག་འཛིན་གྱི་ས་ལ་བཞུགས་པའི་བྱང་ཆུབ་སེམས་དཔས་གདན་དྲངས་པའི་ཆོས་ཡིན་ལ། ད་ལྟའི་པཎྜི་ཏ་ལྟོ་མ་ཕྱིད་བོད་དུ་གསེར་འཚོལ་དུ་འོངས་པའི་བཟང་སྤྲང་ཁ་ཅིག་དང་མི་འདྲའོ། །ཞེས་གསུངས་པ་ལྟར་བོད་ལ་བསྟན་པ་ཕྱི་དར་གྱི་སྐབས་ཤིག་ཙ་ན། རྒྱ་གར་ལ་བློ་གྲོས་ཅུང་ཟད་རྣོ་ལ་གསེར་ཟོང་རྙེད་པའི་རྐང་པ་ཡང་བ་ཐམས་ཅད་ཀྱི་དེང་སང་ཁམས་པ་གནས་བསྐོར་ལ་ཁ་ལུང་པ་བཞིན་ལྷགས་འགྲོ་བ་ཞིག་ཀྱང་བྱུང་། བསམ་པ་སྦྱོར་བ་ཐམས་ཅད་ནས་སངས་རྒྱས་ཀྱི་བསྟན་པ་སྙིང་ལ་གཅགས་པ་ཡིན་ན་དེ་ཡང་རྗེས་སུ་ཡི་རང་སྟེ་འདི་ལྟར་ངན་སྨྲས་བྱེད་པ་ཕལ་མོ་ཆེ་བོད་དུ་རང་གི་བླ་མ་དང་། བཤེས་གཉེན་ལ་སོགས་


JLAZ013_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཉོན་མོངས་པའི་དབང་གིས་འགྲས་ནས་ལྷགས་པ་མང་། རྒྱུ་མཚན་དེས་མདོ་སྔགས་ཀྱི་ཆོས་རང་སའི་གནས་གཅིག་ལ་ཕན་ཐོགས་པ་དང་ལྟར་སྣང་ཡང་། དོན་རྒྱལ་བའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་སྐུར་པ་བཏབ་པས་ཆོས་ཆོས་སུ་མ་སོང་བདུད་ཀྱི་ལས་སུ་གྱུར་པ་ཡིན། ལར་ཆོས་ནི་ཚིག་ལ་མི་རྟོན་དོན་ལ་རྟོན་པ་ཡིན་པས་འགྱུར་གྱི་རྣམ་ཆ་རིགས་པས་དཔྱད་དུ་བཟོད་པ་འགའ་ཙམ་བྱུང་སྲིད་ནའང་མུ་སྟེགས་པ་ཚིག་ལ་གྲིམས་པ་དང་། ཞིང་པ་སོ་ནམ་ལ་གྲིམས་པ་ལྟ་བུ་ལས་དགོས་པ་ལྷག་པོ་མེད་དེ། དུས་འཁོར་འགྲེལ་ཆེན་ལས། ཡུལ་གྱི་སྐད་དང་ཟུར་ཆག་སྒྲ་ལས་ཀྱང་། །རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ། །ངང་པས་རབ་ཏུ་ཕྱུང་ནས་འཐུང་བར་བྱེད། །དོན་དམ་དེ་ཉིད་ཡུལ་ལ་རྟག་ཏུ་ནི། །ཆེན་པོ་རྣམས་ལ་ཚིག་ལ་རྟོན་པ་མིན། །ཡུལ་གྱི་མིང་རྣམས་ཀྱིས་ནི་དོན་ཤེས་ན། །བསྟན་བཅོས་སྨྲ་རྣམས་ཀྱིས་ནི་ཅི་ཞིག་བྱ། །ཞེས་བཤད་པས་སོ། །སྔར་བོད་ན་བསྟན་པའི་གཟུགས་བརྙན་ཙམ་ཡང་མེད་པས། ཆོས་སྐད་ཙམ་སློབ་པ་ལའང་བློ་མཐུ་ཆུང་ངུར་གྱུར་པའི་དུས་བྱོན་པའི་སྤྲུལ་པའི་ལོ་པཎ་གྱིས་བསྒྱུར། འཐོར་བ་བསྡུས། གཅུས་པ་བསྲངས། གཞི་གཏན་ལ་ཕབ། ལམ་


JLAZ013_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་འོག་ཏུ་བཙུད་ཚར་བས་རང་གི་བློ་གྲོས་དེའི་སྣོན་མར་སོང་པ་འདི་མ་ཚོར། དེའི་ཕྱིར་ཀུན་མཁྱེན་རོང་པས། སངས་རྒྱས་ཀྱི་བསྟན་པ་གྲྭ་མ་ཉམས་པའི་དུས་སུ། སྤྲུལ་པའི་ལོ་ཙཱ་བས་བཀའ་འགྱུར་བ་མེད་པར་གཏན་ལ་ཕབ་ནས། ཤེས་བྱ་དངོས་པོའི་འདུག་ཚུལ་འབེབས་ཤིང་། དེ་རྟོགས་པར་བྱེད་པའི་ཐབས་དུ་མས་བརྒྱན་པའི་ཆོས་དང་། དུས་ད་ལྟའི་ལོ་ཙཱ་རྫུན་པོ་ཆེ་སྔོན་གྱི་འགྱུར་ལ་བཅོས་མ་སྣ་ཚོགས་བྱས་ནས། འགྱུར་ང་བཟང་། ཁུངས་ང་བཙུན་ཟེར་ནས་སངས་རྒྱས་ཀྱི་བཀའ་དང་བླ་མའི་གསུང་ལ་རས་ཆོད་བྱས་ནས། མི་རེས་ཆོས་རེ་བཅོས། གཅིག་སྐྱོན་གཅིག་ལ་འགེལ། ཕའི་ཆོས་ལ་བུའི་དཔེ་མི་བཏུབ་པའི་ཆོས་དང་མི་འདྲ་ཞེས་གསུངས་པ་འདི་ཤིན་ཏུའང་མད། ལར་བོད་མ་ཡིན། རྫུས་མ་ཡིན་བྱས་པ་ཐམས་ཅད་ལ་རིམ་པར་བསྟན་པ་སྔ་དར་གྱི་རྒྱ་དཔེ་རྙེད་ནས་རྫུན་ཕུགས་རྡིབ་པ་ཤ་སྟག་ཡིན་ཏེ། དེ་ལ་དང་པོར་ཁྱེད་ཅག་གིས་རྒྱ་གར་དུ་ཕྱིན་ནས་མ་མཐོང་མ་ཐོས་པ་དེ། ངེད་ཅག་གིས་སྟན་ཐོག་གཅིག་ཏུ་མཐོང་ཞིང་ཐོས་པ་འདི་བསོད་ནམས་ཆེ་སྟེ། འགོས་ལོ་ཐམས་ཅད་གཟིགས་པའི་ཕྱག་ཏུ་བྱུང་བའི་གསང་རྙིང་རྒྱ་དཔེའི་རས་མའང་མཐོང་། བསོད་ནམས་ཀྱིས་མངོན་པར་མཐོ་བ་རྒྱལ་པོ་སེ་ཆེན་ལྟ་བུའི་


JLAZ013_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་རློམ་ཀྱང་བརྟུལ་ཞུགས་ཀྱི་ཟིལ་གྱིས་ནོན་པ་མཁས་གྲུབ་ཆེན་པོ་ཨོ་རྒྱན་པ་རང་བྱུང་དཔལ་གྱིས། བོད་ཀྱི་ལོ་ཙཱ་བ་ཁ་ཅིག་རྒྱ་གར་ན་རྙིང་མ་བསྒྱུར་རྒྱུ་མི་འདུག་ཟེར། དེ་ལ་ཆག་ལོ་ཙཱ་བ་བདག་རང་གི་དབང་ཞུས་ཀྱི་བླ་མ་ཡིན་ཡང་། རྒྱ་གར་ན་རྙིང་མ་བསྒྱུར་རྒྱུ་མི་འདུག་ཟེར། དེ་འདྲ་ཁོང་རང་བློ་ཆུང་གི་གཏམ་ཡིན། ལོ་ཙཱ་བ་རྒྱ་གར་ཤར་ཕྱོགས་སུ་ཡུག་རེ་ལས་མ་ཕྱིན་པར་རྒྱ་གར་ན་གང་ཡོད་ཀྱི་ཆ་ཅི་ཆོད། དེ་ལས་བོད་ན་གང་ཡོད་ཀྱི་ཆ་ཡང་མི་ཆོད། སྤྱིར་ཡང་རྒྱ་གར་ཚད་ཁུངས་ཆེ་བས། རྒྱ་གར་གྱི་དཔེ་རྣམས་རུལ་པ་མང་། སངས་རྒྱས་ཀྱི་བཀའ་ལ་ཚད་བཟུང་མེད་པ་ལ། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་དེའི་ཁུངས་ཅི་ཆོད། ངས་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ལ་ཕྱིན་པ་ཡང་། མུ་མཐའ་མ་ཆོད། དེ་ཡང་དང་པོའི་རྒྱུད་དཔེ་རྣམས། དུས་ཕྱིས་བལ་པོ་ན་མང་བ་ཡིན། དེ་ནས་བལ་པོ་བྷེ་ཧ་རའི་གཙུག་ལག་ཁང་ཞིག་ན། རྙིང་མའི་རྒྱུད་རྣམས་ཀྱི་རྣམ་གྲངས་རང་ཡང་བསམ་གྱིས་མི་ཁྱབ་པར་བཞུགས་འདུག །ངས་བོད་ཀྱི་རྙིང་མ་རྣམས་ལ་ངས་རྙིང་མའི་རྒྱ་དཔེ་དང་པཎྜི་ཏ་ཚུར་དགུག །ཁྱེད་རང་རྣམས་མང་ཡུལ་གྲོང་དུ་འདེངས། ངས་ལོ་ཙཱ་བ་བྱས་བསྒྱུར་ཟེར་བ་བྱས་ཏེ་མ་གྲུབ། དེང་འགྱུར་རྙིང་མའི་འགྱུར་ད་རུང་བྱ་རུ་ཡོད་པ་ལ། ཡང་བོད་ཀྱི་ཤེས་པར་འདོད་པ་འགའ་ཞིག་ན་རེ། རྙིང་མའི་དགོངས་


JLAZ013_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདུས་པ་བོད་ཀྱི་སྔགས་རྒན་ཚོས་བཅོས་པ་ཡིན་མི་དག་ཟེར། དེ་འདྲ་ཡང་འོས་སུ་མི་འགྲོ་བའི་གཏམ་ཡིན། ཤེས་ན་དེ་འདྲ་བའི་ཆོས་རང་རེ་ཚོས་ཡང་འཆོས་དང་། དེ་ལས་ལེགས་རྒྱུ་ནི་སངས་རྒྱས་ཀྱི་བཀའ་ལའང་མེད། ཅེས་སོ། །དེ་བཞིན་དུ་ནུབ་པ་ཡང་ཤིན་ཏུ་མང་སྟེ། འདི་ལྟར་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་པ་ཙམ་དུ་གྲགས་པ་རྒྱལ་པོ་དྷརྨ་པཱ་ལའི་ཚེའི་སྨད་ཙམ་ན། རྡོ་རྗེ་གདན་གྱི་ལྷ་ཁང་ཞིག་ན་ཧེ་རུ་ཀའི་སྐུ་དངུལ་ལས་བྱས་པ་སྐུ་ཚད་མཐོན་པོ་ཞིག་དང་། གསང་སྔགས་ཀྱི་གླེགས་བམ་མང་རབ་ཅིག་ཡོད་པ་སིངྒ་གླིང་པ་སོགས་ཉན་ཐོས་སནྡྷེ་པ་འགའ་ཞིག་གིས། འདི་དག་ནི་བདུད་ཀྱིས་བྱས་པའོ་ཞེས། སྐུ་གཟུགས་དུམ་བུར་བགོས་ནས་རང་རང་གི་རྙེད་པ་བྱས། གླེགས་བམ་རྣམས་མེ་ལ་བསྲེགས། དེ་བཞིན་དུ་བྷཾ་ག་ལའི་ཡུལ་ནས་བི་ཀྲ་མ་ཤི་ལར་མཆོད་པའི་ཕྱིར་དུ་འགྲོ་བ་མང་པོའང་བློ་བསྒྱུར་ནས། དེ་དག་ནི་ཐེག་ཆེན་ཞེས་བྱ་བ་ལྟ་བ་ལོག་པར་སྤྱོད་པ་ཡིན་པས། ཡང་དག་པའི་ཆོས་སྤྱོད་པ་ངེད་རྣམས་ལ་བྱིན་ཅིག་ཅེས་སྨྲས་ནས་རྙེད་པ་འཚོལ་བ་སོགས་བྱས་པ་རྒྱལ་པོས་ཐོས་ནས་ཆད་པ་བྱུང་ངོ་ཞེས་རྒྱ་གཏམ་ཚད་མར་གྱུར་པ་དག་ལ་གྲགས། དེ་བཞིན་དུ་སྒྲོལ་བའི་མགོན་པོས། འགྲོ་ལྡིང་གི་གླིང་ན་སྔོན་བསྟན་པ་རྣལ་མ་མེད་པ་ལས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་དང་པོར་བཙུགས། མར་


JLAZ013_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མཛད་བཟང་པོས་ཀྱང་བྱོན། དེ་ནས་བརྩམས་ཏེ་ལོ་བརྒྱ་ཙམ་གྱི་བར་དུ་མ་ག་དྷ་དང་། ཨོ་རྒྱན་དང་། ཁ་ཆེ་ལ་སོགས་པའི་རྡོ་རྗེ་འཛིན་པ་མང་པོ་བྱོན་ཏེ། སྔགས་ཀྱི་ཐེག་པ་ལྷག་པར་རྒྱས་པར་མཛད། སྔོན་རྒྱལ་པོ་དྷརྨ་པཱ་ལའི་སྐབས་སུ་སྦས་ཏེ། རྒྱ་གར་དུ་ནུབ་པའི་རྒྱུད་ཀྱི་རིགས་དང་། ཨོ་ཊི་ཡ་ན་ནས་སྤྱན་དྲངས་པའི་རིགས་ཀྱི་རྒྱུད་རྒྱ་གར་ན་མེད་པ་མང་དུ་ཡོད། ཅེས་བསྟན། འདི་དག་ནི་ཤེས་རབ་ཕྱོགས་རེ་བའི་བློ་མིག་རྣམ་པར་དག་ཅིང་། འཕགས་པའི་ཡུལ་གྱི་དངོས་གནས་དང་། གཏམ་རྒྱུད་ལ་འདྲིས་ནས་རང་བཞིན་སྲོང་པོར་བརྗོད་པ་ལ་བསྙེལ་བ་སྤངས་པའི་སྨྲ་བའི་སེངྒེ་ཆེན་པོ་ཡིན་ནོ། །དེ་བཞིན་དུ་ཇོ་བོའི་རྣམ་ཐར་ན། ཡང་ཇོ་བོའི་ཐུགས་དགོངས་ལ། མི་ཡུལ་དུ་བཞུགས་པའི་གསང་སྔགས་ལ་ང་ལས་མཁས་པ་མེད་སྙམ་པའི་ཐུགས་རྒྱལ་མངའ་བ་ལ། ཕྱིས་བོད་དུ་བྱོན་ནས་པེ་དཀར་གླིང་གི་དཀོར་མཛོད་ཅིག་སྒོ་ཕྱེ་ནས་རྒྱ་དཔེ་གཟིགས་པས། ཇོ་བོས་དེ་གོང་དུ་མ་གསན་མ་གཟིགས་པ་མང་པོ་བཞུགས་འདུག་ནས། ཐེག་པ་ཆེན་པོ་གདམས་ངག་འདི་ལ་མི་ཤེས་པ་མེད་སྙམ། ཌཱཀྐི་མས་ཀྱང་ནམ་མཁའ་ནས་གཞལ་ཡས་ཁང་དཔག་ཏུ་མེད་པ་བསྟན། རྒྱུད་སྡེ་མང་པོ་བསྟན་པ་ཡིན་པ་ལ། འདི་རྣམས་མི་གདའ། ཐེག་པ་ཆེན་པོའི་


JLAZ013_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་འདི་ལ་མཐའ་ཡོད་ཡོད་མི་འདྲ་གསུངས་ཐུགས་རྒྱལ་ཆག །བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་བ་མང་པོ་ཕུལ། བོད་དུ་བསྟན་པ་དར་བ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བ་འདྲ་གསུངས་ཞེས་དང་། སློབ་དཔོན་པདྨ་རྡོ་རྗེ་འཆང་གཉིས་པ་དེའི་དྲིན་ལ་རྒྱ་གར་ན་ཡོངས་སུ་མ་གྲགས་པའི་མཁའ་འགྲོའི་གསང་མཛོད་མང་པོ་བསྒྱུར་ནས་བསམ་ཡས་པེ་དཀར་གྱི་དཀོར་མཛོད་ན་བཞུགས་སོ། །ཞེས་པ་འདི་ལ་ཅིས་བསྙོན། དེ་ལྟར་མི་འདུག་དང་། མ་དག་ཟེར་བའི་རྫུན་གཏམ་གཅིག་གིས་བློ་འདྲོགས། མཁས་སུ་རེ་བའི་རྟོག་དཔྱོད་ཅན་རྣམས་ཀྱང་ཕྲ་མ་སྔ་བཙན་ལ་ཡི་དམ་དུ་མ་བཟུང་ན་རང་ཉིད་ཀྱང་སྡེ་ཚན་དེ་ལས་གྱར་གྱི་དོགས་ནས་ཡང་དག་པའི་མདོ་དང་། རྒྱུད་ལུང་མང་པོ་ལ་སྐུར་པ་འདེབས། སྔོན་དུ་བསྒྱུར་བའི་གཞུང་ལུགས་ཆེན་པོ་གཅིག་ལ་རང་གིས་རིག་པས་བཏགས་པའི་སྐྱོན་འགེལ་ནུས་ན་དེ་ལ་རྗེས་འབྲངས་དང་བཅས་པས་ངོ་མཚར་དུ་བྱེད་ཅིང་། མཁས་པའི་གྲལ་དུ་རྗེས་སུ་ཡི་རང་བསྒོམ་པ་འདི་དུས་རིང་མོ་ཞིག་ནས་སྣང་སྟེ་དགེ་བཤེས་ལོ་ཙཱ་བ་བོད་ན་བཞུགས་པའི་ཚེ་ཆོས་སྤྱོད་ཐམས་ཅད་ཀྱི་རྒྱུད་བྱ་བ་དེ་དགེ་ཚུལ་ཁྱུང་གྲགས་བྱ་བས་བྱས་པ་ཡིན་ཟེར་ནས་རྫུན་མར་བྱེད་པ། རྒྱ་གར་དུ་ཇོ་བོ་གདན་འདྲེན་ལ་ལྷགས་པའི་ཚེ། བི་ཀ་མ་ལའི་དགེ་འདུན་རྣམས་ཉན་བཤད་བྱེད་ཅིང་སྣང་། དེ་ལ་གདམས་པ་བདུད་


JLAZ013_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་སྙིང་པོ་བྱ་བ་ཡང་འདུག་པ་སླར་ལོ་ཙཱ་བས་བོད་དུ་བསྒྱུར་བས་ཆོས་སུ་སོང་། དེ་བཞིན་དུ་བགྲང་གིས་མི་ལང་བ་ཡོད། སྔོན་གྱི་དུས་སུ་བྱུང་བ་དག་བཅོས་མ་ཡིན་ན། རྩོམ་གཞི་གང་ལ་བྱས། དེ་ལྟར་ན་ཕྱིས་བྱུང་བ་རྣམས་དེ་བས་ཀྱང་བཅོས་མ་ཡིན། རྩོམ་གཞི་སྔོན་མ་ལ་བྱས་ཤིང་། དོན་སྔོན་བས་བཟང་དུ་མ་སོང་། ཚིག་མི་འདྲ་བ་དང་མང་ཉུང་ལས་མེད་པ་གསང་བ་འདུས་པའི་རྒྱུད་ལྟ་བུས་མཚོན་ནོ། །འགོས་ལྷས་བཙས་ཆོས་རྗེ་ཟུར་པའི་སྐུ་དྲུང་ནས་གཞན་དུ་གྱུར་པས། དང་པོར་གསང་བའི་སྙིང་པོ། ཕྱིས་ནས་སྔ་འགྱུར་གྱི་ཆོས་རྒྱ་མཚོ་ལྟ་བུ་ལ་མ་ཡིན་མ་འགྱུར་ཞེས་ཁ་ཟེར་བ་བྱས་མོད་ཀྱི། སྐྱོན་བཞིའི་འགལ་སྤོང་ལ་སོགས་པ་ཟུར་པའི་རྗེས་འབྲངས་རྣམས་ཀྱིས་རྒྱུད་ཀྱི་བཤད་པ་རྒྱ་མཚོ་ལྟ་བུའི་ཞར་ཆོས་སུའང་། རྒོལ་ངན་རྩོད་པས་ཐལ་བར་བརློག་པའི་བརྟུལ་ཞུགས་བཟུང་ནས། སྤོབས་པ་ལན་མེད་དུ་བཏང་བས་འདིར་མ་བཀོད་ལ། གསང་སྙིང་བོད་མར་དབྱེན་བཅོས་པའི་རྫུན་ཕུགས་བཅོམ་ལྡན་རིག་རལ། པཎ་ཆེན་ཤཱཀྱ་ཤྲཱི། ཐར་ལོ་ཆེན་པོ། འགོས་ལོ་གཞོན་ནུ་དཔལ་ལ་སོགས་པའི་སྤྱན་སྔར་རྒྱ་དཔེའི་དངོས་པོ་ཁོ་ནས་རྟིབ་ཅིང་། ཆོས་ཀྱི་རང་ངོ་ནས་ནི་མུ་སྟེགས་བྱེད་སམ་ག་ཨ་ཙརྱས། དཔལ་ལྡན་ཆོས་ཀྱི་གྲགས་པ་ལ་རྒོལ་བ་བཞིན་དུ་རང་ཉིད་ཀྱི་སྐྱེ་བ་ནས་སྐྱེ་བར་བརྒྱུད་ཀྱང་། དགེ་སློང་ལྷ་ཆེན་པོའི་བརྟུལ་ཞུགས་


JLAZ013_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྟན་པའི་དབྱེན་ཙམ་དུ་འགྱུར་སྲིད་ཀྱི། དེ་ལས་བསམ་པ་མཐར་ཐུག་པའི་ལམ་དུ་མ་སོང་ངོ་། །མཁས་པ་ཆེན་པོ་བུ་ནི་གཞོན་ནུའི་ཚེ་རྙིང་མའི་ཆོས་དང་ཡང་དམ་ཚིག་གིས་འབྲེལ་ཏེ། ཐ་སྙད་ལ་བློ་གྲོས་བསམ་གྱིས་མི་ཁྱབ་པས། རང་གི་བླ་མ་མཁས་པའི་དབང་ཕྱུག་ཆེན་པོ་ཉི་མ་རྒྱལ་མཚན་ལྟ་བུའི་རྣམ་དཔྱོད་ལའང་ཚད་མར་མི་བྱེད་པས། རྙིང་མར་བཏང་སྙོམས། གསར་མའི་ཕྱོགས་མང་པོ་ཡང་བརྫུས་མར་གཟིགས་མོད་ཀྱི། སློབ་དཔོན་སངས་རྒྱས་གསང་བས། ཧ་ཅང་ཐོས་པ་མང་པོ་ཡང་བདུད་ཀྱི་ལས་སོ་གསུངས་པ་དེ་མིན་ན་བསྟན་པའི་བྱི་དོར་ཆེན་པོ་ཉིད་དོ། །འོན་ཀྱང་སི་ཏུ་ཐམས་ཅད་མཁྱེན་པ་དགེ་བའི་བློ་གྲོས་ཞེས་སྤོབས་པ་བསམ་གྱིས་མི་ཁྱབ་པ་དེས་ཚལ་པ་བཀའ་འགྱུར་གྱི་ཞུ་དག་ལ་བུ་སྟོན་སྤྱོན་པར་བྱས་མོད། དེའི་བཀའ་འགྱུར་ཁྲོད་ན་ནི་མདོ་སྒྱུ་སེམས་གསུམ་གྱི་རྒྱུད་སྡེ་ཚན་ཚང་མ་རེ་དང་། བསྟན་སྲུང་གི་སྐོར་ཀྱང་མཆིས་གདའ་བ་ལ་སྦྱིན་པའི་བདག་པོའང་། བློ་གྲོས་བསམ་གྱིས་མི་ཁྱབ་པས་གཤུང་བར་དཀའ་བའམ། གདོད་ནས་ཚད་མ་མ་ཡིན་པའི་གཏན་ཚིགས་ལ་ངེས་པ་འདྲོངས་ན་ནི་བྱི་དོར་མཁན་པོར་དམིགས་ཀྱིས་བསལ་བས། དེ་དག་ཀྱང་འཇོག་མི་ཐང་སྟེ་སྣང་ངོ་། །སྤྱིར་ཡོངས་གྲགས་སུ་དེ་ལྟ་མོད་ཀྱི། སྒྲ་ཚད་པས་མཛད་པའི་རྣམ་ཐར་ལ་དཔྱད་ན། སྔ་འགྱུར་ལ་རུས་ཞེན་དང་། ལྟ་བའི་ཆོས་སྐད་


JLAZ013_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་རྗེས་ཟློ་ཞིང་། མེས་པོའི་ཡི་དམ་ལ་ཉམས་བཞེས་མཛད་པས་གུ་རུ་མཚན་བརྒྱད་ཞལ་གཟིགས་ནས་ལུང་བསྟན་ཐོབ་ཚུལ་སོགས་དངོས་བསྟན་ཡིན་ན་རྒྱུད་འབུམ་ལ་དཔྱད་ཞུས་སོགས་གཞན་སྣང་དང་བསྟུན་པའི་དྲང་དོན་དུ་ངེས་སོ། །ཡང་གསེར་མདོག་ཅན་པས་གསེར་གྱི་ཐུར་མར་དཔལ་འཛིན་གྱི་རྫུན་གཏམ་འཕྲོས་དོན་དུ་བྱས་པས། དེས་གང་ཟག་བློ་གྲོས་གསར་བུ་རྣམས་ལ་ཐེ་ཚོམ་དུ་མ་བསྐྱེད་ཅིང་། བླུན་པོ་དང་ཕྱོགས་ལྷུང་ཅན་རྣམས་ཀྱི་རྒྱབ་བརྟེན་དུ་འཁྱེར་བ་བྱུང་མོད་ཀྱི། དེ་ལ་དཔྱད་པར་བྱ་བ་ཞིག་སྟེ། ཆོས་རྗེ་བསྐལ་བཟང་རྒྱ་མཚོས་གསེར་ཐུར་ལས་བརྩམས་པའི་དོགས་གཅོད་ཀྱི་ལན་ངེས་དོན་རབ་གསལ་ཞེས་བཏགས་པར། གསེར་མདོག་ཅན་པས་ཁོ་བོ་ཅག་གི་འབེལ་གཏམ་རྣམ་པར་ངེས་པའི་ཡི་གེ་དཀྱུས་མ་ན། གསར་རྙིང་ལ་ཆོས་ཡིན་མིན་གྱི་རྣམ་དབྱེ་བྱས་པ་ལྟ་ཅི་སྨོས། རྙིང་མ་ཞེས་པའི་ཚིག་ཙམ་ཡང་བྱུང་བ་མེད་ཀྱི་སྟེང་དུ། དྲི་བ་དང་ལན་གཉིས་ཀའི་ནང་ན། འགོས་ལོ་ཙཱ་བ་སོགས་ཀྱིས་ཆོས་ལོག་དྲི་མ་ཅན་དུ་བགྲངས་པའི་རྣམ་གྲངས་མང་པོ་དེ་དག་དེ་ལྟར་དུ་འཐད་ན་ཧ་ཅང་ཐལ་བར་འགྱུར་བའི་ཀླན་ཀ་དག་བཀོད་ནས་ཞེས་དང་། གྲུབ་མཐའ་ལ་མ་ཞུགས་པའི་སྐྱེ་བོ་དག་གིས། དཔལ་འཛིན་གྱིས་སྨྲས་པའི་ཚིག་དེ་དག་ཁ་བཏོན་དུ་བྱས་པ་ན།


JLAZ013_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའ་སྨྲ་བར་ཁས་འཆེ་བའི་སྨྲ་བ་པོ་དག་ཀྱང་། ལ་ལ་དག་རྟོག་དཔྱོད་མ་བཏང་བར་གང་ཐོས་སུ་དབྱངས་སུ་གྱེར་བའམ། སྨྲ་བ་པོ་ཁ་ཅིག་ནི་འགའ་དང་འགའ་ལ་ཕྲ་མ་བགྱིད་པའི་བསམ་པ་ཁོ་ན་སྔོན་དུ་བཏང་ནས། གཞུང་རྩ་བ་ན་ཅི་ཡོད་མི་རྟོག་པར་འབེལ་གཏམ་གྱི་ཚིག་ཁོ་ན་ལ་སྐྱོར་འབྱིན་བྱེད་པ་དག་ཡོད་པར་སྣང་ངོ་། །ཞེས་འགོས་དང་དཔལ་འཛིན་གྱིས་བྱས་པའི་ངག་བགྲོས་རླབས་པོ་ཆེ་ཧ་ཆང་ཐལ་བར་བཤད་ཅིང་། རང་གི་འདོད་པའི་སྙིང་པོའི་མཐར་ཐུག་ལ་དཔྱད་པ་མ་ཞུཊ་བཞིན་དུ་འབེལ་གཏམ་ན་ཡམས་སུ་བྱས་པ། བཤད་བྱའི་རྩ་བར་འཁྲུལ་པ་རྣམས་ཀྱིས་ནོངས་པ་ཡིན་ནོ་ཞེས་པས། གསེར་ཐུར་གྱི་རྙིང་མ་ལ་སྐུར་པ་བཏབ་བོ་ཟེར་བའི་འདོད་པ་བཀག་ནས། འདི་སྐད་དུ། སྤྱིར་རྙིང་མ་ཆོས་མ་ཡིན་པར་ཁས་ལེན་ནུས་པ་དག་ཡོད་ན། དེའི་ཚེ་དེ་ལྟར་འདོད་པ་དེས་སྐ་ཅོག་ཞང་གསུམ་གྱིས་བསྒྱུར་བའི་སྡེ་སྣོད་གསུམ་གྱི་ཆོས་རྣམས་དང་། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད། ལོ་ཆེན་རིན་ཆེན་བཟང་པོ་མ་བྱོན་གོང་དུ་འགྱུར་བ་ཐམས་ཅད་ཆོས་མ་ཡིན་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་རོ། །བྱེ་བྲག་ཏུ་གསང་སྔགས་བླ་མེད་ཀྱི་རྒྱུད་རྙིང་མ་ཆོས་མ་ཡིན་པར་ཁས་ལེན་ནུས་པ་དག་ཡོད་ན། དཔལ་གསང་བ་འདུས་པ་དང་། ཟླ་གསང་ཐིག་ལེ་དང་། སངས་རྒྱས་མཉམ་


JLAZ013_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་རྣམས་ཆོས་མ་ཡིན་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་ཏེ། དེ་གསུམ་རྙིང་མའི་ལུགས་ཀྱི་ཏནྟྲ་སྡེ་བཅོ་བརྒྱད་དུ་གྲགས་པ་དེའི་གཙོ་བོར་གྱུར་པ་དང་། རྩ་བ་དེ་གསུམ་ལ་བརྟེན་ནས་བོད་དུ་རྙིང་མར་གྲགས་པའི་ཆོས་མང་དག་ཅིག་བྱུང་བར་སྔོན་གྱི་ཆེན་པོ་དག་གིས་འཆད་པའི་ཕྱིར། བྱེ་བྲག་ཏུ་ཡང་ཕུར་ཆོས་མ་ཡིན་པར་ཁས་ལེན་པ་དག་ཡོད་ན། དེའི་རྒྱུད་ཀྱི་རྒྱ་དཔེ་དང་། ལོ་ཙཱ་བ་ཚད་ལྡན་གྱིས་བསྒྱུར་བ་སོགས་ཀྱི་གཏན་ཚིགས་ལས་རྣམ་དག་ཏུ་གྲུབ་ཟིན་པ་དང་ཁྱད་པར་རྙིང་མའི་རྒྱུད་དུ་གྲགས་པ་གཞན་དང་གཞན་རྣམས་རྒྱུད་འབུམ་གྱི་དཀར་ཆག་ཏུ་འདེབས་པར་མི་མཛད་པའི་ཆེན་པོ་དེ་དག་གིས་ཀྱང་ཡང་དག་དང་ཕུར་པ་རྩོད་མེད་དུ་གྲུབ་ཟིན་པའི་ཕྱིར། དཔེར་ན་རལ་གྲི་དང་། བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་ལས་བཤད་པ་བཞིན་ནོ། །ཞེས་གཞན་གྱི་འདོད་པའང་ཞར་བྱུང་ན་ཡམས་སུ་བཀོད་དོ། །ལར་ཆོས་ཀྱང་བདག་གིར་བྱེད་པ་པོའི་གཟི་བྱིན་ལ་ལྟོས་ནས་ཡང་དག་དང་ཅིག་ཤོས་སུ་བསྒྲུབ་ཤེས་པའི་དཔྱོད་ལྡན་དེ་འདྲ་ལ་ལྔ་པ་ཆེན་པོའི་ཞབས་ཀྱིས། སྒྲུབ་སྡེ་བརྒྱད་པོ་ལྷ་སྔགས་རྒྱུད་མན་ངག་སྨིན་གྲོལ་གྱི་གནད་མཐའ་དག་ཕྱོགས་མཚུངས་པ་ཁོ་ནར་ཡོད་པས། ཆེ་མཆོག་གཤིན་རྗེ་སོགས་གཞན་རྣམས་མ་དག་ན་ཡང་ཕུར་གཉིས་སྒེར་དུ་དག་དོན་མེད་པས། གྲུབ་མཐའི་ཕྱོགས་ཁྱེར་གྱི་ཞེ་སྡང་བ་ཁོ་ནས་


JLAZ013_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དགག་ཅིང་། ཡང་ཕུར་གཉིས་ས་སྐྱ་པའི་ཡབ་ཆོས་སུ་སོང་ཞིང་དུས་དེར་བོད་ཆོལ་ཁ་གསུམ་གྱི་བདག་པོ་ས་སྐྱ་པ་ཡིན་པའི་ངོས་འཛིན་ཁོ་ན་ཡིན་པར་གསལ་བས་རྩོད་ཡིག་གི་ནང་ཟོང་གནག་རྫི་རྒན་པོ་ཡན་ཆོད་ཀྱི་མཐོང་བར་གསལ་པོར་བསྟན་པ་གོར་མ་ཆག །དབུ་རུ་དཔལ་འཛིན་སྔགས་རྒྱུད་རྙིང་མ་ཡིན་པར་རང་གི་སློབ་དཔོན་དང་འགྲས་པའི་ལེ་ལན་དུ། དགག་པ་ཚིགས་བཅད་ལྷུག་སྤེལ་མ་བརྩམས་པ་ཞེ་སྡང་གི་ངན་སྨྲས་ལས་ལུང་རིགས་རྣམ་དག་ཆེར་མི་འདུག །ཅེས་གསུངས་པ་ནི་ཤིན་ཏུའང་མད། གསེར་མདོག་ཅན་པར་རང་གིས་བཞེད་པ་ནི་འདི་སྐད་དུ། བསྟན་པ་འདིའི་བདག་པོ་སྟོན་པ་ཐུབ་པའི་དབང་པོས་ཆགས་བྲལ་གྱི་གཟུགས་ཀྱིས་སམ་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་གསུངས་ཀྱང་རུང་སྟེ། སྟོན་པ་གཅིག་པུ་དེ་ཉིད་ཀྱི་ལྷ་དང་སྔགས་ཀྱི་རིམ་པ་ཁོ་ན་ཉམས་སུ་བླངས་པ་ལས་གྲུབ་པ་བརྙེས་པའི་སློབ་དཔོན་པདྨ་འབྱུང་གནས་དང་། དེའི་སློབ་མ་རིམ་པ་གཉིས་ལ་བརྟན་པ་ཐོབ་ནས་གྲུབ་པའི་ས་བརྙེས་པ་དེ་དག་གིས་བོད་དུ་དམ་པའི་ཆོས་དར་བ་ལ་གེགས་སུ་གྱུར་པའི་ལྷ་འདྲེ་གདུག་པ་ཅན་འདུལ་བ་དང་། རྡོ་རྗེ་ཐེག་པའི་སྣོད་དུ་གྱུར་པ་རྣམས་ནི་རིག་འཛིན་གྱི་ས་ལ་འགོད་པའི་ཕྱིར་དུ། གང་དང་འཚམས་པའི་ལྷ་དང་། སྔགས་དང་། ལྟ་བའི་རིམ་པ་རྣམས་གསུངས་པ་དང་། དེའི་དོན་སློབ་མས་


JLAZ013_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་ཉམས་སུ་བླངས་པ་དང་། དེ་ལས་གྲུབ་པའི་ས་བརྙེས་པའི་རིག་པ་འཛིན་པ་མང་དུ་བྱོན་པ་དང་། དེ་དང་མཐུན་པའི་སྙན་བརྒྱུད་དང་དགོངས་པ་ཡི་གེར་བཀོད་པ་ལ་བརྟེན་ནས་རྙིང་མར་གྲགས་པའི་ཆོས་རྣམ་པར་དག་པ་འདི་ཉིད་བྱུང་བ་ཡིན་ལ། འདི་དག་ལའང་ཡང་དག་པར་ན་བསྟན་བཅོས་ཀྱི་མཚན་ཉིད་ཚང་བ་ཡིན་ཏེ། ཇི་སྐད་དུ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཅེས་སོགས་ཀྱི་མཚན་ཉིད་དེ་ཚང་བའི་ཕྱིར་སློབ་དཔོན་པདྨས་གསུངས་པའི་བསྟན་བཅོས་ནི་སངས་རྒྱས་ཀྱི་བཀའ་དང་ཁྱད་པར་ཡོད་པར་མ་ཡིན་ཏེ། ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོར་བླངས། །ཞེས་གསུངས་པའི་ཕྱིར་རོ། །ཞེས་སྣང་བས་འདི་དག་ནི་གཟུ་བོར་གྱུར་པའི་ཤེས་བྱ་རིག་པས་གཞལ་བའི་གཏན་ཚིགས་སུ་ཤེས། ཡང་ཁ་ཅིག་གིས། ད་ལྟའི་ཕྱག་རྒྱ་ཆེན་པོ་དང་། །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་གཉིས། །ཞེས་གཤིས་ལ་བྱ་བ་དང་བྲལ་བའི་གྲུབ་མཐའ་བློར་མ་ཆུད་ནས། ཀུན་རྫོབ་ཙམ་དུའང་ཐབས་ཀྱི་ཆ་ཡལ་བར་དོར་རོ་སྙམ་པས་རྫོགས་ཆེན་རྒྱ་ལུགས་མ་འཆོས་པ་ནི་གཟུགས་བརྙན་སྤངས་པའི་གྲིབ་མའོ། །རང་གཞུང་སེམས་སྡེའི་རྒྱུད་ཆེན་པོ་


JLAZ013_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་ལ་གསེར་ཞུན་དུ། །བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་པུ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །ཞེས་གྲུབ་མཐའི་འཆའ་ལུགས་ཆེན་པོ་འདི་ཡོད་པས་ཀུན་རྫོབ་བདེན་པ་ཇི་ལྟར་འགོག །དེ་ལྟར་ནའང་འོག་མར་དགོངས་ཏེ་གསུངས་པ་འདིར་བདེན་གཉིས་དབྱེར་མེད་ཆེན་པོར་རྣམ་པར་དག་པའི་ཚུལ། སེམས་སྡེ་ཕྱི་འགྱུར་ལས། སོ་སོ་ཐར་པའི་སྡོམ་པ་དང་། །བྱང་སེམས་ཚུལ་ཁྲིམས་རྒྱ་ཆེན་པོས། །མ་ལུས་ཀུན་སྦྱར་ཡུལ་དུ་གནས། །དེ་དག་ཐེག་པའི་ཁྱད་པར་མཆོག །སངས་རྒྱས་ཀུན་གྱིས་དགོངས་མཛད་དེ། །སྤྱོད་པ་ཐབས་བཅས་གསང་བའི་ཚུལ། །དེ་ལྟར་ཕ་རོལ་ཕྱིན་སྒོམ་པ། །སྔགས་ཀྱི་ཐེག་པ་གྲངས་མེད་རྣམས། །བསྟན་པ་སོ་སོར་སྣང་བའི་ཚུལ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་དང་། རང་བཞིན་མེད་པའི་ངང་དུ་ཕྱིན་དྲུག་རྫོགས་པའི་ཚུལ་ཡང་། སེམས་ཕྱོགས་རིན་པོ་ཆེ་རྒྱས་པའི་རྒྱུད་ལས། དབྱེར་མེད་མཉམ་པར་གནས་པས་སྦྱིན་པའོ། །རང་བཞིན་མེད་པར་ཤེས་པས་ཕ་རོལ་ཕྱིན་པ་ཡིན། །ཆོས་སྐུ་རང་བཞིན་གོས་པ་མེད་པ་ལས། །ངོ་བོ་རང་བཞིན་དག་པ་ཚུལ་ཁྲིམས་ཏེ། །གང་གིས་ནོས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན། །ཆོས་ཉིད་རང་བཞིན་གདོད་ནས་ཞི་བ་ལས། །རང་བཞིན་ཁོང་ཁྲོ་མེད་པ་བཟོད་པ་སྟེ། །


JLAZ013_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་གཉིས་སུ་མེད་པས་ཕ་རོལ་ཕྱིན་པའོ། །སྐྱེ་མེད་གདོད་ནས་རང་བཞིན་ཀུན་ལ་ཁྱབ། །དོན་ཐོབ་ལེ་ལོ་མེད་པ་བརྩོན་པ་སྟེ། །ཀུན་ཁྱབ་དབྱེར་མེད་གནས་པས་ཕ་རོལ་ཕྱིན། །ཆོས་ཉིད་གདོད་ནས་རང་བཞིན་རྣམ་དག་པས། །རྟོག་མེད་མཉམ་ཉིད་གནས་པས་བསམ་གཏན་ཏེ། །རང་བཞིན་གཡེང་བ་མེད་པས་ཕ་རོལ་ཕྱིན། །ཆོས་ཀྱི་སྐུ་ཡི་རང་བཞིན་དེ་ཉིད་ལ། །ཐམས་ཅད་དེ་བཞིན་ཉིད་ལ་གནས་པས་ཤེས་རབ་སྟེ། །རང་བཞིན་དེ་ལྟར་རྟོགས་པས་ཕ་རོལ་ཕྱིན། །ཆོས་ཀྱི་སྐུ་ཡི་རང་བཞིན་དོན་རྟོགས་ན། །ཕ་རོལ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། །རྫོགས་པ་ཆེན་པོ་འོད་ལ་གང་གནས་པ། །འདི་བསྒོམས་ཐམས་ཅད་ཡོངས་སུ་བསྒོམས་པའོ། །ཞེས་སོ། །རྒྱུ་མཚན་དེ་ལ་དམིགས་ནས་འཕགས་པ་ལྷས། ཚུལ་ཁྲིམས་ལས་ནི་ཉམས་སླ་ཡིས། །ལྟ་ལས་དེ་ལྟར་མ་ཡིན་ནོ། །ཞེས་པ་འདིས་དོན་དམ་པར་ཐབས་སྤྱོད་པའི་ཕྱོགས་ལས་ཤེས་རབ་ལྟ་བའི་ཆ་ཁོ་ན་གཙོ་ཆེ་བར་སྟོན་པ་འདི་ཕྱག་རྫོཊ་ཙམ་མ་ཟད་མདོ་ལུགས་ཤིང་རྟ་ཆེན་པོའི་དགོངས་པ་ལའང་ཡོད་པར་གསལ། སེམས་ཕྱོགས་དག་ནས་ཀྱང་གཤིས་ལ་བྱ་བ་དང་བྲལ་བར་གཙོ་བོར་སྟོན་པས། ལྟ་བ་རིག་ཐོག་ཏུ་མཉམ་པར་འཇོག་པའི་ཚེ། ཆོས་ཉིད་ཁས་ལེན་དང་བྲལ་བ། །རང་བཞིན་ཡིད་བྱེད་དང་བྲལ་བ། །ཐོབ་བྱ་


JLAZ013_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རེ་དོགས་ལས་འདས་པ། །སྤྱོད་པ་བླང་དོར་མེད་པ་ནི་གྲུབ་པའི་མཐའ་ཆེན་པོ་འདིའི་ངོ་བོའི་བརྗོད་བྱ་མཐར་ཐུག་པས་ཚིག་གི་ལམ་དུ་དེ་ལས་ཅི་ཞིག་བསྒྲགས། གཞན་དུ་ཆོས་ཉིད་ནི་བསམ་གྱིས་མི་ཁྱབ་པ་ཡིན་ལ། ཚིག་ནི་རྟོག་དཔྱོད་ཀྱི་ངོ་བོར་གནས་པའི་ཕྱིར་དེ་ཉིད་གཅིག་ཏུ་མཛའ་བ་མ་ཡིན་པས། སྐྱེས་བུའི་བློ་སྟོབས་ཀྱིས་རང་རང་གི་འདོད་པ་བསྒྲུབ་པའི་ཕྱོགས་ཇི་སྙེད་པ་འདི་བྱུང་ལ། ཇི་ལྟ་བ་ནི་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་མཆོག་གཟིགས་རྣམས་ཀྱི་རྒྱུད་ལ་རང་བཞིན་གྱིས་ཡོད་པའོ། །དེ་ལྟར་ཡོད་པས། རྔོག་ལོ་ཆེན་པོ་ནས་ཇོ་ཞལ་ཡན་ཆོད་ཀྱི་ཀློག་པ་ཐོས་བསམ་ལ་མཁས་པ་དག་དང་། གངས་རིའི་ཁྲོད་ཀྱི་བསམ་གཏན་པ་འཁྲུལ་མེད་ཀུན་གྱི་ཡི་གེ་ན་དོན་འདི་ཡོད་པས་སོ། །དེའི་ཕྱིར་སངས་རྒྱས་ནི་གཉིས་སུ་མི་གསུངས་པ་ཡིན་པས་ཤིང་རྟ་ཆེན་པོ་གཉིས་ཀྱི་དགོངས་པའི་མཐར་ཐུག་པའང་འདིར་གནས་ངེས་པ་ཡིན་ནོ། །དེ་ལྟ་ནའང་རེ་ཞིག་དབུ་མའི་གཞུང་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་སྲིད། །ཅེས་པས་རྟོག་དཔྱོད་ཀྱི་མཐའ་ལ་བཀར། དགག་བསྒྲུབ་ཀྱི་རྫོང་ལ་བསྐོར་བ་བྱས་པས། རང་གི་ཡེ་ཤེས་རང་ལ་ལྐོག་ཏུ་གྱུར་ནས་བསླུ་བའི་རིང་། རང་བཞིན་རྫོགས་པ་ཆེན་པོ་འདུག་སྟངས་གསུམ་གྱིས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་དང་། རིག་པ་ཐོད་རྒལ་གྱི་


JLAZ013_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ངང་དུ་ཡེ་ཤེས་དབབ་པ་དང་། རིག་པའི་རྩལ་དབང་གིས་ཆོས་ཉིད་མངོན་དུ་བསྟན་པའི་གནད་ཀྱིས་ལམ་ཁྱད་གནམ་ས་ལྟ་བུར་ཡོད་པ་ཡིན་ནོ། །ཡང་བླང་དོར་མེད་པ་ལྟ་བ་ཡིན་གྱི་སྤྱོད་པར་ཅི་འགྲོ་ཟེར་མོད། ཁོ་བོ་ཅག་ནི་ཆོས་ཀྱང་རྫོགས་པ་ཆེན་པོ། གང་ཟག་ཀྱང་རྫོགས་པ་ཆེན་པོ། ལྟ་སྤྱོད་མཉམ་པ་རིས་མེད་དུ་ཁས་བླངས་པའི་དབང་དུ་བགྱིད་ན། རྣམ་ཤེས་ཀྱི་ངོ་ན་བླང་དོར་ཀྱང་ཡོད་པས་ཐབས་ལ་སྐུར་པ་མ་བཏབ། ཡེ་ཤེས་ཀྱི་ངོ་ན་གཟུང་འཛིན་མེད་པས་ཐབས་ལ་རེ་བ་མི་འཚོལ། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ནི་རྒྱུ་འབྲས་གཉིས་སུ་མེད་པའི་ངོ་བོ་བསྒྲུབ་བྱ་སྟེ། གངས་རིའི་ཁྲོད་ན་འདི་ལ་སྐྲག་པར་གྱུར་ནས། གཞི་དུས་སུ་ཀུན་རྫོབ་ཚད་མས་མ་གྲུབ་ན་རྒྱུ་འབྲས་ལ་སྐུར་པ་བཏབ། ལམ་གྱི་དུས་ན་ཅི་ཡང་ཡིད་ལ་མི་བྱེད་པ་ཧྭ་ཤང་གི་ལྟ་བ་ཡིན། འབྲས་བུའི་དུས་སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་རྫོབ་མི་སྣང་ན་ཐམས་ཅད་མཁྱེན་པ་ནས་བུད་ཟེར་ཏོ། །ཁོ་བོ་ཅག་ནི་ཀུན་རྫོབ་འཁྲུལ་སྣང་ཡིན་པས་ཚད་མའི་གཏན་ཚིགས་འགལ། ཡིད་བྱེད་རྣམ་རྟོག་ཡིན་པས་མཉམ་བཞག་ཏུ་ཅི་ཡང་མི་བསྒོམ། སངས་རྒྱས་ནས་མ་རིག་པ་ཤེས་བྱ་ལ་མི་སྲིད་ན་ཀུན་རྫོབ་གང་ལ་སྣང་། དེ་ཀ་འཁོར་ལོ་ཐ་མ་དང་། དབུ་མ་ལ་འཇུག་པ་རྩ་འགྲེལ་གྱི་དགོངས་པ་མཐར་ཐུག་པ་ཡིན་ན་གཤིས་ཀྱི་བཞུགས་ཚུལ་གཙོ་བོར་འདོན་པའི་གྲུབ་པའི་མཐའ་རྫོགས་པ་ཆེན་པོ་ཕྱོགས་


JLAZ013_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་འཕུལ་བའི་དོན་པོ་གང་། རྫོགས་ཆེན་པས་མི་དགེ་བཅུ་དང་། མཚམས་མེད་ལྔ་ལ་རྣམ་པའི་ཆ་ནས་ཀྱང་བསྒྲུབ་བྱར་བྱེད་པ་མེད། དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གནས་གཞན་ཡལ་བར་འདོར་བའང་མེད། གང་དང་གང་དུ་གདུལ་བྱ་ལས་ངན་པ་ལྟ་བ་གཞན་དབང་ཅན། བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་ལ་ཉམ་མི་ང་བའི་སྤྱོད་པ་རླབས་པོ་ཆེ་ཆོས་ལྟར་འཆོས་པ་དག་མཐོང་ནས། སྔགས་ལོག་སུན་འབྱིན་དུ་སྨྲས་པ་ཡིན་ཟེར་ན། དེ་ལྟ་བུ་གསར་རྙིང་གང་གི་ཁྲོད་དུའང་མཆི་བས་གང་ཟག་སུན་འབྱིན་དུ་སྨྲ་བར་འོས་ཀྱིས། སྔགས་ལོག་སུན་འབྱིན་དུ་སྨྲ་བ་རྟེན་དང་བརྟེན་པ་རྫས་འགལ་བའི་ཕྱིར་རོ། །ཡང་རྒྱུད་ལས་སྦྱོར་སྒྲོལ་ལ་སོགས་པའི་ཚིག་ཟིན་དངོས་བསྟན་པས་སྔགས་ལོག་ཡིན་ཟེར་ན། དེར་སྤྱིར་གསང་སྔགས་ཀྱི་ཆོས་ལ་འཚལ་ཏོ་ཅོག་ཆུད་གསན་ཅིང་། ཁྱད་པར་རང་ཉིད་ཁ་ཏོན་དུ་བགྱིད་པའི་གསང་འདུས་རྩ་རྒྱུད་ལེའུ་བཅུ་དྲུག་པར། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོངས། །བུད་མེད་དག་ཀྱང་བསྟེན་པར་བྱ། །རྡོ་རྗེའི་ལམ་ནི་འདི་དག་གིས། །སེམས་ཅན་ཐམས་ཅད་བསྐུལ་བར་བྱ། །ཞེས་པ་འདི་ལ་དགོངས་པ་ལུང་སྟོན་ལྟར་མ་ཡིན་པས་མངོན་གྱུར་ཉིད་དུ་སྤྱད་དེ། དྲག་ཤུལ་གྱི་སྦྱོར་བ་རྩོམ་པ་དང་རྫུན་གྱི་ངག་སྨྲ་བ་དང་།


JLAZ013_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཚོང་ལ་སོགས་པའི་ཐབས་ཀྱིས་གཞན་ནོར་བརྐུ་བ་དང་འཁོར་བ་མ་སྟོངས་ཀྱི་བར་དུ་ཆོ་འབྲང་གི་ཕྲེང་བ་བསྟར་ལ་རྒྱུ་བའི་འདུན་པ་ཅན་གསར་མའི་ཁྲོད་ནའང་ཇི་ཙམ་ཡོད། འདི་ལྟར་ཁྱིམ་པ་འདོད་ཡོན་གྱི་རོ་ལ་བརྐམ་ཆགས་ཅན་དག་ལ་ལྟོས་ནས། སྔ་མ་བྲམ་ཟེ་ལ་སོགས་ཏེ་གཙང་སྦྲའི་བརྟུལ་ཞུགས་ལ་མངོན་ཞེན་བརྟས་པའི་བྱེད་པ་རྒྱུ་མཐུན་ལས། ཚེ་འདིར་འབག་བཙོག་ལ་སོགས་པ་ཡ་ང་བར་བལྟ་ཞིང་། དབང་པོ་ལས་སུ་མ་གྱུར་པའམ། རང་བཞིན་གྱིས་འཁྲིག་པའི་ཆོས་བསྟེན་པ་ལ་སྤྲོ་བ་ཞན་པ་དག་གིས་ཐོས་པ་དང་། བསམ་པ་དང་། སྒོམ་པའི་ཤེས་རབ་འགོག་ཅིང་། རྡོར་དཀར་དང་། བཀྲུ་ཤལ་དང་། ཆུང་མ་མེད་པ་ཙམ་ཚུལ་ཁྲིམས་ཀྱི་ཕུང་པོར་བལྟས་ནས། གཡུལ་གྱི་བྱ་བ་དང་། རྒྱལ་པོའི་ཞལ་ལྕེ་བ་དང་། དཔྱ་སྡུད་པ་དང་། སོ་ནམ་གྱི་འདུ་འགོད་དང་། ཤོ་གམ་གྱི་ལས་དང་། འགྲན་ཟླར་གྱུར་པའི་ཕུན་སུམ་ཚོགས་པ་གཞོམ་པ་དང་། འབངས་སུ་གྱུར་པ་དག་ལ་སྲོག་དང་། ནོར་གྱི་ཆད་པ་སྦྱིན་པ་སོགས་ལ་ཚམ་ཚོམ་མེད་པར་འཇུག་པ་དག་ཡོད་ན། དེ་དག་ལ་ལྔ་བརྒྱའི་ཐ་མར་གྱུར་པས་བསྟན་པ་གཤིས་ཀྱིས་སྙིགས་པའི་སྐྱོ་བ་མི་སྒོམ་པར་འདུལ་ལོག་སུན་འབྱིན་དུ་སུ་ཞིག་གིས་སྨྲ་བར་ནུས། བརྗོད་པ་དེ་ལ་ཚེར་མ་ཆགས་པར་གྱུར་སྲིད་ན་ཆོས་ཀྱི་དབྱིངས་ཅི་ཡང་མ་ཡིན་པའི་ཀློང་ནི་དགག་བསྒྲུབ་


JLAZ013_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཉིད་དེ་མི་འཆབ་བོ། །ཡང་ཐེག་པའི་གདགས་གཞི་ལ་ཁ་ཟེར་ན། དཔུང་བཟང་གིས་ཞུས་པར་གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱི་ཉོན། །ཞེས་དང་། རྣམ་འཇོམས་སུ། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །ཞེས་ལན་གཉིས་སྨོས་པའང་རྒྱུད་ལས་གཞན་དུ་འཕེན་ཏོ། །མདོ་སྔཊ་ཐམས་ཅད་རིག་འཛིན་གྱི་སྡེ་སྣོད་དུ་བསྡུས་ནས་གསུང་བ་རིམ་པ་དགུའི་རྣམ་གཞག་ལ་ཀླན་ཀ་བྱས་མོད། དོན་གྱི་སངས་རྒྱས་པའི་གྲུབ་མཐའ་ཡོངས་རྫོགས་མཚན་ཉིད། དེ་ལ་མི་གནས་པའི་དགག་བྱ་ཅི་ཞིག་ཡོད། ཐམས་ཅད་ཐེག་པར་མི་རུང་ཟེར་ན་ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ཀྱི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་པའི་གོ་དོན་གང་གིས་ལེན། ཡང་ལྟ་བ་ལ་ཁྱད་པར་བྱས་པས་སོ་ཟེར་མོད། དེ་ལ་ལྟ་བའི་ཐེམ་སྐས་བཙུགས་པ་གང་དུ་བཤད། སྒོམ་པའི་རིམ་པ་ལ་ལྟ་བའི་བརྡའ་ཆད་ཙམ་བཞག་པ་བྱུང་ནའང་། ལྟ་བ་ཡིན་ན་སྒོམ་པ་ཡིན་པས་མ་ཁྱབ་ལ། སྒོམ་པའི་ཀློང་ན་ལྟ་བ་ཡོད་པས་ཁྱབ་པའི་ཕྱིར་མཆོག་གཟིགས་རྣམས་ལ་ལྟ་སྒོམ་དུ་མ་རོ་གཅིག་གོ །ཡང་མདོ་སྔགས་གཉིས་ལྟ་བའི་སྒོ་ནས་ཁྱད་པར་མེད་པ་ལ་ཟེར་མོད། བཞུགས་ཚུལ་ལ་དེ་བཞིན་ཉིད་དེ་སྒོམ་ཚུལ་ལ་ཁྱད་པར་ཤིན་ཏུ་ཡོད་དོ། །དབྱིངས་དག་མཉམ་རང་བཞིན་གྱིས་རྣམ་པར་དག་པའི་


JLAZ013_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་རང་གནས་ཆེན་པོ་བཅོས་བསྒྱུར་མེད་པའི་ཡེ་ཤེས་དང་། བློས་བཀོད་ནས་རྟག་ཆད་ཀྱི་མཐའ་བསལ་ཞིང་སེམས་དང་སེམས་བྱུང་བླང་དོར་གྱི་གོ་ན་གནས་པ་གཉིས། གདོད་ནས་རང་བཞིན་གྱིས་གྲུབ་པའི་སྤྲོས་བྲལ་དང་། རྩོལ་བས་བྱས་པའི་ཁྱད་པར་ཆེས་ཆེ་བ་ཡོད་པས། ཤིན་ཏུ་རྣལ་འབྱོར་དུ་བཞག་པ་ཡིན་ནོ། །དེ་སྐད་དུ་ཨིནྡྲ་བྷཱུ་ཏིས། བླ་མའི་ཁྱད་པར་དང་། སྣོད་དང་། ཆོ་ག་དང་། ལས་དང་། དམ་ཚིག་དང་། སྒོམ་པའི་ལྟ་བ་དང་། སྤྱོད་པའི་ཁྱད་པར་གྱིས་འཕགས་སོ་ཞེས་པས་གསལ་ལོ། །ངོ་བོའི་ཆ་ནས་བསྒྲུབས་ཀྱང་། པདྨ་རྩེ་མོ་ལས། དྲི་མེད་དབྱིངས་ཀྱི་རང་བཞིན་ནི། །སྐུ་གསུམ་ཡེ་ཤེས་བཞི་དང་བཅས། །གང་ཚེ་དག་པ་དེ་ཉིད་དུ། །རང་གསལ་མངོན་དུ་འཆར་བ་དང་། །འདྲ་བ་ལམ་དུ་བྱེད་པ་ལ། །འབྲས་བུའི་ཐེག་པར་ཡང་དག་བརྗོད། །ཅེས་དབྱིངས་ངོ་བོ་ཉིད་ཀྱི་འབྲས་བུ་དམ་པར་ཡེ་ནས་བཞུགས་པའི་མཚན་ཉིད་ཤེས་ནས། དེ་ཁོ་ན་ཉིད་ལ་བསླབ་པའམ། བསྐྱེད་རྫོགས་ལ་ལྟོས་ནས་གློ་བུར་གྱི་དྲི་མ་དང་མཛའ་བར་མི་བྱེད་པའི་གནད་ཁྱད་པར་ཅན་ཡོད་དོ། །དེའི་ཕྱིར་ཡེ་ཤེས་ལ་ཐེག་པའི་ངེས་བརྗོད་བྱུང་བ་མི་འགལ་གྱི་སྟེང་དུ་གཞུང་ལུགས་སྤྱིའི་དགོངས་པར་གནས་པ་ཡིན་ཏེ། ཤེར་ཕྱིན་རབ་རྩལ་རྣམ་གནོན་གྱིས་ཞུས་པ་ལས། སངས་རྒྱས་ཀྱི་ཡེ་ཤེས་ནི་ཐེག་


JLAZ013_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའོ། །ཞེས་པ་ལ་ཅིས་བསྙོན། རྒྱུ་མཚན་དེས་སྤྲོས་བྲལ་གྱི་ལྟ་བའང་ཡེ་ཤེས་ཉིད་ལ་ས་ལམ་གྱི་རྣམ་གཞག་ཐམས་ཅད་རྫོགས་དགོས་པ་དང་། མི་སློབ་པའི་ལམ་འབྲས་བུ་ཡིན་པའང་ལམ་གྱི་རྩེ་མོར་བཞག་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བདག་ཅག་གི་བླ་མ་དམ་པ་རང་དང་གཞན་གྱིས་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོས། ཐེག་པ་རྣམས་ཀྱི་གྲངས་ནི་མཐའ་གཅིག་ཏུ་མ་ངེས་ཏེ། དབྱེ་བསྡུ་དཔག་ཏུ་མེད་པ་བྱར་ཡོད་ཅིང་། སྔོན་གྱི་རྡོ་རྗེ་འཆང་དང་གྲུབ་པ་ཆེན་པོ་བརྙེས་པའི་སློབ་དཔོན་མཁས་པ་དག་གིས་མཛད་པའི་ཕྱིར་རོ། །བློ་ཆུང་ཞིང་ཤེས་རབ་ཀྱི་མིག་རྒྱང་ཐུང་བ་དག་གཅིག་ཏུ་ཞེན་ནས། ཐེག་པའི་གྲངས་དང་། གྲུབ་མཐའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་རྣམ་གཞག་ལ་དངངས་ཞིང་མི་བདེན་ཏོ་ཞེས་སྨྲ་བ་ནི། བ་གླང་ལ་སོགས་པ་མ་ཧེ་དག་བདག་ཅག་དུད་འགྲོ་རྣམས་ནི་རྭ་དང་བཅས་པའི་ཕྱིར། མི་དང་ལྷ་རྣམས་ཀྱང་རྭ་ཅན་ཁོ་ནའོ་ཞེས་འཛིན་པ་བཞིན་ནོ། །དེ་བས་ན་ཐེག་པའི་ཚུལ་རྣམས་ནི། མིང་ཚིག་དང་དོན་གྱི་རྣམ་གྲངས་མཐའ་ཡས་ཤིང་། ལམ་བགྲོད་ཚུལ་དང་། ས་དང་། ཏིང་ངེ་འཛིན་གྱི་འཇོག་ཚུལ་དཔག་ཏུ་མེད་དེ། ཐམས་ཅད་མཁྱེན་པ་ནི་གང་ཡང་མཁྱེན་ཅིང་གསུངས་པའི་ཕྱིར། ལམ་བགྲོད་དུ་ཡོད་པ་དང་།


JLAZ013_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་། རྩོལ་བ་དང་བཅས་པ་དང་། རྩོལ་བ་མེད་པ་དང་། ཚེ་གཅིག་གིས་གྲོལ་བ་དང་། བསྐལ་པས་གྲོལ་བ་ལ་སོགས་པ་ནས། གྲུབ་པའི་རྣམ་གཞག་གང་ལ་དགའ་ཞིང་མོས་པའི་བསམ་པ་དང་མཐུན་པའི་ཆོས་གསུངས་ཏེ། ཆོས་ཚུལ་རྒྱ་མཚོ་རྣམས་ལ་དངངས་ཤིང་སྐྲག་པས་ལོག་པར་ལྟ་བ་རྣམས་དོར་ནས་དོན་དུ་གཉེར་བས་འཇུག་པར་བྱ་བ་ནི་གདམས་ངག་དམ་པའོ། །ཞེས་སོ། །དེ་ཙམ་གྱིས་ཕྱིན་ཅི་ལོག་གི་ཀླན་ཀ་ཉམས་བརྟས་པར་མི་འགྱུར་ཏེ། གཞན་དུ་འགོས་ཀྱིས་ནི་གསང་བ་སྙིང་པོ་ལ་སྐྱོན་བཞིར་བཀོད་ཅིང་། ཁྱད་པར་རྒྱ་གར་ན་མ་གྲགས་ཟེར་བ་ཁོ་ན་ཤེས་བྱེད་དུ་བྱས་པ་དང་། དཔལ་འཛིན་གྱིས་ཚིག་དོན་ལ་ནོར་བའི་གཏན་ཚིགས་བཀོད་པ་དག་ནི་ཕལ་ཆེར་སྡོམ་གསུམ་རབ་དབྱེ་ལ་རྟོག་དཔྱོད་བྱས་པའི་རྒན་གྱི་ལད་མོ་བྱིས་པས་བྱེད་པ་ལྟར་བས། རབ་དབྱེའི་དོན་ནི་རྙིང་མ་ལ་བརྟག་དཔྱད་མཛད་པ་ཆ་ཤས་ལས་མེད་པས་དེའི་ལན་ནི་གོང་དུ་བརྗོད་མ་ཐག་པ་ཉིད་དེ། ཚིག་དོན་གྱི་ནོར་བ་ཕལ་ཆེར་ནི་གསར་མ་སྨྲ་བ་ཁོ་ན་ལ་ཡིན། དེའང་དོན་གྱི་དེ་ལྟར་འཐད་ན་གངས་ཅན་པ་རྣམས་སངས་རྒྱས་ཀྱི་བསྟན་པའི་ནང་ནས་བཞེངས་ཤིག །ཡང་ཆག་དང་། ཕོ་བྲང་ཞི་བ་འོད་དང་། ལྷ་བླ་མས་མཛད་པར་གྲགས་པ་དང་། རྔོག་གི་གཟེ་མ་ར་མགོར་བཏགས་པ་རྣམས་ལ་ནི། གང་ཟག་འདི་ཞེས་བྱ་བས་བྱས་པ་འདི་ནི་


JLAZ013_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལོག་དྲི་མ་ཅན་ཡིན་ཞེས། ཆོས་ཀྱིས་ཚིག་དོན་ལ་ནོར་བ་འདི་ཡོད་ཀྱི་གཏན་ཚིགས་མེད་པར་དབང་ཡོད་དང་སྨྱོན་ཧམ་ཁོ་ནས་ལུང་བསྒྲགས་པ་འབའ་ཞིག་གོ །དེ་ལྟར་ཁྱི་སོགས་ཟའི་རྗེས་སུ་འབྲངས་ནས་འདི་ལ་ནོར་བ་དང་འཁྲུལ་པ་ཡོད་ཅེས་སྒྲོ་འདོགས་ནུས་ན་རང་ཉིད་ཀྱང་མཁས་པའི་གྲལ་དུ་སོན་པར་གྱུར་སྙམ་ནས་ཁ་ཟེར་བ་དག་གཞན་ཡང་བྱུང་མོད་དེ། དེ་དག་ལ་འདི་སྐད་ཅེས་སྨྲའོ། །འདི་ལྟར་སྟོན་པ་བདེ་བར་གཤེགས་པས་གསུང་རབ་དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ་དག་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པས་ཀྱང་བསྡུ་བར་མི་ནུས་ན། གཞན་མཁས་པ་དང་། གྲུབ་པ་དང་། བཙུན་པ་དག་གིས་སྤྱོད་ཡུལ་དུ་ག་ལ་ཞིག་གོ །རྒྱུ་མཚན་དེས་གསང་བ་འདུས་པའི་འགྲེལ་པར་སློབ་དཔོན་མཚོ་སྐྱེས་ཀྱིས། སློབ་དཔོན་ཕལ་ཆེར་འདི་སྐད་བརྗོད། །དཔལ་ལྡན་འདུས་པ་མདངས་ཆེན་གྱིས། །རྒྱུད་ཀྱི་སྡུད་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་སྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པོ་ནི་ཐུགས་རྡོ་རྗེ། །ཞེས་གསུང་བ་པོ་སངས་རྒྱས་ཉིད་ཀྱིས་སྡུད་པར་བཞེད་པའི་ཕྱིར། སངས་རྒྱས་ཀྱིས་འོག་མིན་དུ་གསུངས་པའི་རྒྱུད་བོད་རང་དུ་ནི་


JLAZ013_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་མི་སྲིད་པར་ཁས་ལེན་ཅིང་གལ་ཏེ་བྱུང་སྲིད་ནའང་། བསྟན་བཅོས་རྒྱུད་ཀྱི་དངོས་པོ་ཅན་དུ་བྱེད་པ་མཁས་པར་གྲགས་པ་རྣམས་ཀྱིས་དཔྱད་མོད། ཁོ་བོ་ཅག་ལ་དེ་ལས་གཞན་དུ་གྱུར་པའི་གོ་བ་བསམ་གྱིས་མི་ཁྱབ་པ་གཅིག་ཡོད་དེ། གསང་སྒྲོག་གིས་ཉེས་པ་ཆེན་པོ་འབྱུང་སྲིད་པས་འདིར་དབུ་མའི་ལམ་དུ་བཞག་ནས། སྔ་འགྱུར་གྱི་རྒྱུད་འདི་རྣམས་ལ་ལོ་པཎ་ཆེན་པོ་རྣམས་ཞལ་འཛོམ། རྒྱ་གར་དུ་དཀའ་བ་སྤྱད། གྲུབ་པའི་གནས་དང་མཁའ་འགྲོའི་གསང་མཛོད་རྣམས་ནས་བླངས་པའི་གཏན་ཚིགས་དཔྱད་པ་གསུམ་གྱི་སྲང་ལ་གཞལ་ནས་བཀོད་པ་དེ་ལྟར་ཡིན་མོད། གལ་ཏེ་ཁྱོད་ཅག་གི་འདོད་པ་སོར་བཞག་སྟེ་བོད་དུ་བྱས་པར་བྱེད་ན། དེ་ལའང་བདག་ཅག་སྤྲོ་བ་ལྷག་པར་བསྐྱེད་པར་བྱ་སྟེ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་ཁྱད་དུ་འཕགས་པའི་གསང་བ་ཆེན་པོ་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་ངེས་པར་མི་བསླུ་ཞིང་། ཤིན་ཏུ་ལྐོག་གྱུར་གྱི་གནས་མངོན་དུ་གསལ་བ་ས་བཅུའི་དབང་ཕྱུག་དག་གིས་ཀྱང་སྤྱོད་ཡུལ་དུ་མ་ཡིན་པའི་རྒྱུད་ཆེན་པོ་དེ་དག་སློབ་དཔོན་ཆེན་པོ་བཱི་མ་ལ་དང་། བཻ་རོ་ཙཱ་ན་དང་། རྨ་རིན་ཆེན་མཆོག་དང་། གཉགས་ཛྙཱ་ན་ཀུ་མཱ་ར་རྣམས་ཀྱིས་མཛད་པའི་ཕྱིར་དེ་དག་རིག་པ་འཛིན་པའམ། ས་མཐོན་པོ་ལ་གནས་པ་ཙམ་གྱི་ཡོན་ཏན་ལས་ཀྱང་འཕགས་པ་སྟོན་པ་ཀུན་ཏུ་བཟང་པོའམ། རྡོ་རྗེ་འཆང་


JLAZ013_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ངམ་རྒྱལ་ཚབ་རིགས་ལྔ་ལ་སོགས་པར་མངོན་སུམ་དུ་སོང་ཞིང་། མཁན་སློབ་ཆོས་གསུམ་གྱི་ཐུཊ་རྗེའི་ཟླ་ཟེར་གྱིས་བསྐྲུན་པའི་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འདི་ཡང་ངེས་པ་དོན་གྱི་འོག་མིན་ཆེན་པོར་གྲུབ་བོ། །ཅིའི་ཕྱིར་ན་རྗེ་བཙུན་བྱམས་པའི་ཆོས་ལྔ་དང་། དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་དང་། དེའི་འགྲེལ་པ་དྲི་མེད་འོད་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་བདག་པོའི་རྐྱེན་ལས་དབྱེ་ན། བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པ་དང་། བྱིན་གྱིས་བརླབས་པ་དང་། རྗེས་སུ་གནང་བའི་བཀའ་གསུམ་དུ་ཡོད་པ་ལས། དང་པོ་ནི། འོག་མིན་ལ་སོགས་པར་གསུངས་པ་རྣམས་ཏེ། གཉིས་པ་ནི་སྐུས་བྱིན་གྱིས་བརླབས་པའི་བཀའ་རྡོ་རྗེ་སྙིང་པོའི་སྤྱི་བོར་ཕྱག་བཞག་ནས་བྱིན་གྱིས་བརླབས་པས་མདོ་སྡེ་ས་བཅུ་པ་འཆད་པའི་སྤོབས་པ་སྐྱེས། རྣམ་པར་གྲོལ་བའི་ཟླ་བས་དྲིས་པ་ལྟ་བུའོ། །གསུང་གིས་བྱིན་གྱིས་བརླབས་པའི་བཀའ་ནི། འཇམ་དཔལ་ལ་མ་སྐྱེས་དགྲའི་འགྱོད་པ་སོལ་ཅིག་ཅེས་བཀའ་སྩལ་པས། འཇམ་དཔལ་གྱིས་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་བྱུང་བ་ལྟ་བུའོ། །ཐུགས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ནི་བཅོམ་ལྡན་འདས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་བཞུགས་ནས། ཤཱ་རིའི་བུ་དང་། སྤྱན་རས་གཟིགས་ལ་བྱིན་གྱིས་བརླབས་པས། ཤེས་རབ་སྙིང་པོ་


JLAZ013_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟ་བུའོ། །ཡོན་ཏན་དང་འཕྲིན་ལས་ཀྱིས་བྱིན་གྱིས་བརླབས་པ་ནི། བཤད་སྦྱར་ལས། སྟོན་པ་འདི་ཡི་བྱིན་བརླབས་ཀྱིས། །བྱ་འམ་ཤིང་བུ་རྡེའུ་དང་། །པདྨོ་དག་དང་དཔག་བསམ་ཤིང་། །རྔ་བོ་ཆེ་ལས་བྱུང་བ་ཡང་། །རྒྱལ་བས་བྱིན་གྱིས་བརླབས་པའི་ཕྱིར། །དེ་དག་བཀའ་ཞེས་བྱ་བར་འདོད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། །པདྨ་དཀར་པོ་ལས། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྡུ་བར་བྱེད་པའི་ཚིག འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པས་གླེང་བསླང་ལ། བར་དུ་མཚམས་སྦྱར་བའི་ཚིག །མཐར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་བྱ་བའི་བར་གྱིས་བསྡུས་ཤིག་གསུངས་པས་མཚོན་ནོ། །མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་མི་བསླུ་བ་ཅིས་ཤེས་ན། རྒྱུད་སྡེ་འདི་དག་ཉམས་སུ་བླངས་པ་ལས་བོད་འདིར་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པ་ཇི་སྙེད་བྱུང་བ་དང་། ཟུར་ཆེ་ཆུང་ལ་སོགས་གསད་གསོ་ནུས་པའི་གྲུབ་ཐོབ་ཇི་སྙེད་བྱུང་བ་དང་། རོང་ཟོམ་ཆོས་ཀྱི་བཟང་པོ་དང་། རྒྱལ་བ་ཀློང་ཆེན་པ་སོགས་རྒྱན་དྲུག་མཆོག་གཉིས་ལྟ་བུའི་འཕགས་པའི་བློ་གྲོས་དང་ལྡན་པ་ཇི་ལྟར་བྱུང་གིས་ཤེས་ལ། དེ་བཞིན་དུ་ཐུན་མོང་ལ་བཻ་རོ་ཙཱ་ནས་བསྒྱུར་བའི་སྨན་དཔྱད་ཀྱི་རྒྱུད་སྡེ་བཞི་པོས་ཤིན་ཏུ་ལྐོག་གྱུར་


JLAZ013_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་ལ་མི་བསླུ་བས་འགྲོ་བ་ནད་པའི་ཚོགས་ལ་དབུགས་འབྱིན་ཆེན་པོ་སྟེར་བ་དང་། སྔ་འགྱུར་གྱི་དྲག་སྔགས་རྒྱ་མཚོས་བསྟན་པ་ལ་འཚེ་བའི་མི་དང་མི་མ་ཡིན་སྡེ་དང་བཅས་པ་བརླག་པར་བྱས་པ་དང་། ནད་དང་། མཚོན་དང་། མུ་གེ་དང་། འཇིགས་པ་ཆེན་པོའི་ཚོགས་ལས་སྐྱོབ་ཅིང་། དེ་བཞིན་དུ་ཆར་དབབ་པ་དང་། གནོད་མཛེས་དབང་པོའི་བཅའ་ཀ་ལ་བརྟེན་ནས་འཇིག་རྟེན་གྱི་འབྱོར་པ་རྒྱས་པ་ལ་སོགས་མདོར་ན་དབང་དུ་བྱ་བ་དང་། ཞི་བ་དང་། རྒྱས་པ་དང་། དྲག་ཤུལ་གྱི་ལས་གང་དང་གང་ལའང་ནུས་པའི་གཟུགས་བརྙན་ལྐོག་ཏུ་མ་གྱུར་པ་མངོན་སུམ་ཚད་མ་ཡིན་ན། སངས་རྒྱས་ནི་འཇིག་རྟེན་ལ་ཕན་པ་འབའ་ཞིག་པས། དེའི་བཀའ་མངོན་མཐོ་དང་ངེས་ལེགས་ཀྱི་གནས་ལ་གཞན་དབང་དུ་གྱུར་པའི་ཕྱོགས་གང་དུ་འཕུལ། འདི་ལྟར་སྤྲུལ་པའི་སྐུ་དང་ཆོས་ཚུལ་རྒྱ་མཚོ་ནི་སྔོན་ཚེ་ལོ་བརྒྱ་པ་ལ་སོགས་པའི་གནས་སྐབས་ན་བྱུང་སྟེ། དེ་ལས་གཞན་དུ་མ་ཡིན་ནོ་བསམ་པར་མི་བྱ་སྟེ། སངས་རྒྱས་ནི་རྟག་པར་བཞུགས་ཤིང་གདུལ་བྱའི་དོན་མཛད་པས། དེས་སྔོན་མདོ་དང་རྒྱུད་ལ་མ་གྲགས་པ་གསལ་བར་བྱེད་པའང་སྲིད་པས། ཐེག་པ་དང་གྲུབ་མཐའི་རྣམ་གཞག་བསམ་གྱིས་མི་ཁྱབ་པ་དག་གསང་བ་ཟབ་མོ་ལ་རྨོངས་པའི་རྟོག་དཔྱོད་ཀྱིས་གཞལ་བྱ་དང་མ་མཐུན་ཀྱང་། སངས་རྒྱས་ནི་ཐམས་ཅད་མཁྱེན་ཅིང་གང་ཡང་གསུངས་


JLAZ013_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་གང་ཞིག་ཐར་པའི་ལམ་དུ་འཇུག་ཅིང་འཁོར་བ་སྤོང་བ་ཐམས་ཅད་སྟོན་པ་སངས་རྒྱས་ཀྱི་གྲུབ་པའི་མཐའ་ཡིན་པར་ངེས་སོ། །འདི་ལྟར་ཚིག་དོན་ལ་ནོར་འཁྲུལ་ཡོད་མེད་སངས་རྒྱས་ཀྱི་བཀའ་དང་ཆ་མི་ཕྱེད་པ་ཙམ་དུ་འཁྲུལ་ནས་དཔྱད་མི་བཟོད་པ་དེ་སྲིད་ཀྱི་གྲུབ་པའི་མཐའ་བཟང་པོ། མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་མི་བསླུ་བའི་མངོན་སུམ་ཚད་མ་དག་ཀྱང་བཅོས་མ་དང་རྫུན་མར་ཡིད་གཉིས་བྱེད་ན། རང་གི་རྣམ་པར་ཤེས་པའང་རང་ལས་ཤིན་ཏུ་ལྐོག་ཏུ་གྱུར་པ་ཚད་མ་ཉིད་ཀྱི་ཕྱིར། སོ་སོ་རིག་བཞི་ས་དགུ་པ། །མ་ཐོབ་དེ་སྲིད་ཆོས་ཀུན་གྱི། །ངེས་ཚིག་ཤེས་མེད་དེ་ཡི་ཕྱིར། །ཞེས་པ་ལ་དཔྱད་ནས་རང་གི་དབང་པོ་དང་སྐལ་བའི་སྣང་ངོར་བཀའ་མ་ཡིན་པ་ལྟར་མཐོང་སྲིད་ནའང་། སྡུད་པ་ལས། རྒྱལ་བའི་ཉན་ཐོས་གང་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཅིའི་ཕྱིར་ཞེ་ན་རྒྱལ་བའི་ཆོས་ཚུལ་གང་བསྟན་པ། །དེ་ལ་མི་མཆོག་སློབ་མར་གྱུར་པས་སྔོན་བསླབས་ཤིང་། །མངོན་སུམ་བྱས་ནས་བསླབ་པ་ཇི་བཞིན་སྟོན་བྱེད་པ། །སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུས་མ་ཡིན། །ཞེས་དང་། རྒྱུད་བླ་མར། ཁམས་གསུམ་དག་ནི་ཉོན་མོངས་སྤོང་བྱེད་གསུངས། །


JLAZ013_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་ཡོན་ཏན་བརྗོད་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུམ་ཡིན་ལྡོག་པ་གཞན། །ཞེས་པ་ལ་དྲན་པ་ཉེ་བར་འཇོག་དགོས་ཏེ། དེ་ལྟར་མ་བཞག་ན་ཆོས་དང་གང་ཟག་ལ་སྐུར་པ་བཏབ་པའི་སྒྲིབ་པ་ནི་ཤིན་ཏུ་ཚད་མེད་པའི་ཕྱིར་རོ། །དེ་སྐད་དུ་རྒྱུད་བླ་མ་ལས། འཕགས་པ་བསྐུར་དང་དེས་གསུངས་ཆོས་ལ་བརྙས་པ་གང་། །དེ་ཀུན་རྨོངས་པའི་མངོན་ཞེན་བརྟས་བྱས་ཉོན་མོངས་ཡིན། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །ཞེས་སོ། །མཚན་ཉིད་དེས་རྒྱུད་བླ་མའི་འགྲེལ་པར། སྤྲིན་མཐོངས་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །ཞེས་སངས་རྒྱས་པའི་ཆོས་ཁམས་རྒྱ་མཚོ་ནི་དེ་བཞིན་གཤེགས་པ་ཉིད་ལས་གཞན་བློ་མིག་དག་པའི་འཕགས་པ་རྣམས་ཀྱིས་ཀྱང་སྤྱོད་ཡུལ་མ་ཡིན་ན་གངས་རིའི་ཁྲོད་ཙམ་ན་མཐོང་བ་རྒྱ་ཆེ་བའམ། མཁས་པར་གྲགས་པ་དག་གིས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་བླང་དོར་བྱ་བ་ནུས་པ་མ་ཡིན་པས། ལེགས་པར་མཐོང་བའི་བློ་མིག་ཟུམ་པ་དང་། དྲང་དོན་གྱི་ཆོ་ངེ་འདོན་པ་དང་། ཕྱོགས་ཞེན་གྱི་རྣམ་གཞག་བསྐྱང་བ་དང་། ཕྲག་དོག་གི་མཆེ་བ་བརྡར་བ་དང་། རྙེད་པའི་ལུས་སྟོབས་ངོམ་པ་དག་གིས་སྐུར་པ་བཏབ་པའི་ངག་ལ་ཡིད་ཆེས་སུ་བཟུང་ནས་ལོག་པར་ལྟ་བ་ནི་སྒྲིབ་པ་ཚད་མེད་པས།


JLAZ013_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་ཤིང་གཟུ་བོར་གྱུར་པ་དག་གིས། སྲོག་གི་སླད་དུའང་སྡིག་པ་དེ་ལྟ་བུ་ལ་འཇུག་པར་མི་བརྩོན་ཏེ། དཔལ་འཛིན་བཞིན་དུ་མཐོང་བའི་ཆོས་ལ་མནར་མེད་པའི་དམྱལ་བར་འགྲོ་བའི་ཕྱིར་རོ། །འདི་ལྟར་གྲུབ་མཐའ་ལ་མ་ཞུགས་པ་དག་གིས་མཚམས་མེད་པ་ལྔ་བྱས་པའང་ཟབ་མོའི་དོན་ལ་བསམ་པས་ནམ་ཞིག་ཐར་པའི་སྐབས་ཡོད་ན། ཆོས་སྤངས་པས་དེ་ལྟ་མ་ཡིན་ཏེ། རྒྱུད་བླ་མ་ལས། བློ་དམན་ཕྱིར་དང་དཀར་པོའི་ཆོས་བྲལ་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་སྤོང་བའི་སྒྲིབ་པ་དག་ཕྱིར་དྲང་དོན་དེ་ཉིད་འཛིན་པའི་ཕྱིར། །རྙེད་ལ་བརྐམ་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བསྟེན་པའི་ཕྱིར། །ཆོས་འཛིན་བསྲིང་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་རྣམས་ཀྱིས་ཆོས་སྤོང་བྱེད། །ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱང་མེ་དང་ནི། །མི་བཟད་སྦྲུལ་དུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། །མེ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། །དེ་ལས་མནར་མེད་རྣམས་ཀྱིས་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། །གང་ཞིག་གང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །ཕ་མ་དགྲ་བཅོམ་གསོད་གང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་པས་མྱུར་དུ་དེ་ལས་ཐར་འགྱུར་གྱི། །


JLAZ013_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ན་ཡོད། །ཅེས་སོ། །དེ་བཞིན་དུ་སེམས་ཅན་གྱི་མོས་པ་དང་བསམ་པ་ཐ་དད་པས། འགྲོ་བའི་སྐད་ནི་བསམ་ཡས་པར། །བདེ་གཤེགས་གསུང་གིས་དེ་སྙེད་སྟོན། །ཐུགས་ལས་ངེས་མེད་གཟུགས་བྱུང་བ། །ཞེས་གང་ཟག་དང་། ཆོས་ཀྱང་སྣ་ཚོགས་སུ་སྣང་བས་དོན་བྱེད་པའི་ཕྱིར་འདི་ནི་ལོག་པའོ། །འདི་ནི་བཅོས་མའོ། །ཞེས་སྒྲོ་སྐུར་གྱིས་སྟངས་གཅོད་པ་ནི་བརྣག་པར་དཀའ་བའི་ལས་ཡིན་ནོ། །འདིར་ཀློག་པ་དག །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་པ་ལ་རྒྱབ་བརྟེན་མོད། དེ་ནི་རང་རང་གི་གློ་བར་ཞེན་པ་གཅིག་ཡི་དམ་དུ་བཟུང་ནས་ཆོས་ཀྱི་རྣམ་གྲངས་རླབས་པོ་ཆེ་ལ་ཡིན་མིན་གྱི་རིག་པ་འཕེལ་པའི་དོན་མ་ཡིན་གྱི། གང་ཞིག་དོན་དུ་གཉེར་བྱའི་ཆོས་དེ་སློབ་དུས་ཚིག་དོན་གྱི་རིམ་པ་ལ་བསམ་བྱུང་གི་ཤེས་རབ་རྣམ་པར་དག་པས་གདར་བྱ་བའི་དགོངས་པ་ཡིན་གྱི། དཀོན་མཆོག་བརྩེཊ་པར་འོད་སྲུངས་ངའམ་ང་དང་འདྲ་བས་ཆོས་དང་གང་ཟག་གི་ཚོད་བཟུང་བར་རུང་གིས། གཞན་དག་གིས་ནི་མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ་ཞེས་པའི་དོན་ལ་བསམ་མོ། །རྒྱུ་མཚན་དེ་ལྟ་བུས་བློ་གྲོས་ཀྱི་འདུན་ཁང་མཛེས་པར་བྱས་པ་འགོས་ལོ་གཞོན་ནུ་དཔལ་གྱིས་


JLAZ013_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ཡུལ་དུ་སྡེ་པ་བཅོ་བརྒྱད་བཀར་བསྡུ་ཞེས་པ་ལྟ་བུས་གངས་རིའི་ཁྲོད་ཀྱི་བསྟན་པ་ཇི་སྙེད་པ་རང་རང་གི་འཐད་པ་བཞིན་ཕྱོགས་ལྷུང་མེད་པའི་གནས་སུ་བསྡུས་ནས། ཆོས་སྤོང་གི་ལས་ལས་ལྡོག་པར་མཛད་པ་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་མོད། དེ་བཞིན་དུ་ཐུབ་པའི་དབང་པོས། རྒན་པ་འམ་ནི་གཞོན་པའང་རུང་། །གང་ལ་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པས་ཕྱག་བྱས་ཏེ། །བྲམ་ཟེ་གཙང་མས་མེ་ལ་བཞིན། །ཞེས་དང་། བྱས་པ་ཤེས་ཤིང་བྱས་པ་དྲན། །བྱས་པ་དྲིན་དུ་གཟོ་བ་ཡི། །མི་ལ་དཔལ་མགོན་ཉེ་བར་གནས། །ཞེས་པ་ལྟར། གོང་མ་ལྔ་པས་རང་གི་ཐུགས་བསྐྱེད་ཀྱི་ངོས་ནས་གངས་རིའི་ཁྲོད་ཀྱི་བསྟན་པ་མཐའ་དག་ལ་རི་མོར་མཛད་ཅིང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བཙུགས་པའི་བསྟན་པ་ལ་སྲི་ཞུ་དང་བསྟི་སྟངས་བླ་ལྷག་ཏུ་མཛད་པས། སྔ་འགྱུར་རྡོ་རྗེ་ཐེག་པའི་ཕྱོགས་ལའང་རྒྱུ་མཚན་ཤེས་ནས་རྗེས་སུ་ཞུགས་པའི་གཏན་ཚིགས་དང་། ལོག་པར་སྨྲ་བ་དག་ལ་དགག་བསྒྲུབ་ཀྱི་བགྱི་བ་ལྷུར་བླངས་ནས་རྒྱུད་འབུམ་རིན་པོ་ཆེ་གཟེངས་སུ་བསྟོད་པའི་ཚུལ་གང་གི་གསན་ཡིག་གླེགས་བམ། ང་པའི་ཤོག་གྲངས་བརྒྱ་གོ་ལྔ་པ་ནས་ཉིས་བརྒྱ་ཐམ་པའི་བར་གྱིས་ལེགས་པར་རྟོགས་པར་འགྱུར་ལ། མདོར་བསྡུ་ན་གསེར་མདོག་ཅན་པས། རྙིང་མའི་ཆོས་ཀུན་འཕགས་


JLAZ013_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ནས། །བསྒྱུར་བར་འབད་པས་བསྒྲུབ་མི་དགོས། །སློབ་དཔོན་སྤྲུལ་པའི་སྐུ་ཉིད་ཀྱིས། །གསུངས་པ་ཉིད་དུ་གྲུབ་པས་ཆོག །འཕགས་པའི་ཡུལ་ནས་ཕྱིས་འགྱུར་བས། །སྔགས་དང་བརྡ་སྐད་མ་མཐུན་ཀྱང་། །མཆོག་དང་ཐུན་མོང་གྲུབ་པ་ལ། །མི་བསླུར་གྲུབ་ཕྱིར་དེ་ཚད་མ། །དཔེར་ན་ཡུལ་ཆེན་སོ་སོ་ནས། །གྲུབ་པ་མཆོག་རྣམས་ཀྱིས་བླངས་པའི། །ཆོས་ཀྱང་གླེགས་བམ་སོ་སོ་ལས། །འཕགས་པའི་ཡུལ་དུ་བསྒྱུར་བ་མིན། །རྡོ་རྗེ་སེམས་དཔས་གནང་ཐོབ་པའི། །བཀའ་ཡི་བསྡུ་བ་པོ་ཉིད་ཀྱིས། །ཡུལ་ཁམས་སོ་སོའི་སྐད་ཉིད་དུ། །བཤད་པས་ཆོག་པར་གསུངས་པ་ཡིན། །རྙིང་མའི་ཆོས་ལུགས་འཕགས་ཡུལ་ནས། །འགྱུར་བར་ངེས་རྣམས་སྒྲུབ་མི་དགོས། །མ་ངེས་པ་རྣམས་བསྟན་བཅོས་སུ། །བསྒྲུབས་ལས་གྲུབ་པར་གྱུར་འདི་ཡང་། །གང་འདིའི་རྣམ་རྟོག་རང་བཟོའི་ལམ། །རྙེད་ནས་འཕྱན་པར་གྱུར་མིན་གྱི། །བོད་ཀྱི་ཡུལ་དུ་སྔོན་བྱོན་པའི། །ཆེན་པོ་རྣམས་ཀྱིས་དེར་བཤད་པའོ། །ཞེས་དང་། འགོས་ལོ་ཆེན་པོའི་དེབ་ཐེར་དུ། སྤྱིར་ན་དར་མས་བསྟན་པ་བསྣུབས་ནས་ལོ་བདུན་ཅུ་ལྷག་ཅིག་གི་བར་དུ་དབུས་གཙང་ན་རབ་ཏུ་བྱུང་བ་ནི་གཅིག་ཀྱང་མེད། རྙིང་མ་པའི་སྔགས་འཆང་མང་དུ་ཡོད་པ་རྣམས་ཀྱིས་ཡུལ་སོ་སོར་སྒྲུབ་པར་ཁྱད་པར་ཅན་གྱིས་བཀྲ་


JLAZ013_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པར་མཛད་ཅིང་། ཁྱིམ་པ་རྣམས་ཀྱིས་ཀྱང་དེ་དག་ལ་དད་ཅིང་ཟས་གོས་སོགས་ཀྱིས་མཉེས་པར་བྱས། བུམ་དབང་ཙམ་རེ་བླངས་ཤིང་། རྒྱུད་རིམ་གྱིས་སྨིན་པ་ལ་བརྟེན་ནས། ཀླུ་མེས་ལ་སོགས་པའི་དབུས་གཙང་མི་དྲུག་གམ་བརྒྱད་དུ་གྲགས་པ་རྣམས་བྱོན་པའི་ཚེ། ཡུལ་དང་ཡུལ་རྣམས་སུ་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་གྲངས་མེད་པ་འཕེལ། སྔོན་རྒྱལ་བློན་གྱི་དུས་སུ་འགྱུར་བའི་བཀའ་བསྟན་བཅོས་རྣམས་ལ་མ་ཉམས་པར་ལོངས་སྤྱོད་པས་ཆོག་པ་བྱུང་། མཁས་པ་དང་གྲུབ་པའི་སྐྱེས་བུ་མང་དུ་བྱུང་བ་ཕལ་ཆེར་ཡང་། རྙིང་མ་པའི་གྲུབ་ཐོབ་བརྒྱུད་པ་ལས་བྱུང་བ་ཡིན། ཞེས་འདོམས་པར་མཛད་པ་བཞིན་ནོ། །དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་པ་རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་མཐའ་གྲུར་ཁྱབ་པའི་རྒྱན་ཅེས་བྱ་བ་ལས། གངས་རིའི་ཁྲོད་ན་བསྟན་པ་ཇི་ལྟར་བྱོན་པ་ལས་བརྩམས་ཏེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ན་གསང་སྔགས་ནང་གི་རྒྱུད་རྣམས་བྱུང་བའི་གཏམ་གསལ་བར་སྨོས་པའི་རབ་ཏུ་བྱེད་པ་སྟེ་བཞི་པའོ།། །།

བཤད་སྒྲུབ་ཀྱི་བྱ་བ་བྱེད་པའི་སྐྱེས་བུ་དམ་པ་ཇི་ལྟར་བྱོན་པའི་རྣམ་གཞག

ཤོག་ལྷེབ། ༢༣༢ ནས་ ༣༠༠ བར།


JLAZ013_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྔ་འགྱུར་རྡོ་རྗེ་ཐེག་པ་ལས་དངོས་གྲུབ་བརྙེས་ཤིང་གང་ལ་བཤད་སྒྲུབ་ཀྱི་བྱ་བ་བྱེད་པའི་སྐྱེས་བུ་དམ་པ་ཇི་ལྟར་བྱོན་པའི་རྣམ་གཞག་བརྗོད་པར་བྱའོ། །དེ་ལ་སེམས་ཕྱོགས་ཀྱི་ཤིང་རྟ་ཆེན་པོ་སློབ་དཔོན་བཻ་རོ་ཙཱ་ན་ལས་ཇི་ལྟར་བརྒྱུད་པ་ནི། སློབ་དཔོན་དེ་ནི་ཡུལ་ཉང་ཆབ་དང་གཙང་ཆབ་འཛོམས་པའི་འགྲམ་སྙེ་མོ་བྱེ་མཁར་རམ། ཡང་ན་བྱིས་པའི་དུས་ཀྱི་ཞབས་རྗེས་ཡོད་པས་གཙང་ཟངས་དཀར་ཞེས་པའི་གྲོང་དང་ཉེ་བར་འཁྲུངས་སོ་ཟེར་ཏེ་ཕྱོགས་གཉིས་ཡོད། དགུང་ལོ་བརྒྱད་པའི་སྐབས་སུ་ནག་མོ་རི་དང་། བྲག་པོ་ཆེ་གཉིས་སུ་ཉི་ཟེར་ལ་ཞོན་ནས་ཕན་ཚུན་དུ་འགྲོ་ཞིང་བརྡའ་སྐད་དང་ཆོས་ཀྱི་རིམ་པ་རྩོལ་མེད་དུ་མཁྱེན་པར་བྱུང་བས་སྤྲུལ་པའི་སྐུར་ཡོངས་སུ་གྲགས། དེ་ཉིད་བཙན་པོས་བསམ་ཡས་སུ་སྤྱོན་པར་བྱས་ནས་འཕགས་པའི་ཡུལ་དུ་དཀའ་བ་བཅུ་དྲུག་སྤྱད་དེ་མན་ངག་གི་ཆོས་བླངས། དང་པོར་རྒྱལ་པོ་ལ་གསུངས། དེ་ནས་ཚ་བ་རོང་དུ་སྤྱུགས་པས། རྒྱལ་རོང་བྲག་ལྷ་མགོན་པོའི་དགོན་པར་གཡུ་སྒྲ་སྙིང་པོ་ལ་གསུངས། དེ་ནས་ཚ་རོང་སྟག་རྩེ་མཁར་དུ་གསང་སྟོན་ཡེ་ཤེས་བླ་མ་ལ་གསུངས། དེ་ནས་སྟོང་ཁུང་རོང་གི་བྲག་དམར་དགོན་རྫོང་དུ་སྤངས་སངས་རྒྱས་མགོན་པོ་ལ་གསུངས། དེ་ནས་དབུས་སུ་གཉགས་དང་ལི་བཟའ་ཤེས་རབ་སྒྲོན་མར་གསུངས་ཏེ་རིམ་པ་ལྔར་གྲགས། དེ་ལས་གཉགས་ཀྱིས་སོག་པོ་དཔལ་གྱི་ཡེ་ཤེས། གྲྭ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ་སོགས་ལས་རིམ་


JLAZ013_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྒྱུད་པའི་ལུགས་གཅིག །ཡང་སོག་པོས་སངས་རྒྱས་ཡེ་ཤེས་ལ་སོགས་ཏེ་རིམ་པར་བརྒྱུད་པའི་ལུགས་གཅིག །ཡང་གཙང་ཤཱཀ་རྡོར་གྱིས་སྤངས་རཀྵི་ཏ་ལ། དེས་ཡར་ཟི་དར་མ་ཤེས་རབ། དེས་ཟེར་མོ་དགེ་སློང་མ། དེས་མར་པ་ཤེས་རབ་འོད། དེས་ལྷ་རྗེ་ལ་བཀའ་དྲིན་ནོད་དུ་འོངས་པ་དང་། ནད་དྲག་པོ་གཅིག་བྱུང་བ། ཤངས་ཀྱི་ལང་ཟ་སྟོན་པ་དར་མ་བསོད་ནམས་ཀྱིས་བཅོས་པས། དེའི་དྲིན་ལན་དུ་རྡོ་རྗེ་མེ་ལོང་དང་། ལམ་རྣམ་བཀོད་དང་། ཟབ་མོའི་དབང་གི་མན་ངག་དང་། མདོའི་འགྲེལ་པ་ལུང་བསྟན་རྡོ་རྗེ་སོགས་བི་མ་ལས་བརྒྱུད་པའི་གདམས་པ་དང་། སེམས་ཕྱོགས་མ་ལུས་པ་གནང་ངོ་། །དེ་ལས་གསང་བདག་སྒྲོ་ཕུག་པར་བརྒྱུད་པ་དེ་བྱུང་བ་ཡིན་ནོ། །སློབ་དཔོན་བཻ་རོ་ཙཱ་ནས་སྤངས་སངས་རྒྱས་མགོན་པོ་ལ་བརྒྱུད་དེ་འཇའ་ལུས་ཤ་སྟག་བྱུང་བའི་ལོ་རྒྱུས་ནི། སྤངས་རྒན་པོའི་སློབ་མ་ངན་ལམ་བྱང་ཆུབ་རྒྱལ་མཚན་ཡིན། དེ་ནི་ཡུལ་དབུ་རུ་ངན་ལམ་རལ་གསུམ་པ་དགེ་སློང་ལོ་དྲུག་ཅུ་རྩ་བདུན་ལོན་པ་ཞིག་གིས་རྒྱལ་མོ་སྟག་རྩེ་མཁར་དུ་བྱོན། སྤངས་མི་ཕམ་མགོན་པོ་ལ་གདམས་པ་ཞུས་པས་གནང་སྟེ། ད་ཡུལ་དུ་མ་འགྲོ། ཝ་སེངྒེ་བྲག་ལ་བསྒོམ་གསུངས། སློབ་དཔོན་གྱི་བཀའ་བཞིན་ཉན་ཏེ་དེར་བྱོན་ནས་བསྒོམས་


JLAZ013_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལོ་བརྒྱ་དང་བདུན་ཅུ་རྩ་གཉིས་ལོན་པའི་ཚེ་ཕུང་པོ་ལྷག་མེད་དུ་གཤེགས་སོ། །དེ་ལ་སློབ་མ་ཟ་དམ་རིན་ཆེན་དབྱིག་བྱ་བ་མདོ་ཁམས་སྟོད་པ་ཞིག་བྱུང་། དེས་ངན་ལམ་ལ་གདམས་པ་ཞུས། བྲག་དེ་ཉིད་དུ་བླ་མ་དང་འབྲལ་བ་མེད་པར་སྒོམ་བཞིན་བཞུགས་པས། ལོ་བརྒྱ་དང་བཞི་བཅུ་ཞེ་བཞི་ལོན་པའི་ཚེ་ཕུང་པོ་ལྷག་མེད་དུ་གཤེགས། དེ་ལ་ཡར་ཀླུང་འཕྱོང་རྒྱས་ནས་ཁུ་འགྱུར་གསལ་བའི་མཆོག་ཅེས་བྱ་བའི་སློབ་མ་རྟེན་དགེ་སློང་ཡིན་པ། ལོ་ལྔ་བཅུ་རྩ་བདུན་ལོན་པ་གཅིག་བྱུང་། ཟ་དམ་རིན་ཆེན་གྱིས་གདམས་ངག་གནང་བས་ཡུལ་དུ་ལོག་པའི་བསམ་པ་སྤངས། ཝ་སེངྒེ་བྲག་ཉིད་དུ་བཞུགས་ནས་བསྒོམས་པས་ཁུ་འགྱུར་གསལ་ལོ་བརྒྱ་དང་བཅུ་བདུན་ལོན་པའི་ཚེ། ཕུང་པོ་ལྷག་མེད་དུ་གཤེགས། དེ་ལྟར་སློབ་དཔོན་གསུམ་ཀ་ཝ་སེངྒེ་བྲག་ཅེས་བྱ་བར་སྦྲུལ་གྱི་ལོ་གཅིག་སྟེང་ལ་གཅིག་སྐུ་ན་བུན་ནམ་འཇའ་ཚོན་ཡལ་བ་བཞིན་དུ་གཤེགས་སོ། །དེ་ལ་སློབ་མ་བྱང་ཆུབ་གྲགས་ཞེས་བྱ་བ། ཡུལ་ཉང་གཡུ་འབྲུག་སྟོད་པ་རྟེན་དགེ་སློང་ལོ་བཞི་བཅུ་རྩ་གཉིས་ལོན་པ་ཞིག་བྱུང་། ཁུ་འགྱུར་གསལ་བ་ལས་གདམས་པ་ཞུས་ནས་ཡར་ལོག །བསམ་ཡས་མཆིམས་ཕུར་སྒོམ་གྱིན་བཞུགས་ཙ་ན། དབུ་རུ་ཞྭའི་ཉང་ཤེས་རབ་འབྱུང་གནས་ཞེས་བྱ་བ་དགེ་སློང་བགྲེས་པོ་གཅིག་བཞུགས་འདུག་པ་དང་མཇལ། ཁོང་ན་རེ། བསྙེན་པར་རྫོགས་


JLAZ013_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལོ་ང་རྒན་ཡང་གདམས་པ་ཁྱེད་ཆེ་བར་འདུག །རྗེས་སུ་བཟུང་འཚལ་ཞུས་པས། མྱང་བྱང་ཆུབ་གྲགས་ཀྱིས་ཁོང་ལ་གདམས་པ་རྣམས་བྱིན། ཕུག་པོ་ཆེ་དང་ཡང་རྫོང་དུ་བཞུགས། རང་གི་སློབ་མ་དང་ཡང་སློབ་དག་ལ་འབྱུང་བཞི་ཟད་པར་གྱི་སྤྲུལ་བསྒྱུར་བསྟན། མཐར་རང་ཉིད་གཙང་རྒྱ་མ་ཉེ་དུ་ཁའི་ཕུང་པོ་རི་བོ་ཆེ་ལ་ད་ལྟ་རང་འདུག་པའི་འཕྲོ་ལ་རི་ཟུར་ན་ཡར་སྐུ་ལུས་སྤྲིན་ཆད་པ་བཞིན་དུ་ཕུང་པོ་ལྷག་མེད་དུ་གཤེགས་སོ། །དེར་ཉང་ཤེས་རབ་འབྱུང་གནས་ཀྱི་མཆིམས་ཕུ་དཔལ་གྱི་ནགས་ཁྲོད། སྒྲགས་ཀྱི་ཡང་རྫོང་ཕུག་པོ་ཆེ་རྣམས་སུ་བཞུགས། དེར་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་ཤར་ནས། ཕུག་པོ་ཆེ་ལྷ་རིའི་རྩེ་མོ་ལ་ཡོད་པའི་ཤུག་པ་རྐང་གཅིག་པར་ན་བཟའ་དང་ཕྲེང་བ་དང་། ཀ་པཱ་ལ་རྣམས་གཟེད་ནས། སྐུ་ནམ་མཁའ་ལ་འཇའ་ཚོན་དེངས་པ་བཞིན་སོང་ངོ་། །དེ་ལ་སློབ་མ་ཡུལ་ལོ་མོ་བ། རུས་སྦ་ཡིན་པ་གཅིག་བྱུང་བས་སློབ་དཔོན་སྦ་སྒོམ་དུ་གྲགས། དེ་རང་གི་ཡུལ་ན་ཡོད་པའི་ཚེ་འཁྲུག་པ་ཡོད་པས། ཡུམ་ན་རེ། བུ་འདི་སྲིང་མོ་དྲུག་གི་མིང་པོ་གཅིག་པོ་ཡིན། སློབ་དཔོན་ཤེས་རབ་འབྱུང་གནས་ལ་འཆོལ། མ་ཤི་བ་རང་གིས་ཆོག་ཟེར་ལོ་བཅུ་དྲུག་པ་གཅིག་ཉང་ལ་བཅོལ་ནས་ཡོད་ཙ་ན། སྔར་གྱི་ཉང་བྱང་ཆུབ་གྲགས་པ་དེ་ཕུག་པོ་ཆེ་དང་། ཡང་རྫོང་དང་། མཆིམས་


JLAZ013_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཕུ་རྣམས་སུ་ཤ་བ་གཅིག་ཁྲིད་ནས་འབྱོན་པས། ཉང་ཤ་བ་ཅན་ཞེས་ཀྱང་གྲགས། ཕུག་པོ་ཆེར་ཕྱི་མའི་རེས་བྱོན་ཙ་ན། ངས་ཁྱོད་གཉིས་ལ་ལྟད་མོ་གཅིག་བསྟན་གྱིས་ལྟོས་ཤིག་གསུངས། དེར་སློབ་དཔོན་ཤེར་འབྱུང་དང་། སྦ་སྒོམ་གཉིས་ཀྱིས་གཡས་གཡོན་ནས་བལྟས་ཙ་ན། སློབ་དཔོན་དབུས་ན་ཡོད་པ་དེ་མི་སྣང་བར་སོང་། དེར་ངོ་མཚར་སྐྱེས་ནས་ཡོད་ཙ་ན་རླུང་འཚུབ་ཁྲུ་གང་བ་གཅིག་ཏུ་གྱུར་ནས་ཕར་བསྐྱིལ་ཚུར་བསྐྱིལ་བྱས། དེ་མེར་སོང་། དེ་ཡང་ཆུ་གཏོར་གཏོང་བའི་མཁར་གཞོང་གཅིག་ཏུ་འཕོས་ནས་ཆུར་ལྟེམ་གྱིས་སོང་། དེ་ས་འཚུབ་གཅིག་གི་ངང་ལ་སློབ་དཔོན་རང་དུ་ཀྲོང་གིས་སོང་། དེ་ལྟར་འབྱུང་བཞི་ཟད་པར་གྱི་སྐྱེ་མཆེད་ལ་དབང་བསྒྱུར་ནས་འདི་སྐད་དུ། འབྱུང་བའི་སྙིགས་མ་དྭངས་ནས་དྭངས་མ་མ་ཡལ་བའི་བར་དུ་དེ་ལྟར་འོང་བ་ཡིན། ཤེས་རབ་ཀྱི་སྒོམ་རྒྱུ་མེད་པའི་དོན་མཐོང་ཡང་། བརྡའ་ལ་ཡེངས་པ་མེད་པར་བསྐྱངས་ན་དེ་ལྟར་དུ་རང་དབང་ཐོབ་པ་ལ་ཚེགས་མེད། མ་ཡེངས་པར་སྐྱོང་བ་གལ་ཆེ་བ་ཡིན་གསུངས། དེ་ནས་རེ་ཞིག་ན་སྦ་སྒོམ་གྱིས་བལ་བུའི་ནགས་ལ་ཤིང་འཐུ་བར་ཕྱིན་པས། ཁོང་རང་གི་འཇགས་སྤྱིལ་མེ་དམར་བུན་བུན་འདུག་པ་མཐོང་། སློབ་དཔོན་ནི་མེ་མི་འབུད་མེ་ཤོར་བ་ཡིན་ནམ་སྙམ་པ་ལྟར་ཕྱིན་པས་འཇགས་སྤྱིལ་སྔར་བཞིན་ལས་མེ་མི་སྣང་། སློབ་དཔོན་ལ་དེ་ཅི་ཙུག་ཡིན་དྲིས་པས། ངས་མེའི་ཏིང་ངེ་


JLAZ013_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལ་མཉམ་པར་གཞག་པ་ཡིན། ངའི་བླ་མ་ཉང་བྱང་ཆུབ་གྲགས་པའི་དེ་མི་དྲན་ནམ་གསུངས། ཡང་སྐབས་ཤིག་སློབ་དཔོན་གྱི་བཞུགས་སར་ཆུ་ལྟེམ་མེ་འདུག་པ་མཐོང་། མཐར་སློབ་དཔོན་གྱིས། ང་མི་འདུག་ན་ལྷ་རིའི་རྩེ་མོ་ལ་ལྟོས་ཤིག་གསུངས། རེ་ཞིག་ན་སློབ་དཔོན་མ་བྱུང་ནས་རི་ལ་སྐྱོ་སེང་ལ་བཞུད་པ་ཡིན་གྱི། སང་དགོང་འབྱོན་དུ་འོང་སྙམ་ཙ་ན་ཡང་མ་བྱོན། བལྟར་ཕྱིན་ཙ་ན། ན་བཟའ་དང་། དབུ་ཞྭ་དང་། བྷོ་དྷི་ཙིའི་ཕྲེང་བ་ལ་སོགས་པ་ཤུག་པ་ལ་གཟེད། སློབ་དཔོན་ཕུང་པོ་ལྷག་མེད་དུ་གཤེགས་སོ། །འདི་ནི་རང་བཞིན་རྫོགས་པ་ཆེན་པོ་ལ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས། མེ་དཔུང་དང་རིག་འཛིན་གྱི་འཆི་ལུགས་ཞེས་པའི་ཡ་གྱལ་གཅིག་ཡིན་ནོ། །སྦ་སྒོམ་ལོ་ཉི་ཤུ་རྩ་བཞི་ལོན་ཙ་ན་ཉང་ཤེར་འབྱུང་གིས་གདམས་པ་བཏབ་པ་ཡིན། སྦ་སྒོམ་འདི་རྟེན་དགེ་བསྙེན་དུ་བཞུགས། མཚན་ཡེ་ཤེས་བྱང་ཆུབ་ཏུ་གྲགས། རྟོགས་པ་ཁྱད་པར་ཅན་མངའ། རྡོ་ལ་འདམ་རྫབ་ལྟར་མཛད། བྲག་ལ་སྐུའི་པར་འདེབས། དགུང་ལོ་དགུ་བཅུ་རྩ་བརྒྱད་ལོན་པའི་ཚེ་སྐུ་སྙུན་པ་མེད་པར་གཤེགས། ཇོ་མོ་གང་མོས་ཕྱི་རོལ་གྱི་མི་རྣམས་ལ་སྤུར་མཇལ་མ་བཏང་བར། མཆོད་ཁང་དུ་སྤུར་མེ་ལ་སྦྱངས་པས། འོད་རྫ་མ་ཙམ་ཞིག་ནམ་མཁའ་ལ་འགྲོ་བ་ཕྱི་རོལ་


JLAZ013_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མི་ཀུན་གྱིས་མཐོང་། ཤུལ་དུ་གདུང་རུས་གཅིག་ཀྱང་མ་བྱུང་ངོ་། །དེའི་སློབ་མ་ནི་འཛེང་སྟེ། ཡུམ་མཚར་དགུ་སྐྱིད་དེ་ཞེས་བྱ་བ་ཡར་ཀླུང་ཐང་ཆུང་པའི་མ་ཇོ་ཡིན། ཐང་ཆུང་བཙན་པོའི་བུ་ཆེ་བས་ཕབ་ནས་འཛེང་འཁྲུངས། ལོ་བཅུ་དྲུག་ལོན་པའི་དུས། འགྲུལ་ཟླ་ཁ་ཤས་དང་བཅས་དོལ་གྱི་གདོང་སྣར་ཚོང་ལ་ཕྱིན་ཙ་ན། དོལ་གྱི་འཚེར་ཆུང་ན་མི་མང་པོ་སྤུངས་འདུག །བལྟར་ཕྱིན་པས་དམ་པ་རྒྱ་གར་དང་མཇལ་ཟླ་བ་བཅུ་བཞི་དམ་པའི་ཕྱག་ཕྱིར་འབྲངས། གཙང་གི་གནས་གཞི་བཟངས་ཅན་དུ་སླེབས་ཙ་ན། དམ་པས་སྣམ་བུ་གཅིག་གནང་ནས། ཁོང་ངང་ཐུང་འདུག་པས་ཁྱོད་རང་ཡུལ་དུ་ལོག །དྭགས་པོ་ནས་ཁམ་བུ་ཁྱེར་ལ་ཤོག །དོལ་དུ་འགྲོ་བའི་ཟླ་བོ་འདུག་གོ་གསུངས། དེར་འཛེང་གི་ལམ་དུ་ཞུགས་པ་ན། དམ་པ་ཚུར་བྲེང་གིས་བྱོན། འཛེང་གི་མདན་པ་གཉིས་ནས་འཇུས་ཏེ། ཅི་ཡང་མ་ཡིན་གནས་གྱུར་པ། །གནས་གྱུར་པ་ལ་གཉིས་འཛིན་མེད། །ཅེས་གསུངས་ནས་མགོ་ཐུག་ལན་གཉིས་རྒྱབ་པས། སེམས་ཧང་ངེ་བ་ལས་ཤེས་པ་བཀྲ་གསལ་བ་ཞིག་བྱུང་། ཁ་ནང་ན་ཆུ་ཁྱིལ་ལེ་སྣང་། དེ་ནི་དམ་པས་བྱིན་གྱིས་བརླབས། རྡོ་རྗེ་ཟམ་པ་དང་མཇལ་བའི་ལུང་བསྟན་པར་འདུག་སྟེ། དུས་ཕྱིས་ལས་མ་གོ་གསུངས། དམ་པས་རྟེན་འབྲེལ་འགའ་ཙམ་དང་། སྔགས་ཀྱི་གནད་མང་དུ་གནང་།


JLAZ013_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་རོ་ཚལ་མར་ཡི་གེ་དྲུག་པའི་གདམས་ངག་གནང་ནས་བསྒྲུབས་པས་བྱིན་རླབས་ཆེན་པོ་བྱུང་། ཡང་ཆུ་བོ་ཆེན་པོ་འདིའི་ཤར་ཕྱོགས་ན། ཙན་དན་གྱི་ནགས་ཡོད། དེ་ན་ཁྱོད་ཀྱི་བླ་མ་ཡོད་གསུངས་ནས་ལུང་བསྟན། དེ་ནས་དབུས་སུ་བྱོན། ཨ་ཁུ་དཔལ་འབར་ལས་ཁྲག་འཐུང་དང་དཔེ་དཀར། གནུབས་ཤང་པོ་ཆེ་ལ་ཀྲི་ཡ་དང་ཁ་འབར་མའི་གཏོར་ཆེན་ཞུས། ཁོང་གིས་གཙང་དུ་བ་རི་བལ་འབུལ་བ་བསྐྱེལ་དུ་བཏང་བས། བ་རི་ལའང་འཇམ་དཔལ་དང་ཁྱུང་སྒྲུབ་ཞུས། དགེ་བཤེས་སྦོ་ལ་སྔ་འགྱུར་རིགས་ཞུས། དེ་ནས་སུམ་ཅུ་རྩ་ལྔ་ལོན་པའི་ཚེ་ངོམ་ཤོད་རྒྱུད་ལྕང་ཚིགས་སུ་བྱོན། ཕུག་པོ་ཆེའི་ལ་ཁ་ན་དགེ་བཤེས་བཙན་ཁ་བོ་ཆེ་རྒྱ་གར་ནས་བྱོན་མ་ཐག་པ་ཞིག་ཇོ་མོ་བས་སྤྱན་དྲངས་ནས་ཆོས་དང་བཟའ་དང་ལྟད་མོ་ཡོད་ཟེར། ནངས་པར་སྔ་བར་བྱོན་ཙ་ན། བུད་མེད་ཅིག་ན་རེ། ཁྲ་བ་ནས་ལམ་ཟུར་འདི་ནས་ཡར་ཕྱིན་ན། སློབ་དཔོན་སྦ་སྒོམ་བྱ་བ་ལྟོ་སྟེར་བ་ལ་ཡངས་པ་ཞིག་ཡོད་ཟེར། ཕྱིན་པས་རྣལ་འབྱོར་པ་ཚོ་གཅིག་གིས་ཀྱང་སླེབས་ནས་ཚ་བ་དྲངས། ཕྱེ་ཟངས་ཀྱིས་ཁྱེམ་བུ་རེ་ཡང་གཏོང་གི་འདུག་དེ་ཚོར་བྱིན་ཟིན་ནས། དེ་ནས་གསར་བུ་གཅིག་ཀྱང་འདུག་གསུངས་ནས་ཆུ་བུམ་པ་གང་ལན་དུ་བཅུག །ཆུ་གཏོར་མཛད་ནས་ཕུག་ཆུང་ཟུ་རར་ཁྲིད།


JLAZ013_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་མ་ཀེ་རུ་ཕོར་པ་གང་བྱིན། དེ་ནུབ་ཀྱང་བཟའ་བྱིན་ནས་བྲག་རྩ་ཞིག་ཏུ་ཉལ། ནངས་པར་འགྲོ་དགོས་སེམས་ཙ་ན། ཡང་ལྟོ་བྱིན་ནས་ངའི་ཉེ་གནས་བཙུན་ཆུང་གཅིག་ཡོད་པ་ཟོ་ཐང་དུ་གསེར་ལེན་དུ་སོང་བ་ཆར་ཆེས་པས་མ་བྱུང་། ཤིང་ཞིག་འཐུས་གསུངས། དེར་ནགས་ཁྲོད་ནས་ཤིང་ཁུར་ཆེ་བ་གཅིག་བསྐྱེལ་བས། སྦ་སྒོམ་མཉེས་ནས་ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་དང་། རྫོགས་པ་ཆེན་པོ་སྐོར་བདུན་རང་ཆས་བྱ་བ་བཤད། དེར་ཉེ་གནས་ཀྱང་བྱུང་། ངེད་མ་སླེབས་པས་སློབ་དཔོན་འོ་བརྒྱལ་སེམས་ཙ་ན་ཁྱེད་ཀྱི་གོ་བཅད་འདུག་པ་དང་ད་དུང་ཞག་འགའ་ཙམ་བཞུགས་ཟེར། ཡང་ཡར་ཀླུང་ལན་གཅིག་བསྐོར་ནས་བྱུང་། དེར་སྦ་སྒོམ་གང་ཟག་ཁྱད་པར་ཅན་དུ་ཤེས་ནས་ཡུལ་དུ་མ་ཕྱིན་པར་འོན་དང་ཟངས་རི་ཡན་ཆད་དུ་བསོད་སྙོམས་བྱས། སྒྱེ་གཅིག་ཉོས། ནས་སྒྱེ་གང་དང་བཅས་པ་སློབ་དཔོན་སྦ་སྒོམ་ལ་ཕུལ་པས། ཁྱོད་ཀྱིས་ངའི་གཡོག་བྱས་པ་ཡིན་པས་དེས་རུང་། འདི་ལ་ཁྱོད་རང་གི་རྒྱགས་ཀྱིས། ང་ལ་མན་ངག་རྡོ་རྗེ་ཟམ་པ་ཞེས་བྱ་བ་སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་ལུས་གཅིག་ལ་ཕུང་པོ་ལྷག་མེད་དུ་སངས་རྒྱ་བའི་བརྒྱུད་པ་བྲེང་མ་ཆད་པ་གཅིག་ཡོད། དེ་གོང་ཕན་ཆད་སུ་ལའང་མ་སྨྲས་པ་ཡིན། ད་ཁྱོད་ལ་སྦྱིན་ནོ་གསུངས། ནས་ནན་གྱིས་ཕུལ་ནས་འདི་


JLAZ013_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་རང་ལ་བསྔགས་པ་ཡིན། གདམས་ངག་ཐུགས་ལ་གདགས་པར་ཞུ་རྒྱགས་རྙེད་དེ་འོང་བྱས་པས། ཕྱག་གཡོན་པས་སྤྱི་བོ་ནས་བཟུང་གཡས་པས་ལྟག་ཁུང་ནས་རྟབ་རྟབ་བྱེད་ཅིང་། འོར་ཆེ་དམ་ཚིག་ཅན་དུ་འདུག །གདམས་ངག་གིས་ཕན་ཐོགས་པར་གདའ་གསུངས། དེར་ལོ་ཆུང་གི་སྔགས་པ་གཅིག་ལ་གཤིན་རྗེ་དམར་པོའི་སྒྲུབ་ཐབས་ཤིག་བྱིན་པས། སྲན་ནས་ཁལ་བརྒྱད་བྱུང་། འོ་མ་དང་ཕྲུམ་དུ་སྲུང་སྐྱོབ་ཞག་རེ་ཙམ་དུ་བྱས་པས་ཆོས་རྒྱགས་ལྡང་བ་རྙེད། དེར་རྡོ་རྗེ་ཟམ་པའི་བྱིན་རླབས་ཞུ་བ་ལ་ཚོགས་ཀྱི་ཡོ་བྱད་མ་ཚོགས་པའི་ངང་། སློབ་དཔོན་གྱིས་བྱིན་རླབས་ད་ལྟ་བྱ། ཕྱི་ནས་བར་ཆད་འོང་གསུངས། གངས་བར་དུ་གྲོགས་པོ་གཅིག་ལ་སེར་མོ་གཅིག་བཅོལ་བའི་རིན་སློང་དུ་ཕྱིན་པས། མ་ཇོའི་ཤམ་ཐབས་གཅིག་ཐོབ། དེའི་རྣམ་པ་ཚོ་ཕྲལ་ནས་བཙོངས། ཆང་ཕུད་དང་། གཏོར་མ་ནས་བྲེ་ལྔ་རྣམས་ལ་བརྟེན་ནས། མར་མེའི་དོད་ཉིན་པར་བྱའོ་གསུངས་ནས་གྲོལ་ལམ་དབང་བཞི་རྫོགས་པར་བསྐུར། གདམས་ངག་མ་ལུས་པ་གནང་། ཕྱི་ནས་ཀྱང་བྱིན་བརླབས་ལན་བཞི་ཙམ་ཞུས། ནས་དང་གསེར་ལ་སོགས་པའི་འབུལ་བ་ལན་ལྔ་བསྐྱལ། རེ་ཞིག་ན། སྣང་བ་འདི་ཀུན་རྫུན་པའི་ཆོས་ཅན་ཡིན་གསུངས་ནས། ཆུ་རྡོ་གཅིག་ལ་ཕྱག་


JLAZ013_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་གྱིས་བརྒྱབ་པས་གྲུ་མོ་ཡན་ཆད་ཐིམ་གྱིས་སོང་། ཡང་སྐུ་ལུས་ཕྱིར་བཤིགས་མཛད་པས་བྲག་ལ་འདམ་གྱིས་ཐལ་ནས་རྗེས་ཝལ་ལེ་བྱུང་། ཕུག་ཆུང་སྟོད་ནས་སྟ་སྟངས་ཀྱིས་ཤུག་པའི་གདུང་མང་པོ་བཀུག །ཇོ་མོའི་མཆོད་ཁང་ཕུག་པའི་ཤིང་ཡིན་གསུངས། དེ་ལྟ་བུའི་སློབ་དཔོན་ལས་རྡོ་རྗེ་ཟམ་པའི་སྐོར་མ་ལུས་པ་ཐོབ་ཅིང་གཞན་ཡང་ཇོ་བོ་རྗེའི་ཕ་རོལ་ཏུ་ཕྱིན་པའི་ལམ་རྐྱང་ཁུག་སོགས་ཀྱང་ཐོབ། དེ་བཞིན་དུ་ཡུ་མོ་ལས་སྦྱོར་དྲུག །ཁམས་པ་ལུང་པ་ལ་ཐུན་བརྒྱད་མ། སྣེའུ་ཟུར་པའི་སློབ་མ་ལས་དམིགས་པ་སྐོར་གསུམ། ཤོད་བུ་ལོ་ཙཱ་བ་ལས་འགྲེལ་ཆུང་། དགེ་བཤེས་གྲོལ་སྒོམ་ལས་ནཱ་རོའི་ཐབས་ལམ་ཞུས་ཤིང་། རྡོ་རྗེ་ཟམ་པ་ཕར་ལ་བཤད། སྙུན་གདངས་ལ་སྒྲོན་སྤྲུལ་དང་རྒྱབ་ཤ །རྫ་བོར་ལ་བདུད་རྩི་ཐིགས་གསུམ། རི་ཁྲོད་དུ་རླུང་ཆུང་ལས་རྣལ་འབྱོར་རྒྱུད་ཚིགས་གསུམ། རླུང་དམ་ཆེན་པོ་ལས་དོ་ཧའི་མན་ངག །ལབ་སྒྲོན་ལས་གཅོད་ཡུལ། རྒྱལ་བ་སྦོ་སྟོན་ལས་སྡེ་སྐོར་བདུན་པ། གནུབས་ཤངས་ལས་ཆེན་ལས་བ་རི་བའི་ཀྲི་ཡའི་ཆོས་བཅོ་ལྔ། དིང་རི་ཀུན་དགའ་ལས་གདམས་པ་སྣ་ཚོགས་སོགས་ཐོབ་པ་ཤིན་ཏུ་མང་། དྭགས་པོ་ལྷ་རྗེ་ལས་ཆོས་དྲུག་དང་སྐྱེས་སྦྱོར་ཞུས། རྟོགས་པ་ཉམས་བསྡུར་བས་ཤིན་ཏུ་མཉེས། སྤྱན་སྔ་རྣལ་འབྱོར་གྱི་གྲྭ་ས་རུ་སྤྱོད་པ་བྱས་པས་བརྟུལ་ཞུགས་ཅན་དུ་གྲགས། གྲོགས་མཆེད་


JLAZ013_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཨ་ཙ་ར་སྟག་ཤམ་ཅན་དང་། བླ་མ་དབུ་འདྲེན་པ་དང་། བླ་མ་ཐུད་ཁ་འབར། བླ་མ་དྲེད་འབྱོར། ཞང་འགྲོ་སྨྱོན་པ་ལ་སོགས་དེ་ཙ་ནའི་རྣལ་འབྱོར་གྱི་དབང་པོ་ཤ་སྟག་དང་འགྲོགས། གཙང་དུ་གཅེར་བུ་ལོ་ལྔ་བྱས། གཞན་ཡང་སྣང་བ་ལ་ཐོག་བརྫིས་ཤིན་ཏུ་ཆེ་བས་དགུན་འཁྱགས་པའི་རུམ། དབྱར་ཆུ་བོའི་གཞུང་། མ་ངེས་པའི་གཡང་རོང་ཟབ་མོར་མཆོངས་པ་དང་། མགོ་རྡེབ་པ་དང་། མཚོན་བརྡེག་པ་ལ་སོགས་ཏེ་སྤྱོད་པ་ཚན་པོ་ཆེ་མ་བྱས་བྱ་བ་མེད་པས་དཔའ་བོ་འཛེང་ཆུང་དུ་གྲགས། སོ་མང་བཙན་ལ་ཕྱག་རྒྱ་ཆེན་པོ་བཏབ་པས་འཁྲུལ་སྣང་ཡེ་ཤེས་སུ་གནས་འགྱུར། རི་ཁྲོད་ཀླུང་ཆུང་བ་དང་། དངུལ་མོ་རྒྱ་ལེ་ལྕམ་ལ་ཡི་གེ་བཞི་པ་དང་རྫོགས་ཆེན་བཏབ་པས་འཁྲུལ་ཞིག་ཆེན་པོར་གྱུར་ཏེ་མཐར་ཕུང་པོ་ལྷག་མེད་དུ་དེངས། དེ་བཞིན་དུ་མ་ཇོ་དད་པ་ཅན་དང་། ཁམས་པ་སྙིང་རུས་ཅན་ཞིག་ལ་རྡོ་རྗེ་ཟམ་པ་བསྟན་པས། མཇོ་མོ་ན་ཁ་ཟེར་མོའི་མཚོ་དང་། ཁམས་པ་ཀོང་པོ་མཚོ་རྫོང་དུ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས་ཀྱི་ཕུང་པོ་ལྷག་མེད་དུ་སོང་། རས་པ་སྒོམ་སྟག །ཤོ་རས། རྒྱ་རས། རླུང་རས་སོགས་ལ་གདམས་པ་བཏབ་པ་ཙམ་གྱིས་བདེ་དྲོད་འབར། དེ་བཞིན་དུ་ཆོས་ཉིད་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུ་སོང་བ་ཤིན་ཏུ་མང་། འཛེང་དྷརྨཱ་བྷོ་དྷི་ཉིད་ཀྱི་གསུང་ནས་ཀྱང་། ངའི་གམ་དུ་ལོ་ཙཱ་བ་ཡང་བཞི་ཙམ་བྱུང་། རབ་བྱུང་


JLAZ013_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྟོན་ཆེན་དང་། སྒོམ་པ། སྒོམ་མ་ཡུས་པོ་ཆེ་རང་མཐོང་ཅན་མང་ཞིག་བྱུང་། ཚུལ་བཞིན་ཉམས་སུ་ལེན་པ་ཨ་ཅང་ཆེ་སྟེ། དྭགས་པོར་ཉམས་ལེན་ཨེན་རེ་བྱེད་པའི་ཉ་མ་བཅུ་གཅིག་ཙམ། དང་པོར་འཆི་དུས་ཐེབས་པ། འཆི་ཁར་གནད་གཅོད་མེད་པ། རོ་ལ་འཇའ་ཟུག་པ་བྱུང་བ་ཡིན། ངའི་གདམས་པ་འདི་ལ་བལ་མ་བལ་ལས་བྱེད་པ་དང་། ཕ་མ་སྲིའུ་གསོ་བ་འདྲ་བའི་ཉམས་ལེན་ལོ་ལྔ་དྲུག་གཅིག་བྱས་ན། ཕུང་པོ་ལྷག་མེད་དུ་སོང་ནས་ཤུལ་དུ་མིའི་ལུས་པོ་མི་ཡོང་ངེས་གསུང་། རྫུ་འཕྲུལ་གྱི་བཀོད་པ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་པས་རེས་སྐུ་ལུས་འཇའ་རུ་འཁྱིལ། རེས་ཞབས་ས་ལ་མི་རེག་པར་གཤེགས། སྣང་སེམས་རོ་གཅིག་ཏུ་འདྲེས་པས་ཐག་རིང་པོའི་ས་ཡད་ཡུད་ཙམ་ལ་འཁོར། གཞན་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་ཐོགས་མེད་མངའ་བས་མ་འོངས་པ་ཐམས་ཅད་ལུང་སྟོན། ལྷའི་མིག་དག་པས་ཇོ་སྲས་མ་རྡོ་རྗེ་སྐྱིད་ཀྱི་བུ་ནམ་ཕྱེད་ན་གཉིད་ལོག་པ་རྒྱ་མཐོངས་ནས་མར་སྦབ་ཏུ་འཆོར་ལ་ཁད་པ་གཟིགས། སྣང་བ་ལ་ཉིན་མཚན་མེད་པས་ནུབ་མོ་སྦུར་མའི་ཁྲོད་དུ་རྒྱ་ཁབ་ལྷུང་བ་བདེ་བླག་ཏུ་མཐོང་བ་སོགས་ཡོད། ཕྱི་རེས་གཙང་དུ་ལོ་བདུན་བཞུགས་ནས་སླར་ཕུག་པོ་ཆེར་བྱོན་པས། སློབ་དཔོན་སྦ་སྒོམ་གྱིས་ནམ་མཁའ་འདི་ཁོང་དུ་ཆུད་པར་གྱིས། དེ་རྟེན་མེད་དུ་རྟོགས་ན་སྒོམ་མེད་ཀྱི་གཟེར་ཆེན་


JLAZ013_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབས་པ་ཡིན་གསུངས་པས་ངེས་ཤེས་གཏིང་ནས་འདྲོངས། དེ་ནས་དྭགས་པོ་ཞུ་རུ་བླ་མ་ཞལ་གདམས་ལ་གུ་རུ་ཞི་བ་སྡེ་སྐོར་བདུན་པའི་གདམས་པ་ཞུས། དེའི་ལྷ་ཟུར་དགོན་པར་བརྡའ་བཞི་ལོ་གསུམ་བསྐྱངས་པས། ཆོས་ཐམས་ཅད་ལ་བྱན་ཆུད། སྤྲོས་བྲལ་གྱི་དགོངས་པ་ནམ་མཁའ་ལྟ་བུར་སོང་། ལར་དཀའ་ཐུབ་ལ་ཤིན་ཏུ་བཟོད་པས། ཕུག་པོ་ཆེར་རྡོ་རྗེ་ཟམ་པ་ཞུས་ནས་བདུད་རྩིའི་དཀའ་ཐུབ་མཛད་པས་རིམ་གྱིས་བརྫི་བར་མ་ནུས། གནུབས་ཤངས་པོ་ཆེའི་དྲུང་དུ་བླ་མའི་བྲན་གྱིས་དཀའ་ཐུབ་བྱས་པས་གར་ཕྱིན་དུ་བླ་མས་ཐུགས་ལ་འདོགས། དམ་པ་རྒྱ་གར་གྱི་དྲུང་དུ་རྟོག་དཔྱོད་ཀྱི་དཀའ་ཐུབ་བྱས་པས་ཆོས་ཐམས་ཅད་ལ་རང་བྱན་ཆུད། སྐྱིད་ཁུང་དུ་ཕུར་པའི་བཟླས་པ་ལ་དཀའ་ཐུབ་བྱས་པས་འཇིག་རྟེན་གྱི་ལྷ་འདྲེས་ཅི་སྨྲས་ཉན། ཇོ་བོ་བཀའ་གདམས་པའི་ས་རུ་ཞི་དུལ་གྱི་དཀའ་ཐུབ་བྱས་པས་གར་ཕྱིན་དུ་གཞན་གྱིས་བྱམས། ཡི་གེ་བཞི་ལ་མི་སྡོད་པ་གསུམ་གྱི་དཀའ་ཐུབ་བྱས་པས་བདེ་དྲོད་འབར་ནས་གཅེར་བུ་ལོ་ལྔ་བྱས། དེ་ལ་ངེས་ཤེས་སྐྱེས་ནས་ཕག་མོ་མངོན་བྱུང་ལ་སྒྲུབ་པའི་དཀའ་ཐུབ་བྱས་པས། འགུར་མོའི་ནུབ་ཕྱོགས་སུ་རྗེ་བཙུན་མའི་ཞལ་གཟིགས། བརྡའ་མང་པོ་གནང་། གནུབས་ཡུལ་རོང་དུ་རྨི་ལམ་སྦྱངས་པས་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས། གཞུ་སྟོད་ཏི་སྒྲོའི་ཤེལ་


JLAZ013_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ཏུ་ཁྲོ་བོ་བདུད་རྩི་འཁྱིལ་པའི་ཞལ་མཐོང་། མི་མ་ཡིན་གཅིག་གིས་བསྙེན་བཀུར་ཆེར་བྱས། བཙུན་གཟུགས་གཅིག་ནམ་མཁའ་ལ་འཕུར་ནས་ཕར་འགྲོ་ཚུར་འགྲོ་བྱེད་པ་མཐོང་། བཙལ་བས་མ་རྙེད། མི་ཡིན་མིན་མ་ཤེས་གསུངས། དྭགས་པོ་ཞུ་རུར་ཨ་ཛི་བསྒྲུབས་པས་ཉི་མ་དྲོ་ཁར་ཞལ་གཟིགས། དམ་བསྲེ་བྱེད་སྙམ་ཙ་ན་ཇོ་མོ་ཕྱལ་ལོ་བྱོན་ནས། བུད་མེད་ཅན་ཟེར་ནས་འོད་གཅིག་ཏུ་ཡལ། ལྷ་ཟུར་དུ་བཅུད་ལེན་གྱི་སྒྲུབ་པ་བྱས་པས་ཚེ་དཔག་མེད་ཞལ་མཐོང་། ཆོས་མང་པོའི་རྣམ་གཞག་རྒྱུད་ལ་ཤར། ཨོ་དཀར་བྲག་ཏུ་སྒྲུབ་པ་མཛད་པས་བདེ་མཆོག་ཡབ་ཡུམ་ཞལ་གཟིགས། ལན་ཅིག་འགྲོ་སྙིང་འདོད་པ་ཞིག་བྱུང་ནས། མོན་འགར་གྲོང་མོ་ཆེའི་མདུན་དུ་བྱོན། ཆུའི་རྫིང་མོ་ཞིག་ལ་ཐུབ་ཆོད་བྱས་མཆོངས་པས། འཁྱག་པ་ཆག་ནས་ཆུར་བྱིང་། སྐྱེངས་པའི་རྣམ་རྟོག་ཅིག་ཤར་ཙ་ན། ཆུ་ལ་རླངས་པ་ནམ་མཁའ་མི་མཐོང་བ་ཙམ་བྱུང་། མི་རྣམས་ངོ་མཚར་སྐྱེས་ནས་དགུན་གྲང་བདོ་བ་ལ་ཆུ་ལ་དེ་ཙམ་ཚུགས་པ། ལྕགས་བསྲེགས་ཆུ་ལ་བཙུད་པ་འདྲ་བ་བྱུང་ཟེར། རང་ལ་འཁྱགས་པའི་སྣང་བ་ནི་བྱུང་གསུང་། ཡང་ལན་གཅིག་ཇོ་མོ་དང་གཉིས་ཀྱིས་ཤིང་འཐུར་ཕྱིན་པས་ཤིང་ཁུར་ཆེ་བ་གཅིག་རྙེད། དེ་ཁུར་ནས་མཐའ་ཆེན་པོ་ཞིག་གི་ཁར་སླེབ་པ་དང་། འདི་ནི་རྨི་ལམ་དུ་འདུག་སྙམ་ནས་མཆོངས་པས་བྱ་བབས་པ་བཞིན་དུ་སོང་། ཇོ་མོ་ན་རེ་བླ་མ་ཁྱེད་མིའམ་ཞིག་མི་འདུག །དམ་པ་རྒྱ་གར་


JLAZ013_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་ཟེར། དེ་ཡན་དུ་གདམས་པ་མང་དུ་མ་འཕེལ། གྲོང་ཆོག་མཛད་ཅིང་གསང་སྤྱོད་བསྐྱངས། དེ་ནས་ཐག་རིང་ནས་སློབ་མ་མང་དུ་བྱུང་ནས་འཕེལ། རེ་ཞིག་ན་བལ་བུ་དོར་ལས་སྤྱན་དྲངས། གདམས་ངག་གསུངས་པས། ཉི་མ་སྔ་དྲོ་དང་པོ་ལ་འཇའི་གདུགས་དང་རེ་མིག་མང་པོ་བྱུང་། ཆོས་ཐོན་ནས་རི་ལོགས་ལ་སྐྱོ་སངས་ལ་བྱོན། འཇའ་དེ་བླ་མ་གྲོངས་པའི་རྟགས་མི་དགའ་བ་མིན་ནམ་ཞུས་པས། ངའི་བླ་མ་སྦ་སྒོམ་གྱིས། འབར་སྟོན་ཤེས་རབ་གྲགས་སྤུན་གཉིས་ལ་གདམས་པ་འདི་གནང་བའི་དུས་ཀྱང་ངོམ་ཤོད་ལུང་པ་དང་། ཕུག་པོ་ཆེའི་རི་ལོགས་ཁེངས་པ་ཙམ་བྱུང་བ་ཡིན། གདམས་པ་འདི་ལ་རྟགས་འདི་འོང་གསུང་། ཡང་བླ་མ་འདི་འཛིན་ན་བཞུགས་པའི་དུས་སུ། སློབ་མ་ཇོ་སྲས་འཛེང་གི་དྲུང་དུ་བྱོན་པས། མཆོད་རྟེན་རྩའི་གད་རྩ་གཅིག་ན་བཞུགས་འདུག །དེ་ནས་དབྱེན་ཁང་དུ་ཕྱིན་ཙ་ན་བླ་མ་འཛེང་ནི་མ་མཐོང་། འོད་ཕུབ་ཙམ་ཞིག་འདུག །རྩར་ཉེ་ཙ་ན་འོད་དེ་མི་འདུག་ནས་དེ་ཙུག་ལགས་ཞུས་པས། མཉམ་པར་བཞག་པའི་རྟགས་ཡིན་མི་ལ་མ་སྨྲས་གསུངས། ཡང་ཨ་ཇོ་དངོས་གྲུབ་ལ་མཛེ་བྱུང་བས། ངས་བཟླས་གྲོགས་བྱས་པས་མཛེ་ནི་མ་གསོས། ངས་ཕྱག་ན་རྡོ་རྗེ་ཞལ་མཐོང་། དགོད་བྲོ་གསུང་། དེ་ལྟར་ཆོས་ཚུལ་གཞན་ལ་གྲགས་པའི་རོ་སྙོམས་དང་། ཆོས་དྲུག་དང་གཅོད་ཡུལ་དང་། རིམ་པ་ལྔ་ལ་སོགས་


JLAZ013_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གདམས་པའི་དོན་གྱི་ཐོབ་བྱ་གང་ཡིན་པ་ཉམས་འོག་ཏུ་ཆུད་པའི་འཛེང་སྒོམ་དྷརྨཱ་བྷོ་དྷི་འདི་དགུང་ལོ་བརྒྱ་དང་གཉིས་ལོན་པའི་དུས་ཞིག་སྙུང་བ་ལྟར་བསྟན་པས། འཁོར་རྣམས་ཀྱི་བླ་མ་གྲོངས་ཀྱིས་དོག་ཙ་ན། ཞལ་ནས་མདང་རྨི་ལམ་བཟང་། ང་མི་འཆི་རྒྱལ་པོ་རའི་སྟེང་ན་འདུག་པ་ལ་ཉི་ཟླ་གཉིས་ཤར་བྱུང་། རུས་པའི་སྤྱིལ་བོ་མང་པོའི་སྟེང་ན་བུད་མེད་མང་པོ་འདུག་པས། བླ་མ་འཛེང་ཁྱོད་ལོ་བཞིན་ཤོག་ཟེར་བ་གཅིག་རྨིས་གསུངས། ཡང་རེ་ཞིག་ན། ངས་ལོ་མང་པོ་ལོན་ཏེ་ང་རང་ལའང་ཏིག་པོ་བཤད་རྒྱུ་མེད་གསུངས། དེ་ནི་རྟོག་དཔྱོད་ལ་འཛིན་པ་དག་པས་ནང་དུ་དགོངས་པ་ཟད་སར་འཁྱོལ་བའི་རྟགས་ཡིན་ནོ། །དེའི་འཁོར་རྣམས་ཀྱིས་དགེ་རྩ་གཅིག་མཛད་པར་ཞུས་པས། འདུས་བྱས་ཀྱི་དགེ་རྩ་ལ་ཐུགས་མི་གཏོད། བཅུད་ལེན་ཞིག་མཛད་པར་ཞུས་པས་ཀྱང་། བཅུད་ལེན་བྱས་ན་ལོ་བཅུ་ཙམ་ཚེ་བསྲིང་ནུས་ཏེ། དུས་ངན་གྱི་ཚེ་རིང་བ་ལ་དགོས་པ་མེད་གསུངས། གཞན་ལ་སྐྱོ་བ་ཡང་དག་བསྐུལ་ནས་སྐུ་གཤེགས། སྤུར་སྦྱངས་པས་ནམ་མཁའ་འཇས་གང་། མཆོད་རྟེན་དང་རིང་བསྲེལ་ཡང་མང་དུ་བྱོན། །འདི་ནི་ཚོགས་པ་བསྐྱངས་པས་སྙིགས་མ་འཇའ་ལུས་སུ་མ་དེངས་ཀྱང་། དོན་གྱི་ཀ་དག་ཆོས་ཟད་ཀྱི་ས་ལ་མྱ་ངན་ལས་འདས་པའི་རྟགས་མཐའ་དག་ཚང་ཞིང་སྙན་བརྒྱུད་རྡོ་རྗེ་ཟམ་པའི་དར་རྒྱས་ཀྱང་འདིའི་རིང་ནས་ཆེ་བར་བྱུང་སྟེ་དངོས་ཀྱི་སློབ་མ་ཡང་། སློབ་དཔོན་


JLAZ013_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་དང་། འཛེང་ཇོ་སྲས་དང་། བཙན་ཐང་པ་ཉང་དྷརྨ་སིདྷི་དང་། སློབ་དཔོན་གསེར་ལུང་པ་དང་། བླ་མ་ངུ་རྡོ་རྗེ་རྒྱལ་མཚན་དང་། གཟིགས་ཡེ་ཤེས་དབང་པོ་དང་། གཡག་སྟོན་ཟླ་བ་འོད་ཟེར་ལ་སོགས་མང་དུ་བྱོན་ནོ། །དགུང་ལོ་ཡང་བརྒྱ་དང་བཅུ་བདུན་ལོན་ཚེ་གཤེགས་པ་ཡིན། འདི་ཇོ་འབྲོམ་དང་། ཕྱ་པ་ཆོས་ཀྱི་སེང་གེ་དང་། རྗེ་བཙུན་མི་ལ་དཔོན་སློབ་དང་སྔ་ཕྱིར་ཐོག་མཉམ་པ་ཙམ་ཡིན་ནོ། །དེ་ལ་འཛེང་ཇོ་སྲས་ནི། སྔགས་པའི་རིགས་ལས་བཙས་པས་ཆུང་ངུ་ནས་ཡིག་རྩིས་ལ་སྦྱངས། འོལ་ཁའི་ལྷ་བྲིས་པ་ལས་སྒྱུ་འཕྲུལ་ལ་སོགས་རྙིང་མ་དང་། དགྱེས་རྡོར་དང་མཚན་བརྗོད་ཞུས། དེར་སློབ་དཔོན་ལྷ་བྲིས་པས་འདའ་ཀར། ངས་གཞུང་ཆེན་པོ་འདི་ཙམ་ཤེས་ཀྱང་འཆི་ཁར་ཕན་པ་ཨ་རོ་ཐུན་བདུན་ལས་མ་བྱུང་། ཁྱོད་ཀྱང་གཞུང་མ་བསླབས་པར་གདམས་ངག་ཁོ་ན་ལ་ནན་ཏན་གྱིས། དྭགས་པོ་ན་ཁྱོད་རང་གི་བླ་མ་འཛེང་བྱ་བ་ཞིག་ཡོད་འདུག་པ་དེར་སོང་ཞེས་ལུང་བསྟན། གང་པར་དུ་རྫོགས་ཆེན་ལྷུན་གྲུབ་མཁན་སློབ་དཔོན་ཟེམ་གྱི་སར་དབྱར་དགུན་ཐོག་དྲུག་བསྡད་ཀྱང་ཐུགས་ལ་མ་བཏགས། གདམས་ངག་གིས་སྤྲོས་པ་མ་ཆོད་ནས་སློབ་དཔོན་འཛེང་ལ་དཔལ་ལུང་དུ་རྡོ་རྗེ་ཟམ་པ་ཚར་གསུམ་ཞུས། བྱིན་རླབས་མཛད་ནས་ཁྱེད་རང་རེ་ཞིག་གཙང་ལ་སོང་ལ་གཞུང་སློབ། གཙང་ནས་འཁོར་ཙ་ན་ཨ་མིས་


JLAZ013_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པ་གཅིག་ཀྱང་བསྡོཊ་ཀྱི་གསུངས། དེར་གདམས་པ་མི་གནང་བར་དགོངས་ནས། གཞན་སུས་ཤེས་དྲིས་པས། གྲྭ་ཕྱིའི་ཇོ་སྲས་ཞང་ལ་སྐྱབས་བྱ་བས་ཤེས་གསུངས། དེ་ལ་ཞུ་བར་སེམས་ཙ་ན་ཁོང་གྲོངས། ཡང་དྭགས་པོ་རང་དུ་ལོག་ནས་འཛེང་ལ་ཞུས་པས་ཀྱང་མ་གནང་། སློབ་མ་གཅིག་ལ་ཞུ་བསམས་ནས། ཤོ་སྐྱམ་དུ་སློབ་དཔོན་ངུའི་སྤྱན་སྔར་ཕྱིན་ཙ་ན། རེ་བ་ཙམ་བཅོས་ནས་འདིས་མི་འོང་ད་དུང་དྭགས་པོར་སོང་ལ་ཞུས་གསུངས། ཡང་དྭགས་པོར་བྱོན་ནས་ཞུས་པས། ཅིས་ཀྱང་འདོད་ན་གདམས་པ་ལ་ནན་ཏན་བྱེད་དགོས་པ་ཡིན་གསུངས་ནས་རྫོགས་པར་གནང་། དབྱར་དགུན་ཐོག་འགའ་སློབ་དཔོན་གྱི་དྲུང་དུ་བསྡད། ལོ་དྲུག་ཙམ་ལོན་ནས་ཕྲན་ཚེགས་རྣམས་ཀྱང་རྫོགས། གཞན་ལ་བྱིན་རླབས་མཛད་པའི་ལས་སློབ་ཀྱང་བྱས། ཐོད་པའི་སློབ་མ་རོག་པོ་དགའ་དང་། མ་ཇོ་ཟློ་བ་ལ་སོགས་པ་ལྔ་བཅུ་ཙམ་གྱིས་རྡོ་རྗེ་ཟམ་པ་ཞུས་པས་ཇོ་སྲས་ཀྱིས་ཤོད། ཁྱེད་ཚོས་ཉོན་གསུངས་ནས་སློབ་དཔོན་གྱིས་ཁྲི་ཁ་ནས་གསུངས། དཔོན་སློབ་གཉིས་ལོ་ངོ་བཅོ་བརྒྱད་ཙམ་དུ་འགྲོགས། གདམས་ངག་གི་བཀའ་ཕོག་ནས་བརྒྱུད་འཛིན་དུ་བསྐོས་སོ། །དེ་ལྟར་འཛེང་དྷརྨཱ་བྷོ་དྷི་དང་ཇོ་སྲས་འཛེང་ཆུང་སྨྱོན་པ་གཉིས་ཀའི་སློབ་དཔོན་ཀུན་བཟང་ཡིན་ཏེ། དེ་ནི་ཁུ་བོ་ཕ་ཇོ་དབུས་པ་ཕག་མོ་གྲུབ་པའི་སློབ་མ་སྒོམ་ཆེན་བཟང་པོ་ཞིག་ཡིན། མ་ཟི་བཟའ་


JLAZ013_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཆོག་བྱ་བ་མ་ཇོ་སྨྱོན་མ་བསམ་འགྲུབ་བྱ་བ་ལས་ཆོས་ཐོས་པ་གཉི་ག་ལ་རྨི་ལམ་གྱི་ལྟས་བཟང་པོ་དང་བཅས་ཏེ་འཁྲུངས། ལོ་བརྒྱད་དགུ་ལ་སློབ་དཔོན་ཀོར་སྟོན་རཱ་ཛ་ལ་སློབ་གཉེར་ཅུང་ཟད་རེ་བྱས། བཅོ་ལྔ་ལོན་པའི་ཚེ་ཁོང་གྲོངས་ནས་སློབ་དཔོན་ངུའི་གམ་དུ་ལོ་ལྔ་ཙམ་ཞི་བྱེད་ཞུ་ཞིང་བསྡད་ནས་ཞབས་ཏོག་འགྲུབ་ཚད་བྱས། གསེར་ལུང་དགོན་པར་སློབ་དཔོན་ངུའི་སར་ཇོ་སྲས་འཛེང་དང་མཇལ་ནས་འཛེང་གི་གསང་སྒྲུབ་དང་ཕག་མོ་མངོན་འབྱུང་ཞུས། རྡོ་རྗེ་ཟམ་པ་ལྷག་མ་ལུས་པར་དབུ་སྙུང་བཞེས་པའི་ནུབ་ཀྱི་རེས་ལ་དཔོན་སློབ་གཉི་ག་ལ་རྨི་ལམ་བཟང་པོ་རྨིས། དེར་འཛེང་ཆུང་བས་ཁྲིད་ནས་འཛེང་དྷརྨཱ་བྷོ་དྷི་དང་མཇལ་བའི་ཚེ་བཅོ་ལྔའི་ཟླ་བའི་རུམ་ན་སྐར་མ་གཉིས་ཐིམ་པ་རྨིས། འཛེང་ཆེན་པོ་ལ་རྡོ་རྗེ་ཟམ་པ་ཚར་གཅིག་ཞུས། དེ་ནས་འཛེང་ཇོ་སྲས་སྤུང་རིངས་སུ་སྤྱན་དྲངས་ནས་རྡོ་རྗེ་ཟམ་པ་ཚར་བདུན་ཞུས། དྭགས་པོར་དགུན་ཐོག་བཞི་ཕྱིན། རྡོ་རྗེ་ཟམ་པ་ཚར་ཕྱེད་པ་གཅིག་དང་བཅུ་བཞི་ཐོབ། ཇོ་སྲས་དང་ལོ་བརྒྱད་འགྲོགས་ནས་རྡོ་རྗེ་ཟམ་པ་ཚར་བདུན་ཞུས། ཕྱི་ནས་ཤོ་རུ་ཚར་གཉིས། གསེར་ལུང་དུ་ཚར་གཅིག །གཞན་ལ་གསུང་འཕྲོར་མཇལ་བ་དང་དྲིལ་བས་འཛེང་མེས་དབོན་གཉིས་ལ་རྡོ་རྗེ་ཟམ་པ་ཚར་སུམ་ཅུ་རྩ་ལྔ་ཐོབ། གཉིས་ཀའི་གདམས་པ་བཀའ་བབས་ནས་གཞུང་བཤད་ཆེ་ཆུང་གཉིས་ཀྱང་མཛད་དོ། །འདི་ལ་སྲས་


JLAZ013_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་འོད་འབར་སེངྒེ་བྱ་བ་བྱུང་། དེ་ནི་བློ་རྣོ་བ། ཤེས་རབ་ཕུན་སུམ་ཚོགས་པ་ཞིག་སྟེ། ལོ་བཅུ་བཞི་པ་ལ་རྡོ་རྗེ་ཟམ་པ་གསུངས། དེས་རྒྱུད་འཛིན་ཇོ་མགོན་ལ་གནང་། དེས་བྱ་མེད་ཚུལ་རིན་ལ་གནང་ངོ་། །ཡང་འཛེང་གིས་ཡར་ཀླུངས་བཙན་ཐང་པ་ཉང་དྷརྨཱ་སིདྷི་ལ་རྡོ་རྗེ་ཟམ་པ་བཤད་པས་བྱིན་བརླབས་ཞུགས། རྟོགས་པ་ཐོད་རྒལ་དུ་སྐྱེས། དུར་ཁྲོད་དགོན་པར་བཞུགས་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད། མཐར་དགུང་ལོ་དོན་བདུན་པ་ལ་གཤེགས། འདི་ནས་བརྒྱུད་པའི་གཞུང་བཤད་ཀྱང་ཡོད་དོ། །དེའི་སློབ་མ་བཛྲ་པཱ་ནི། དེའི་སློབ་མ་བླ་མ་ལྷའོ། །ཡང་འཛེང་གིས་གསེར་ལུང་བ་ལ་བཤད། དེས་སློབ་དཔོན་རང་གྲོལ། དེས་སྲས་པོ་ཆོས་རིན་ལ་བཤད་དོ། །ཡང་འཛེང་གིས་ངུ་རྡོ་རྗེ་རྒྱལ་མཚན་ལ་བཤད། དེས་ངུ་སྟོན་དད་པ་བརྩོན་འགྲུས། དེའི་སློབ་མ་ཞིག་གིས་བྱས་པའི་གཞུང་བཤད་ཀྱང་ཡོད། ཡང་འཛེང་གིས་གཟིགས་ཡེ་ཤེས་དབང་པོ། དེས་མཁན་པོ་ལ་ཁ་བ། དེས་སློབ་དཔོན་མགོན་སྐྱ་བ། དེས་སློབ་དཔོན་གོ་རི་བ། དེས་སོ་སྟོན་པ་ལ་བཤད་དེ་སོ་སྟོན་གྱི་གཞུང་བཤད་ཀྱང་སྣང་ངོ་། །ཡང་འཛེང་གིས་སྤུང་རིང་པ་གཡག་སྟོན་ཟླ་བ་འོད་ཟེར། དེས་ཀློག་སྟོན་དགེ་འདུན་སྐྱབས། འདི་ནས་བརྒྱུད་པའི་གཞུང་བཤད་ཀྱང་ཡོད། ཡང་སྤུང་རིང་གཡག་སྟོན་གྱིས་ལོ་བརྒྱ་ལ་ཉེ་བ་ཐུབ། དེས་འོ་ན་ནག་སྟོད་པ་གླ་རུ་བན་དེ་ལ་


JLAZ013_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ནས་ཀྱང་དར། ཡང་འཛེང་གིས་སྐྱེ་ཚེ་ཡེ་ཤེས་དབང་ཕྱུག་ལ་བཤད་དེས་གཟིགས་ཡེ་ཤེས་དབང་པོ། དེས་མཁན་ཆེན་ངུར་པ། དེས་ངུ་སྟོན་བཛྲེ་ཤྭ་ར། དེས་མཁན་ཆེན་བསོད་ནམས་རྒྱལ་མཚན། དེས་མཁན་ཆེན་ཤེས་རབ་རྒྱལ་མཚན། དེས་མཁན་ཆེན་གཞོན་ནུ་ཤེས་རབ། དེས་སློབ་དཔོན་གཞོན་ནུ་གྲགས་པ། དེས་མཁན་ཆེན་སངས་རྒྱས་བཟང་པོ། །དེས་བླ་མ་བརྩོན་འགྲུས་དབང་ཕྱུག །དེས་མཐའ་བཞི་གྲགས་པ་རིན་ཆེན། དེས་སློབ་དཔོན་ཤཱཀྱ་རྒྱལ་པོ། འདི་སྐུ་གཞོན་ནུའི་ཚེ་ཁྲབ་ལ་ཁར་རབ་ཏུ་བྱུང་། ལོ་དུས་ལ་བསྙེན་པར་རྫོགས། མཛོད་དང་འདུལ་བ་ལ་བྱང་བས་སྐྱོར་ལུང་དུ་གྲ་སྐོར་མཛད། ཐུགས་དམ་འཕེལ་བར་བཞུགས་པ་ལ། སྐུ་ན་ཧ་ཅང་མཐོ་བས་སྤྱན་མི་གསལ་ཡང་། གཞན་གྱིས་སྤྱན་ཚབ་བྱས་ཏེ་རྗེས་སུ་བརྗོད་ནས་གསུང་བ་སོགས་ཐུགས་བསྐྱེད་ཤིན་ཏུ་ཆེ། དགུང་ལོ་བརྒྱར་ཉེ་བར་བཞུགས་ནས་གཤེགས་པའི་རྗེས་ཐུགས་ལས་རིང་བསྲེལ་ཟད་པ་མེད་པར་འབྱོན་པ་བྱུང་། འདིས་འགོས་ལོ་གཞོན་ནུ་དཔལ་ལ་གསུངས་པ་ཡིན་ནོ། །རྡོ་རྗེ་ཟམ་པའི་ལོ་རྒྱུས་བཤད་ཟིན་ཏོ། །ད་ནི་མན་ངག་སྡེའི་ཤིང་རྟ་ཆེན་པོ་སློབ་དཔོན་བཱི་མ་ལ་ལས་བརྒྱུད་པའི་སྙིང་ཏིག་གི་ལོ་རྒྱུས་བཤད་པར་བྱ་སྟེ། དེ་ལ་གདགས་གཞིའི་མིང་ལ་བརྟེན་ནས་


JLAZ013_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཏི་དང་སྤྱི་ཏི་ལ་སོགས་པ་འགོག་མོད། གནད་ལས་གནད་དུ་བསྡུས་པ་མིང་དུ་མི་འགྲུབ་ན། འདུལ་བའི་འདུལ་བ་དང་འདུལ་བའི་མངོན་པ་དང་འདུལ་བའི་མདོ་སྡེ་ལ་སོགས་པ་དང་། དེ་བཞིན་དུ་ཆོས་སྐད་གཞན་སྟོང་པ་དང་སྟོང་པ་ཆེན་པོ་དང་། ཤིན་ཏུ་སྟོང་པ་དང་རབ་ཏུ་སྟོང་པ་ལ་སོགས་པའང་ཉམ་ཉེས་པར་བྱས་སོ། །འདི་ནི་རྣམ་པའི་ཚིག་ཁོ་ན་ལ་རྟོག་ཅིང་དོན་ལ་རྟོན་པ་མི་བསམ་པ་སྟེ་སྟོང་པ་སྟོང་དུ་བགྲོད་མེད་པས་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་མི་འཐད་དོ་ཟེར་བ་ལྟ་བུའོ། །དེ་བཞིན་དུ་གདུང་ཆེན་ལྔར་དང་པོའི་སངས་རྒྱས་ཀྱི་རྣམ་པར་གཞག་ཅིང་། དངོས་སུའང་འགྲུབ་ན། ཤ་རི་རམ་གཅིག་པོའི་སྐད་དོད་ལ་ཕུ་གཏུགས་པ་མ་ཡིན་ཏེ། སཾ་སྐྲྀ་ཏའི་སྐད་ཁོ་ནས་བཤད་པ་ནི། དྲང་དོན་དང་། དུས་ཀྱི་འཁོར་ལོ་ལྟར་སྐད་ཆེན་པོ་བཅོ་བརྒྱད་ཀྱིས་བཤད་པ་ལ་ངེས་དོན་ཡིན་པ་མཁས་པ་རྣམས་ལ་གྲགས་པའི་ཕྱིར་རོ། །དེ་བས་ན་སྔ་འགྱུར་གྱི་རྒྱུད་རྣམས་ལ་ནི་མཁའ་འགྲོ་དང་མི་མ་ཡིན་གྱི་བརྡའ་སྐད་ལ་སོགས་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་བོ། །འདིར་ཐིག་ལ་ཏིག་ཏུ་བྱས་པའང་ཇི་སྐད་དུ། ཏིག་ནི་ཤེས་རབ་མིང་དུ་སྨྲ། ཞེས་བརྡའ་སྙིང་དུ་མི་འགལ་ལ། ལར་དབང་པོ་རབ་ཀྱིས་རྒྱུད་ལ་སོགས་པའི་མཚན་སྨོས་པ་ཁོ་ནས་དོན་ཤེས་པའི་དགོས་པ་འཇོག་པའི་ཕྱིར་འདི་དག་ལ་འཐད་པ་མ་གྲུབ་ན། ལི་ཤིའི་གུར་ཁང་


JLAZ013_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་འགལ་འབྲེལ་གྱི་མིག་མངས་རིས་ལ་བརྩེ་བར་བྱའོ། །དེ་ལ་ཉང་ཏིང་འཛིན་བཟང་པོ་དེ་ཕུང་པོ་ལྷག་མེད་དུ་དེངས་ནས་ལོ་བརྒྱད་ལོན་ཅིང་ཉང་མི་དར་མ་དང་དུས་མཚུངས་པ། དབུ་རུ་གཞོའི་ལྡང་མ་དགེ་མཆོག་གི་བུ་གནས་བརྟན་ལྡང་མ་པ་ལྷུན་གྲུབ་རྒྱལ་མཚན་ཞེས་བྱ་བ། ངོ་བོ་བི་མ་ལའི་སྤྲུལ་པར་གྲགས་ཀྱང་རྣམ་པར་ཤེས་པ་ལྐོག་ཏུ་གྱུར་པ་རྣམས་ལ་གནས་བརྟན་དཀྱུས་མའི་ངང་ཚུལ་དུ་སྣང་བ་ཞིག་ལ་རྡོ་རྗེ་ལེགས་པས་ལུང་བསྟན་ནས་སྔར་སྦས་པའི་གཏེར་རྣམས་ཕྱུང་། སྦས་བློ་གྲོས་ལས་ཚིག་བརྒྱུད་ཀྱང་མཉན་ནས་ཆོས་ཉིད་ཡིད་སྤྱོད་དུ་མ་ལུས་པར་ཉམས་སུ་བླངས། མན་ངག་རྙེད་ནས་བཅོ་ལྔ་པ་ལ་བཤད་བརྒྱུད་བཞག་པའི་སྣོད་འཚོལ་དུ་བྱོན་པ་ན། ཉང་སྟོད་ནས་ལྕེ་བཙུན་སེང་གེ་དབང་ཕྱུག་ཅེས་བྱ་བ་རྙེད། དེ་ལ་གདམས་པ་རིམ་པ་བདུན་དུ་བཏབ། དེ་དང་ཉེ་བར་ཁ་རག་སྒོམ་ཆུང་ལའང་བཏབ་པས་ཁོང་ཡང་དེས་གྲོལ། ལྕེ་བཙུན་ལ་དཔེ་རྣམས་དག་པར་བྲིས་ལ་ཁྲའི་ཟླ་བ་ལ་སྐྱོལ་ཅིག་གསུངས། ཕྱི་ཞིག་ལྕེ་བཙུན་གྱིས་འབུལ་བ་ཤིན་ཏུ་མང་པོ་དང་བཅས་བྱོན་པས་སྙེ་ཐང་དུ་མལ་གྲོའི་ཉང་བཀའ་གདམས་པ་བྱ་བ་དང་ཕྲད། དེས་ལྡང་མ་གཤེགས་པའི་གཏམ་བཤད་པས། འབུལ་བ་རྣམས་གནས་གཞི་ཞིག་འདུག་པའི་དགེ་འདུན་རྣམས་ལ་ཕུལ། ཉང་བཀའ་གདམས་པ་ན་རེ། ལྡང་མ་དེ་གནས་བརྟན་ཡིན་པ་


JLAZ013_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལས་གང་ཟག་བཟང་པོར་སྔར་སུས་ཀྱང་མ་རྟོགས། སྐུ་གཤེགས་པའི་དུས་ནམ་མཁའ་འཇས་ཁེངས། སྐུ་གདུང་དང་རིང་བསྲེལ་དཔག་ཏུ་མེད་པ་བྱོན་པས་ཐམས་ཅད་ངོ་མཚར་ཞིང་འགྱོད་པ་སྐྱེས་གདའ། ཁྱེད་ཀྱང་འབུལ་བ་འདི་ཙམ་ཁྱེར་ལུགས་ཀྱིས་གདམས་ངག་ཁྱད་པར་ཅན་ཡོད་མཆིས་པས་བདག་ལ་སྩོལ་ཅིག་ཞུས་པས། གདམས་པ་བྱིན། དེས་གཞོའི་ཏི་སྒྲོ་བྲག་ལ་ལོ་གཉིས་བསྒོམས་ནས་ཕུང་པོ་ལྷག་མེད་དུ་སོང་བ་ཡིན་ནོ། །དེ་ལ་ལྕེ་བཙུན་ཆེན་པོ་ནི། ཡུལ་ཉང་རོང་གཉན་ཚོའི་ལྕེ་ཐུབ་པའི་དབང་པོ་ཞེས་བྱ་བའི་བུ་གཞོན་ནུ་ནས་ཆོས་མང་པོ་ལ་ཐོས་པའི་ཕ་རོལ་ཏུ་སོན་པ་ཞིག་ཡིན། གནས་བརྟན་ལྡང་མ་བ་དང་། རི་གཟར་རྒོད་པོ་ལུང་དུ་མཇལ། ཁ་རག་ཏུ་གདམས་པ་གསུང་བའི་དུས་བཏབ་སྟེ་རྫོགས་པར་ཐོབ། སློབ་དཔོན་གཤེཊ་ནས་གཏེར་དཔེ་རྙིང་པ་རྣམས་ལང་གྲོ་ཆད་པ་སྟག་འདྲའི་ཆུ་མིག་གི་རྩ་དང་། འུ་ཡུག་དང་། ཇལ་གྱི་ཕུ་སྟེ་གཏེར་ཁ་གསུམ་དུ་སྦས། འུ་ཡུག་ནས་ཤངས་མན་ཆོད་ཀྱི་རི་རྒྱུད་རྣམས་ལ་འཕོ་ཞིང་སྒོམ་པའི་ཚེ། རྨི་ལམ་ན་ཨ་ཙ་ར་གཅིག་བྱུང་ནས། བདག་ནི་བི་མ་མི་ཏྲ་མཁས་པ་སྟེ། །སྐལ་ལྡན་སྙིང་པོའི་ཡང་བཅུད་དོན་འདོད་ན། །མཆིམས་ཕུ་བྲག་དམར་དགེ་གོང་ཡར་འདེབས་ལ། །གསང་བ་སྙིང་ཏིག་སྙིང་དང་འདྲ་བ་ཡོད། །དེ་དག་ཁྱེར་ལ་འུ་ཡུག་ཕྱི་གོང་དུ། །སུས་ཀྱང་མཐོང་བ་མེད་པར་ལོ་བདུན་སྒོམས། །


JLAZ013_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་བཅས་ཕུང་པོ་སྣང་བ་མ་ཡིན་ནོ། །ཞེས་གསུངས་པ་ཐོས་ནས་མཆིམས་ཕུར་བྱོན། བུད་མེད་དུང་སོ་འཁོར་མ་གཡུའི་སྨིན་མ་ཅན་ཞིག་གིས་དཔེ་རྣམས་བྱིན། སླར་འུ་ཡུག་ཕྱི་གོང་རྫའི་ར་བར་བཞུགས་པས་བཱི་མ་ལ་དངོས་སུ་བྱོན། ཟླ་བ་ཕྱེད་དུ་དབང་ཁྲིད་གདམས་པ་རྫོགས་པར་གནང་ནས་སློབ་དཔོན་བཱི་མ་ལ་རྒྱ་ནག་ཏུ་གཤེགས། དེ་ནས་ལྕེ་བཙུན་གྱིས་ལོ་བདུན་བསྒོམས་པས་ཕུང་པོ་ལྷག་མེད་གྲུབ། སྤྲུལ་པའི་སྐུ་ཞང་སྟོན་ལ་གདམས་ངག་རྫོགས་པར་བྱིན་ནས། ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་ན་ནམ་མཁའ་ལ་འཇའ་འོད་ཀྱི་ཕུང་པོ་གཅིག་ཏུ་གཤེགས་སོ། །གཏེར་སྦས་པའི་ལོ་སུམ་ཅུ་ན་རོང་སྣར་མདའི་ལྕེ་སྒོམ་ནག་པོས་ཁ་ཤས་བཏོན་ནས་རང་ཉམས་ལོངས་ཤིང་། གཞན་མང་པོ་ལའང་བཤད། དེ་བཞིན་དུ་ལང་གྲོ་འཆད་པ་སྟག་ནས་ཤངས་པ་རས་པ་ཞེས་བྱ་བས་ཀྱང་བཏོན་ནས་དར་རྒྱས་བྱུང་ཞེས་གྲགས། དེ་ལ་ཞང་སྟོན་ནི། ཡུལ་ཡར་འབྲོག་དོ་ནང་དུ་འཁྲུངས། མཚན་བཀྲ་ཤིས་རྡོ་རྗེ་ཞེས་བྱ་སྟེ། ལོ་བཅུ་གཅིག་པར་བླ་མ་ལྕེ་སྒོམ་ལ་གདམས་པ་མང་དུ་ཞུས། དེ་ནས་ཉི་ཤུ་རྩ་གཅིག་གི་བར་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ནས། སྡེ་སྣོད་གསུམ་དང་རྒྱུད་སྡེ་གསར་རྙིང་གི་ཕྱོགས་ཐམས་ཅད་ལ་སྦྱངས་པས་མཁྱེན་རབ་ཀྱི་པདྨོ་རྒྱས། ཉང་སྟོད་ཁུ་ཡུལ་ན་ཡོད་པའི་ཚེ་ནམ་མཁའ་ལས་བླ་མ་དང་། ཐུགས་རྗེ་ཆེན་པོ་སྒྲོལ་


JLAZ013_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་སོགས་པའི་ཞལ་མཐོང་ཞིང་ལུང་བསྟན་ཐོབ། རྡོ་རྗེ་ལེགས་པ་མི་དཀར་ཞྭ་དཀར་ཅན་དུ་བྱས་པས་དངོས་གྲུབ་བྱིན་གྱིས་འདོང་ཟེར་ནས་ཁྲིད། ཉང་སྨད་པ་ཚབ་ཏུ་ལྷ་གསོལ་བ་མང་པོས་བཟའ་བཏུང་བྱིན་པས་དངོས་གྲུབ་དེ་ལ་ཟེར་རམ་སྙམ་ཙ་ན། མི་དཀར་དེས་དངོས་གྲུབ་གཞན་དུ་ཡོད་ཀྱིས་འདོངས་ཟེར་འོད་ཀྱིས་ལམ་སྣ་བྱས་ནས་བྱོན། ཁང་སྟོང་ཞིག་ཏུ་ཉལ་བས་འདིར་མི་རུང་ཟེར། བྲག་ཕུག་གཅིག་ཏུ་བྱོན་ཙ་ན་ཁ་སྟོང་འགྱེལ། ཁོའི་སྤྲུལ་པས་བཟའ་བཏུང་ཡང་བྱིན། འུ་ཡུག་མདའ་ན་འཁྲུག་པ་ཆེན་པོ་ཡོད་པ་ཡང་རྡོ་རྗེ་ལེགས་པས་བསྒྲིབས་ནས་དམག་གིས་མ་མཐོང་། དེར་བྲག་སེང་གེ་འདྲ་བའི་རྩེར་སླེབས་ཙ་ན་ཁོ་སྟོར། ཕྱིར་ལོག་གོ་སྙམ་ནའང་མ་ཐར། ཆ་མ་ཕྱེད་པའི་ངང་ལ་བལྟས་ཙ་ན་བྲག་ཕུག་ཁ་བྱང་བསྟན་གྱི་སྒོ་རྩས་འགགས་པ་མཐོང་། དེ་བྲུས་པས་དང་པོར་སྦྲུལ་དང་སྦལ་པ་ཤིག་ཤིག་སྣང་། དེ་ནས་ཁ་བྱང་རྙེད་དུས་མི་དཀར་དེས་སྒྲོན་མེ་བཏེག་བྱུང་བས། དར་ཅིག་ན་གདོང་དང་སྐད་ཤིན་ཏུ་མི་བསྲུན་པ་ཞིག་བྱུང་། ཁོས་བརྡའ་སྦྱར་བས། ངས་ཨ་ལྕེ་བོས་ཀྱི་ཟེར་བའི་མོད། ཨེ་ཀ་ཙ་ཊཱི་སྤྱན་གཅིག་ཁྲག་ཏུ་ཁོལ་བས། མཆེ་བ་གཙིགས་ཤིང་བལྟར་མི་བཟོད་པ་ཙམ་དུ་བྱུང་། ཁོས་འདི་ནི་ལུང་བསྟན་པ་དེའོ་བྱས་པས། ཚོགས་འཁོར་བརྒྱ་རྩ་བརྒྱད་ཐོང་། ལོ་གསུམ་དུ་སུ་ལའང་མ་བཤད་ཟེར། བྲག་ཕུག་གི་སྒོ་རྩ་ནས་གཡུ་གཉིས་རྙེད་པ་ལས་རྒྱུ་བྱས།


JLAZ013_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཁོར་བརྒྱ་རྩ་བརྒྱད་བཏང་། ལོ་ཉི་ཤུ་རྩ་ལྔ་ལ་དབུས་སུ་བྱོན། མཆིམས་ཕུ་ནས་བི་མ་ལའི་ཆོས་གཏེར་ཡང་ཐོན། དངོས་དང་ཞལ་མཇལ་ནས་རྗེས་གནང་ཐོབ། སླར་ཤངས་རྟ་ནག་ཏུ་བྱོན་པའི་ཟམ་ཁར་ལྕེ་བཙུན་ཆེན་པོ་དང་མཇལ། གསང་བ་སྙིང་ཏིག་གི་གདམས་པ་རྫོགས་པར་ཐོབ། སྐུ་ན་མཐོན་པོར་སོང་ནས་བརྒྱུད་འཛིན་གྱི་སླད་དུ་སྲས་ཉི་འབུམ་བསྐྲུན་ངས་ཚོགས་པ་མ་བསྐྱངས་ན་ཕུང་པོ་ལྷག་མེད་འོང་བ་ཡིན་གསུངས། ལུས་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ལ་དབང་ཐོབ་པས་རེས་འགའ་རྒྱལ་བ་རིགས་ལྔར་གསལ། སྐུ་ལུས་ལ་གྲིབ་མ་གཏན་མི་མངའ། རྫོགས་པ་ཆེན་པོའི་ཆོས་གསུང་དུས་འཇའ་གུར་འཁྱིལ་པ་སོགས་ངོ་མཚར་གྱི་ལྟས་མང་པོ་ཡོང་། དགུང་ལོ་བདུན་ཅུ་དོན་གཅིག་པ་མེ་མོ་ཕག་གི་ལོ་ས་ག་ཟླ་བའི་ཉེར་གཉིས་ལ་ཤར་ཕྱོགས་ཀྱི་ནམ་མཁའ་ལས་སྒྲ་ཆེན་པོ་ལན་བདུན་བསྒྲགས་ཤིང་ས་ཆེན་པོ་འདི་ལན་གསུམ་གཡོས། འཇའ་དང་། འོད་དང་། སིལ་སྙན་གྱི་སྒྲ་དང་། དྲི་ཞིམ་གྱི་ངད་ལ་སོགས་པ་གདོད་མའི་ས་ལ་མངོན་པར་བྱང་ཆུབ་པའི་རྟགས་མ་ལུས་པ་བསྟན་ཏེ་གཤེགས་སོ། །དེའི་ཕྱི་ནུབ་སྤུར་སྦྱངས་པས་གདུང་ཆེན་ལྔ་དང་། རིང་བསྲེལ་ཁ་དོག་ལྔ་པ་སྐུ་ལྔའི་རྒྱལ་ཚབ་ཏུ་བཞག །མེ་ཏོག་གི་ཆར་དང་འཇའི་གུར་ལ་སོགས་པས་འགྲོ་བ་མང་པོ་དད་པའི་གནས་ལ་སྦྱར་ཞིང་རང་


JLAZ013_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་བསམ་གཏན་ལ་གནས་པ་བྱུང་ངོ་། །དེའི་སློབ་མ་སྲས་ཉི་འབུམ་སྟེ། ཡུམ་རྒྱལ་མོ་གཡང་ངེའི་ལྷུམས་སུ་ཞུགས་པའི་དུས་ཉི་མ་མང་པོ་དུས་གཅིག་ལ་ཤར་བྱུང་བས། ཡབ་ཀྱིས་སེམས་ཅན་གྱི་མ་རིག་པའི་མུན་པ་བསལ་བར་ལུང་བསྟན་ནས་ཉི་མ་འབུམ་དུ་བཏགས། ལོ་ལྔ་ནས་རིམ་པར་ཡབ་ལས་གསང་བ་སྙིང་ཏིག་གི་དབང་ཁྲིད་གདམས་པ་ཉམས་འོག་ཏུ་ཆུད་པར་མཛད། དགུང་ལོ་བཅུ་པ་ལ་ཆེ་སར་བཏོན་དུས་རྒྱུད་བཅུ་བདུན་ལ་བཤད་པ་མཛད་པས་བུ་སློབ་ཀུན་ངོ་མཚར་སྐྱེ་བ་བྱུང་། ལོ་ཉི་ཤུའི་བར་དུ་བསྒྲུབ་པ་ཁོ་ན་ལ་ནན་ཏན་མཛད། དེ་ནས་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་འཛིན་དང་འགྲོགས་ནས། རྔོག་རྒྱལ་རྩེའི་སར་གསར་མའི་རྒྱུད་མན་ངག་དང་བཅས་པ་ལ་གསན་པ་མཛད། ཉི་ཤུ་རྩ་གཉིས་པ་ལ་ཇོ་མོ་རྒྱ་གར་དངོས་གྲུབ་ཀྱི་རྟེན་དུ་བཟུང་། ཉི་ཤུ་རྩ་བདུན་ལ་འཁོན་གྲགས་པ་རྒྱལ་མཚན་དང་། བླ་མ་སྟག་སོ་བ་བསྟེན་ནས་རྒྱུད་གསུམ་གདམས་ངག་དང་བཅས་པ་དང་། བདེ་མཆོག་མལ་གྲོ་ལུགས་མཁྱེན་པར་མཛད། ཁ་རག་གི་འབྲུག་སྟོན་གྲགས་པ་ལས་བདེ་མཆོག་དང་། རྗེ་བཙུན་མར་ལུགས། ཡེ་ཤེས་མགོན་པོ་སོགས་ཞུས། ཞང་གཡུ་བྲག་པ་དང་གཞུང་གི་རྔོག་རྡོ་རྗེ་སེང་གེ་ལ་སོགས་ཏེ་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་མདོ་རྒྱུད་དུ་མ་ལ་ཐོས་བསམ་ཕྱོགས་མེད་མཛད། ཚིག་དོན་ཆེན་མོ་ཞེས་


JLAZ013_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་བསྟན་བཅོས་ཀྱང་མཛད་དེ་དགུང་ལོ་ལྔ་བཅུ་རྩ་དྲུག་ལ་གཤེགས། སྤུར་སྦྱངས་པས་གདུང་རིགས་ལྔ་བྱོན། འཇའ་ཚོན་གྱི་གུར་ཕུབ། ཆོ་འཕྲུལ་ཟླ་བ་ལ་ཁུག་ཆོས་མེ་ཏོག་སྐྱེས་པ་སོགས་བྱུང་ངོ་། །འདི་སྒྲ་ཐལ་འགྱུར་ནས་ཕྱག་རྡོར་གྱི་སྤྲུལ་པ་བཛྲ་པ་ལར་ལུང་བསྟན་པ་ལ་ངོས་འཛིན་པར་གྲགས་སོ། །དེའི་སློབ་མ་གུ་རུ་ཇོ་འབེར་ནི་གཅུང་པོ་ཟླ་བ་འབུམ་གྱི་སྲས་ཡིན། ལོ་བདུན་མན་ཆད་ལྐུགས་པ་འདྲ་བར་ཡོད་པ་ལ། བརྒྱད་ནས་ཤེས་རབ་མེ་ལྟར་འབར། བཅོ་བརྒྱད་ཀྱི་བར་དུ་ཁུ་བོ་ཉི་འབུམ་དང་འགྲོགས། གསང་བ་བླ་མེད་ཀྱི་དབང་ཁྲིད་གདམས་པ་དང་བཅས་རྫོགས་པར་མཛད་ཅིང་རྒྱུད་ཀྱི་བཤད་པ་ལ་ཐོས་པས་སྒྲོ་འདོགས་གཅོད་པ་དང་། མན་ངག་གི་དོན་ལ་སྒོམ་པས་ཉམས་སུ་བླང་བ་ལ་བརྩོན། བཅུ་དགུ་ནས་ཉི་ཤུའི་བར་ས་སྐྱ་ལོ་ཙཱ་བ་ལ་རྒྱུད་གསུམ་མན་ངག་དང་བཅས་པ་དང་། བདེ་མཆོག་མལ་གྲོ་ལུགས་ཉན། དབུ་ཚད་ལ་སོགས་པའི་རིག་པའང་ཁོང་དུ་ཆུད་པར་བྱས། དེ་བཞིན་དུ་ཁྲོ་ཕུ་ལོ་ཙཱ་བ་ལས་མི་ཏྲ་ཛོ་ཀིའི་གདམས་པ་དང་། ཆུ་མིག་པ་ལས་ཚད་མ་བསྡུས་པ། བལ་པོ་གྲགས་འབུམ་ལས་དོ་ཧ་དང་ཕྱག་ཆེན་ཁ་འཐོར་སོགས་མཁས་གྲུབ་དུ་མ་ལས་སྡེ་སྣོད་དང་རྒྱུད་ལུང་མང་པོ་ལོ་སུམ་ཅུ་རྩ་དྲུག་ཚུན་མཉན་པས་རིག་པ་རྣོ་ཞིང་ཐོས་པ་ཤིན་ཏུ་མང་བར་གྲགས། བསྒྲུབ་པ་མཛད་རེས་ཡི་


JLAZ013_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གྱི་ལྷ་ཞལ་མཐོང་བ་ཡིན་ཏེ་ཐུགས་སྒམ་པས་མི་གསུང་། ལྷ་སར་ཇོ་བོ་ལ་མཆོད་པ་ཕུལ་དུས་འོད་ཀྱི་ཐིག་ལེའི་ཁོང་ནས་འཕགས་པ་ལག་ན་པདྨ་དང་། རྡོ་རྗེ་འཛིན་པ་ཞལ་གཟིགས། ཐོ་རེངས་ཤིག་ཚེ་དཔག་མེད་ཀྱི་ཞལ་མཐོང་བས། ངེད་ཅག་ལ་ཚེ་རིང་རྒྱུད་མེད་ཀྱང་ཁོ་བོ་ལེགས་པར་བྱུང་བ་དེའི་བྱིན་རླབས་ཡིན་གསུངས། དེ་ལྟར་ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེའི་མངའ་བདག་གིས། འགྲོ་བ་འདྲེན་པའི་དེད་དཔོན་དུ་གྱུར་ནས་དྲུག་ཅུ་པ་ལ་གཤེགས། ཞག་བདུན་དུ་འཇའི་དྲྭ་བས་འབྲེལ། སྐུ་གདུང་ལ་ཨོཾ་ཨཱཿཧཱུཾ་དང་རིང་བསྲེལ་མང་པོ་བྱོན་ཏོ། །དེའི་སློབ་མ་འཁྲུལ་ཞིག་སེང་གེ་རྒྱལ་བ་ཡིན་ཏེ། གཡོ་རུ་གྲའི་བུ་སོ་གད་ཕྲེང་གི་གྲོང་དུ་ཉི་མ་རྩེ་ཤར་ལ་འཇའི་གུར་ཕུབ་ཅིང་འཁྲུངས། ལོ་དགུ་ནས་རིགས་སད་དེ་དག་སྣང་དང་མོས་གུས་དཔག་མེད་ཤར། བཅུ་པའི་ཚེ་སྣང་བ་འདི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ལ་སྲ་ཞིང་འཐས་འཐས་འདྲ་བ་མི་བདེན་སྙམ་པ་དང་བཅུ་གཉིས་པ་ལ་འཁོར་བ་ལ་སྐྱོ་བ་ཚད་མེད་པ་སྐྱེས་ནས་ཆོས་འབའ་ཞིག་ལས་གཞན་གང་གིས་ཀྱང་མི་ཕན་པར་ངེས་ཤེས་རྙེད། བཅུ་གསུམ་གྱི་ཐོ་རངས་ཉི་ཟླ་དུས་གཅིག་ལ་ཤར་བའི་རྨི་ལམ་སད་དུས། འཕགས་པ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་། ཚེ་གཅིག་གིས་གྲོལ་བ་སྙིང་ཏིག་གི་དོན་སྒོམས་ཤིག་གསུངས། དེ་ནས་བཟུང་སྙིང་རྗེ་ཕྱོགས་མེད་དུ་རྒྱས། འགྲོ་བ་ཀུན་ལ་བུ་གཅིག་པའི་འདུ་


JLAZ013_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཤར། རྐྱེན་རེ་ལ་བརྟེན་ནས། གཞན་ལ་མཐོ་འགྲོགས་དང་ཁྱད་གསོད་མི་བྱེད་པའི་དམ་བཅའ་བྱས། ལུས་ཀྱི་སྲིན་བུ་དག་སྙིང་རྗེ་ཆེན་པོས་མི་འདོར་ཞིང་། ལོང་སྤྲང་དང་དམན་པ་ཁོ་ན་ལ་བྱམས་པ་སོགས་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་ཁྱད་པར་ཅན་མངའ། བཅོ་བརྒྱད་ལ་སྣང་བ་བདེན་མེད་དུ་རྟོགས་པས་སྨྱོན་པ་ཁྲོ་ལངས་པ་ལྟ་བུར་སོང་སྟེ། ཕ་མས་ལྷ་གསོལ་བའི་ཡོ་བྱད་གསར་པ་གཏོར་ཞིང་། ཕོ་གདོན་རྒྱལ་པོ་མཆོད། མོ་གདོན་བསེན་མོ་མཆོད། ཅེས་བྱས་པས། ཁྱོད་འདྲ་བའི་བུ་སྐྱེ་བ་ཟེར་འཐབས། ཉི་ཤུ་ལ་མཁན་པོ་ལྡེའུ་སྒང་པ་དང་། སློབ་དཔོན་བཀྲས་སྒང་པ་ལས་རབ་ཏུ་བྱུང་། ཉི་ཤུ་རྩ་ལྔ་ལོན་ཚེ་སྲི་ཞལ་གྱི་སེངྒེ་རྒྱབ་ཏུ་བྱོན། སེངྒེ་རྒྱབ་པ་བར་པ་ལས་ཚལ་པའི་ཆོས་བསྐོར། བླ་མ་ཙ་རི་པ་ལས་སེངྒེ་འཇིང་བསྣོལ། རས་པ་དྲི་མེད་འོད། ལྷ་རི་དཔལ། གཞོན་ནུ་འབུམ། སྟོན་ཆར། བྱང་ཡོན། ཇོ་སྲས་སུ་གྲགས་པ་རྣམས་ལས་གསང་སྔགས་གསར་རྙིང་། ཞི་བྱེད། གཅོད་ཡུལ། ཕྱག་ཆེན་མང་དུ་ཉན། ཁྱད་པར་ཐུགས་རྗེ་ཆེན་པོའི་ལུང་བསྟན་བཞིན་གུ་རུ་ཇོ་འབེར་ལས་རྫོགས་པ་ཆེན་པོ་ཐོས་པས་རྟོགས་པ་ཐོད་རྒལ་དུ་སྐྱེས། ཁྲོ་བོ་མ་ལ་སོགས་པའི་རི་ཁྲོད་དང་ལུང་སྟོང་རྣམས་སུ་ལོ་མང་པོའི་བར་དུ་སྒྲུབ་པ་ཁོ་ན་ལ་གཞོལ་བས་དགོངས་པ་ཀ་དག་གི་སར་གཤེགས། སྐལ་ལྡན་མང་པོ་སྨིན་


JLAZ013_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ལ་བཀོད་ནས། དྲུག་ཅུ་རྩ་བཞི་པ་ལ་ཐེག་པ་མཆོག་གི་འབྲས་བུ་ཐོབ་པའི་རྟགས་ཁྱད་པར་ཅན་རྣམས་མངོན་དུ་བསྟན་ནས་གཤེགས་སོ། །དེའི་སློབ་མ་གྲུབ་ཆེན་མེ་ལོང་རྡོ་རྗེ་ནི། སྒྲགས་ཀྱི་ཕུར་རྣལ་འབྱོར་པ་བསམ་ཡས་ཀྱི་སྲས་སུ་བཙས། ལོ་དགུ་ན་གྲུབ་ཐོབ་ཟ་ལུང་པ་དང་། མཁན་པོ་སེ་ལུང་པ་ལས་རབ་ཏུ་བྱུང་། དེ་དུས་གཤིན་པོའི་དགེ་རྩར་ཡུམ་རྒྱས་འབྲིང་བསྡུས་གསུམ་ཁོ་ན་སྒྲོགས་པས་ལོ་བཅུ་དྲུག་པའི་དུས་སྒྲགས་ཀྱི་ཕུའི་ཞོགས་སྟེང་བྱ་བར་བརྒྱད་སྟོང་བརྒྱ་རྩར་མཛད་པས་གནས་ལུགས་ཀྱི་དོན་རྟོགས། ཟངས་ཚོར་བསྒོམས་པས་ཉམས་འབར་ཞིང་མངོན་ཤེས་ཕྲ་མོའང་ཤར། དེ་ནས་ཕྱོགས་མེད་དུ་འགྲིམས་ཏེ། མཚུར་ཕུའི་དོ་པོ་རས་པ་སོགས་བླ་མ་མང་པོ་བསྟེན། ཤ་འུག་སྟག་སྒོ་དང་། མཁར་ཆུ་ལ་སོགས་པའི་གནས་ཆེན་མང་པོར་བྱོན། ནས་བྲེ་གང་གིས་ཟླ་བ་གཅིག་དང་ཞག་ཉི་ཤུའི་འཚོ་བ་བྱས་པ་སོགས་དཀའ་ཐུབ་ལ་ཤིན་ཏུ་བཟོད་པ་ཞིག་ཡིན། དཀའ་བ་སྤྱད་པའང་བསམ་གྱིས་མི་ཁྱབ། ལོ་བཅོ་བརྒྱད་པའི་ཚེ་སེངྒེ་རྒྱལ་བ་སངས་རྒྱས་དབོན་པོ་མཇལ་ནས་མན་ངག་སྙིང་ཏིག་ཐོབ། དེ་མན་ངག་གིས་འཚེངས་བསམ་པའི་སྤོབས་པ་སྐྱེས་ཏེ་བསྒོམས་པས་སྔོན་འགྲོའི་དུས་རང་ནས་ཞག་དྲུག་ཏུ་རྡོ་རྗེ་སེམས་དཔའི་ཞལ་ཉིན་མཚན་མེད་པར་མཐོང་། དངོས་གཞིའི་དུས་བརྒྱུད་པའི་བླ་མ་རྣམས་རྨི་ལམ་དུ་མཇལ་ནས་བྱིན་གྱིས་བརླབས།


JLAZ013_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་རྩ་གསུམ་པར་སངས་རྒྱས་རས་པ་ལས་རྡོ་རྗེ་ཕག་མོ་ལ་སོགས་པའི་གཏེར་ཆོས་དུ་མ་གསན་ནས་བསྒྲུབས་པས། རྡོ་རྗེ་ཕག་མོ་མངོན་སུམ་དུ་མཇལ། བྲག་ལ་གསང་རྡོར་བསྣུན་པས་ཐིམ་གྱིས་སོང་། རྟ་མགྲིན། སྒྲོལ་མ། སྤྱན་རས་གཟིགས། སློབ་དཔོན་ཆེན་པོ། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། བི་མ་ལ། ཟ་ལུང་པ། སངས་རྒྱས་རས་པ། འགྲོ་མགོན་ཕག་གྲུབ་རྣམས་ཞལ་གཟིགས། དུང་ལུང་དུ་མཁའ་འའི་སྒྲ་ཤིན་ཏུ་སྙན་པས་སྐྱེ་རྒྱུན་ཆོད་པའི་ལུང་བསྟན། ཀ་བ་ཅན་དུ་ཕག་མོ་དམར་མོ་དང་གྲུབ་ཐོབ་ཟ་ལུང་པ་ནམ་མཁའི་ཀློང་དུ་མཇལ། ངར་ཆུང་ན་བཞུགས་པའི་ཚེ་རྨི་ལམ་ན་ཕག་མོ་གཙོ་འཁོར་ལྔ་མཐོང་། དེར་མནལ་སད་ཙ་ན། འོད་ཀྱི་ཕག་མོ་དངོས་སུ་གཟིགས། སྐྱབས་གནས་རྫོང་དུ་རྡོ་རྗེ་སེམས་དཔའ་རྨི་ལམ་དུ་རྫོགས་པ་ཆེན་པོའི་དབང་བསྐུར། སྤྱིར་བླ་མ་མང་པོ་བསྟེན་ཅིང་ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ་བཞུགས། བཀའ་དྲིན་འགྲན་ཟླ་བྲལ་བ་གྲུབ་ཐོབ་ཟ་ལུང་པ། མཚུར་ཕུའི་དོ་བོ་རས་པ། འཁྲུལ་ཞིག་སེང་གེ་རྒྱལ་བ་ལས་སྙིང་པོའི་དོན་རྙེད་པ་ཡིན། འདི་བརྟུལ་ཞུགས་ཤིན་ཏུ་ཆེ་བས་ཞིག་པོའི་སྤྱོད་པ་བླང་དོར་མེད་པས་གསང་སྔགས་ཀྱི་དམ་ཚིག་ལ་སྒྲ་ཇི་བཞིན་པར་སྤྱོད་ནུས། རྒོད་ཕྲུག་ནམ་མཁའ་ལ་ལྡིང་བ་མཐོང་བས་རིག་པ་བརྟུལ་ཞུགས་ཀྱི་ངར་ཐོགས་ནས་ནམ་མཁའི་ལམ་ལ་འགྲོ་བ་དང་། བྲག་


JLAZ013_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདམ་ལྡར་བྱེད་པ་བྱུང་། མཁན་པ་ལྗོངས་དང་། མཁན་པ་གླིང་དང་། སེངྒེ་རྫོང་དང་། མཁར་ཆུ་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་འགྲོ་དོན་མཛད། ཚེ་ཚད་སུམ་ཅུ་རྩ་བདུན་ཡིན་པ་ལ། སློབ་དཔོན་ཀུན་དགའ་ཞེས་པའི་སྐལ་ལྡན་ཞིག་གིས་གསོལ་བ་ཐེབས་པས། དགུང་ལོ་དྲུག་ཅུ་རྩ་གཅིག་པ་ལ་དུར་ཁྲོད་ལ་ཁར་གཤེགས་པའི་ཚེ་འོད་ཆེན་པོ་སྒྲ་དང་བཅས་པ་ནུབ་ཕྱོགས་སུ་ཡལ་བ་ཀུན་གྱིས་མཐོང་། སྤུར་གྱི་རྣམ་པར་སྦྱང་དུས། ནམ་མཁའི་ལམ་ནས་སྤུར་ཁང་ལ་འོད་ལྔའི་སྣམ་བུ་བསྐྱངས་པ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་ཞིང་། སྐུ་ལྔ་ཐོབ་པའི་རྟགས་ཀྱི་གདུང་ཡང་རྒྱུད་ལས་ཇི་སྐད་བཤད་པ་བཞིན་བྱོན་ཏོ། །འདི་གྲུབ་ཐོབ་ཨུ་རྒྱན་པ་དང་དུས་མཚུངས། ཨུ་རྒྱན་པ་བཅུ་ཕྲག་ལྷག་བཅས་ཀྱིས་བགྲེས་ལ་སྐུ་ཚེ་ཡང་རིང་ངོ་། །མེ་ལོང་བའི་སློབ་མ་ནི་རིག་འཛིན་ཀུ་མ་རཱ་ཛ་སྟེ། གཡོ་རུ་འོན་པར་གསར་རྫིང་ཁ་ཞེས་བྱ་བའི་གྲོང་རྡལ་དུ་འཁྲུངས། ཐར་པ་རྒྱན་དུ་བཏགས། ཆུང་ངུ་ནས་དད་པ་དང་སྙིང་རྗེ་དང་ཤེས་རབ་ལ་སོགས་ཏེ་འཕགས་པའི་ནོར་གྱི་ཁྱད་ཆོས་མང་པོ་མངའ་བས་ཀློག་ཡིག་མ་བསླབས་པར་མཁྱེན། ལོ་བདུན་པ་ལ་ཀོང་པོ་འོར་ཤོད་མཐོ་སྟེངས་དགོན་པའི་བླ་མ་དགྱེས་རྡོར་པ་ལས། ཀྱེ་རྡོ་རྗེ་དང་བདེ་མཆོག་གི་དབང་ཞུས། ལོ་དགུ་པའི་ཚེ་མཁན་པོ་གཙང་བ་ལས་ཡོངས་རྫོགས་ཀྱི་དགེ་བསྙེན་བླངས། སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ཀྱི་ཆོས་


JLAZ013_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ལ་སྦྱངས། བཅུ་གཉིས་པ་ལ་ཕག་མོ་གྲུའི་མཁན་པོ་ཡེར་བ་དང་སློབ་དཔོན་མངའ་རིས་པ་ལས་རབ་ཏུ་བྱུང་། མཚན་གཞོན་ནུ་རྒྱལ་པོར་བཏགས། འདུལ་བ་བསླབས། རིན་པོ་ཆེ་གྲགས་ཡེ་པ་ལས་ལོ་ལྔའི་བར་དུ་ནཱ་རོ་ཆོས་དྲུག་ལ་སོགས་པ་དང་། མཚར་སྟེངས་པ་ལས་བརྟག་གཉིས་ཉན། དབོན་སངས་ཤེ་ལས་བཟོ་རིག་པ་བསླབས། ཡི་གེ་དྲུག་པ་བཟླས་པས་ཤེལ་གྱི་ཁང་བུ་ཞིག་ན་ཐུགས་རྗེ་ཆེན་པོ་ཞལ་འཛུམ་པ་མཐོང་། ཁྱུང་ནག་ཤག་དར་ལས་རྙིང་མའི་རྒྱུད་ལུང་མན་ངག་མང་དུ་ཞུས། ངང་ཕུག་ཏུ་མེ་ལོང་རྡོ་རྗེ་དང་མཇལ། ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས་པས་སེམས་ཅེར་མཐོང་དུ་ངོ་འཕྲོད། དེ་ནས་གྲུབ་ཆེན་པ་མོན་གྱི་མཁའ་འགྲོའི་གླིང་ལ་གཤེགས་པའི་ཕྱག་ཕྱི་ལ་བྱོན། རྡོ་རྗེ་ཕག་མོའི་ཆོས་སྐོར་སོགས་ཞུས་ནས་བསྙེན་པ་མཛད་པས། ཚེས་བཅུའི་ནུབ་གཅིག་ཨོ་རྒྱན་པདྨ་དང་མཇལ། ཨེ་མ་རིགས་ཀྱི་བུ། རྟག་ཏུ་ཆོས་གྱིས་ཤིག་གསུངས། དེ་ནས་མཚུར་ཕུར་བྱོན་ནས་གཉན་རས་དང་དར་མ་མགོན་པོ་ལས་ཀརྨ་པའི་ཆོས་སྐོར་རྣམས་ཞུས། དེ་ནས་ལ་སྟོད་དིང་རི་དང་། སྤུད་ཏྲར་བྱོན་པས། གྲུབ་ཆེན་ཨོ་རྒྱན་པ་དང་། རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་དགུང་ལོ་བདུན་པ་རབ་ཏུ་བྱུང་མ་ཐག་པ་དང་མཇལ། ཨོ་རྒྱན་པ་ལས་གདམས་པ་མང་དུ་ནོད། དེ་ནས་ལོ་འགའ་ན་ཨོ་རྒྱན་པས་གཉན་རས་ལས་སྙིང་ཏིག་ཞུས་པའི་ཟླ་ལ་ཚང་བར་ཐོབ། རྒྱ་


JLAZ013_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་པ་ནམ་མཁའ་རྡོ་རྗེ་ལས་གསང་སྐོར་གནད་ཀྱི་ངོ་སྤྲོད་དང་། སྐལ་ལྡན་པ་ཆོས་ཀྱི་སེངྒེ་ལས་གསང་བ་གནད་ཀྱི་མེ་ལོང་སོགས་རྫོགས་ཆེན་གསང་བའི་སྐོར་ཞུས། སླར་མཁར་ཆར་གྲུབ་ཆེན་མེ་ལོང་རྡོ་རྗེར་གསང་བ་སྙིང་ཏིག་དབང་ཁྲིད་གདམས་པ་དང་བཅས་པ་ལེཊ་པར་ཐོབ། འབུལ་རྒྱུ་གཞན་མེད་པས་ལུས་ངག་གི་ཞབས་ཏོག་དང་། དབྱར་རིལ་པོ་གཉིས་སུ་རི་མོ་མཛད། ནས་ཁལ་བཞི་བཞི་གནང་བའི་གཉིས་གཉིས་ཀྱིས་ཤོག་བུ་ཉོས་མཚན་མོ་དཔེ་རྣམས་བྲིས། ཕྱེད་པོས་མར་མེ་དང་གསོལ་མཛད་པས། དཀའ་ཐུབ་ཀྱི་མཐུས་ཤིག་ནད་དྲག་པོ་ཞིག་བྱུང་། བྱིན་རླབས་དད་པའི་རྗེས་སུ་འབྲང་བས་ཐུགས་དམ་ཡང་ཁྱད་པར་ཅན་འཁྲུངས། བླ་མ་མཉེས་ནས་འགྲོ་དོན་གྱིས་ཤིག་པའི་རྗེས་སུ་གནང་བ་ཐོབ། དབང་གྲལ་དུ་བླ་མའི་དབུའི་བར་སྣང་ལ་མགོན་པོ་ཕྱག་བཞི་པ་དང་། སྒོའི་ཐད་ན་ཨེ་ཀ་ཛ་ཊཱི་མཐིང་མོ་ཞིང་དབྱུག་དང་སྤྱང་མོ་བསྣམས་པ་བོངས་ཉིས་ཐོག་ཙམ་པ། ཕྱི་ངོས་ན་ལས་ཀྱི་མ་མོ་ཁྲག་རལ་ཅན་ལག་པས་ཁྲག་བཅུས་ནས་འཐུང་བ་རྣམས་མཐོང་། ལོ་བརྒྱད་དུ་བླ་མ་འདུ་འབྲལ་མེད་པར་བསྟེན། ཨོ་རྒྱན་གྱི་སྒྲུབ་གནས་སྨྱུག་ཚལ་སྦུག་ཏུ་དགུན་ཐོག་གཅིག་བཞུགས་པས་རྡོ་རྗེ་ཕག་མོའི་ཞལ་གཟིགས། དེ་ནས་ཤེས་རབ་ཕྱོགས་མེད་དུ་རྒྱས། རེ་ཞིག་ཡར་ཀླུང་མཚར་སྟེངས་ཀྱི་རི་ཁྲོད་བཏབ་ནས་བཞུགས། དེ་ནས་


JLAZ013_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འདའ་བར་མཁྱེན་ནས་མཁར་ཆུར་བྱོན་ཙ་ན། བླ་མའི་སྲས་གཉིས་ས་སྐྱགས་སུ་འཛོམས། སླར་ལོག་ཉི་ཤུ་ལྔའི་དུས་མཆོད་བཙུགས། ཙ་རི་ལ་བྱོན་པས་ཀྲིག་མོ་ལྷའི་ནེའུ་གསིང་གི་རྡོ་སྐུ་ལ་འཇའ་ཚོན་སྣ་ལྔ་ཟུག་པ་སོགས་བྱུང་། དེ་ནས་མཚུར་ཕུར་ཆོས་རྗེ་རང་བྱུང་རྡོ་རྗེས་གདན་དྲངས་ཏེ་སྙིང་ཏིག་གི་གདམས་པ་རྣམས་ཕུལ། ཤངས་སུ་བྱོན་ནས་ལྕེ་སྒོམ་ནག་པོའི་བརྒྱུད་པ་སློབ་དཔོན་སྒོམ་པ་ལ་གསང་སྐོར་སྙན་བརྒྱུད་རྣམས་དང་བསམ་གཏན་མིག་གི་སྒྲོན་མེ་ཞུས། དིང་རི་སྣ་དམར་དུ་དབོན་པོ་བྱང་སྒྲུབ་ལ་ཡང་དགོན་པའི་རི་ཆོས་རྣམས་ཉན། ཨོ་རྒྱན་པ་རང་བྱུང་དཔལ་དར་ཡང་མཇལ། མར་ལམ་བླ་མ་བཀྲ་ལུང་པ་ལས་གཤིན་རྗེ་དགྲ་ནག་ལ་སོགས་པ་ཞུས། སློབ་དཔོན་ཡེ་མགོན་ལ་སོགས་པ་བཤེས་གཉེན་མང་དག་ལས་གསང་སྐོར་དང་རྒོད་ཚང་པའི་ཁྲིད་ཀྱི་སྐོར། ཨ་རོའི་ཁྲིད་མོ་ཆེ་དོན་སྐོར་ལ་སོགས་པ་བོད་ན་གྲགས་པ་ཆེ་བའི་རྫོགས་རིམ་ཕལ་མོ་ཆེ་ཁོང་དུ་ཆུད། ཆོས་ཕྱིར་དཀའ་སྤྱད་བཟོད་པས་ཙ་རི་གསར་མ་བགྲོད་ནས་རྙིང་མའི་གཡུ་མཚོའི་འགྲམ་དུ་གཅིག་པུར་ཟླ་བ་བརྒྱད་བཞུགས། ཆོ་འཕྲུལ་ཆེན་པོ་བྱུང་བ་གཤིས་ཐོག་ཏུ་རོ་སྙོམས་པས་གཞི་བདག་དབང་དུ་འདུས་ནས། ཁོང་པར་གདན་དྲངས་བསྙེན་བཀུར་བྱས། ཛམ་བྷ་ལས་ནོར་བུ་བྱིན། མཚོ་ནང་དུ་འོད་ལྔའི་ལྦུ་བ་སེལ་པོ་


JLAZ013_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གཅིག་ཐིམ་འགྲོ་བ་གཟིགས། ཐུགས་ངེས་འབྱུང་དང་སྐྱོ་ཤས་ཀྱིས་རྒྱུད་བརླན་པས། དུས་རྟག་ཏུ་ཤམ་པོ་ལ་སོགས་གངས་ཁྲོད་དང་ལུང་སྟོང་འབའ་ཞིག་ཏུ་ལྷགས་སྐྱོབ་ཙམ་ལ་བརྟེན་ནས་བཞུགས་པས། སློབ་མའི་ཚོགས་མང་པོ་འཁོར་བ་མཐའ་ཅན་དུ་མཛད། སྤྲུལ་པའི་སྐུར་གདོན་མི་ཟ་བ་ཀརྨ་པ་རང་བྱུང་རྡོ་རྗེ་དང་། རྒྱལ་བ་ཀློང་ཆེན་པ་གཉིས་རྫོགས་པ་ཆེན་པོའི་སློབ་མའི་གཙོ་བོར་གྱུར་པས་བསྟན་པ་འདི་སྤེལ་བའི་འཕྲིན་ལས་ལ་མུ་དང་མཐར་མ་སོན། དེ་སྐད་དུ་འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས། ཆོས་འདིའི་བསྟན་པའི་བདག་པོ་ཀུན་མཁྱེན་ཀློང་ཆེན་པ་ཡིན། རྒྱལ་བ་རང་བྱུང་རྡོ་རྗེའི་དུས་འཕྲིན་ལས་རྒྱ་ཆེ་ཞེས་གསུངས་པས་མཚོན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཤིན་ཏུ་གོམས་པས། སྙིང་རྗེ་ཆེན་པོའི་དབང་གིས་གྲོང་དང་ཡུལ་འཁོར་མང་པོ་དག་ལའང་ཐབས་ལ་མཁས་པས་ཐར་པའི་ས་བོན་འདེབས་པ་ཁོ་ན་ལྷུར་མཛད་ཅིང་། ཀོང་པོ་ནས་ཨེ་ལ་ཐུག་གི་བར་འཇིགས་པས་ཉེན་པའི་ལམ་ཕྲང་ལ་འགྲོ་བ་དག་གི་དབུགས་འབྱིན་པ་དང་། རི་དྭགས་དང་ཉ་ལ་སོགས་པའི་སེམས་ཅན་ཉམ་ཆུང་བ་དེ་དག་ལ་ཐུགས་ཤིན་ཏུ་བརྩེ་བས་བདོག་པ་ལ་འཕང་སེམས་མེད་པས། རི་རྒྱ་དང་། ལམ་རྒྱ་དང་། ཆུ་རྒྱ་ལ་སོགས་པ་མཛད་ནས་བདེ་འཇམ་ལ་བཀོད། གང་དུ་བཞུགས་པའི་ལུང་པ་དང་། ཡུལ་གྲོང་ཐམས་ཅད་ཀྱི་སད་སེར་ཡམས་ནད་ལ་སོགས་པ་ཞི་བར་མཛད་ཅིང་ཕན་


JLAZ013_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབའ་ཞིག་ལྷུར་ལེན། སྙིང་ཏིག་གི་གདམས་པ་རྫོགས་རིམ་གཞན་དང་མ་འདྲེས་པར་རང་སྐད་ཀྱི་གྲུབ་མཐའ་བསླངས་ཏེ་འཆད་ནུས་པ་དང་ཤངས་ལ་སྨེ་བ་ཨའི་རི་མོ་ཅན་མངའ་བ་དང་སྔགས་བདག་གཟའ་དང་དམ་ཅན་རྣམས་ཀྱིས་བཀའ་ལ་ཉན་ཅིང་མི་དང་མི་ལབ་པ་བཞིན་དུ་ཡོད་པ་དང་། མངོན་པར་ཤེས་པས་གདུལ་བྱའི་བསམ་པ་མཁྱེན་ནས་འདུལ་ལུགས་མཁས་པ་དང་། གཞན་རྒྱུད་བྱིན་གྱིས་རློབ་ནུས་པ་དང་རྗེས་སུ་བཟུང་བའི་སྐལ་ལྡན་ཀུན་ལ་འདས་དུས་རྟགས་ཁྱད་པར་ཅན་འབྱུང་བ་སོགས་སློབ་དཔོན་བི་མ་ལའི་སྐུའི་བཀོད་པར་གྲགས་ཤིང་། ཐལ་འགྱུར་ལས་དགེ་སློང་དཔལ་ལྡན་ཞེས་ལུང་བསྟན་ཏོ། །དེ་ལྟར་དོན་གྱི་འགྲོ་དོན་བསམ་གྱིས་མི་ཁྱབ་པའི་ངང་ནས་བདུན་ཅུ་རྩ་བརྒྱད་པ་ཆུ་མོ་ལུག་གི་ལོའི་སྟོན་ཟླ་འབྲིང་པོའི་ཉི་ཤུ་ལྔ་ལ་སྒྲ་དང་། འོད་དང་། གུར་ཁྱིམ་ལ་སོགས་པའི་རྟགས་ངོ་མཚར་བ་དང་བཅས་སྐུ་གཤེགས་པས། ཉེ་གནས་སྒོམ་དར་ལ་སོགས་པ་དྲུང་ན་ཡོད་པ་རྣམས་ཀྱིས་མོས་གུས་ཆེན་པོས་གདུང་བ་བསྐྱེད་པས་སླར་བཞེངས་ཏེ་སྐྱིལ་མོ་ཀྲུང་བཅས། ཞལ་འཛུམ་པའི་ངང་ནས་ཁྱེད་རྣམས་མྱ་ངན་མ་བྱེད། ང་ཤི་བ་མིན་གསུངས་ནས་གདམས་ངག་དང་ཞལ་ཏ་ཅི་རིགས་པ་བྱོན། ཞག་བཅུ་གསུམ་སྐུ་ཚེ་སླར་ལ་བསྲིངས། དེར་ཚེས་བདུན་གྱི་ཉིན་གཤེགས་པའི་ཕྱིར་ཇི་ལྟར་བགྱི། བླ་མ་ཀུན་མཁྱེན་པ་གདན་འདྲེན་ནམ་ཞུས་པས། ཁོང་


JLAZ013_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འོ་བརྒྱལ་དུ་མ་འཇུག །ད་བཟོད་ཆོས་ཀྱི་ཞུན་མཐར་མ་ཆོད་པ་ཡོད་ན་དེར་སོང་། ཁ་ཏ་མང་པོ་སྔར་ནས་བྱས་ཟིན་ཅལ་ཅོལ་མ་སྨྲ་གསུངས། དྲང་སྲོང་ཙོག་པུའི་འདུག་སྟངས་དང་། ཆོས་སྐུའི་གཟིགས་སྟངས་ཀྱི་ངང་ལས་ཞལ་འཛུམ་པར་མཛད་དེ། ཚེས་བརྒྱད་ཀྱི་ཐོ་རེངས་ཁ་ན་གདོད་མའི་གྲོང་ཁྱེར་ག་ལ་བ་དེར་གཤེགས་སོ། །ཉི་ཤུ་ལྔ་ལ་སྤུར་བཞུ་བས་དབུ་ཐོད་རིལ་པོར་བྱོན་པའི་ནང་ན་རིགས་ལྔའི་ཚོམ་དཀྱིལ་དང་། སྙན་གོང་གཡས་ན་རྗེ་བཙུན་མ་མཐིང་ག་ཚོན་གང་བ། གདུང་རིགས་ལྔ་དང་། རིང་སྲེལ་ལ་སོགས་པ་བྱོན་ཅིང་འཇའི་གུར་གྱི་འཁོར་ར་ཁོར་ཡུག་ཏུ་དཀྲིགས་སོ། །དེ་ལ་རྒྱལ་བའི་དབང་པོ་ཀརྨ་པ་རང་བྱུང་རྡོ་རྗེ་ནི། འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དུ་དངོས་སུ་བྱོན་པ་སྟེ། ཆོས་ཀྱི་དབྱིངས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེའི་གླུས་བསྐུལ་ནས་སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེས་གཟིགས་ཏེ། སྟོད་ལུང་དུ་རྒན་རྒོན་གཉིས་ཀྱི་བུ་ཤི་བའི་རོ་ལ་གྲོང་འཇུག་གི་རྣམ་པས་གཤེགས་ཙ་ན། ཤི་མིག་གསོན་ལ་བལྟ་བ་ལྟས་ངན་ཡིན་ཟེར་ནས་མིག་ཁབ་ཀྱིས་གཙགས། དལ་འབྱོར་གྱི་ཆོས་བརྒྱད་ཚང་བའི་ལུས་ལས་གཞན་དུ་གྱུར་པས་སླར་འཕོས་ཏེ་རྣལ་འབྱོར་ཕོ་མོ་གཉིས་ཀྱི་བུར་སྲིད་པ་བཟུང་། སྔོན་གནས་རྗེས་སུ་དྲན་པ་ལ་སྒྲིབ་བྱེད་སྐྲའི་རྩེ་མོ་ཙམ་ཡང་མེད་པས་མངལ་གྱི་དྲི་མས་གཏན་ནས་མ་གོས་པ་རྒྱ་གར་ན་ཤཱཀྱ་ཐུབ་པ་དང་།


JLAZ013_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བོད་དུ་སྐྱེས་བུ་ཆེན་པོ་འདི་ལས་མེད་པར་གྲགས། རྒྱ་བོད་གཉིས་ཀར་སངས་རྒྱས་ཀྱི་བསྟན་པའི་སྲོག་ཤིང་གཅིག་པུར་བཞུགས། བསམ་ཡས་མཆིམས་ཕུ་དང་གཡའ་མ་ལུང་སོགས་ནས་ཚེ་ཆུའི་གཏེར་བཞེས་ནས་གོང་མ་རྒྱལ་པོའི་ཚེ་བསྲིངས། བཱི་མ་ལ་མི་ཏྲ་རང་གི་མཛོད་སྤུར་ཐིམ་པ་གཟིགས་པའི་མོད་ལ་སྙིང་ཐིག་གི་དགོངས་པ་ཇི་ལྟ་བ་བཞིན་མངོན་དུ་གྱུར། འོན་ཀྱང་གསང་སྔགས་བླ་མ་ལ་བསྟེན་པའི་མིག་ལྟོས་ཙམ་སྟོན་པའི་སླད་དུ་གཅོམ་བསྐྱུངས་ནས་རིག་འཛིན་ཀུ་མ་རཱ་ཛ་ལས་གསང་བ་སྙིང་ཏིག་གི་མན་ངག་ཡོངས་སུ་རྫོགས་པ་གསན། འདི་ནི་སློབ་དཔོན་ཆེན་པོ་པདྨ་ལས་བརྒྱུད་པ་ཞིག་འོང་ཐང་དགོངས་པའི་ཚེ་སློབ་དཔོན་སངས་རྒྱས་གཉིས་པ་ཞལ་གཟིགས། མན་ངག་སྙིང་ཏིག་དངོས་སུ་ཐོབ་ཀྱང་ཚིག་བརྒྱུད་ལ་ནན་ཏན་དུ་བྱ་བའི་ཕྱིར་ཤོའི་རྒྱལ་སྲས་ལེགས་ལྡན་པ་སྤྱན་དྲངས་ནས་ཙ་རི་དགོན་གསར་དུ་རྫོགས་པར་གསན། སླར་སློབ་མ་རྣམས་ལ་རྩལ་དུ་སྟོན་ནས་གསུངས། བཀའ་ལས་ཆོས་འདི་ལྟ་བུ་ནུབ་ཏུ་འཕངས་པས་གཡུང་སྟོན་རྡོ་རྗེ་དཔལ་གྱིས་གཙང་ཡེ་རྒྱལ་བས་ཁམས་ཀོང་ཡེ་ཤེས་རྒྱལ་མཚན་པས་ཧོར་དང་རྒྱ་ནག །སྤྲུལ་སྐུ་བས་དབུས་སུ་དར་བར་གྱིས་ཞེས་སྨན་ལུང་པ་ཤཱཀྱ་གཞོན་ནུ་སོགས་ལ་རྗེས་སུ་གདམས། ས་ལ་གནས་པའི་བྱང་སེམས་ཀྱིས། རྒྱ་མཚོའི་བར་དུ་སྤེལ་བར་


JLAZ013_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། ཅེས་པ་དེ་ཡིན་པར་གྲགས། ཀུན་ཏུ་བཟང་པོ་ཐུགས་ཀྱི་ཀློང་ན་རང་གསལ་ཏེ་དགོངས་པའི་གཏེར་མཛོད་ཆེན་པོ་ལ་དབང་བསྒྱུར་ནས་ཀརྨ་སྙིང་ཏིག་ཅེས་གྲགས་པའི་གདམས་པ་ཡང་བྱུང་། འདི་དག་ཀྱང་བསྟན་པའི་ཆུ་མགོ་གཅིག་ཡིན་ནོ། །རྒྱལ་བ་གཉིས་པ་དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོའམ། ཀློང་ཆེན་རབ་འབྱམས་ནི། གཡོ་རུ་གྲའི་ཆ་སྟོད་གྲོང་དུ་ངན་ལམ་བཙན་པོ་འོད་ཀྱི་དཀྱིལ་འཁོར་ཅན་ཞེས་བྱ་བ་མ་སྨད་པའི་རིགས་ཀྱི་ཡོན་ཏན་ཅན་ནོ། །རུས་ནི་རོག་སྟེ་སད་མི་བདུན་གྱི་ནང་ཚན་ཛྙཱ་ན་ཨིནྡྲ་རཀྵི་ཏའམ་། བོད་སྐད་དུ་ཡེ་ཤེས་དབང་པོ་བསྲུངས་པ་སློབ་དཔོན་ཆེན་པོའི་དངོས་སློབ། དགེ་སློང་རྒྱལ་བ་མཆོག་དབྱངས་དང་གདུང་གཅིག་པའི་རབས་ཉེར་ལྔ་པ། མེས་པོ་ལྷ་སྲུང་ཞེས་བདུད་རྩིའི་བཅུད་ལེན་གྲུབ་པས་ལོ་བརྒྱ་དང་ལྔར་འཚོ་བ་དེའི་སྲས་སློབ་དཔོན་བསྟན་པ་སྲུང་ཞེས་རིག་གནས་དང་། སྔགས་ཀྱི་རྣལ་འབྱོར་ལ་རང་བྱན་ཆུད་པ་ཞིག །འབྲོམ་སྟོན་རིན་པོ་ཆེ་རྒྱལ་བའི་འབྱུང་གནས་ཀྱི་གདུང་ལས་བྱོན་པ་འབྲོམ་བཟའ་མ་བསོད་ནམས་རྒྱན་ཞེས་བྱ་བ་དང་འདུས་པ་ལས་སྐྱེ་བའི་མྱུ་གུ་བཟུང་ངོ་། །དེའི་ཚེ་ཡུམ་ལ་སེང་གེ་ཆེན་པོ་གཅིག་གི་དཔྲལ་བ་ན་ཉི་མའི་འོད་ཟེར་འབར་བས་སྲིད་པ་གསུམ་ལྷག་གེར་གསལ་བ་ཞིག་རང་ཉིད་ལ་ཐིམ་པར་རྨིས་སོ། །དེ་ནས་རབ་བྱུང་ལྔ་པའི་ཕུར་བུ་ས་སྤྲེའུ་དབོ་ཟླའི་ཚེས་


JLAZ013_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་ཉིན་མངལ་གྱི་ཆུ་འཛིན་ལས་རྣམ་པར་གྲོལ། གཞོན་ནུ་དོན་གྲུབ་ལ་ལྷའི་དབང་པོས་བྱ་བ་བཞིན་དུ་ནམ་གྲུ་རེ་མ་ཏིས་ངས་བསྲུངས་པ་ཡིན་ཞེས་ལག་ཏུ་བླངས། སླར་ཡུམ་ལ་གཏད་ནས་མི་སྣང་བར་སོང་ཞིང་། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་འཕགས་པའི་ནོར་གྱིས་གདོད་ནས་ཕྱུག་པས་དད་པ་དང་། སྙིང་རྗེ་ལ་སོགས་པའི་ཡོན་ཏན་སྒྲིབ་མེད་དུ་གསལ། ལོ་ལྔ་ནས་བྲིས་ཀློག་ལེགས་པར་མཁྱེན། ཡབ་ལས་བཀའ་བརྒྱད་བདེ་འདུས། ཕུར་པ། རྟ་མགྲིན། བླ་མའི་ལས་གཞུང་སོགས་སྒྲུབ་ཕྲིན་མང་དུ་གསན། སྨན་རྩིས་ལ་སོགས་པའི་རིག་པའང་ཁོང་དུ་ཆུད། དགུ་པའི་སྟེང་དུ་ཉི་ཁྲི་དང་བརྒྱད་སྟོང་བརྒྱ་ཚར་བཏོན་པས་ལྷག་མེད་དུ་ཐུགས་ལ་འཛུལ། བཅུ་གཉིས་པའི་ཚེ་བསམ་ཡས་པ་མཁན་པོ་བསམ་གྲུབ་རིན་ཆེན་དང་། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་བྱུང་གི་དངོས་པོ་བརྙེས། མཚན་ཚུལ་ཁྲིམས་བློ་གྲོས་སུ་གྲགས། དམ་པའི་ཆོས་འདུལ་བ་ལ་ལེགས་པར་སྦྱངས་པས་ལོ་བཅུ་བཞི་པར་བཤད་པའི་བ་དན་བཟུང་ཆོག་པ་བྱུང་། བཅུ་དྲུག་པར་སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་ལམ་འབྲས་དང་། ཆོས་དྲུག་གཉིས། ཕག་མོ་ཆོས་དྲུག །བདེ་མཆོག་དྲིལ་བུ་པ། ཕྱག་རྡོར་འཁོར་ཆེན་ལ་སོགས་པའི་དབང་ཁྲིད་གདམས་པ་མང་དུ་ཉན། སློབ་དཔོན་དབང་ཡེས། སྟོན་ཚུལ། ཁྲོ་ཕུ་པ་ལ་སོགས་


JLAZ013_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པར། བྱ་སྤྱོད། རྣལ་འབྱོར། རྡོ་རྗེ་གུར། མཁའ་འགྲོ་རྒྱ་མཚོ། སངས་རྒྱས་ཐོད་པ། རྡོ་རྗེ་ཕྲེང་བ། དུས་ཀྱི་འཁོར་ལོ་ལ་སོགས་པའི་སྔགས་རྒྱུད་མང་པོ་དང་། རིན་པོ་ཆེ་ཟ་ལུང་པ་སོགས་ལས་ཞང་ཚལ་བའི་གདམས་སྐོར། རྒོད་ཚང་བའི་ལམ་ཁྲིད། གཅོད་ཡུལ། ཞི་བྱེད་སྔ་ཕྱི་བར་གསུམ་ལ་སོགས་པ་མང་དུ་ཉན། བཅུ་དགུ་པར་གངས་རིའི་ཁྲོད་ན་ཚད་མ་སྨྲ་བའི་རིགས་གྲྭ་ཆེན་པོ་རྔོག་ལེགས་པའི་ཤེས་རབ་ཀྱིས་ལེགས་པ་བསྐྲུན་པའི་གནས་གསང་ཕུ་ནེའུ་ཐོག་གི་མ་ལ་ཡའི་ནགས་ཀླུང་ཆེན་པོར་ཞུགས་ནས་གླིང་སྟོད་གདན་རབས་བཅོ་ལྔ་པ་སློབ་དཔོན་བཙན་དགོན་པ་དང་། གདན་རབས་བཅུ་དྲུག་པ་བླ་བྲང་བ་ཆོས་དཔལ་རྒྱལ་མཚན་གཉིས་ལས། བྱམས་པའི་ཆོས་ལྔ། ཚད་མ་སྡེ་བདུན། ཕར་ཕྱིན། དབུ་མ་ལ་སོགས་མཚན་ཉིད་ཐེག་པའི་ལུང་རིགས་ཀྱི་པདྨའི་རྩ་བ་མངར་པོར་གྱུར་པ་དག་ལོ་དྲུག་གི་བར་དུ་ལྷག་མ་མ་ལུས་པར་ཟོས་པས། བློ་གྲོས་ཆེན་པོའི་ལུས་ཀྱི་སྟོབས་ལྷག་པར་རྒྱས། དཔང་ལོ་བློ་གྲོས་བརྟན་པ་ལ་མདོ་ཏིང་ངེ་འཛིན་རྒྱལ་པོ་ལ་སོགས་པའི་ཟབ་ཆོས་མདོ་ལྔ། ཤེས་རབ་སྙིང་པོ་རྒྱ་ཆེར་འགྲེལ་པས་མཚོན་པའི་ལུང་ཕྲན་མང་པོ་སོགས་ནང་པའི་གཞུང་། སྒྲ་དང་། སྙན་དངགས་དང་། སྡེབ་སྦྱོར་དང་། ཟློས་གར་ལ་སོགས་པ་ཕྱི་རོལ་པ་དང་ཐུན་མོང་དུ་གྱུར་པའི་གནས་ཐམས་ཅད་ལ་ཐོས་བསམ་མཐར་ཕྱིན་པའི་སྣ་ཞགས་རིང་པོར་བརྐྱང་།


JLAZ013_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ལྷ་འཇམ་པའི་དབྱངས། མཚོ་ལྡན་མ། མི་གཡོ་བ། ཕག་དཀར་རྣམས་ལ་བསྒྲུབ་པ་མཛད་པས་ཀུན་ཀྱང་ཞལ་གཟིགས། ཁྱད་པར་སྒྲ་དབྱངས་ལྷ་མོས་ཕྱག་མཐིལ་དུ་བཞག་ནས། གླིང་བཞི་རི་རབ་དང་བཅས་པ་ཞག་བདུན་དུ་བསྟན་ཅིང་ལུང་བསྟན་ཐོབ། ལྷག་པའི་ལྷ་དེ་དག་གིས་ཀྱང་ཐོགས་པ་མེད་པའི་བློ་གྲོས་ཀྱི་དངོས་གྲུབ་ཆེན་པོའི་གནས་གང་ཡིན་པའི་དྲྭ་བ་དང་དྲྭ་བ་ཕྱེད་པའི་འཕྱང་འཕྲུལ་དང་། རིན་པོ་ཆེའི་ཏོག་གི་རྣམ་པར་དཔྱངས་པས། བརྒལ་བ་དང་། བརྟག་པ་དང་། རིགས་པའི་ཐལ་འགྱུར་གྱི་སྒྲ་ཆེན་པོས་ས་འདི་གཡོ་བ་ཙམ་དུ་གྱུར་ནས། རྒོལ་བ་ངན་པའི་ཁྱུ་མཆོག་རྭ་གཅིག་པའི་བརྟུལ་ཞུགས་འཛིན་པ་རྣམས་བསྒྲུབ་པ་དང་། སུན་འབྱིན་པའི་རྐང་པ་མཆོག་གིས་རྣམ་པར་བརྫི་བ་དང་། རྣམ་པར་འཐག་པ་དང་། རྣམ་པར་ཉམ་ཉེས་པར་བྱས་ནས་ཅང་མི་སྨྲ་བའི་གནས་ལ་བཀོད་པས་བསམ་ཡས་ལུང་མང་པོའམ། ཀློང་ཆེན་རབ་འབྱམས་ཞེས་པའི་མཚན་གྱི་རྔ་བོ་ཆེ་མཁའ་ལ་འགྲོ་བ་དང་མི་མ་ཡིན་གྱི་གནས་སུའང་གྲགས་པ་གསལ་བ་ཉིད་དོ། །དེ་ལྟར་ལུང་དང་རིག་པའི་གནས་རྒྱ་ཆེན་པོ་ལ། མི་འཇིགས་པའི་ཉམས་བརྟས་པར་གྱུར་ནའང་། འདི་ལྟར་སྐྱེས་བུ་ཆེན་པོ་རྣམས་ནི་རྣམ་པར་གྲོལ་བའི་ལམ་ལ་གང་ཉེ་བའི་ཕྱོགས་ལ་འཇུག་པ་རྩོམ་སྟེ། ཕྱོགས་དང་ཕྱོགས་བྲལ་གྱི་གནས་སུ་ལྷགས་ནས་


JLAZ013_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྣམ་པར་ཐར་པ་ལ་ཡིད་གཞུངས་པས། བླ་མ་དང་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་དང་། རྒྱུད་དང་། མན་ངག་མང་དུ་ཞུས་ནས་ཐོས་པ་དང་བསམ་པའི་བློ་གྲོས་ཆེར་བསྐྱེད། གངས་རིའི་ཁྲོད་ན་གཞུང་ལུགས་དང་མན་ངག་མང་དུ་གནས་པ་ལ་ཕྱོགས་དང་རིས་སུ་བཅད་པ་སྤངས་ཏེ། བུང་བ་གཞོན་ནུས་སྦྲང་རྩིའི་སྙིང་པོ་ལ་བྱ་བ་བཞིན་དུ། དན་བག་པ་སློབ་དཔོན་གཞོན་ནུ་དོན་གྲུབ། མྱོས་མཐིང་མ་བ། སངས་རྒྱས་གྲགས་སོགས་བླ་མ་བཞི་ལ་མདོ་སྒྱུ་སེམས་གསུམ་རྙིང་མ་རྒྱུད་འབུམ་གྱིས་གཙོས་མང་དག་གསན་པས་སྔ་འགྱུར་རྡོ་རྗེ་ཐེག་པའི་གྲུབ་མཐའ་ཆེན་པོ་གཅིག་ཏུ་འཇུག་པའི་རྟེན་འབྲེལ་ཤར། ཕྱིས་གསང་བའི་སྙིང་པོ་ལ་སྙིང་ཏིག་དང་མཐུན་པའི་ཊཱི་ཀ་ཕྱོགས་བཅུ་མུན་སེལ་ཉི་ཟླའི་སྤྲིན་གྱི་སྣང་བ་ཞེས་བྱ་བ་དང་། སྤྱིའི་ཁོག་འབུབས་གཉིས་མཛད། གསང་སྙིང་འགྲེལ་པ་སྤར་ཁབ་ཀྱི་ལུགས་ལྟར་འཆད་པ་མི་ལེགས་ཀྱི། རོང་ཟོམ་གྱི་ལུགས་ལྟར་ལེགས་པ་ཡིན་ཞེས་གསུངས། ལར་གཡུང་འགྲེལ་དང་བཅས་འདི་གསུམ་རང་བཤད་སྒྲོམ་ཆེ་བར་སྣང་། སློབ་དཔོན་གཞོན་རྒྱལ་ལ་སོགས་པར་དབུ་མ་ཚིག་འཇུག་ལ་སོགས་འཕགས་སྐོར་རྣམས་ཚང་བ་དང་། གཞོན་རྡོར་ལས་སྤྱོད་འཇུག་དང་བསླབ་བཏུས་ལ་སོགས་པ། ཇོ་བོའི་ཡི་དམ་སྐོར། སྦྱོར་དྲུག་ཆོས་དྲུག །


JLAZ013_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་ལས་ཁྲོ་ཕུ་བའི་སྐོར། ཁ་རག་ཆོས་སྐོར། སྒྲུབ་ཐབས་རྒྱ་མཚོ། ཆོས་འབྱུང་བརྒྱ་རྩ། འདུལ་བ་ལུང་ལ་སོགས་ཤིན་ཏུ་མང་བ། རྗེ་རང་བྱུང་རྡོ་རྗེ་ལས། སྦྱོར་དྲུག་གེགས་སེལ་དང་བཅས་པ། ནཱ་རོ་ཆོས་དྲུག །སྐུ་གསུམ་ངོ་སྤྲོད། རྒྱལ་བ་རྒྱ་མཚོ། སྤྱན་རས་གཟིགས་རྒྱལ་པོ་ལུགས། གསང་འདུས། སམྦུ་ཊི། མ་ཧཱ་མ་ཡ། གཤིན་རྗེ་གཤེད་དམར་ནག་སོགས་ཆོས་བཀའ་རྒྱ་ཆེན་པོ། སློབ་དཔོན་དབང་ཚུལ་ལས་སྦྱོར་དྲུག་དང་། བསྙེན་སྒྲུབ། རླུང་སྐོར་ལ་སོགས་པ་མང་པོ། ས་སྐྱ་པ་བླ་མ་དམ་པ་ལས། སེམས་བསྐྱེད་ཆེན་མོ་དང་། ལམ་འབྲས་སོགས་ས་སྐྱ་པའི་ཆོས་ཟབ་དགུ་གསན་ཅིང་། འདི་ལ་གཞི་ལམ་འབྲས་བུ་གསུམ་གྱི་རྣམ་པར་གཞག་པའི་ཞུ་ཡིག་རིན་པོ་ཆེ་གསེར་གྱི་མཆོད་སྡོང་ཞེས་བྱ་བའང་ཕུལ་པ་སྣང་། ཞི་བྱེད་རྒྱུད་པ་རྨ་སོ་ཀཾ་གསུམ་དུ་གྲགས་པའི་སློབ་རྒྱུད་ཤུག་གསེབ་རི་པ་གཞོན་རྡོར་ལས། དོ་ཧ་སྐོར་གསུམ། རི་ཆོས་སྐོར་གསུམ། རྟེན་འབྲེལ་བརྒྱ་རྩ་ལ་སོགས་མདོར་ན་གངས་རིའི་ཁྲོད་ན་གྲགས་པའི་གྲུབ་པའི་མཐའ་ཕལ་མོ་ཆེ་ཐུགས་སུ་ཆུད་ཅིང་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་ཐུགས་རབ་སྐྱེས། ཐ་སྙད་ཀྱི་རིག་པ། མདོ་སྔགས་ཀྱི་གཞུང་ལུགས་མན་ངག་གི་སྐོར་སོགས་གང་ལའང་རང་བྱན་ཆུད་པར་མཛད་དོ། །འདི་ལྟར་སྐྱེས་བུ་ཆེན་པོ་རྣམས་ནི། ཐོས་


JLAZ013_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱི་མཐའ་སྒྲུབ་པས་ཉམས་འོག་ཏུ་བཙུད་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབབ་སྟེགས་ཉིད་དུ་མཛད་དེ། དེ་ལ་རྣམ་པ་ཀུན་ཏུ་འཁོར་བའི་རང་བཞིན་ལ་ཐུགས་སྐྱོ་ཤས་དང་ངེས་འབྱུང་ཚད་མེད་པས་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྔགས་པའི་གནས་ནགས་ཁྲོད་དང་། བས་མཐའ་འབའ་ཞིག་དོན་དུ་གཉེར་བའི་དགོངས་པ་གཏོད་པའི་ཚེ། བཅོམ་ལྡན་འདས་ཀྱིས་ངེས་པར་འབྱུང་བའི་རྐྱེན་བཞི་གཟིགས་པ་བཞིན་དུ། གྲྭ་ས་དེར་ཁམས་པའི་གྲྭ་པ་དག་གིས་གཟུ་བོར་མི་གནས་པའི་སྤྱོད་པ་ངན་པས་ཐུགས་ངེས་པར་འབྱུང་སྟེ་བྱ་བྲལ་གྱི་ཀུན་ཏུ་སྤྱོད་པས་གཤེགས་པར་ཉེ་བའི་ཚེ། མཁན་སློབ་རྣམས་སྐྱེས་བུ་དམ་པ་འདིའི་རྣམ་དཔྱོད་ལ་དཀོན་པའི་འདུ་ཤེས་བཟོད་པར་དཀའ་བས་ནན་གྱིས་བཤོལ་བཏབ་ནའང་། སེམས་ཅན་གྱི་བསོད་ནམས་ལས་གཞན་དོན་རླབས་པོ་ཆེའི་ཕྲིན་ལས་ཀྱི་འཇུག་པ་དུས་ལས་མ་ཡོལ་བས་བཤོལ་མ་ཐེབས་པར་ཆས་ཙ་ན། རྔོག་ལོ་ཆེན་པོའི་གདུང་རྟེན་རྩར་དགེ་འདུན་དཔྱོད་ལྡན་པ་ཞིག་དང་འཕྲད། ཁོང་གིས་ཀྱང་བཤོལ་བཏབ་ཅིང་སྐྱོ་བའི་རྣམ་པ་སྟོན་པ་ལ་གནས་ཚུལ་རྣམས་བཤད་པས། ཁོང་ཡང་ཁམས་པའི་ཚོགས་ལ་འཁུན་པར་བྱེད་ཅིང་། ད་ཅིས་ཀྱང་གཤེགས་ན་རང་རེ་ལ་རྩོམ་པ་ནི་ཐོགས་རྡུགས་མེད། ཁམས་པ་རྣམས་ལ་ངན་སྨྲས་ཤིག་འཇོག་པར་འཚལ་ཞེས་བསྐུལ་བས། ཀུ་རེའི་ཚུལ་


JLAZ013_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤོག་བུ་བྲེ་ཁ་གཅིག་ལ་ཤོང་ཐང་བྲིས་པ་ཁོང་གིས་ཁྱེར་ནས། ཆོས་རའི་ཁྲི་ལ་སྦྱར་བ་ཁམས་པ་རྣམས་ཀྱིས་རིག་སྟེ་མཐོང་དུ་མ་སྟེར། ཀ་ལིང་ཡུལ་དུ་སྲིན་པོ་རྒྱུ་བ་བཞིན། ཞེས་པ་ལ་སོགས་པའི་ཀ་ཐོ་སུམ་ཅུ་པ་འདི་རྒྱལ་ཁམས་ཀུན་ཏུ་དར་རོ། །དེ་ནས་ངེས་པ་མེད་པའི་གནས་སུ་འཁྱམས་ཞིང་སྒྲུབ་པ་འབའ་ཞིག་ལྷུར་མཛད་པ་ལས་རྒྱ་མའི་ཅོག་ལ་བྲག་ཕུག་ཏུ་ཟླ་བ་ལྔ་མུན་པའི་རྣལ་འབྱོར་ལ་བཞུགས་པའི་ཚེ། སིལ་སྙན་གྱི་སྒྲ་གླུ་དབྱངས་དང་བཅས་པ་གཅིག་གསན་པས། དེ་ལ་བལྟ་བའི་སྣང་བ་ཤར་ཙ་ན་བུད་མེད་ལོ་བཅུ་དྲུག་པ་ཟ་འོག་གི་འཇོལ་བེར་དང་གསེར་གཡུའི་རྒྱན་གྱིས་སྤྲས་ཤིང་། བསེ་ཁྲབ་དྲིལ་བུས་བརྒྱན་པའི་རྟ་ལ་བཅིབས་པ་གདོང་གསེར་གྱི་དྲྭ་བས་གཡོགས་པ་ཞིག་དང་མཇལ། དེའི་ཐུ་བ་ནས་འཇུས་ཏེ་འཕགས་མ་རྗེས་སུ་འཛིན་པར་ཞུ་ཞེས་བཏུད་པས། རིན་པོ་ཆེའི་དབུ་རྒྱན་ཅིག་འདུག་པ་ཕུད་ནས་ཀུན་མཁྱེན་པའི་དབུ་ལ་བསྐོན། དེང་ནས་དུས་རྟག་ཏུ་བྱིན་གྱིས་བརློབ་ཅིང་དངོས་གྲུབ་སྦྱིན་ནོ་གསུང་། བདེ་གསལ་མི་རྟོག་པའི་ཏིང་འཛིན་ལ་ཡུན་རིང་པོར་འབྱམས། མན་ངག་རྫོགས་པ་ཆེན་པོའི་ཆོས་དང་མཇལ་བའི་རྟེན་འབྲེལ་བསྒྲིཊ། དེ་ནས་ཉི་ཤུ་རྩ་དགུ་པར་བསམ་ཡས་སུ་ཕེབས་པའི་དཔྱིད་སོས་བླ་མ་དམ་པ་


JLAZ013_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་མ་རཱ་ཛ་ཡར་སྟོད་སྐྱམ་གྱི་ཕུ་ན་བཞུགས་པ་ལ་གཏད་དེ་བྱོན་པས། ལམ་དུ་གཡག་སྡེ་པཎ་ཆེན་དང་མཇལ་ནས། རྗེ་དྲུང་ཀརྨ་པའི་དྲུང་ན་དེངས་ཞེས་བསྐུལ་ནའང་མ་ཉན་པར་ལྷགས། ཡར་སྟོད་སྐྱམ་གྱི་ཕུ་ན་རིག་འཛིན་པ་སློབ་མའི་ཚོགས་ཆ་ཐེར་ལྷག་སྐྱོབས་བདུན་ཅུ་ཙམ་དང་། བཅས་པ་བཞུགས་པ་དང་མཇལ། མདང་ལྷའི་བྱ་ཡིན་ཟེར་བའི་བྱ་ཡ་མཚན་ཅན་ཞིག་ལ་བྱ་བྲན་མང་པོའི་ཚོགས་དང་བཅས་བྱུང་ནས། ངའི་དཔེ་ཆ་རྣམས་ཕྱོགས་མཚམས་ཐམས་ཅད་དུ་ཁྱེར་སོང་བར་རྨིས་པས་བརྒྱུད་པ་འཛིན་པ་གཅིག་འོང་གསུངས་ནས་ཤིན་ཏུ་མཉེས། དེར་ཆོས་ཁྲལ་འདེགས་རྒྱུ་མེད་པས་ཐུགས་ལ་སྐྱོ་བ་དཔག་ཏུ་མེད་པ་འཁྲུངས། ཆོས་ཁྲལ་ལ་འཐོགས་ནས་བླ་མའི་དྲུང་ནས་འགྲོ་དགོས་པ་ང་ལས་མེད་པས་ཉིན་པར་འགྲོ་བ་ངོ་ཚ། སང་ནམ་ལྡང་ཙ་ན་ལུང་པ་འདིའི་མདའ་ལ་སླེབས་པར་འགྲོ་དགོས་དགོངས་ཙ་ན་བླ་མའི་མངོན་མཁྱེན་གྱིས་དགོངས་ནས་འདིའི་ཆོས་ཁྲལ་ནང་ནས་འདེབས་པ་ཡིན་པས་མ་གཙེར་ཞེས་གྲྭ་པ་གཉིས་ཀྱིས་བསྐྱར་བྱུང་བས་དགའ་ཆེས། རིག་འཛིན་པ་དེ་སློབ་མའི་ཚོགས་ལ་སྐྱོ་བ་བསྐུལ་ཕྱིར་གཞི་མི་འཛིན་པས་ལོ་དེའི་དཔྱིད་སོས་ལུང་སྟོངས་གཅིག་ནས་གཅིག་ཏུ་འཕོ་སྐྱས་ལན་དགུ་མཛད་པས། གཞི་རེ་ཟིན་དུས་འཕོ་དགོས་པ་འདྲ། དེས་རང་ལ་ན་བཟའ་དང་བཟའ་བཏུང་གཉིས་ཀ་མེད།


JLAZ013_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཟླ་དང་གངས་རྩ་ཡུལ་ཤིན་ཏུ་གྲང་བས་ལུས་སེམས་ལ་ངལ་དུབ་དཔག་ཏུ་མེད་པ་བྱུང་། ཕྱེ་བྲེ་གསུམ་དང་དངུལ་ཆུ་རིལ་བུ་རིལ་མ་ཙམ་ཉི་ཤུ་རྩ་གཅིག་ལས་མེད་པས་དེས་ཟླ་བ་གཉིས་ཀྱི་འཚོ་བ་བྱས། ཁ་བ་བབས་དུས་འབོག་གི་དོད་སྒྱེ་གཅིག་ཡོད་པ་དེའི་ནང་དུ་ཞུགས་ནས་གོས་སྟན་གཉིས་ཀའི་གོ་བཅད་པ་སོགས་ཆོས་ཕྱིར་དཀའ་བ་སྤྱད་པ་བསམ་གྱིས་མི་ཁྱབ། ལོ་དེར་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་དབང་ཁྲིད་གདམས་པ་དང་བཅས་པ་ཐོབ་ཅིང་བསྒོམས། ཕྱི་ལོ་དེ་དབང་གོང་མ་དང་། རྫོགས་ཆེན་སྡེ་གསུམ་གྱི་རྒྱུད་ལུང་མན་ངག་བསྟན་སྲུང་དང་བཅས་པ་བུམ་པ་གང་བྱོར་གནང་ནས། བསྟན་པའི་རྒྱལ་ཚབ་ཏུ་དབུགས་འབྱིན་མཛད། ལོ་དྲུག་གི་བར་དུ་བསྒྲུབ་པའི་དམ་བཅའ་ཕུལ། སུམ་ཅུ་རྩ་གཅིག་པ་ལ་སྙིང་ཕུའི་ཤུག་གསེབ་ཏུ་སྙིང་ཐིག་གི་སྒོ་ནས། སྐལ་ལྡན་དུ་མ་ལ་སྨིན་གྲོལ་མཛད། རྣལ་འབྱོར་པ་འོད་ཟེར་གོ་ཆས་དཀའ་སྤྱད་ཆེན་པོས་མཁའ་འགྲོ་སྙིང་ཐིག་གི་དཔེ་བཙལ་བ་གཟིགས་ཕུལ་པ་དང་མཚུངས་པར། གཟིམས་ལམ་དུ་ཤན་པ་སྲོག་སྒྲུབ་མས་གླེགས་བམ་གཏད། སང་ཕོད་སུམ་ཅུ་རྩ་གཉིས་པར་མཆིམས་ཕུའི་རི་མོ་ཅན་དུ་སྒྲུབ་པ་ལ་བཞུགས་དུས། སྐལ་ལྡན་གྱི་རྣལ་འབྱོར་ཕོ་མོ་བརྒྱད་ལ་སྙིང་ཏིག་གི་གདམས་པ་བཏབ། སྤྲོས་བཅས་ཀྱི་དབང་གི་དུས་བྱིན་ཕབ་པས། རྣལ་འབྱོར་མ་


JLAZ013_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་སྔགས་སྲུང་མ་མངོན་སུམ་དུ་བབས་ཏེ་འཁྲབ་བྱུང་བས། སློབ་མ་རྣམས་ཀྱིས་ཟིལ་མ་བཟོད་པར། བླ་མའི་ཞལ་ནས་འདིར་མཁའ་འགྲོ་བབས་པ་ཡིན་པས་ཨའུ་རྩི། ང་སྣང་སེམས་རོ་གཅིག་ཏུ་རྟོགས་པའི་རྣལ་འབྱོར་པ་ཡིན། བར་ཆད་མི་འོང་གསུངས། དེར་རྣལ་འབྱོར་མས་བླ་མ་ལ་ཕྱག་བྱས། དཀྱིལ་འཁོར་ལ་བལྟས་ནས་རྨ་བྱ་མ་འཛོམས་པ་ག་རེ་ཟེར། ཡིད་ཀྱིས་བསམ་པ་ཡིན་གསུངས་པས་བརྡའི་ཆོས་ལ་ཡིད་ཀྱིས་ག་ན་འོང་ཟེར། ཡང་བུམ་པའི་སྟེགས་ཀྱི་མཉྫི་དོར་ཏེ་བུམ་པ་གསུམ་སྦྲེལ་ནས་བཞག །ཆོ་གའི་རྣམ་གཞག་ཞིབ་མོ་མཛད་དུས་ཐལ་མོ་སྦྱར་ཏེ་ལེགས་སོ་བརྗོད། རིགས་ཀྱི་ཡི་གེའི་ས་མཐའ་ཆད་ནས་རིག་ཏུ་བོས་པ་ལས། མིན་མིན་རིགས་ཟེར་བ་ཡིན་ཞེས་དང་སྔགས་བཟླས་དུས། ངའི་ལད་མོ་གྱིས་ཟེར་ནས་མཁའ་འགྲོའི་སྐད་དུ་འབྲེལ་ལ་མ་འབྲེལ་བའི་གདངས་སྙན་པོ་བྱས། དངོས་གཞིའི་སྐབས་སུ། བློ་སྒོམ་དང་བྲལ་ན་དགའ་བ་ལ། །བློ་སྒོམ་དང་བྲལ་ན་ཨ་རེ་སྐྱིད། །ཅེས་དོན་གྱི་ལྟ་སྒོམ་ཡིད་དཔྱོད་དང་བྲལ་བའི་གླུ་བླངས། མཆོད་པ་ངན་པ་ལ་འདི་མི་ལྟོ་ཟེར། མཆོད་དབྱངས་སྙན་པོ་བྱས། ཚོགས་ཀྱི་དུས་བླ་མ་ལ་བདུད་རྩི་དྲངས་དུས། འདི་མཁའ་འགྲོའི་དམ་རྫས་ཡིན་པས་ཅིས་ཀྱང་བསྟེན་དགོས་ཟེར་ལྷག་མེད་དུ་དྲངས། དེའི་ཚེ་སློབ་མའི་ཚོགས་ཀྱང་ཉམས་འུར་ནས་གླུ་ལེན་བྲོ་བརྡུང་ཐ་


JLAZ013_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མལ་གྱི་གཉིད་ལས་འདས་པའི་འོད་གསལ་རྩེ་གཅིག་ཏུ་ཤར། དཔའ་བོ་དང་། མཁའ་འགྲོ་དང་། ཆོས་སྐྱོང་། སྣ་ཚོགས་པའི་གཟུགས་བརྙན་མངོན་སུམ་དུ་མཐོང་ནས། བུད་མེད་ནག་མོ་གཅིག་གིས་ཕྱེ་ཕུད་ཉམས་ཟེར་བ་དང་། དམ་ཅན་པ་མི་དཀར་པོར་བསྟན་ནས་ངའི་གཏོར་མ་ལ་དམར་རྒྱན་ཆད་ཟེར་བ་དང་། ཇོ་བོ་མདངས་ལྷ་མི་དཀར་རྟ་དཀར་ཅན་དུ་འོངས་ནས་གཏོར་མ་འདོད་པ་ལ་དམར་གཏོར་སྦྱིན་པས་མ་འདོད་པ་དང་། མཁའ་འགྲོའི་ཚོགས་ཀྱིས་བླ་མ་ལ་གདུགས་འབུབས་པ་དང་། བསྐོར་བ་བྱེད་པ་དང་ཧཱུཾ་དང་ཕཊ་ལ་སོགས་པའི་སྒྲ་དྲག་པོ་དང་། སྦུག་ཆོམ་ཆེན་པོ་སོགས་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་བས། རྣལ་འབྱོར་པ་གཅིག་གིས་དོ་ནུབ་གནམ་ས་ངོ་ལོག་པ་འདུག །ཤ་དུམ་ཁྲག་དུམ་བྱེད་ལས་ཆེ་ཟེར་ནས་སྐྲག་པ་སོགས་བྱུང་། དེ་བཞིན་དུ་འོ་དེ་གུང་རྒྱལ་དང་གཉན་ཆེན་ཐང་ལྷ་དང་། སྨན་མོ་མཆེད་བདུན་ལ་སོགས་གཏོར་མ་ལེན་དུ་འོངས། རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ཀ་རིན་པོ་ཆེ་དང་རུས་པས་བརྒྱན་པ་མངོན་སུམ་དུ་བྱོན་ནས་དྲིས་པས། དོ་ནུབ་དུས་གཉན་པས་ལས་ཅན་གྱི་སློབ་མ་ཉུལ་དུ་འོངས། བླ་མ་དམ་པ་སྐུ་ཁམས་བཟང་ཟེར། ད་ལོ་སྐུ་ཆགས་བདོ་བས་ཇི་ལྟར་མཆི་དྲིས་པས། མཁའ་འགྲོ་མས། སངས་རྒྱས་ཀྱི་རྣམ་འཕྲུལ་ལ་བར་


JLAZ013_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ག་ན་འོངས། གདུལ་བྱ་ལ་དགོངས་པ་ཡིན། བཱི་མ་ལ་བོད་ཡུལ་དུ་བྱོན་པ་མི་ཤེས་སམ་ཟེར། ད་ཅི་ཙམ་བཞུགས་དྲིས་པས། ལུག་ལོ་ཕྱི་མའི་བར་བཞུགས། དེ་ནས་གདུལ་བྱ་དང་བསྟུན་པའི་ངེས་པ་མེད་ཟེར། འོ་ན་ང་བླ་མ་ཀུ་མ་རཱ་ཛས་གཞན་དོན་ལ་བསྐུལ་བ་འདི་བླ་མ་ཁྱེད་ཀྱིས་བསྐུལ་ལམ་དྲིས། འོ་འོ་དེ་ཀ་དེ་ཀ་ཟེར་དུས། ངས་གཅིག་པོར་བསྒྲུབས་ནས་འོད་ལུས་སྒྲུབ་བམ། གཞན་དོན་བྱས་ན་སེམས་ཅན་ལ་ཕན་ཐོགས་འོང་ངམ། ལོ་ཇི་ཙམ་ཐུབ་དྲིས་པས། འོད་ལུས་འགྲུབ་ཀྱང་སེམས་ཅན་ལ་ཕན་འདོགས་དགོས། གཞན་དོན་འུར་འུར། ད་ལོ་ནས་སུམ་ཅུ་ཐུབ་ཟེར། ང་ལ་བཀའ་སྲུང་ཇི་ལྟར་ཡོད་དྲིས་པས། མང་མང་བླ་མའི་ཐམས་ཅད་ཁྱེད་ལ་ཡོད། ཁྱད་པར་རྡོ་རྗེ་གཡུ་སྒྲོན་མ་ཟེར། དེ་བཞིན་དུ་འགྲོ་དོན་ལྷོ་ནུབ་ཕྱོགས་ན་ཡོད། ཚེ་ཕྱི་མ་འདི་བས་ཀྱང་འགྲོ་དོན་ཆེ་ཟེར། འོ་ན་མཁའ་འགྲོ་སྙིང་ཏིག་ནས་བཤད་པ་དེ་ཡིན་ནམ། དབང་ཁྲིད་གདབ་ཏུ་རུང་ངམ་དྲིས་པས། འོ་དེ་ཀ་དེ་ཀ་མ་ནོར་མ་ནོར། ཆོས་ཀྱི་བདག་པོ་ཁྱེད་རང་ཡིན་པ་ལ་ལོས་ལོས་ཟེར། ཡང་མི་རྣམས་ཀྱིས་ཟོག་པོར་འཛིན་དུ་མི་འོང་ངམ་དྲིས་པས། མིའི་ཁ་ལ་གཏད་པ་ཅི་ཡོད། སྐལ་ལྡན་རྣམས་ཁོ་མོས་བསྡུད། སྐལ་མེད་སངས་རྒྱས་ལའང་སྐུར་པ་འདེབས་ཟེར། སྙིང་ཏིག་གི་ཆོས་བཀའ་རྡོ་རྗེ་གཡུ་སྒྲོན་མའི་གནས་སུ་འབྱེད་དམ་དྲིས་པས། འདི་ན་མཁའ་འགྲོ་རང་


JLAZ013_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་འདུ་བས་འདིར་འབྱེད་དགོས་ཟེར། བུམ་ཐང་གི་གཏེར་ཁའི་ལུང་ཡང་གསལ་བར་བཤད། སློབ་དཔོན་ཆེན་པོ་དང་མཇལ་ལམ་དྲིས་པས། ལུང་གསུམ་གྱི་ཕུ། རི་གསུམ་གྱི་མདའ། བྲག་ཆུང་ངེ་བ་ཁ་ནུབ་ཏུ་བལྟ་བའི་གཡས་ཟུར་དུ་མཇལ་ཟེར། བཱི་མ་ལ་དང་ནམ་མཇལ་དྲིས་པས། མཇལ་ཟིན་འདུག་པ་ལ་ཟེར་རོ། །ངས་རྟོགས་པའི་ལྟ་བ་འདི་སྙིང་ཏིག་གི་དགོངས་པའི་མཐར་ཐུག་གམ་དྲིས་པས། མཐར་ཐུག་པ་ལ་ནོར་འཁྲུལ་མེད་ཟེར། སློབ་དཔོན་རིན་རྡོར་གྱིས་སྤང་སྒང་པ་རིན་ཆེན་རྡོ་རྗེ་གང་ན་བཞུགས་དྲིས་པས། བླ་མ་ལ་མཛུབ་མོ་བཙུགས་ནས་འདི་ན་བཞུགས་འདུག་པ་ཟེར། དེར་བླ་མས། ཁོང་སྐྱེ་བ་དེའི་འོག་ཏུ་བུམ་ཐང་དུ་སྐྱེ་བ་ལ་ང་ག་ན་ཡིན་གསུངས་པས། དེ་ཀ་ལྟར་སྐྱེ་བ་མིན། བར་དུ་ལོངས་སྐུའི་ཞིང་ཉུལ་དགོས་པ་དེ་སློབ་དཔོན་རིན་ཆེན་རྡོ་རྗེས་གཏེར་ཐོན་རྗེས། ལོ་འགའ་ཡར་གསོང་ནས་བསྒྲུབ་པ་མཛད་ན་རང་དོན་དུ་འོད་གསལ་ལོངས་སྐུའི་རྩལ་སྦྱོངས་དང་། གཞན་ལ་ཕན་པ་རྒྱ་ཆེན་པོ་འོང་བ་ལ། མ་གསོང་པས་སྐུ་ཚེ་མཐར་མ་ཕྱིན། ད་ལྟ་ཁྱེད་དུ་སྐྱེས་དུས་འོད་གསལ་གྱི་སྣང་བ་ལམ་དུ་འཁྱེར་བ་འདི་ནི། ལོངས་སྐུའི་ཞིང་ཁམས་དར་གཅིག་ཉུལ་བ་དེ་ཡིན་ཟེར། ངས་ཕུང་པོ་ལྷག་མེད་ཨེ་འགྲུབ་དྲིས་པས། གཅིག་པུར་བསྒོམ་ན་ད་ལྟ་འགྲུབ། གཞན་དོན་མཛད་པས་བར་དོར་


JLAZ013_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། སྤྲུལ་པས་བུམ་ཐང་དུ་སྐྱེ་བ་བླངས་གཞན་དོན་བྱས། དེའང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་གཤེགས་ནས་སངས་རྒྱ་བའི་ཚུལ་སྟོན་གསུངས། ཡང་ངས་སྙིང་ཏིག་གིས་ཕན་ཐོགས་བཱི་མ་ལ་དང་། མཁའ་འགྲོའི་གཉིས་གང་ཆེ་དྲིས་པས། གཉིས་ཀས་ཕན་ཐོགས། བཱི་མ་ལ་རྒྱ་ཆེ་ལོ་བརྒྱ། མཁའ་འགྲོ་སྙིང་ཏིག་ལོ་ལྔ་བརྒྱར་གནས། ད་ནས་མགོ་རྩོམ་པ་ཡིན་ཟེར། དེར་བླ་མ་ཡང་ཐུགས་ཉམས་འུར་ནས་སྐུ་བཞེངས་ཏེ་རྡོ་རྗེའི་གླུ། ཚེ་འདི་ཡང་བདེ་སྟེ་ཕྱི་མ་སྐྱིད། །བར་དོ་རང་ངོ་ཤེས་པས་བདེ། །ད་ནི་བདེ་ནས་བདེ་བར་འགྲོ། །གླུ་མཆོད་པར་འབུལ་ལོ་དཀོན་མཆོག་གསུམ། །ཐུགས་དགྱེས་པར་མཛོད་ཅིག་མཁའ་འགྲོའི་ཚོགས། །ཞེས་པའི་མཐའ་ཅན་དེ་གནང་། ད་དུང་མཁའ་འགྲོའི་སྣང་བ་བསམ་གྱིས་མི་ཁྱབ་པ་མཐོང་ཞིང་དེ་ཐམས་ཅད་མཐར་བླ་མ་ལ་ཐིམ། བླ་མ་ཡང་རེས་ལོངས་སྐུར་གནས་འགྱུར་བ་སོགས་མཐོང་། དེར་ཉེར་བརྒྱད་ཀྱི་ཉིན་ཞིག །ལྷོ་ནུབ་མཚམས་ནས་སློབ་དཔོན་ཆེན་པོ་སྐུ་མདོག་དཀར་གསལ་ཟ་འོག་གི་བེར་དང་། ཤ་བའི་མཉེན་ཞུ་ཅན་འཁོར་དཔག་ཏུ་མེད་པས་བསྐོར་བ་བྱོན་ཏེ་བླ་མར་ཐིམ་པ་མཐོང་། དེའི་ནུབ་མཁའ་འགྲོ་མ་རུས་པའི་རྒྱན་ཅན་ནམ་མཁའ་ལ་བུན་བུན་འགྲོ་བས་བླ་མར་མཆོད་པ་བྱེད་ཅིང་། བུད་མེད་སྨུག་ནག་གསུམ་བྲོ་འཁྲབ་པ་དང་། ངེད་ཡོང་ཡོང་བདེ་ཆེན་གྱི་གནས་ནས་ཡོང་། །


JLAZ013_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཅན་གྱི་སློབ་མ་ཉུལ་དུ་འོངས། །དམ་ཚིག་གི་གཙང་སྦྲ་བལྟ་རུ་འོངས། །འགྲོ་དོན་མཛོད་ཅིག་རིཊ་ཀྱི་བུ། །ཟེར་བ་དང་། ཡང་ནང་མཆོད་མཛད་པའི་དུས་སློབ་དཔོན་ཆེན་པོའི་གཡས་ན་བི་མ་ལ། གཡོན་ན་རྡོ་རྗེ་ཕག་མོ། མདུན་ན་མཁའ་འགྲོ་མ་མང་པོ་མི་རྐང་འབུད། རྒྱབ་ན་སྔགས་པ་མང་པོ་འཆམས། མཁའ་འགྲོ་མ་གསེར་གྱི་གོ་ཞུབ་ཅན་མང་པོས་གླུ་གར་བྱེད་ཅིང་བསྐོར་བའི་དབུས་ན་བླ་མ་བཞེངས་ནས། དགའ་བོ་སྐྱིད་དོ་རྣལ་འབྱོར་ཀུན། །དུས་དོ་ནུབ་འོག་མིན་དག་པའི་ཞིང་། །རང་ལུས་ཞི་ཁྲོའི་ཕོ་བྲང་ན། །སྟོང་གསལ་རྒྱལ་བའི་དཀྱིལ་འཁོར་རྒྱས། །སངས་རྒྱས་ཕྱི་ན་མེད་དེ་ནང་ན་ཡོད། །ཅེས་དང་། སེམས་གཅིག་པུར་གནས་པའི་བསམ་གཏན་པ། །ཡིད་གཅིག་ལ་མི་འཛིན་གང་བདེར་ཐོང་། །སེམས་འཕྲོ་ཡང་སྟོང་ལ་གནས་ཀྱང་སྟོང་། །གང་ཤར་ཡེ་ཤེས་ཀྱི་རོལ་པ་ཡིན། །ཞེས་པ་ལ་སོགས་རྡོ་རྗེའི་གླུ་བཞེངས། དེ་དུས་རྡོ་རྗེ་གཡུ་སྒྲོན་མ་དཀར་མོ་མཆེད་བདུན་དང་བཅས་པ་བྱོན་ནས་ངའི་གནས་སུ་གཤེགས་པ་ཞུ་ཟེར། བླ་མས་ང་ཁྱེད་ཀྱི་གནས་སུ་རྒྱུན་དུ་སྡོད་དགོས་གསུངས་པས། རྒྱུན་དུ་བཞུགས་ན་དགའ་སྟེ་དགུན་སྟོད་ལས་མི་བཞུགས་པ་འདྲ་ཟེར། ཁྱོད་ལ་ཅིའི་ཕྱིར་འགོ་དྲིས་པས། གུ་རུའི་དམ་འོག་ཏུ་ཆུད་པས་


JLAZ013_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གྱི་ཕྱི་ལ་འབྲངས་ཟེར། དེར་ཆོས་ནི་ཕ་གིར་ཡོད། འདོན་མཁན་ནི་ཤི །འདིར་ཅི་བྱེད་བྱས་པས། ཆོས་ཕ་གི་ན་ཡོད་ཀྱང་དོན་འདི་ན་ཡོད། ཁྱེད་ཚེ་འཕོས་ཀྱང་སྐལ་ལྡན་ཚེ་མ་འཕོས་པས་ཡོང་པ་ཡིན་ཟེར། བཀའ་སྲུང་རྣམས་ལུང་བསྟན་ཅིང་། འདི་ཤིན་ཏུ་གཉན་པས་སྐུ་ཚེ་ལ་བར་ཆད་འོང་ཉེན་ཡོད། ཁྲིད་ཐེབས་ཉུང་ན་དགའ་ཟེར། ངའི་གཏེར་ཤོག་རྣམས་ཨེ་ཡོད་དྲིས་པས། སིབ་སིབ་ངེད་རྣམས་ཀྱི་ཡིད་བསྒུལ་བ་ཡིན་མོད་ཟེར། ཡང་ངས་ཁྱེད་ལ་དབུ་རུར་དངོས་གྲུབ་བྱིན་པ་མི་དྲན་ནམ་ཟེར། སྔར་ཅོག་ལའི་བྲག་ཕུག་གི་དེ་དྲན་ནས་རྡོ་རྗེ་གཡུ་སྒྲོན་མ་ཨེ་ཡིན་བྱས་པས། མིན་མིན་རྡོ་རྗེ་ཕག་མོ་ཡིན་ངོ་མ་ཤེས་སམ་ཟེར། འདི་ནི་འཇིག་རྟེན་པའི་གཟུགས་ཀྱིས་འཕྲིན་ལས་བྱས་པ་དང་། འདས་པའི་གཟུགས་ཀྱིས་མཆོག་གི་དངོས་གྲུབ་སྟེར་བའི་རྣམ་པ་ཆ་ཕྱེད་དགོས་པའོ། །འདི་ནས་ཐིག་ལེ་གཙོ་བོར་བཤད་ནས་དབང་གསུམ་རྟེན་ཅན་དུ་བསྐུར་བ་ཇི་ལྟར་ལགས་དྲིས་པས། དེས་ཆགས་ཅན་ལམ་དུ་འཇུག་པ་ལ་དགོས་པ་ཡིན། ཆགས་བྲལ་ལ་ཡིད་རིག་ཙམ་གྱིས་ཆོག་གསུངས། ངོ་སྤྲོད་ཀྱི་སྐབས་སུ། རྟོག་པ་སྐྱེ་མེད་དུ་འཇོག་པ་དང་། བློ་རྩིས་མེད་དུ་འཇོག་པ་གང་ཡིན་དྲིས་པས། རྟོག་པ་ལ་བརྟན་པོས་ཅི་བྱེད། ཡེ་གྲོལ་ཀློང་ཡངས་ཆེན་པོར་ངོ་སྤྲོད་ཅིག་ཟེར། འོ་ན་སྙིང་ཏིག་འདི་བཤད་


JLAZ013_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མི་མང་པོ་ནི་སྣང་ན་ངས་བཤད་ཅི་དགོས། ལུང་བྱེད་པ་ཀརྨ་པ་དང་། རིན་ཆེན་གླིང་པ་སོགས་པའང་འདུག་པས་སོ་བྱས་པས། བཤད་ཚུལ་དེ་དག་ལ་ངེད་མི་མགུ། ལུང་དང་རྫ་ལའང་ཡོད་དེ། དེས་གར་ཆོག །བདག་པོ་རེ་ཡོད་པ་དེ་དགོས་པ་ཡིན་མོད་ཟེར་རོ། །རིན་ཆེན་གླིང་པའི་གཏེར་ཁ་དྲིས་པས་ཡིན་པ་ལ་ཡིན། དག་རྒྱུ་མེད་མེད་ཟེར། ངས་ཁྱེད་མ་བསྒོམས་པར་གྲུབ་པའི་རྒྱུ་དྲིས་པས། ང་ལ་སྒོམ་པའི་ལྷ་འདུག་གམ། བཟླས་པའི་སྔགས་འདུག་གམ། མཆོད་པའི་ཡུལ་འདུག་གམ། རྣལ་འབྱོར་པ་དམ་ཚིག་དང་རྟོགས་པར་ལྡན་པ་ཀུན་ལ་ང་རྒྱུན་དུ་ཡོད་པ་མི་ཤེས་སམ། ཁྱོད་དང་ཚེ་རབས་ཐམས་ཅད་དུ་འདུ་འབྲལ་མེད་ཟེར། མཆིམས་ཕུར་ལྷ་ལྕམ་གྱི་ནོར་ཡོད་པ་དེ་ཅི་འདྲ་ཞིག་འདུག་དྲིས་པས། བྲག་ལྷ་བཤོས་འདྲ་བ་རྩེ་མོ་མེད་པ་གཅིག་ན་འདུག །ད་དུང་དུས་ལ་མ་བབས་ཟེར། བི་མ་ལའི་གཏེར་ཇི་ཙམ་ན་འདོན་དྲིས་པས། ད་ནས་ལོ་བཅོ་ལྔ་ན་སྔགས་པ་དཀར་པོ་གཅིག་གིས་བཏོན་ནས་དར་བར་བྱེད། ཟབ་པ་པོད་བཞི་ཁྱེད་རང་གི་ལག་ན་འོང་བར་འདུག་ཟེར། དེར་ཟླ་བ་ཚེས་པའི་ཚེས་བཅུ་གཅིག་ལ་རྣལ་འབྱོར་པ་འོད་ཟེར་གོ་ཆ་དཔེ་ལེན་དུ་བཏང་ནས་ལམ་དུ་འོང་དུས། འཇའ་ཚོན་གྱི་དཔེ་ལ་ཟུག་ཅིང་འཁོར་བ་དང་ཁྱད་པར་ཟུང་མཁར་མདའི་མཆོད་རྟེན་གྱི་ཉེ་ལོཊ་ཕྱུག་པོ་བྲག་


JLAZ013_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བར་སླེབས་པའི་མཚན་མོ་རི་མོ་ཅན་ནས་འདིའི་བར། འཇའ་ཚོན་ཁ་དོག་སྣ་ལྔས་འབྲེལ་བ་རྣལ་འབྱོར་པ་ཕོ་མོ་ཀུན་གྱིས་མཐོང་ངོ་། །དེར་ཚོགས་འཁོར་བསྐོངས་ལ་སོགས་པ་མཛད་ནས་མན་ངག་མཁའ་འགྲོའི་སྙིང་ཏིག་གི་ཆོས་སྒོ་ཕྱེ། མཚན་མོའི་འོད་གསལ་གྱི་སྣང་བ་ལས་ཆོས་སྐུའི་དགོངས་པ་ཀ་དག་གི་དབྱིངས་སུ་འཁྱིལ་ཚུལ། དེའི་རྩལ་སྣང་ལོངས་སྐུར་འཆར་ལུགས། ཕྱིར་གསལ་ལས་སྤྲུལ་པའི་སྐུ་འགྱེད་ཅིང་། རིགས་དྲུག་གི་འཆར་ཚུལ་སོགས་འོད་གསལ་གྱི་ཆོས་སྐད་སྒྲ་བོ་ཆེ་དང་། རྩིས་པོ་ཆེ་དག་གིས་ཀྱང་ཕྱོགས་མི་མཚོན་པའི་ངོ་བོའི་བཞུགས་ཚུལ་ཆེན་པོ་གང་ཡིན་པ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཀྱི་ཐུགས་རྒྱུད་ལ་མངོན་དུ་གསལ་བར་བྱིན་གྱིས་བརླབས་ཤིང་། མཁའ་འགྲོ་མས་ངོ་སྤྲོད་ཅེར་མཐོང་དུ་མཛད། དེའི་ཚེ་མན་ངག་མཁའ་འགྲོའི་ཡང་ཏིག་གི་ཡིག་ཆ་མཛད་དུས་སློབ་དཔོན་རིན་པོ་ཆེ་ཐུགས་སྒྲུབ་ཀྱི་ཆ་ལུགས་སུ་བྱོན། གཡས་ན་མཚོ་རྒྱལ་དང་། གཡོན་ན་གཡུ་སྒྲོན་མས་ཚིག་དཔོད་པ་རྣལ་འབྱོར་མ་མཁའ་འགྲོའི་མཚན་རྟགས་ཚང་བ་གཅིག་གིས་ཀྱང་མཐོང་། ཁྱད་པར་དུ་ཡེ་ཤེས་མཚོ་རྒྱལ་ཉིན་ཞག་དྲུག་གི་བར་དུ་དངོས་སུ་བྱོན་ནས་མཁའ་འགྲོ་སྙིང་ཏིག་གི་བརྡ་དོན་དཔེ་གསུམ་གྱི་ངོ་སྤྲོད་གཏད་རྒྱ་དང་བཅས་མཛད་པས་དམིགས་པ་དང་། ངོ་སྤྲོད་ལུགས་དང་། བརྗོད་པའི་ཚུལ་ངོ་མཚར་ཅན་སྔ་ན་མ་གྲགས་ཤིང་། ཡི་གེ་ན་


JLAZ013_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

མི་གསལ་བ་མང་པོ་ཐུགས་ལ་རང་རྡོལ་དུ་བྱོན་པས་གངས་རིའི་ཁྲོད་ན་གཞན་སྙིང་ཐིག་གི་ཡི་གེ་ཟབ་མོར་གྲགས་པ་ཇི་སྙེད་ལའང་། ཀུན་ཏུ་བཟང་པོ་གཉིས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དགོངས་གཏེར་རྒྱ་མཚོའི་རྡོ་རྗེའི་གནས་འདི་ན་གསལ་བའི་ཟབ་གནད་ཀྱི་ཆ་ཤས་ཀྱིས་ཀྱང་མ་གོས་པ་ཉིད་དུ་མཐོང་བས། ཡིག་ཆ་འདི་ལ་མ་བརྟེན་པ་གང་ཞིག་རི་མོའི་མར་མེ་དང་མཚུངས་པ་ཉིད་དུ་རིགས་པར་བྱས་ནས་བསྟན་པ་འདི་ལ་གཅེས་སྤྲས་སུ་བྱ་བར་འོས། འདི་ལྟར་གདམས་པའི་ས་བོན་ཕལ་ཆེར་གནས་འདིར་བྱུང་ཡང་གཏན་ལ་འབེབས་པ་གངས་རི་ཐོད་དཀར་དུ་མཛད་པས་སྦྱར་བྱང་ལ་དེ་ལྟར་ཐེབས་པ་ཡིན་ནོ། །ལར་ཆོས་འདི་མཁའ་འགྲོའི་སྙིང་ཁྲག་ལྟ་བུར་གྱུར་ལ་གནས་འདིའང་བྱིན་རླབས་ཆེ་བས་རྩ་བ་གསུམ་དང་མཁའ་འགྲོའི་འདུ་བ་ཟད་མི་ཤེས་པ་དང་། རྨ་བྱའི་གདུཊ་རིན་པོ་ཆེའི་ཏོག་གིས་མཚན་པ་བླ་མའི་དབུ་སྟེང་ན་བཟུང་བ་མཐོང་བ་དང་། དཀྱིལ་འཁོར་གྱི་ཐིག་མཛད་དུས་ཐིག་སྣ་བུད་མེད་དམར་མོས་འཛིན་པ་དང་། རེ་ཁཱ་དགྲམ་པའི་ཚེ་བུད་མེད་གསེར་གཡུའི་ལན་ཚར་ཅན་གྱིས་འབྲི་རོགས་བྱེད་པ་དང་། དབང་གོང་མའི་དུས་སློབ་མ་བདུན་ཙམ་ཚོགས་པ་ལ། ཤངས་ཁྲག་གློ་བུར་དུ་བྱུང་ནས། བླ་མའི་གསུང་གིས་དབང་འདི་ལ་གསུམ་ལས་མི་ཚུད་པ་ལ་གྲངས་ཐལ་བས་ལན། ཁྱེད་བཞི་ཕྱིར་དེངས་གསུངས་པས་


JLAZ013_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཁང་ལ་འཇའ་ཚོན་ཟུག་པ་དང་། ནམ་གྲུ་རེ་མ་ཏིས་མངོན་སུམ་དུ་འོངས་ནས་ང་ལ་གཏོར་མ་མི་སྟེར་བ་ཨེ་ཡིན། ངས་དཀའ་ལས་ཡུན་རིང་རབ་བྱས་ཟེར་ནས་རང་ཉིད་གཙོ་འཁོར་རྣམས་ཀྱི་མངོན་རྟོཊ་གསལ་བར་བཤད་ཅིང་། གཏེར་གྱི་ལུང་བསྟན་དང་ཆོ་འཕྲུལ་ཆེན་པོ་བསྟན་པས། ང་ནང་འོད་གསལ་གྱི་གཏེར་ཁ་ཕྱེ་བ་ལ། །བྲག་སེར་ཀའི་གཏེར་གྱིས་དགོས་པ་མེད། །གཏེར་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག །སྐལ་ལྡན་ཡིན་ཀྱང་ཆོག་ལ་མིན་ཀྱང་ཆོག །ཆོས་ཟད་བློ་ཟད་ཀྱི་རྣལ་འབྱོར་ལ། །ཁྱེད་གཏེར་སྲུང་གི་ཡུས་ཆེ་འཚོང་མི་དགོས། །ཞེས་གསུངས། རྒྱབ་ཆོས་དང་རིན་པོ་ཆེ་གསང་བའི་ངོ་སྤྲོད་མཛད་པའི་ཚེ། ཡེ་ཤེས་མཚོ་རྒྱལ་གྱིས་བུམ་པ་བསྣམས་ནས་དབང་བསྐུར་བ་མཐོང་བས་ཐམས་ཅད་འུར་ལངས་ཕྱག་འཚོལ་ཟེར་བ་བྱུང་། བར་དོ་དང་འོད་གསལ་ཟུང་འཇུག་གི་ངོ་སྤྲོད་མཛད་དུས། མཁའ་འགྲོ་མ་རྣམས་མཉེས། ངའི་ཆོས་འདི་ལ་མི་ལས་མི་མ་ཡིན་གཙིགས་ཆེ་ཞིང་དོན་གཉེར་དང་འདུན་པ་ཆེ་བར་འདུག་ཁྱེད་རང་ཚོ་སེམས་ལ་ཞོག་གསུངས། འོད་གསལ་ཡེ་ཤེས་ཀྱི་ངོ་སྤྲོད་མཛད་པའི་ཚེ་བར་སྣང་ཐམས་ཅད་མཁའ་འགྲོས་གང་ནས་ཐལ་མོ་སྦྱར། ནུབ་མོ་སྔགས་སྲུང་མ་བབས་ནས་གར་བྱེད་པ་ལ། བླ་མས་ཁོ་བོ་སྙིང་ཏིག་དེ་ལྟར་དུ་སྟོན་པ་ཡིན། ཁྱེད་བཀའ་སྲུང་དང་མཁའ་འགྲོ་རྣམས་ཨེ་དགའ་


JLAZ013_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། གུ་རུ་དང་ཡེ་ཤེས་མཚོ་རྒྱལ་དེ་བཞིན་གསུངས། གཞན་དེ་ལྟར་ཤེས་པ་ག་ན་ཡོད་ངོ་མཚར་ཆེ། སྤྱིར་མཁའ་འགྲོ་ཐམས་ཅད་དགའ། ལྷག་པར་ཨོ་རྒྱན་རྫོང་ན་གསོལ་བ་འདེབས་པ་གཅིག་མཉེས་ནས་གདའ་ཟེར། དེ་ནས་སྐྱེས་བུ་ཆེན་པོ་བྱུང་ནས་ཨོ་རྒྱན་རྫོང་དུ་འབྱོན་པར་བསྐུལ། ཁྱེད་ལ་སློབ་མ་འགྲོ་དོན་ནུས་པ་སུམ་ཅུ་འོང་། དེའི་ནང་ནས་ཀྱང་སེམས་ཅན་ལ་ཕན་པ་ཆེ་བ་བཅུ་གཅིག་འོང་། ཁྱད་པར་ཅན་དགུ་ཡོང་། ཁྱེད་ཚོ་བླ་མ་འདི་དང་འཕྲད་པས་འཚེངས་པ་ཡིན་ཟེར། ཆོས་སྐྱོང་གི་གཏད་རྒྱ་བྱེད་དུས། ཤན་པ་སྲོག་སྒྲུབ་མས་ངའི་སྒྲུབ་ཐབས་མི་ཀློག་པ་ཞུ་ཟེར་བའང་བྱུང་། དེ་ལྟར་མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་ཐམས་ཅད་རྫོགས་པའི་ནུབ། ཁ་སང་ནས་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་བྱིན་པ་ཡིན། དོ་ནུབ་བོས་ཀྱང་ཨེ་ཡོང་ལྟ་ཡི་ཆང་ལ་ཆུ་རྒྱོབ་ཅིག་གསུངས། ཡོད་ཚད་བཙགས་པས་རྫ་ཆུང་གང་བྱུང་། དེས་ཆོག་ལས་ཆེ་ཞུས་པས། དེས་མི་ལྡང་ད་དུང་ཆུ་རྒྱོབ་ལ་ཆོག་གསུངས། དེ་བཞིན་བྱས་པས་བཙགས་ཚད་ཆང་དུ་བྱུང་ནས་དེར་ཚོགས་པ་ཐམས་ཅད་བཟི་བ་ཙམ་སོང་བས། དངོས་པོ་སྤྲུལ་བསྒྱུར་བྱ་བ་དེ་ལྟར་ཡིན་གསུངས། དེ་ནས་གཡུ་སྒྲོན་མས་ཀྱང་ངའི་གནས་སུ་གཤེགས་པ་ཞུ་ཞེས་བསྐུལ་ནས་ཞལ་གྱིས་


JLAZ013_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ཙ་ན། ཤིན་ཏུ་དགའ་བའི་ཚུལ་གྱིས་ཁོ་མོ་སྔོན་ལ་འགྲོ་ཟེར། དེར་ནམ་གྲུ་བབས་ནས་བླ་མ་མི་གཤེགས་པར་ཞུ་ཟེར། ཁྱེད་མི་མ་ཡིན་རྣམས་ལ་ངས་ཆོས་དེ་འདྲ་བཤད་ཀྱང་མ་གོ། དགའ་མི་དགའ་བློའི་ཆོ་འཕྲུལ་ཡིན། ང་གང་ཡོང་སར་འོངས་པས་ཆོག་གསུངས་ནས་ཏིང་ངེ་འཛིན་གྱི་དབང་བསྐུར་ཅིག་མཛད་པས་ཐུགས་ལ་བཏགས་ཟེར། ཁ་སང་གར་དེངས་དྲིས་པས། འབྲོག་ཏུ་རུ་སྡུད་ཅིག་ལ་ཕྱིན་ཟེར། དེ་དུས་ཕྱུགས་ནད་མང་པོ་བྱུང་བར་གྲགས། དེ་ནས་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཀྱང་རང་རང་གི་གོས་དང་རིན་པོ་ཆེའི་མཎྜལ་ཕུལ། བསྒྲུབ་པའི་དམ་བཅའ་བྱས་པས། ངའི་ཆོས་འདི་ལ་གཏོང་ཕོད་དང་བསྒྲུབ་པའི་དམ་བཅའ་བརྩོན་པ་མང་པོ་ཡོང་གསུངས། ཡང་འོད་གསལ་སྦུབས་འཇུག་གི་གདམས་པ་གསུངས་ནས། ངའི་མན་ངག་འདི་དག་འཛམ་བུའི་གླིང་ན་དཀོན་པ་ཡིན། སྣོད་ཀྱིས་འཆུན་ན་འོད་ལུས་མྱུར་དུ་འགྲུབ་བོ་གསུངས། བསམ་ཡས་མཆིམས་ཕུ་ནས་ཕྱག་ཕེབས། ཕྱུག་པོ་བྲག་ཏུ་ཚོགས་འཁོར་མཛད། གཡུ་སྒྲོན་མས་བསུ་བའི་རྣམ་པ་ཡང་བྱས། དེ་ནས་ཤུག་གསེབ་ཏུ་གདན་དྲངས་དུས་རྣལ་འབྱོར་མ་གཅིག་ལ་མཁའ་འགྲོ་བབས་ནས་བླ་མ་ཨོ་རྒྱན་རྫོང་དུ་གཤེགས་པར་ཞུ་ཟེར། དེ་ནས་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་མོའི་ཚལ་དུ་ཕེབས། རྣལ་འབྱོར་པ་འོད་ཟེར་གོ་ཆས་


JLAZ013_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་ནས་མཁའ་འགྲོ་ཡང་ཏིག་གཏན་ལ་ཕབ། དེའི་ཚེ་ནམ་མཁའ་འཇས་ཁེངས། མཁའ་འགྲོའི་སྣང་བ་དང་ཆོ་འཕྲུལ་ཟད་མི་ཤེས་པ་ཀུན་གྱི་མཐུན་གྲུབ་ཏུ་བྱུང་། དེ་དག་གིས་བར་སྐབས་ཅི་རིགས་པར་བླ་མའི་དྲུང་དུའང་གདམས་ངག་གི་ཞུན་ཐར་བཅད། གང་དུ་བཞུགས་སར་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་བླ་མ་མཉེས་པར་བྱས། འདི་སྣང་ལ་ཆགས་ཞེན་མེད་ཅིང་། འཁོར་འདས་ལ་རེ་དོགས་སུ་འཛིན་པ་དག་ནས་དགོན་གནས་དང་གཞི་འཛིན་པའི་འདུ་འགོད་མ་མཛད། བླ་མའི་དྲུང་དུ་འཁོར་གསུམ་ཡོངས་སུ་དག་པའི་འབུལ་བ་ལན་ལྔ། འབུལ་མོ་ཆེ་གཉིས་དང་། བདུན་རྣམ་དག་གིས་མཆོད། ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་རྣམ་གཉིས་དང་བརྒྱད་མཆོད་བཟུང་ནས། དཔའ་བོ་དང་མཁའ་འགྲོ་རྣམས་ཚོགས་གཏོར་རྒྱ་ཆེན་པོས་མཉེས་པར་མཛད། གནས་འདིར་འོད་གསལ་ཐོད་རྒལ་གྱི་གསེབ་ལམ་ལས་རིག་པར་ཚད་ཕེབས་ཀྱི་གྲོང་ཁྱེར་ག་ལ་བ་དེར་བྱོན་ཏེ། རྒྱུན་གྱི་རྣལ་འབྱོར་ལྷུམས་སུ་ཞུགས། ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་ཞལ་མཇལ། ཁྱད་པར་སློབ་དཔོན་བི་མ་ལའི་ཞལ་གཟིགས་ནས། ངའི་སྙིང་ཏིག་འདི་དོན་བསྡུས་གོ་སླའི་ཉིང་ཁུ་ཞིག་བསྡེབས། ཀུ་མ་རཱ་ཛའི་སྐྱེ་བ་ད་ལྟའི་སློབ་མ་གཞོན་ནུ་སངས་རྒྱས་ལ་སྟོན། དེ་ནས་ཀྱང་། སྣ་ལ་ཨ་ཡིག་གིས་མཚན་པའི་གཞོན་ནུའི་


JLAZ013_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཅན་བདུན་འབྱུང་བས་ཆོས་འདི་འཛིན་སྤེལ་བྱེད་པར་ལུང་བསྟན་པས་ཡང་ཏིག་ཡིད་བཞིན་ནོར་བུ་ཆོས་སྡེ་སུམ་ཅུ་རྩ་ལྔ་པར་གདམས། ས་མོ་ཡོས་ཀྱི་ལོར་ཁོ་བོ་ཅག་ལའང་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོར་མངོན་སུམ་པའི་ཞལ་ལན་གསུམ་དུ་བསྟན་ཅིང་། གསོལ་བ་དྲག་པོ་བཏབ་པ་ལས། མི་དང་མི་བཟློ་བ་ལྟ་བུའི་གསུང་གིས་དབུགས་འབྱིན་ཆེན་པོ་ཐོབ། ཤིང་རྟ་ཆེན་མོ་ལ་སོགས་པའི་མན་ངག་གབ་པ་ཐམས་ཅད་འདིས་གསལ་བ་ཡིན་གསུངས་ནས་གླེགས་བམ་ཞིག་ལག་ཏུ་སྤྲད། མན་ངག་དང་བྱིན་རླབས་ཀྱི་རྗེས་སུ་གདམས་པ་ཐམས་ཅད་སྩལ་བས་ཆོས་ཉིད་ཀྱི་དྲན་པ་མཁའ་ལྟར་དག །ཆོས་ཚུལ་རྒྱ་མཚོ་དང་ཁྱད་པར་ཀུན་མཁྱེན་བླ་མ་ཉིད་ཀྱི་གཞུང་ལུགས་དང་མན་ངག་ཐམས་ཅད་ལ་གོ་བ་ཅུང་ཟད་རྙེད་པ་འདི་བྱུང་། རྟེན་འབྲེལ་དེ་ལས་གསུངས་པ་འདི་དག་གཅིག་ཏུ་ཚོཊ་པའང་དཀོན་པའི་གནས་སྐབས་སུ་རིང་མོ་ཉིད་ནས་གྱུར་པ་ལ། སྡེ་དགེ་བཙད་པོའི་ཁབ་ཏུ་པར་གྱི་སྒོ་འཕར་ཕྱེ་མ་ཐག་པའང་གནས་དེར་སོན་པས་ལུང་རྒྱུན་གསོ་བའི་རྟེན་འབྲེལ་ཆེན་པོ་དང་། རིང་མིན་མཆིམས་ཕུ། ཀོང་པོ། གཡོ་རུ་རྣམས་ནས་ཀྱང་ཀུན་མཁྱེན་ཆེན་པོའི་ཕྱག་དཔེ་ཡིན་ཞེས་ཡང་ཏིག་ཡིད་བཞིན་ནོར་བུ་ཚར་གསུམ་བསྐུར་ནས་འཕྲོད་པ་རྒྱལ་བ་གཉིས་པ་དེའི་འཕྲིན་ལས་ཀྱི་བྱེད་པ་ཡིན་པར་བལྟའོ། །དེ་བཞིན་དུ་བི་མ་ལས་དབུ་རུ་


JLAZ013_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭའི་ཕྱོགས་སུ་སྡིགས་མཛུབ་གཏད་ནས་ཞིག་གསོས་དགོས་པར་ལུང་བསྟན་པ་ལྟར། དེ་ཉིད་དུ་བྱོན་ནས་ཞིག་གསོས་མཛད་པའི་ཚེ། མནན་པའི་ཐོད་པ་མང་པོ་ནམ་མཁའ་ལ་འཕར་བ་ཏིང་ངེ་འཛིན་གྱི་ངང་ལས་སྡིགས་མཛུབ་གཏད་པ་ཙམ་གྱིས་བཀུག །དབུ་རྩེའི་རྒྱབ་ནས་ལྷ་ཁང་གསོ་བའི་ཐེབས། གསེར་འགུ་ཙེ་གང་བཅུས། དམ་ཅན་པ་བྱིས་པ་གཡུ་རྣ་ཅན་དུ་སྤྲུལ་ནས་ཉིན་བཞིན་བཟོ་བའི་གྲོགས་བྱས། རྡོ་རིང་ཆེན་པོ་གཉིས་འགྱེལ་བ་ཐབས་དང་དཔུང་གང་གིས་ཀྱང་བསླང་མ་ནུས་པར། ཆོས་སྐྱོང་ལ་གཏོར་མ་བྱིན། བདེན་ཚིག་བརྗོད། ཐུགས་འུར་བའི་ཚུལ་གྱིས་སྐུ་ཆོས་བརྡབས་པས་མོད་ལ་སློང་ནུས་པ་བྱུང་། ཐོད་པ་སྣ་ཚོགས་ན་དམ་སྲི་མནན་ཡོད་པའི་བཅའ་ག་ཞིག་པ་རྣམས་སོར་བཙུད་དེ་སླར་ཡང་དེ་ཉིད་དུ་རྒྱས་འདེབས་པར་བརྩམས་པ་ན་འཐོར་རླུང་དྲག་པོ་གཡོས། ས་རྡོའི་ཆར་བབས་པས་མི་རྣམས་ཀྱང་བྲོས། ཐོད་པ་རྣམས་འཕར་ནས་ཕན་ཚུན་བརྡབས། ཆེ་ཤོས་ཞིག་དམ་སྲིའི་འཕྲུལ་གྱིས་ནམ་མཁའ་ལ་ཡར་བ་དྲག་ཤུལ་རབ་ཏུ་འབར་བའི་ཏིང་ངེ་འཛིན་དང་ལྟ་སྟངས་ཀྱིས་བཀུག་ནས། ཞབས་ཀྱི་འོག་ཏུ་བཙུད་པས། གསལ་བ་གྱད་དུ་གྱུར་པའི་རྟགས་གུ་རུ་དྲག་པོའི་སྐུར་གཞན་གྱིས་དངོས་སུ་མཐོང་། སླར་ཐོད་པ་རྣམས་ཕྲ་མེན་མཆོད་རྟེན་གྱི་ཞབས་སུ་མནན། རབ་


JLAZ013_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དུས་སྐུའི་བཀོད་པ་དུ་མ་ངོ་མཚར་བར་བསྟན། ཐུབ་པ། བྱམས་པ། གནས་བརྟན་བཅུ་དྲུག་རྣམས་ཞལ་འཛུམ་ལྷག་ལྷག་སྟོན་པ་དང་། བྱམས་པས་ཕྱག་མཛུབ་དེངས་ནས་ཁྱོད་ཀྱི་སྐྱེ་བའི་མཐར་པདྨ་བརྩེགས་པའི་ཞིང་དུ་དེ་བཞིན་གཤེགས་པ་རི་རབ་མར་མེའི་རྒྱལ་མཚན་དུ་འཚང་རྒྱའོ་ཞེས་པའི་ལུང་བསྟན་ཐོབ། དབུས་སྟོད་སྐྱིད་ཆུའི་འགྲམ་ཕན་ཚུན་གཉིས་ཀར་ཆོས་ཉན་མང་དུ་ཚོགས་པ་ལ་གསང་བ་བླ་ན་མེད་པའི་ཁྲིད་བཏབ། ཚོགས་པ་རྣམས་ལ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཡང་ཡང་གནང་། གསང་ཕུའི་ཆོས་གྲྭ་ལའང་སྔ་ཕྱིར་གནང་སྦྱིན་བཟང་པོ་མཛད། གོང་པོ་རིའི་ཐད་ནས་གདོང་འཇིགས་སུ་རུང་བ་ཞིག་གཟིཊ། འཇིག་རྟེན་ལ་མི་དགེ་བ་དང་། ས་ཕག་གི་རྩོད་པ་འོང་བ་མཁྱེན་ནས་མོན་བུམ་ཐང་དུ་ཕེབས། བསྟན་པའི་སྣང་བ་ཉུང་བས་ཤིན་ཏུ་གདུལ་དཀའ་བའི་གནས་དེར་ཡང་གདུལ་ཞིང་རྒྱ་ཆེ། ཚོགས་པ་མང་པོ་འདུ་བའི་དགེ་འདུན་གྱི་སྡེ་བཙུགས་ཏེ་ཐར་པ་གླིང་དུ་བཏགས། སློབ་དཔོན་སངས་རྒྱས་ཀུན་དགའ་བསྐོ་འཇའ་གནང་། སྔ་འགྱུར་སྤྱི་དང་རྫོགས་ཆེན་གྱི་འཕྲིན་ལས་སྤེལ། གསང་སྔཊ་རང་གར་སྤྱོད་པ་དག་ལ་མིག་ལྟོས་བསྟན་པའི་ཆེད་བྱར་ནས་གཏེར་སྟོན་གྱི་དངོས་སློབ་ཤོའི་རྒྱལ་སྲས་ལེགས་པ་ལས་མཁའ་འགྲོའི་སྙིང་ཏིག་གི་ཚིག་རྒྱུད་གསན། ལྷ་སར་བྱོན་ནས་ཇོ་བོ་མཇལ་དུས་མཛོད་

ཤོག་ལྷེབ། ༣༠༡ ནས་ ༤༠༠ བར།


JLAZ013_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་ནས་འོད་ཟེར་བྱུང་སྟེ་ཉིད་ཀྱི་སྨིན་མཚམས་སུ་ཐིམ་པར་བྱ་རྒོད་ཕུང་པོ་དང་། ལི་ཡུལ་རྣམས་སུ་པཎྜི་ཏར་སྐྱེ་བ་བླངས་པ་དྲན། གནས་འདིར་དགེ་འདུན་མང་པོས་བསུ་བ་སེར་སྒྲེང་གིས་བསུས། ལྷ་ས་དང་ར་མོ་ཆེའི་བར་དུ་ཆོས་ཁྲི་བརྩིགས་པའི་སྟེང་ནས་སེམས་བསྐྱེད་ཆེན་མོ་སོགས་ཆོས་འཁོར་རྒྱ་ཆེན་པོ་བསྐོར། ཁེངས་པའི་བློ་ཅན་མང་པོས་དངོས་དང་བརྒྱུད་ནས་ཉམས་སད་བྱེད་པ་མཐའ་དག་ལུང་དང་རིགས་པའི་ཆོམ་པོས་རྣམ་པར་བཏགས་ནས། ངེས་ཤེས་སྐྱེ་བའི་དད་པ་ལ་བཀོད་པས་ཀུན་མཁྱེན་ཆོས་རྗེ་ཞེས་པའི་མཚན་གྱི་རྣ་ལུང་དཔྱངས། ཡང་ལན་ཅིག་ཇོ་བོ་མཇལ་དུས་སྐུ་ལས་གསེར་བཙོ་མ་ལྟ་བུའི་འོད་འཕྲོ་བ་དང་། དབུའི་སྟེང་ནས་སངས་རྒྱས་རབས་བདུན། སྨན་བླ། བདེ་དགྱེས། སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ། རྒྱལ་བ་རྒྱ་མཚོ་དང་། བསྟན་སྲུང་གི་ཚོགས་དུ་མ་གཟིགས། འདིས་མཚོན་པའི་དུས་དང་དུས་མ་ཡིན་པར། སློབ་དཔོན་ཆེན་པོ། གུ་རུ་དྲག་པོ། དམ་པ་རིགས་བརྒྱ། སྒྲུབ་ཆེན་བཀའ་བརྒྱད་ལ་སོགས་པ་སངས་རྒྱས་བྱང་སེམས་ཏིལ་གྱི་གང་བུ་ལྟར་ཞལ་གཟིཊ་ནས་བསྟན་བཅོས་བརྩམས་པར་བསྐུལ་ཞིང་བཀའི་གནང་བ་ཐོབ་པས། དགོངས་པ་ཀུན་ཏུ་བཟང་པོའི་ཀློང་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཆོས་ཉིད་ལས་གཡོ་བ་མེད་པའི་ངང་ནས་རྗེས་ལ་ཐོབ་པའི་ཡེ་ཤེས་


JLAZ013_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་འགྲོགས་ནས་རྒྱལ་བ་བདེན་པར་སྨྲ་བའི་བཀའ་དང་ཐ་དད་དུ་མེད་པས་བྱིན་གྱིས་བརླབས་པའི་བཀའ་འམ། འཆོས་སྐྱོབ་གཉིས་ཀྱི་ཡོན་ཏན་རྒྱ་མཚོས་བསྲུངས་པའི་བསྟན་བཅོས་གང་ཞིག་སེམས་ཀྱི་གླང་པོ་སེམས་བྱུང་དང་རྟོག་ཚོགས་མཐའ་ཡས་པའི་ཁུར་གྱིས་དུབ་ནས་འཁོར་བ་རྒྱ་མཚོའི་རུམ་ན་འཇུག་པར་རྩོམ་པ་དག །བདེ་བ་ཆེན་པོའི་ཙནྡན་ལྗོན་པའི་གྲིབ་བསིལ་ལ་ངལ་གསོའི་དབུགས་འབྱིན་ཆེན་པོ་སྟེར་བའི་ཆོས་ཚུལ། རྩ་བ་ངལ་གསོ་སྐོར་གསུམ། བསྡུས་དོན་ཕྲེང་བ་རྣམ་གསུམ། རྒྱས་འགྲེལ་ཤིང་རྟ་རྣམ་གསུམ། དོན་ཁྲིད་རྣམ་གསུམ། སྤྱི་དོན་ལེགས་བཤད་རྒྱ་མཚོ། དཀར་ཆག་པདྨ་སྟོང་ལྡན་ཏེ་ཆོས་སྡེ་བཅུ་བཞི། ལོག་པར་སྨྲ་བའི་ཕྱི་རོལ་པ་དག །རང་གི་གཏན་ཚིགས་ལ་མཆོག་ཏུ་ཞེན་པའི་འཇིག་ཚོགས་ལ་ལྟ་བ་སུམ་བརྒྱ་དྲུག་ཅུའི་རི་དྭགས་མི་བསྲུན་པ་རྣམས་ཀྱི་མཚང་གཏིང་ནས་བྲུས་ཏེ། གྲུབ་མཐའ་ངན་པའི་སྤྱི་བོར་བརྒལ་བ་དང་། བརྟག་པ་དང་། སུན་འབྱིན་པའི་སྡེར་མོ་རྣོན་པོས་བསྣུན་ནས། ཅང་མི་སྨྲ་བ་དང་ཡུལ་ཡུལ་པོའི་གནས་ལ་འགོད་པ་སྔོན་དུ་འགྲོ་བས། སྟོན་པ་འཇིག་རྟེན་གསུམ་གྱི་མིག་གཅིག་པུའི་གྲུབ་པའི་མཐའ་ཐེག་པ་གསུམ་གྱི་ཁང་བཟང་ཆེན་པོར། བླ་ན་མེད་པའི་ཐེག་པའི་ཁྱད་པར་གྱི་ཡིད་བཞིན་ནོར་བུ་ཏོག་གི་བློ་གྲོས་དེ་བཞིན་གཤེཊ་པ་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་


JLAZ013_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་མཛོད་ཁང་དམ་པར་ཟད་མི་ཤེས་པའི་སྐོར་ལ། ཡིད་བཞིན་མཛོད་རྩ་བ་ལེའུ་ཉེར་གཉིས་པ། འགྲེལ་ཆེན་པདྨ་དཀར་པོ། ཁྲིད་ཡིག་རྡོ་རྗེ་སྙིང་པོ་སྟེ་མ་བུ་གསུམ། གནད་ལས་སྙིང་པོར་ཕྱུང་བ་མན་ངག་རིན་པོ་ཆེའི་མཛོད། ཀློང་སྡེ་ཤས་ཆེར་སྟོན་པ་ཆོས་དབྱིངས་རིན་པོ་ཆེའི་མཛོད་རྩ་བ་ལེའུ་བཅུ་གསུམ་པ། འགྲེལ་པ་ཆོས་དབྱིངས་གསལ་བ་སྟེ་སྡེ་ཚན་གཉིས། ཐེག་པ་མཐའ་དག་གི་དོན་གསལ་བ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལེའུ་བརྒྱད་པ། ཀུ་མ་རཱ་ཛའི་དགོངས་རྫོགས་སུ་བརྩམས་པར་གྲགས་པ་རྒྱུད་བཅུ་བདུན་དང་། མན་ངག་བརྒྱ་བཅུ་དགུའི་དོན་འགྲེལ་བརྗོད་བྱ་ཤིན་ཏུ་རྒྱ་ཆེ་བ་ཐེག་མཆོག་མཛོད་རིམ་ཁང་ཉི་ཤུ་རྩ་ལྔ་པའི་བདག་ཉིད་ཅན། དེའི་གནད་དོན་བསྡུས་པ་ཚིག་དོན་རིན་པོ་ཆེའི་མཛོད་རྡོ་རྗེའི་གནས་བཅུ་གཅིག་པ། སེམས་ཀློང་མན་ངག་གསུམ་ཀའི་སྙིང་པོའི་མཐར་ཐུག་གནས་ལུགས་རིན་པོ་ཆེའི་མཛོད་རྩ་བ་ལེའུ་ལྔ་པ། ཊཱི་ཀ་དང་བཅས་པ་སྟེ་མཛོད་བདུན་གྱི་བདག་ཉིད་ཅན་ཕལ་མོ་ཆེ་གནས་འདི་ཉིད་དུ་བྱུང་། སྤྱིར་སྔགས་བདག་གཟའ་དང་། དམ་ཅན་གསུམ་ལས་ལ་བྲན་བཞིན་དུ་འཁོལ་ཞིང་བཀའ་ཉན་པས། མཛོད་འདི་དག་རྩོམ་པའི་ཚེ་གངས་རིར་ཁྱབ་འཇུག་ཆེན་པོར་སྣག་ཚ་མཉེད་བཅུག་པ། ཉེ་གནས་པས་མངོན་སུམ་དུ་མཐོང་། དེ་ལྟར་བཤད་པ་དང་དོན་གྱི་སྙིང་པོའི་བསྒྲུབ་པ་ཁོ་ན་ལ་དབེན་


JLAZ013_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབའ་ཞིག་ཏུ་བཞུགས་པའི་སྒྲུབ་གནས་ཀྱང་། བསམ་ཡས་མཆིམས་ཕུ། ཨོ་རྒྱན་རྫོང་། ལྷ་རིང་བྲག །གྲ་ཕུ། ཤུག་གསེབ། གངས་རི་ཐོད་དཀར། གཞུ་སྟོད་ཏི་སྒྲོ། ཡེར་བ། ཡར་ལྷ་ཤམ་པོ། བུམ་ཐང་། སྐྱམ་བུ་དཔལ་གྱི་དགེ་སྡིངས། གོང་པོ་རིའི་གླ་བ་ལུང་། ཀོང་པོ་རྩ་གོང་གི་ཕུ་རྣམས་ལས་ཕལ་ཆེར་གངས་རི་ཉིད་དུ་གཏན་ཆགས། ལྷོ་འབྲོག །དབུ་གཡོར། ལྷོ་མོན་གྱི་ཡུལ་མཐའ་དག་ཏུ་ཁྲིད་ཉན་སྟོང་ཕྲག་ཚོགས་པ་ལན་མང་དུ་བྱུང་ཞིང་། དེ་དག་ལའང་ཐུགས་བསྐྱེད་ཤིན་ཏུ་ཆེ་བས། ཆོས་ཁྲལ་མི་ལེན། དད་རྫས་ཆུད་མི་གསོན། སློབ་མའི་བྱ་བ་འབའ་ཞིག་དོན་དུ་གཉེར་བ་ལ་ལོག་སྒྲུབ་དང་སྐྱོ་ངལ་བཟོད། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་བསྟི་སྟང་དུ་བྱ་བ་དང་གཞན་རྒྱུད་ཀྱི་བསམ་པ་མཁྱེན་ནས་ཐབས་ལ་མཁས་པའི་གདུལ་ཚུལ་དཔག་ཏུ་མེད་པ་ལ་སོགས་མདོར་ན་རང་དོན་སྤངས་རྟོགས་ཕུན་སུམ་ཚོགས་པའི་གོ་འཕང་བརྙེས། འདོད་པ་གཏན་ནས་ཟད་པ་ལ་སོགས་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པས་གདུལ་བྱ་སྨིན་གྲོལ་ལ་འགོད་པའི་རྣམ་པར་ཐར་པ་གང་ཡིན་པ་ནི། སྐྱེས་བུ་ཆེན་པོ་འདིས་ལག་ལེན་ལ་བཏབ་པ་སྟེ། འབྲི་གུང་སྒོམ་པ་ཀུན་རིན་རང་སྲིད་ཀྱིས་དྲེགས་པས་མྱོས་ཏེ་དམག་འཁྲུག་གཡོ་བར་བརྩམས་པ་ལ། སློབ་དཔོན་ཆེན་པོའི་ལུང་བསྟན་དུ། འབྲི་ཞེས་བྱ་བའི་ས་ཕྱོགས་སུ༔ ཀུན་


JLAZ013_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དགའི་མིང་ཅན་བདུད་ཀྱི་བུ༔ ལུས་ལ་མཚོན་ཆའི་རི་མོ་ཡོད༔ ཤི་ནས་དམྱལ་བར་སྐྱེ་བར་འགྱུར༔ ལྷོ་ཡི་ཕྱོགས་ནས་འཇམ་དབྱངས་ཀྱི༔སྤྲུལ་པ་གཅིག་གིས་འདུལ་བར་བྱེད༔ ཅེས་པའི་ལུང་བསྟན་དེ་སྒོམ་པ་ཀུན་རིན་གྱིས་དཀར་པོ་རྣམ་པར་འཕེལ་བའི་ས་བོན་གྱིས་མཐོང་ནས་རང་གི་ལུས་ལ་བལྟས་པར་རྒྱབ་ངོས་སུ་ཤ་མཚན་རལ་གྲི་འདྲ་བ་གཅིག་བྱུང་། དེ་རང་ཉིད་དུ་གདོན་མི་ཟ་བར་ཤེས་ནས། དབུས་གཙང་འདིར་འཁྲུག་པ་ཆེན་པོ་གཅིག་བྱེད་བསམས་ཀྱང་དམྱལ་བར་འགྲོ་ན་བྱེད་དོན་ཆུང་བསམས་ནས་བརྣག་པར་དཀའ་བའི་ལས་ལ་བཤོལ་བཏབ། ཕྱོགས་ཀུན་ཏུ་དྲིལ་བསྒྲགས་ནས་འཇམ་དཔལ་གྱི་སྤྲུལ་པ་བཙལ་བས། མཁས་པ་ཀུན་ཞལ་འཆམ་པར་ད་ལྟ་བོད་རུ་བཞི་ན་བསམ་ཡས་པ་ལས་མཁྱེན་རབ་ཆེ་བ་མི་བཞུགས་ཞེས་བསྒྲགས་པས། འཇམ་དཔལ་གྱི་སྤྲུལ་པར་ངེས་ཤེས་རྙེད་དེ་སྤྱན་དྲངས་ནས་གཙུག་གི་ནོར་བུར་བྱས་པས་འགྲོ་བ་གང་དང་གང་དག་གི་གནས་སྐབས་དང་མཐར་ཐུག་གི་ལས་མི་བསྲུན་པའི་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་དྲུངས་ནས་འབྱིན་པར་མཛད། དུས་དེ་ཙམ་ན་དབུས་གཙང་འདིར་དྲེགས་རློམ་གྱི་སྐྲའི་ཅོད་པཎ་གཞན་ལ་སྟོན་པར་དཀའ་བ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་འབྲི་གུང་པའི་བླ་མ་ཡིན་ཞེས་མི་མཐུན་


JLAZ013_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པར་བལྟ་བ་ལ། ཚད་མེད་པའི་ཐུགས་རྗེ་ཆེན་པོའི་འཕྲིན་ལས་དང་། མཁས་པ་དང་གྲུབ་པའི་རྣམ་ཐར་བཟང་པོ་བུདྡྷ་ཤྲཱིའི་རྣ་ལུང་དུ་དཔྱངས་པས་མཚམས་སྦྱར་ཏེ། བོད་ཤིང་སྒོ་ཅན་པའི་རྒྱལ་པོ་སེངྒེ་རྐང་པ་བརྒྱད་པའི་སྤྱི་བོར་ཡང་ཞབས་སེན་ལེགས་པར་བཀོད། དེ་བཞིན་དུ་དབུས་སྟོད་ཁྲི་དཔོན་སི་ཏུ་ཤཱཀྱ་བཟང་པོ། ཡར་འབྲོག་ཁྲི་དཔོན་རྡོ་རྗེ་རྒྱལ་མཚན་ལ་སོགས་པའི་མི་ཆེན་དུ་མས་ཀྱང་སྲི་ཞུ་བྱས། དེ་དག་ལ་སོགས་ཏེ་དད་པ་ཅན་གྱིས་བྱིན་པའི་རྫས་ཀྱང་སློབ་དཔོན་ནཱ་གཱ་རྫུ་ནའི་རྣམ་ཐར་བཟུང་ནས། གནས་མིན་དུ་ཅུང་ཟད་ཙམ་ཡང་ཆུད་མི་གཟོན་པར་དཀོན་མཆོག་གསུམ་ལ་བསྟི་སྟངས་བླ་ལྷག་ཏུ་མཛད། ཡོ་བྱད་ཆོས་ཕྱོགས་སུ་བསྔོས་ཟིན་པ་རྣམས་རང་གི་རྫས་སུ་འདུ་མི་ཤེས་པས་ཕྱོགས་གཞན་གང་དུའང་འབྱམས་མི་སྲིད། བསྙེན་བཀུར་དཀོན་མཆོག་ལ་དགོས་པ་ཡིན་གྱི་སྡིག་ཅན་ལ་མི་རུང་གསུངས་ནས་མི་ཆེན་ལ་སྟན་དང་བཀུར་བསྟི་མི་མཛད། ཚོགས་གསོག་ཡོན་བདག་གིས་བྱ་བ་ཡིན་གྱི་མཆོད་ཡོན་གོ་ལོག་པ་མ་བཟང་གསུངས་ནས། འབུལ་བ་ཆེན་པོ་གང་ཕུལ་ཡང་དེ་བསྔོ་བས་རྒྱས་འདེབས་པ་ལས་གདབ་ལན་མི་ཡོང་། འགྲོ་བ་ཉམ་ཆུང་བ་ལ་ཐུགས་ལྷག་པར་བརྩེ་བས་སྙོམས་ཆུང་དང་སྤྲང་པོས་ཅི་དྲངས་ཀྱང་ཞིམ་ཞིམ་ལྟར་གསོལ་ནས། མདོ་འདོན་པ་དང་བསྔོ་བ་ནན་


JLAZ013_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གསུངས། དེ་ལྟ་བུའི་མཛད་པ་དཔག་པར་དཀའ་བས་མཐོང་བའི་ཆོས་ལ་རྗེས་སུ་བཟུང་བ་དག་ལྟ་ཅི་སྨོས། རང་བཞིན་གྱིས་མཐོང་བ་དང་། ཐོས་པ་དང་། རེག་པ་དང་། གནོད་པ་བྱེད་པའང་བདེ་བའི་གནས་སུ་འབྲེལ་ཞིང་། བྱང་གྲོལ་གྱི་ས་བོན་ཐེབས་པར་མཛད་ནས་ལྔ་བཅུ་རྩ་དྲུག་བཞེས་པ་ཆུ་མོ་ཡོས་ཀྱི་ལོར། སྐལ་ལྡན་མང་པོ་ལ་སྨིན་གྲོལ་གྱི་གོ་འཕང་སྟེར་བའི་སྐབས་ཤིག །རྒྱལ་སྲས་བཟོད་པ་ལ་སྣག་ཤོག་བསྡོགས་ཤིག་གསུངས་ནས་ཞལ་ཆེམས་དྲི་མ་མེད་པའི་འོད་དུ། འཁོར་བའི་རང་བཞིན་སྔ་ནས་ཤེས་ཟིན་ཏེ། །འཇིག་རྟེན་ཆོས་ལ་སྙིང་པོ་མེད་པའི་ཕྱིར། །ད་ནི་མི་རྟག་སྒྱུ་མའི་ལུས་འདོར་ནས། །གཅིག་ཏུ་ཕན་པའི་གདམས་ངག་བཤད་ཀྱི་ཉོན། །ཞེས་པ་ལ་སོགས་པས་སྣ་དྲངས་ནས། ཐུགས་རྗེ་མངའ་བའི་མགོན་པོ་པདྨའི་ཞལ། །དབུགས་འབྱིན་མཛད་པ་དེ་ཡི་དེང་བཟུང་བས། །འགྲོ་བའི་དུས་བབ་མགྲོན་པོ་ལམ་ཞུགས་བཞིན། །འཆི་བས་དགའ་བའི་རྙེད་པ་ལེགས་གྲུབ་པ། །རྒྱ་མཚོར་དོན་ཡོད་གྲུབ་པའི་ཚོང་པ་དང་། །གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་དབང་དང་། །བསམ་གཏན་གྲུབ་པའི་བདེ་བས་ཆེས་ལྷག་གོ །ད་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། །ཞེས་པ་ལ་སོགས་ཀྱི་ཞལ་ཆེམས་བསྟན་པས། རྒྱལ་སྲས་


JLAZ013_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པ་ན་རེ། དེ་ལྟར་མི་གསུངས་པ་ཞུ་ཞེས་མཆི་མ་བླགས་པས། འདུས་བྱས་འཇིག་པ་ལས་བརྩམས་པའི་ཆོས་མང་པོ་གསུངས། སླར་བསམ་ཡས་སུ་གདན་འདྲེན་བྱུང་བས་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ་རྒྱ་མ་དང་བསམ་ཡས་བརྒྱུད་མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དུ་ཕེབས། དེ་ཡི་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོའི་ཚལ་འགྲོ་ལྟར་རྟོགས་ནས། །ཞེས་པ་དེ་སྐྱེས་བུ་ཆེན་པོ་འདི་ཉམས་འོག་ཏུ་བཙུད་པས། གནས་འདི་ནི་རྒྱ་གར་གྱི་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས་པ་ཡིན། གཞན་དུ་སྐྱེ་བ་ལས་འདིར་འཆི་བ་དགའ། ངའི་སྒྱུ་ལུས་གོག་པོ་འདི་འདིར་འཇོག་པ་ཡིན་གསུངས་ནས་བསྙུང་བའི་ཚུལ་བསྟན་ཀྱང་ད་དུང་ཆོས་མཚམས་རྒྱུན་མ་ཆད། དེར་འོ་བརྒྱལ་དུ་བསམས་ཏེ་རེ་ཞིག་ཆོས་མཚམས་འཇོག་པར་ཞུས་པས་ཆོས་འདི་རྫོགས་པ་ཞིག་བྱེད་བསམ་པ་ཡིན་ཏེ་གསུངས། དེ་ནས་རྒྱལ་ཟླའི་ཚེས་བཅུ་དྲུག་གི་ཉིན་དཔའ་བོ་མཁའ་འགྲོ་རྣམས་མཆོད་གཏོར་རྒྱ་ཆེན་པོས་མཉེས་པར་མཛད་ཅིང་། སློབ་མའི་ཚོགས་ལ་སྤྱིར་ཡང་འདུས་བྱས་ལ་སྙིང་པོ་མེད་པས་ཆོས་འབའ་ཞིག་དོན་དུ་གཉེར། ལྷག་པར་ཁྲེགས་ཆོད་དང་ཐོད་རྒལ་གྱི་ཉམས་ལེན་གནད་དུ་བསྣུན། མ་གོ་བའི་སྐབས་བྱུང་ན་ཡང་ཏིག་ཡིད་བཞིན་ནོར་བུ་འདི་བསམ་འཕེལ་ནོར་བུ་དང་འདྲ་བས་ལྟ་རྟོག་ཞིབ་མོར་གྱིས་ལ་སྒོམས་དང་། ཆོས་ཉིད་ཟད་པའི་ས་ལ་མྱ་ངན་ལས་


JLAZ013_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བར་འགྱུར་རོ་ཞེས་གདམས། དེ་ནས་ཚེས་བཅོ་བརྒྱད་ཀྱི་ཉིན་མཆོད་པ་གཅིག་ཤོམས་ལ་ཁྱོད་རང་རྣམས་དགེ་སྦྱོར་ལ་དེངས་གསུངས། སྐུ་དྲུང་ན་འདུག་པར་ཞུས་པས། འོ་ན་ངའི་སྒྱུ་ལུས་གོག་པོ་འདི་འདོར་བ་ཡིན་པས་ཅ་ཅོ་མ་བྱེད་པར་མཉམ་གཞག་གི་ངང་ལ་སྡོད་གསུངས། སྐུ་གདུང་རིན་པོ་ཆེ་ཆོས་སྐུའི་བཞུགས་སྟངས་ཀྱིས་བཞག་ནས། དགོངས་པ་གདོད་མའི་དབྱིངས་སུ་མནལ་བ་ན། ས་ཆེན་པོ་འདི་ཡང་ཡིད་ཁོང་དུ་ཆུད་པར་གྱུར་ནས། ལྡེག་རབ་ཏུ་ལྡེག་པ་ལ་སོགས་པའི་ཟོལ་གྱིས་ལུས་བཏེག་ཅིང་གཡོ་བར་གྱུར་ལ། འུར་རབ་ཏུ་འུར་བ་ལ་སོགས་པའི་ཟོལ་གྱིས་ཆོ་ངེ་འདོན་པ་ལ་ཞུགས་སོ། །གདུང་ཞག་ཉེར་ལྔར་བཞག་པས་བསྟན་ལ་དགའ་བའི་ལྷ་རྣམས་ཀྱིས་འཇའ་འོད་ཀྱི་གུར་ཕུབ། མེ་ཏོག་གི་ཆར་ཕབ། དགོངས་པ་ཆོས་ཉིད་དུ་གྲོལ་བས་འབྱུང་བ་ཆེན་པོ་བཞི་འང་དུས་བཞིའི་གཏན་ཚིགས་འཛིན་པའི་བརྟན་པ་བྲལ་ནས། རྒྱལ་དང་ཆོ་འཕྲུལ་གྱི་ཟླ་བ་གཉིས་ཀར་ས་དྲོས་འཁྱགས་པ་ཞུ། སེ་བའི་ལོ་མ་རྒྱས་པ་བྱུང་། གདུང་མཆོད་པའི་ཞིང་དུ་བྱིན་ཟའི་ཁང་པར་སྤྱན་དྲངས་པའི་ཚེའང་ས་གཡོས། སྒྲ་ཆེན་པོ་ལན་བདུན་གྲགས། ཞུགས་ལ་ཞེན་པ་ན་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོ་བྱང་ཆུབ་པའི་རྟགས་ཐུགས་ལྗགས་སྤྱན་གསུམ་ཀ་སྐལ་ལྡན་གྱི་སློབ་མའི་ཕང་པར་བྱོན། སྐུ་ལྔ་དང་ཡེ་ཤེས་ལྔའི་


JLAZ013_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བྱ་མ་ལུས་པ་མངོན་དུ་མཛད་པས་གདུང་ཆེན་ལྔ་དང་། རིང་བསྲེལ་ཕྲ་མོ་བགྲང་ལས་འདས་པ་བྱུང་། རིང་བསྲེལ་གོང་བུ་ཆེ་བ་དག་ནས་བརྒྱ་སྟོང་གྲངས་མེད་དུ་འཕེལ་བ་རྩོད་པ་དང་བྲལ་ཞིང་། སྐུ་གདུང་མ་ཉམས་པ་ཕྲན་བུ་བཟུང་བ་དག་ལའང་ད་ལྟའི་བར་དུ་སྟེང་གདོན་གྱི་གནོད་པས་བརྫི་བར་མི་ནུས་པ་སོགས་མངོན་སུམ་ཚད་མའོ། །སྐྱེས་བུ་ཆེན་པོ་འདིའི་གསུང་རབ་ནི་རྒྱལ་བའི་བཀའ་དང་ཁྱད་པར་མེད་པ་ཡིན་པས་ངེས་བརྗོད་རྟོགས་སླ་བའི་ཕྱིར་རྣམ་གྲངས་བཀོད་ན། ཐུན་མོང་ཕྱིའི་བསྟན་བཅོས། ཁྱད་པར་ནང་གི་བསྟན་བཅོས། ངེས་དོན་གསང་བའི་བསྟན་བཅོས་ཏེ་སྐོར་ཚོ་གསུམ། དེ་དག་ལའང་ནང་གསེས་ཀྱི་དང་པོ་ལ་རིག་གནས་ཀྱི་སྐོར། གཏམ་གྱི་ཚོགས། བསྟོད་པའི་ཚོགས་དང་གསུམ། གཉིས་པ་ལ་རྒྱུ་དང་འབྲས་བུའི་ཐེག་པ་གཉིས། གསུམ་པ་ལ་ཟབ་གསང་རྒྱུད་སྡེའི་དགོངས་འགྲེལ་དང་། ཁྱད་པར་བླ་ན་མེད་པ་འོད་གསལ་རྡོ་རྗེའི་སྙིང་པོའི་གདམས་སྐོར་རོ། །崐 དང་པོ་རིག་གནས་ཀྱི་སྐོར་ལ་ཡིག་སྡེབ་ཀྱི་སྦྱོར་བ་དཔག་བསམ་སྙེ་མ་ཆེ་ཆུང་གཉིས། དོན་བསྡུས། སྒྲའི་མཚམས་སྦྱོར་རབ་གསལ་ཟླ་བ། སྡེབ་སྦྱོར་ཉི་མའི་ཤིང་རྟ། ལྕི་ཡང་གི་གནས་རིན་པོ་ཆེའི་ལྡེ་མིག །མངོན་བརྗོད་མེ་ཏོག་འཁྲི་ཤིང་། སྙན་དངགས་ཀྱི་བསྟན་བཅོས་མེ་ཏོག་


JLAZ013_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་རྒྱས་པའི་སྐྱེད་མོའི་ཚལ། དཔེར་བརྗོད་ཀླུ་ཤིང་གི་མེ་ཏོག །གཉིས་ཀ་སྤེལ་བ་ཚངས་པའི་གསུང་དབྱངས་ཏེ་སྡེ་ཚན་བཅུ། གཉིས་པ་གཏམ་གྱི་ཚོགས་ལ། མིའམ་ཅི་ཀུན་ཏུ་དགའ་བའི་ཟློས་གར། པོ་ཊ་ལ་ཀུན་ཏུ་དགའ་བའི་གཏམ། གཞོན་ནུ་ཞི་བའི་རྟོགས་བརྗོད་མེ་ཏོག་གི་ཆུན་པོ། བློ་གསལ་རི་བོང་གི་རྟོགས་བརྗོད། ནགས་ཚལ་ཀུན་ཏུ་དགའ་བའི་གཏམ། ནགས་ཀྱི་གཏམ་པདྨ་དཀར་པོ། གངས་རིའི་རྒྱན་ཀུན་ཏུ་བཟང་པོ། ཀུ་མུ་ཏའི་འཁྲི་ཤིང་སྟེ་ནགས་ཀྱི་གཏམ་ལྔ། སློབ་དཔོན། རབ་བྱུང་། སྐྱེ་བོ། མཁས་བླུན། བཤེས་གཉེན། ཆོས་དང་ཆོས་མིན་བརྟག་པའི་རབ་བྱེད་དྲུག་སོགས་ཆོས་སྡེ་བཞི་བཅུ་རྩ་ལྔ། གསུམ་པ་བསྟོད་ཚོགས་ལ། རྒྱལ་བ་སྲས་བཅས་ཀྱི་ཚོགས་དང་། འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་དང་། རི་དང་། རྒྱ་མཚོ། སྒྲུབ་གནས། བསམ་ཡས། གསང་ཕུའི་ཆོས་གྲྭ་སོགས་གཙུག་ལག་ཁང་དང་ཆོས་སྡེ་རྣམས་ལ་བསྟོད་པའི་ཚོགས་བཞི་བཅུ་རྩ་གསུམ་མོ། །གཉིས་པ་ཁྱད་པར་ནང་གི་བསྟན་བཅོས་སྐོར་ལས། དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྐོར་ལ་བྱམས་ཆོས་སྡེ་ལྔའི་སྤྱི་དོན་གྱི་འགྲེལ་པ། ས་ལམ་གྱི་རྣམ་གཞག་རིན་པོ་ཆེའི་ཐེམ་སྐས་རྩ་འགྲེལ་དང་བཅས་པ། མངོན་རྟོགས་རྒྱན་གྱི་ལུས་རྣམ་གཞག་གི་གསལ་བྱེད་རྒྱན་གྱི་སྣང་བ་འདུལ་བ་ཀཱ་རི་ཀཱའི་གསལ་བྱེད་འོད་ཀྱི་སྙེ་མ།

ཤོག་ལྷེབ། ༣༡༠ ནས་ ༤༠༠ བར།


JLAZ013_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་ཐལ་འགྱུར་གྱི་གནས་གསལ་བ་རབ་ཏུ་མི་གནས་པའི་དོན་བསྡུས། བསླབ་བྱ་རྒྱལ་སྲས་ལམ་བཟང་སོགས་ལེགས་བཤད་རྒྱ་ཆེ་བའི་ཆོས་སྡེ་ཉི་ཤུ་རྩ་གསུམ། གཉིས་པ་འབྲས་བུ་སྔགས་ཀྱི་སྐོར་ལ། ཆོས་སྤྱོད་ཐམས་ཅད་ཀྱི་མངོན་པར་རྟོགས་པ་རྒྱུད་ཀྱི་བཤད་འགྲེལ་བྱང་ཆུབ་ལྗོན་ཤིང་། རྒྱུད་སྡེ་སྤྱིའི་དོན་བཤད་རྡོ་རྗེ་འབྱུང་བ། དམ་ཚིག་གསུམ་བཀོད་ཀྱི་རྣམ་བཤད་ཉི་མའི་འོད་ཟེར། སྒྲུབ་ཕྲིན་སྐོར་ལའང་གནས་བརྟན་བཅུ་དྲུག་གི་ཆོ་ག་གཞན་ཕན་ནོར་བུ། སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བདེ་ལེགས་ཀུན་འབྱུང་། སྨན་བླའི་ཆོ་ག་ཡོན་ཏན་ཕྲེང་རྫོགས། སྤྱོད་རྒྱུད་སྒྲུབ་ཐབས་ཟླ་བའི་ནོར་བུ། རྣམ་སྣང་སྒྲུབ་ཐབས་ངན་སོང་ཀུན་སྦྱོང་། ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་སློབ་མ་འཇུག་ཅིང་དབང་བསྐུར་བའི་ཆོ་ག །མི་འཁྲུགས་པའི་སྒྲུབ་ཐབས་སྡུག་བསྔལ་ཀུན་སྦྱོང་། ཤཱཀ་ཐུབ་སྒྲུབ་ཐབས་འོད་ཟེར་ཀུན་འབྱུང་། བྱམས་པའི་སྒྲུབ་ཐབས་པདྨ་བརྩེགས་པ། གཞན་ཡང་འཇམ་དཔལ། དབྱངས་ཅན་མ། ཕག་མོ། མི་གཡོ་བ། ཛམྦྷ་ལ། དེ་དག་རྣམས་ལས་དཀར་སེར་དམར་སྔོ་ནག་སོགས་སོ་སོའི་སྒྲུབ་ཐབས། དཀར་པོ་སྐོར་གསུམ། འོད་ཟེར་ཅན། ནོར་རྒྱུན་མ། ཨཾ་གུ་ལི། དུག་སེལ་ཅན་རྣམ་རྒྱལ་སོགས་དང་། དབང་ཕྱུག་ཁྱབ་འཇུག་སོགས་འཇིག་རྟེན་པའི་སྡེ། གཞན་བྱ་སྤྱོད་རྣལ་འབྱོར་བླ་མེད་གསར་རྙིང་


JLAZ013_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་རྩ་གསུམ་ཆོས་སྲུང་ནོར་ལྷ་བཅས། རྒྱལ་བ་སྲས་བཅས་ཀྱི་སྒྲུབ་ཐབས་སྐོར་ཆོས་སྡེ་བརྒྱད་ཅུ་རྩ་ལྔ། གསུམ་པ་ངེས་དོན་གསང་བའི་བསྟན་བཅོས་ལ། དང་པོ་ཟབ་གསང་རྒྱུད་སྡེའི་དགོངས་བཅུད་རྫོགས་རིམ་སྐོར་ལ། བདེ་མཆོག་རིམ་ལྔའི་ཟབ་དོན་སྙིང་པོའི་ཡང་ཞུན། གསང་འདུས་རིམ་ལྔའི་ཟབ་དོན་འོད་གསལ་འཁོར་ལོ། སྦྱོར་དྲུག་བསྡུས་དོན་དེ་ཉིད་འདུས་པ། ལམ་འབྲས་བསྡུས་དོན་རིམ་གཉིས་འཁོར་ལོ། ཆོས་དྲུག་སྙིང་པོ་འོད་གསལ་རྣམ་སྦྱོང་སོགས་ཆོས་སྡེ་ཉི་ཤུ་ལྷག་ཙམ། གཉིས་པ་འོད་གསལ་རྡོ་རྗེ་སྙིང་པོའི་སྐོར་ལ། ངལ་གསོ་སྐོར་གསུམ་དང་། མཛོད་ཆེན་བདུན་བཅས་པའི་སྡེ་ཚན་སྔར་བཤད་ཟིན་ལ། བཱི་མ་ལའི་སྙིང་ཏིག་ཟབ་པ་པོད་བཞི་དང་མན་ངག་བརྒྱ་བཅུ་དགུ་བརྗོད་བྱའི་རྒྱ་ཆེ་བས་འཐོར་བ་བསྡུས་པ་ལྟ་བུ་བླ་མ་ཡང་ཏིག་གམ། ཡང་ཟབ་ཡིད་བཞིན་ནོར་བུ། སྐྱེ་བ་སྔ་མ་ལ་མཁའ་འགྲོའི་སྙིང་ཏིག་རྗོད་བྱེད་ཚིག་གི་གཏེར་ལ་དབང་བ། ད་རེས་མཆིམས་ཕུར་བརྗོད་བྱའི་དོན་ལ་དབང་བསྒྱུར་ནས་རྒྱས་པར་བཀྲལ་བའི་ཟབ་ཅིང་རྒྱ་ཆེ་བ་ཤོག་སྐྱ། ཡང་ཟབ་རྣམས་ཤོག་འདྲ། ཤིན་ཏུ་ཡང་ཟབ་རྣམས་ཤོག་སེར་ཏེ་སྐོར་གསུམ་དུ་ཕབ་པའི་མཁའ་འགྲོ་ཡང་ཏིག །གཉིས་ཀའི་དོན་རྒྱས་པར་བཀྲལ་བ་ཟབ་མོ་ཡང་ཏིག །སྙན་བརྒྱུད་ཐིག་ལེ་གསང་སྐོར་དང་། སྙིང་ཏིག་རྣམ་གསུམ་གསུམ་དུ་བསྡུས་པའི་ཆོས་ཀྱི་རྣམ་གྲངས་བཅུ་ཕྲག་བཞི་ལྷག་བཅས་ཏེ། ཀུན་


JLAZ013_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བས་སྡེ་ཚན་བརྒྱ་ཕྲག་གཉིས་དང་དྲུག་ཅུ་རྩ་གསུམ་ཙམ་མོ། །དེ་དག་ཀྱང་མདོ་ཙམ་སྨོས་པ་སྟེ། གཞན་དུ་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་དང་། ཆོས་སྤྱོད་ལམ་གྱི་རིམ་པ་དང་། ཤི་གསོན་གྱི་བསྔོ་བ་རིན་ཆེན་ཕྲེང་བ་དང་། རྒྱུ་ལ་ཁམས་འདུས་པ་མེ་ཏོག་ཕྲེང་ལྡན་དང་། རྐྱེན་ལ་ཁམས་འདུས་པ་ཀ་ཐ་སུམ་ཅུ། རྒྱུ་རྐྱེན་གཉིས་ཁ་ལ་ཁམས་འདུས་པ་དུས་ལ་མངོན་པར་སྐྱོ་བའི་རབས་ལ་སོགས་པ་དངོས་ཀྱི་ལག་ཏུའང་དོར་བར་གྱུར་ལ། དུས་དེ་དག་ཏུ་བསྡུ་བའི་བརྩོན་འགྲུས་ཉུང་བའམ། མཁས་རྨོངས་ཀྱི་བསྟན་བཅོས་ལ་བྱེ་བྲག་མི་ཕྱེད་པའི་ཤུགས་ཀྱིས་ནུབ་པའང་ཤིན་ཏུ་མང་བ་ཡོད་མཆིས་ཏེ། གསུང་རབ་ཀྱི་དཀར་ཆག་རིན་པོ་ཆེའི་མཛོད་ཁང་ཞེས་བྱ་བ་ལས་ཤེས་པར་བྱ་བ་ནི་ཕྱི་མཐའ་འདིའི་གཏན་ཚིགས་ཙམ་མོ། །བབས་ལུགས་ཆེན་མོར་སྒྲ་མཁས་དཔལ་འཛིན་དུ་ལུང་བསྟན་པ་ལ་སྔོན་གྱི་བླ་མ་རྣམས་ཀྱིས་ངོས་འཛིན་པར་འདུག་སྟེ། གོ་རིམ་གྱི་ངེས་པ་ལྟར་ན། བློ་གྲོས་མཆོག་ཏུ་ངོས་བཟུང་ན་འཐད་ལ། ཀུ་མ་རཱ་ཛ་དང་གཉིས་ཀྱི་བར་ལ་ལོ་བརྒྱ་བརྒྱའི་གཏན་ཚིགས་མི་འགྲུབ་སྙམ་དུའང་དོགས་པར་མི་བྱ་སྟེ་། ལོ་བརྒྱ་ནི་སྤྱིར་བསྟན་པ་འདི་ཡིད་དཔྱོད་དང་འདྲེས་པའི་ཚེ། དེའི་གསལ་བྱེད་རེ་འབྱོན་པ་ལ་དགོངས་ཀྱི། གཞན་དུ་ནི་གནས་སྐབས་དེ་དང་དེའི་གདུལ་བྱའི་རྟེན་


JLAZ013_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཁོ་ན་ལ་ལྟོས་ནས་སྤྲུལ་པ་སྒྱུ་མ་ལྟ་བུས་དོན་མཛད་པའི་ཕྱིར་རོ། །དོན་ལ་ཀུན་ཏུ་བཟང་པོ་འཇིག་རྟེན་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་པས། འདིའི་གསུང་རབ་ཚིག་བཞི་པ་ཡན་ཆད་ལའང་གཅེས་སྤྲས་སུ་བྱ་བ་ཡིན་ནོ། །དེ་སྐད་དུ་ཐུབ་པའི་དབང་པོས། གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པས་ཕྱག་བྱ་སྟེ། །ཞེས་པས། འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྫོགས་པ་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཞེས་བདག་ཅག་ནི་རྣམ་པ་ཀུན་ཏུ་གསོལ་བ་འདེབས་པ་ལགས་སོ། །དེ་ལ་གསུང་གི་བདུད་རྩིའི་མྱང་བ་ལས་བྱུང་བའི་སློབ་མའི་གཙོ་བོ་དག་སྨོས་པ་ནི། ཞོགས་ཐར་གླིང་པ་མཁས་གྲུབ་བདེ་ལེགས་རྒྱ་མཚོ། མཁས་གྲུབ་ཆོས་ཀྱི་གྲགས་པ། མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ་སྟེ་གྲགས་པ་ཐོབ་པའི་མཁས་གྲུབ་གསུམ། མདོ་ཁམས་པ་འདན་སྒོམ་ཆོས་ཀྱི་གྲགས་པ། རྒྱལ་སྲས་བཟོད་པ། བླ་མ་དཔལ་མགོན་པོ། གུ་རུ་ཡེ་ཤེས་རབ་འབྱམས། གཞོན་ནུ་སངས་རྒྱས་ཏེ་ཐུགས་ཀྱི་སྲས་ལྔ། སྤྲུལ་སྐུ་དཔལ་འབྱོར་རྒྱ་མཚོ། སློབ་དཔོན་སངས་རྒྱས་


JLAZ013_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ། སློབ་དཔོན་བློ་གྲོས་བཟང་པོ། སྟག་མགོ་བྱ་བྲལ་ཆོས་རྗེ་སྟེ། བསྟན་པ་སྤེལ་བའི་བཤེས་གཉེན་བཞི། ཕ་རྒོད་རྟོགས་ལྡན་རྒྱལ་པོ། རྣལ་འབྱོར་པ་འོད་ཟེར་གོ་ཆ། རིག་འཛིན་འོད་གསལ་རང་གྲོལ། བྱ་བཏང་བསོད་ནམས་འོད་ཟེར་ཏེ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་བཞི། གཞན་ཡང་སྣེ་གདོང་གོང་མ་དང་མཚམས་སྦྱོར་བའི་སངས་རྒྱས་དཔལ་རིན་དང་། གྲགས་པ་དཔལ། གླུ་མཁན་བསོད་ནམས་སེངྒེ་ལ་སོགས་བསྟན་འཛིན་གྱི་བཤེས་གཉེན་དུ་མ་བྱུང་། ཕྱིས་ཆོས་རྒྱལ་འབྲི་གུང་པ་རིན་ཆེན་ཕུན་ཚོགས་ལ་ཞལ་བསྟན་ཅིང་། རང་གི་སྲས་སྤྲུལ་སྐུ་ཟླ་བ་ཞེས་དབུ་གཙུག་རྟ་མགོས་མཚན་པར་སྟོན་པ་དེའི་སྐྱེ་བ་ཡིན་པར་ལུང་བསྟན། དབུ་ཞྭ་བསྐོན་ཏེ་བྱིན་གྱིས་བརླབས་པ་ལས་དངོས་ཀྱི་སློབ་མར་གྱུར་ཏེ་གསུང་རབ་རྣམས་ལ་འཛིན་སྐྱོང་སྤེལ་བའི་གཅེས་སྤྲས་དཔག་ཏུ་མེད་པ་མཛད། དེ་ལས་བདག་ཅག་གི་གདོད་ནས་གྲུབ་པའི་རིགས་ཀྱི་ཅོད་པན་པདྨའི་རྒྱལ་ཚབ་ཤནྟ་པུ་རི་པའམ། གཏེར་ཆེན་ཤེས་རབ་འོད་ཟེར་ལ་བརྒྱུད། དཔལ་རི་ཐེག་པ་མཆོག་གི་གླིང་འདི་བསྐྲུན་ནས་བསྟན་པའི་སྦྱིན་བདག་ཞབས་དྲུང་འཕྱོང་རྒྱས་པ་ལས་སེམས་ཉིད་ངལ་གསོ་རྩ་འགྲེལ་པར་དུ་བསྒྲུབ་པར་བསྐུལ། བསྟན་པ་འདི་ལ་བཤད་སྒྲུབ་བྱེད་དགོས་པར་གདམས་པས་དོན་གྱི་བརྒྱུད་འཛིན་


JLAZ013_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ཡང་ཁས་འཆེའོ། །ཡང་རིང་བརྒྱུད་ནི། མཁས་གྲུབ་བདེ་ལེགས་ནས། སྟག་མགོ་བྱ་བྲལ་སོགས་རིམ་པར་ལས་འཕྲོ་གླིང་པར་བརྒྱུད། ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ་བཀའ་བབས་པའོ། །ཤིན་ཏུ་ཉེ་བརྒྱུད་ནི། མ་ཏང་གི་པ་ཀླུ་སྒྲུབ་ཀྱི་སློབ་མར་གྱུར་པ་བཞིན་བདག་ཅག་གི་ཞལ་མངོན་སུམ་དུ་མཐོང་བས་བརྒྱུད་པ་གཞན་ལ་རེ་བ་མི་ཆེའོ། །མན་ངག་སྙིང་གི་ཐིག་ལེའི་སྐབས་ཀྱི་གཏམ་བཤད་ཟིན་ཏོ། །ད་ནི་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་སྤྱིའི་བབས་ཚུལ་ལས། གངས་རིའི་ཁྲོད་འདིར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་པོར་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མར་ཟུར་ལ་བབས་ཞེས་འཆད་པར་བྱའོ། །དང་པོ་སློབ་དཔོན་གཉགས་ཛྙཱ་ན་ཀུ་མཱ་ར་ནི། ཡུལ་ཡར་ཀླུང་ཤེལ་པའམ་འཕྱོང་རྒྱས། རུས་ལས་མིང་དུ་ཆགས་པ་གཉགས་རྟག་སྒྲ་ལྷ་སྣང་དང་། སྲུ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་བྱུང་། མགྲིན་པ་ན་སྨེ་བའི་རྡོ་རྗེ་རྒྱ་གྲམ་ཡོད། མཚན་རྒྱལ་བའི་བློ་གྲོས་སུ་བཏགས། མཁན་པོ་བྷོ་དྷི་སཏྭ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མདོ་སྔགས་ཀྱི་ཆོས་མང་པོའི་འགྱུར་བྱེད་སྤོབས་པ་བསམ་གྱིས་མི་ཁྱབ་པ་ཡིན། སློབ་དཔོན་ཆེན་པོ་དང་། བཱི་མ་ལ་དང་། བཻ་རོ་དང་། གཡུ་སྒྲ་སྙིང་པོ་ཀུན་ལ་བསྟེན་པས་བཀའི་ཆུ་བོ་བཞི་འདུས་པ་ཡིན། དཀྱུས་


JLAZ013_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་གཞུང་གི་ཆུ་བོ་འགྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནས་ཡིག་དམར་ཁྲིད་དང་བཅས་པ། བྱིན་བརླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པའོ། །དེ་ལ་སློབ་དཔོན་ཆེན་པོས་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་དུ་སྨིན་པར་མཛད་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་རྡོ་བ་སྐམ་པོའི་ཁོང་ནས་གྲུབ་ཆུ་བཏོན། འདི་ལས་བརྒྱུད་པའི་སྒྱུ་འཕྲུལ་ཀྱང་ཡོད་དགོས་ཏེ། གཙོ་བོར་ཕུར་པ་ལས་མངོན་རྟགས་བརྙེས་པ་ཡིན། བཙན་པོ་ཁྲི་སྲོང་གཤེགས་པའི་ཕྱི་ཞིག་ན། བཙུན་མོ་ཚེ་སྤོང་བཟའ་བསམ་སྦྱོར་མི་བསྲུན་པས་ལོ་པཎ་ཕལ་ཆེར་དབུ་འཕང་སྨད། གཉགས་ཛྙཱ་ན་ཀུ་མཱ་རས་ཡར་འབྲོག་ཏུ་བཞུགས་པ་ལ། རང་གི་ཕ་སྤུན་གཉགས་དགེ་སྟོན་དགྲར་ལངས་ཏེ་འདི་མུ་སྟེགས་ཀྱི་སྔགས་མཁན་ཡིན་ནོ་ཟེར་གཡོ་ཅན་གྱི་ཁ་སྨྲས་བྱས། བསེ་ཞོས་བྱུགས་པའི་བྷནྡྷ་ནང་དམར་བ་ཡོད་པ་དེ། བརྐུས་ནས་སྐྱེ་བོ་བླུན་པོར་གྱུར་པ་དག་ལ་སྟོན་ཅིང་། བྷནྡྷའི་ནང་གྲི་རྩེས་དྲུས་ནས་འདི་ནི་ཟག་ཟོག་གི་ལས་སོ་ཞེས་དབྱེན་འཆོས། སྐྱེ་བོ་རྣམས་ཐེ་ཚོམ་སེལ་བའི་ཆེད་དུ། གང་དུ་བཞུགས་སར་རིན་པོ་ཆེའི་རྙེད་པ་སྤྲུལ་པས་མི་རྣམས་ཀྱིས་རྫུ་འཕྲུལ་དུ་ཤེས་ནས་ཁོའི་ངག་ལ་ཡིད་མི་གཏོད་ཀྱང་། ད་དུང་བྱ་བ་མང་པོ་བསགས་ནས་སྐུ་


JLAZ013_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྡོ་བའི་ཐབས་སྣ་ཚོགས་བྱེད་པ་མཁྱེན་ནས་གཤེགས། ཀོང་པོ་མཆིམས་ཡུལ་གྱི་ཕུ་ན་ཕེབས་ཙ་ན། ལུང་སྟོང་ཤིག་ན་ར་མ་བདུན་འགྲོ་ཞིང་འདུག །གཡོག་པོ་གླང་མིག་འོག་བཙན་བྱ་བར་འདི་དེད་ཅིག་གསུངས་པས་ཁོ་ན་རེ། ར་ལ་བདག་པོ་ཡོད་མཆི་འདིས་ཅི་འཚལ་ཞུས་པས། ལུང་སྟོང་གི་ར་ལ་བདག་པོ་ག་ན་འོང་དེད་ཅིག་གསུངས། དེར་བདག་པོ་མཆིམས་བྱ་རོག་གིས་ཤེས་ཏེ་རྐུན་ཁག་ཕབ། ར་མ་བདུན་འཇལ་དགོས་ཟེར། བདུན་འཇལ་སྤྲད་ཙ་ན། ད་དུང་མ་ཚིམ་པར་དབེན་པ་བཤིག །ལྕགས་ཀྱི་ཐོ་བ་བཟུང་ནས་འདེད་དུ་ཅིག་གསུངས། གཉགས་ཀྱི་བྲོས་ནས་གཙུག་ལག་ཁང་གི་ནང་དུ་ཆུད། སྒོ་བཅད་པས་ཐེམས་པ་ལ་ཐོ་བ་བརྡེག་ཅིང་བཙུན་ཆུང་གི་མགོ་ལ་རྡེའུ་ཐེབས་ཟེར། དེར་ཡང་བཞུགས་སུ་མ་སྟེར་བས། དབུས་སུ་གཏད་དེ་བྱོན་ཙ་ན། འགྲོ་སྲས་ཆུང་བྱ་བ་ཤ་བ་གཅིག་དེད་ནས་བྱུང་བ་དང་འཕྲད། ཁོའི་རྟ་འདྲོགས་ཤ་བ་ཤོར་བས། ཁོང་ཡང་ཁྲོས་ཏེ་གསད་དུ་བྱུང་བ་ལ་འབྲོས་པའི་མདུན་མ་ཞིག་གཏད་པས་ཁོས་མ་མཐོང་ནས་ཐར། དུས་དེ་ཙ་ན་ལྷ་སྲས་མུ་ནེ་བཙན་པོ་ཡུམ་དམར་རྒྱན་གྱི་དུག་གིས་བཀྲོངས་པའི་ལྡད་ཀྱི་ཚོགས་དབུར་སློབ་དཔོན་བཱི་མ་ལ་རྒྱ་ནག་ནས་རྫུ་འཕྲུལ་གྱིས་གཤེགས་པ་དང་མཇལ། གསེར་ཕྱེ་ལོང་མོ་གང་ཕུལ་པས། ལོ་ཙཱ་བ་དཔོན་གཡོག་སྐྱིད་དམ་


JLAZ013_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། ཡར་འབྲོག་སྒང་དུ་སྐྱིད་བགྱི་རུ། །དགེ་ལ་སྟོན་གྱིས་མ་སྟེར་རོ། །མཆིམས་ཡུལ་གཏིང་དུ་སྐྱིད་བགྱི་རུ། །བྱ་རོག་དམྱལ་བས་མ་སྟེར་རོ། །བོད་ཡུལ་དབུས་སུ་སྐྱིད་བགྱི་རུ། །འགྲོ་སྲས་ཆུང་གིས་མ་སྟེར་རོ། །ཞེས་ཞུས་པས། ལོ་ཙཱ་བར་བརྙས་ན་བསྟན་པ་ལ་ཤིན་ཏུ་གནོད་པར་དགོངས་ནས། ཕུར་པ་ཕུན་སུམ་ཚོགས་པ་དང་ཤམ་སྔོན་གཉིས་ཐུགས་ནས་ཕྱུང་སྟེ་བཤད། ལྷོ་བྲག་གཡར་ཆུ་སྣའི་བྲག་ཕུག་ཏུ་ལོ་པཎ་ལྷན་གཅིག་པས་སེང་ཕུར་ཉི་ཤུ་རྩ་གཅིག་ལ་བསྟེན་ནས་བསྒྲུབས་པས་ཕུར་བུ་ཕན་ཚུན་འཁྲོལ་བ་ཙམ་དུ་གྲུབ། དེར་གཉགས་ཀྱི་ཏིང་ངེ་འཛིན་གྱི་ངང་ནས་ཕུར་བུ་གདེངས་ཏེ་བྱ་རོག་ལའོ་བྱས་པས། སྟོང་ཁམས་ཀྱི་བྱ་རོག་ཐམས་ཅད་ཚོགས་བྱུང་། སླར་མཆིམས་བྱ་རོག་ལའོ་ཞེས་སྒྲིལ་བས། མཆིམས་ནས་བྱ་རོག་ཟུང་ཞིག་བྱུང་། གཉགས་ཁྲོས་ནས་བྱ་རོག་གཅིག་ལ་དེངས་པས་མོད་ལ་ཤིའོ། །དེར་བི་མ་ལས་མངོན་སྤྱོད་ཀྱི་མཐུས་བསད་པ་གྲུབ་ཀྱིས། ད་ཆོས་ཉིད་ཀྱི་མཐུས་གསོ་བ་ཨེ་འགྲུབ། གསོས་ཤིག་གསུངས་པས། སློབ་དཔོན་ཛ་ལན་དྷ་རི་བ་དང་སློབ་མ་ནག་པོ་སྤྱོད་པ་བཞིན་གཉགས་ཀྱིས་སློང་མ་ནུས། བི་མ་ལས་བྱེ་མ་གཅིག་བཏབ་པའི་མོད་ལ་བྱ་རོག་གསོས་ཏེ་དེངས་པར་གྱུར་ཏོ། །རྟོགས་པས་བདག་མ་བསྒྲལ་བར་དྲག་ཤུལ་གྱི་ལས་


JLAZ013_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོམ་པ་གྲུབ་ཀྱང་ཉེས་པ་ཆེའོ་གསུངས་ནས་གནས་ལུང་གི་ཆོ་ག་མཛད། དེར་མཆིམས་ལྷ་གཡག་དཀར་དུ་བརྫུས་ནས་བྱུང་བ་སྡུན་ལ་བསྒྲལ། དེ་ནས་མཆིམས་བྱ་རོག་བླ་སྤྱང་རབ་འབྲིང་ཐ་གསུམ། བྲན་དང་། ཁོལ་པོ། འོག་རྟ། སྒོ་ཁྱི་སྣག་གི་གཉེན་མཚམས་དང་བཅས་པ་ཕུར་པ་གདེངས་ཆོག་གི་མཐུས་བསྒྲལ་ནས་རབས་བཅད། དེ་ནས་ཕ་སྤུན་གཉགས་དགེ་སྟོན་ལ་བཏབ་པས་འདི་ལྟར་དྲག་པོ་མཐུའི་ལས་ནི་རྣམ་པ་ཞེ་སྡང་རྡོ་རྗེའི་རྟེན་འབྲེལ་ལ་ལྷག་པར་ལྟོས་དགོས་པ་ཞིག་ལ། སློབ་དཔོན་བི་མ་ལའི་ཐུགས་རྗེས་གཉགས་ལ་སྙིང་རྗེ་ཆེན་པོའང་སྐྱེས། དགོངས་པ་ཆོས་ཉིད་དུ་གྱུར་པས་ཡེ་མ་ཐེབས། དེར་སློབ་དཔོན་བི་མ་ལས་འདིར་གྲོགས་མངོན་སྤྱོད་ཀྱི་མཚན་དང་ལྡན་པ་ཞིག་རྙེད་ན་ཐེབས་གསུངས་པས་འཚོལ་དུ་བྱོན། དུས་དེ་ཙ་ན་མགར་བྱེད་པ་པོ་ལ་སོག་པོར་འབོད་པས། སོག་པོ་བེག་ཙེ་ཞེས་བྱ་བ་ཁྲོ་བོའི་དབྱིབས་སུ་ཡོད་པ་ཞིག་རྙེད། དེའི་གཟུགས་མགོ་བོ་རྒྱ་མདུད་དུ་འགྲིལ་ཞིང་རོ་སྨད་ཟུར་གསུམ་པའི་རྣམ་པར་ཤར་བ་ལ་སོགས་པའི་མཚན་རྟགས་ཐམས་ཅད་ཚང་བར་གཟིགས། གཉགས་ཀྱི་ཁོའི་ཕྱི་ན་མར་བྱོན། ཁོ་མགར་བྱེད་པའི་སྦུད་པ་འབུད་གྲོགས་མཛད་ཀྱིན་རྒྱུ་མཚན་ཉིད་ཀྱི་ཆོས་བཤད་པས་ཁོའི་རྣ་ལམ་དུ་མ་བྱུང་།


JLAZ013_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲི་ཡོག་སྡེ་གསུམ་བཤད་པས་རེས་དགའ་ཙམ་ཉན་ཅིང་གཞན་ཐོ་བ་ཆེམ་ཆེམ་བརྡུང་སྐད། ནང་རྒྱུད་སྡེ་གསུམ་བཤད་ཀྱིན་ལྕགས་ཀྱི་ལྕུག་མ་སྙོད་པ་རྣམས་ཁྱུར་མིད་བྱས་པས། ཁོ་ཡ་མཚན་སྐྱེས་ཏེ་འདི་ལྟ་བུའི་རྫུ་འཕྲུལ་ཅི་ལས་བྱུང་ཟེར། ད་ལྟ་བཤད་པའི་ཆོས་དེ་ཉམས་སུ་བླངས་པ་ལས་བྱུང་སྨྲས་པས། ཁོ་ཤིན་ཏུ་དད་དེ་ལག་ཆ་ཐམས་ཅད་ཕུལ་ནས་སློབ་མར་བྱས། ལྷ་དཔལ་གྱི་ཡེ་ཤེས་སུ་མིང་སྤོས། དེ་བཞིན་དུ་འོ་བྲན་དཔལ་གྱི་གཞོན་ནུ་ཡང་། ཕུར་པ་བསྒྲུབ་པའི་མཚན་ལྡན་དུ་ཤེས་ནས་དཔོན་སློབ་གསུམ་ཀས་བསྒྲུབས་པས། དེ་དགེ་སྟོན་གྱིས་ཚོར་ཏེ་གསོད་དུ་འགྲོ་བའི་སྟ་གོན་རྩོམ་པ་ན། གཞན་དག་གིས་བནྡེར་བརྙས་པ་མི་རུང་ཟེར་ནས་བཤོལ་བཏབ་ཀྱང་མ་ཉན། ནངས་པར་འགྲོ་རྒྱུའི་ནུབ་བུད་མེད་མང་པོས་མཐའ་བསྐོར་ནས་མགོ་བཅད་པར་རྨིས། དེ་ཆུང་མ་ལ་བཤད་པས་ནན་གྱིས་བཤོལ་བཏབ་ཀྱང་མ་ཉན་པར་རྟ་ལ་ཞོན་ནས་སོང་བ་ན། བྱ་ཆེན་པོ་ཞིག་ཕུར་བྱུང་ནས་རྟ་འདྲོགས་ཤ་ཁམ་ཁྲག་ཐིགས་སུ་གྱུར་ཏེ་སྲུང་མས་དངོས་སུ་བསྒྲལ་བར་གྲགས། དེར་སོག་པོ་དཔལ་གྱི་ཡེ་ཤེས་སྙིང་བཏོན་ནས་སློབ་དཔོན་ལ་ཕུལ་པས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོཊ་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག་གསུངས། མདོར་


JLAZ013_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྐྱོབ་པའི་ལྷ་བྱ་ཁྲར་སྤྲུལ་པ་དང་། བླ་སྤྱང་། བྲན་ཁོལ། འོག་རྟ། སྒོ་ཁྱི། གཉེན་མཚམས་ཚུན་ཆད་བསྒྲལ་ཞིང་རབས་བཅད། དེ་བཞིན་དུ་འགྲོ་སྲས་ཆུང་ནེའུ་ཐང་ལ་རྟ་ཁྱུ་འཚོ་བའི་རྣམ་པར་ཤེས་པའང་བཀུགས་ཏེ་གདབ་ལས་ཀྱིས་ཚར་བཅད། འགྲོ་ལྷ་སྤྱང་ཀི་སྔོན་པོར་བྱས་པ་དང་། བླ་སྤྱང་བྲན་ཁོལ་ཐམས་ཅད་སྔར་བཞིན་ཁ་དག་པར་བྱས། དེའང་གཉགས་ལོ་ཆེན་པོ་འདི་སངས་རྒྱས་དངོས་དང་མཚུངས་པའི་པཎ་གྲུབ་རྣམས་ལ་བསྟེན་པས། སྒྲ་ཚད་མཚན་ཉིད། སྔགས་ཕྱི་ནང་ཀུན་ལ་མཁྱེན་པ་ཤིན་ཏུ་ཆེ་བར་གྲགས། ལོ་ཙཱ་བ་ཆེན་པོར་བསྟན་ནས་དམ་པའི་ཆོས་མང་པོ་བསྒྱུར། མདོ་སྒྱུ་སེམས་གསུམ་ཀའི་བསྟན་པའི་མངའ་བདག་ཏུ་གྱུར་ཅིང་ཉན་བཤད་ཀྱི་སྒོ་ནས་སློབ་མ་ཁྱད་པར་ཅན་བསྐྲུན་པས་བཀའ་དྲིན་བསམ་གྱིས་མི་ཁྱབ། མཐར་སྙན་བརྒྱུད་རྡོ་རྗེ་ཟམ་པ་དང་། མན་ངག་སྡེ་ལས་དངོས་གྲུབ་ཆེན་པོ་བརྙེས་ཏེ་སྟོང་གསལ་འོད་ཀྱི་ཕུང་པོར་གཤེགས་སོ། །དེ་ལ་སློབ་མའི་གཙོ་བོ་ནི། ཕུར་པ་མཁན་པོ་དག་དཔལ་བརྒྱད་དུ་འདྲེན་པ་ཡོད་དེ། འདིར་སོག་པོ་དཔལ་གྱི་ཡེ་ཤེས། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ། སྙན་དཔལ་དབྱངས། འཚུར་ནག་ཡེ་ཤེས་དཔལ། ཨུ་པ་དེ་གསལ། ཐང་བཟང་དཔལ་གྱི་རྡོ་རྗེ། དགྱེས་འཕགས་པ་ཤེས་རབ། བྷུ་སུ་ཀུ་མཆོག་རྣམས་ཏེ། དབོན་


JLAZ013_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་རྣམས་ལས་ཀྱང་འཕྲིན་ལས་རྒྱ་ཆེར་བྱུང་ངོ་། །སོག་པོ་དཔལ་གྱི་ཡེ་ཤེས་ནི་ཡུལ་ཡར་འབྲོག་པ་ཡིན། སློབ་དཔོན་ཆེན་པོའི་དུས་ནས་དངོས་གྲུབ་བརྙེས་ཚར་བ་གཅིག་ཐུན་མོང་བའི་སྣང་ངོར་མགར་གྱི་ཚུལ་དུ་བཞུཊ། གཉགས་ལོ་ཆེན་པོ་དེ་མཁྱེན་པ་ཤིན་ཏུ་ཆེ་བས་སློབ་དཔོན་རྣམས་ལས་ཀྱང་རང་ཉིད་མཁས་སྙམ་པ་ལན་གསུམ་སྐྱེས་པས། སྲོག་ལ་བབས་པའི་དོ་གལ་ཚར་གསུམ་བྱུང་བར་གྲགས། དེ་ལ་རྒྱུ་འབྲས་མི་བསླུ་བའི་བདེན་པ་ལས་བདག་གིར་མཛད་པའི་ཚུལ་སྟོན་པ་ལ་བབ་པའི་སྐབས་ཤིག་ན། གཉགས་ལ་སྐུ་དགྲ་ལན་གསུམ་དུ་ལངས་པའི་རེས་གཅིག་ཡུལ་ཉ་འཁོར་གྱི་གཉགས་དམ་ར་ཕ་སྤུན་གྱི་མི་ཤ་འཁོན་དུ་བྱས་ནས་སློབ་དཔོན་བཙོན་དུ་བཟུང་། སོག་པོ་དཔལ་ཡེ་དེ་དོན་ལས་གྲུབ་པའི་སྤྱོད་པ་འབའ་ཞིག་ཡིན་གྱི་རྣམ་པར་གཅན་གཟན་གྱི་གཉའ་ནས་འཛིན་པ་སོགས་བརྟུལ་ཕོད་པར་སྟོན་པས། སྐབས་འདིར་བླ་མའི་ཕྱིར་དུ་ལུས་སྲོག་འདོར་བའི་རྡོ་རྗེའི་དམ་ཚིག་གཉན་པོ་ལ་འཚལ་བས་བཙོན་སྲུང་བ་གཉིས་བཀུམ། སློབ་དཔོན་བཙོན་དོང་ནས་སྤྱན་དྲངས་པ་སོགས་སྐུ་དགྲ་ལན་གསུམ་བརྟུལ་ཞིང་ཐུགས་ལན་གསུམ་བཟུང་བས། རྡོ་རྗེ་ཕུར་པའི་དཀྱིལ་མཁོར་མངོན་སུམ་པར་སྤྲུལ་ནས་རྗེས་སུ་བཟུང་བ་འདི་ཙམ་དོན་ལ་གནས་སོ། །དེས་གནུབས་ཆེན་ལ་རྗེས་སུ་གདམས་པའོ། །དེ་ལ་སྔ་འགྱུར་གྱི་བསྟན་པ་བར་དུ་གནུབས་


JLAZ013_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབས་ཏེ་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་འདི། བཙན་པོ་ཁྲི་སྲོང་ལྡེ་བཙན་ནས། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱི་བར་ཅི་རིགས་པར་བྱུང་བར་འདོད་པ་དང་། ཡང་རལ་པ་ཅན་གྱི་དུས་སུ་བྱུང་ནས། ཁྲི་བཀྲ་ཤིས་བརྩེགས་པའི་བར་བཞུགས་པར་འདོད་པ་དང་། ཡང་སྔ་མ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་། ཕྱི་མ་རལ་པ་ཅན་གྱི་དུས་ན་བྱུང་ངོ་། །ཞེས་གཏན་ཚིགས་སྣ་ཚོགས་ཡོད་དེ། རྒྱ་བོ་ཆེར། རྒྱ་གར་མཁས་པ་བི་མ་མི་ཏྲ་དང་། །ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་དང་། །བལ་པོའི་མཁས་པ་བ་སུ་དྷ་ར་དང་། །བོད་ཀྱི་མཁས་པ་ཛྙཱ་ན་ཀུ་མཱ་རས། །བདག་ལ་གནང་བའི་མན་ངག་འདི་རྣམས་ཡིན། །ཞེས་པས་བཙན་པོ་ཁྲི་སྲོང་གི་དུས་ན་བྱུང་བར་རྩོད་པ་མེད་ལ། སྐུ་ཚེའི་ཚད་བརྒྱ་དང་བཅུ་གསུམ་ལ་གཏན་ཚིགས་བསྒྲིགས་ནས་བྱོན་པའི་དུས་ཕྱིར་བསྲིང་བ་དང་། རུས་གནུབས་དང་། ཡུལ་སྒྲགས་ལ་གཟུགས་བརྙན་གཉིས་བར་བཅོས་པས་སྔ་ཕྱི་གཉིས་པར་བྱུང་སྟེ་སྙིང་པོ་མེད་དོ། །འདིར་ནི་གནུབས་ཀྱི་བན་ཆུང་སངས་རྒྱས་ངས། །ལོ་ནི་བརྒྱ་དང་སུམ་ཅུར་ལོན། །ཞེས་ཕྱི་མཐའི་ཐ་ཚིག་མིན་པར་སྐབས་ཀྱི་འཕྲོས་དོན་ལའང་བྱུང་བས་ཚེའི་རིག་པ་འཛིན་པ་བརྙེས་ནས་མངའ་བདག་དཔལ་འཁོར་བཙན་གྱི་བར་དུ་བཞུགས་པར་སྣང་ངོ་། །དེ་ལ་ཡབ་གནུབས་རིག་པ་གསལ་བའི་དབང་ཕྱུག་དང་། ཡུམ་མཆིམས་མོ་བཀྲ་ཤིས་འཚོ་ཞེས་བྱ་བའི་བུར་བཙས། མཚན་རྡོ་རྗེ་ཁྲི་གཙུག་ཏུ་གྲགས། ལོ་བདུན་པར་འོ་


JLAZ013_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་དཔལ་གྱི་གཞོན་ནུ་ལས་འབྲི་ཀློག་སྦྱངས། མཁན་པོ་བྷོ་དྷི་སཏྭ་ལས་རབ་ཏུ་བྱུང་། སློབ་དཔོན་བ་སུ་དྷ་ར་བསམ་ཡས་སུ་བྱོན་པ་དང་མཇལ་ནས་གསེར་སྲང་གསུམ་གྱི་འབུལ་བ་བྱས་ཏེ་མན་ངག་འགའ་ཞིག་ཐོས། སློབ་དཔོན་འབྱོན་ཁར་སླར་བལ་ཡུལ་དུ་ཤོག་ཅེས་པའི་རྗེས་སུ་གནང་བ་ཐོབ་པས་རྒྱ་བལ་ལ་འགྲོ་བའི་བློ་ཆུང་ངུ་ནས་སྐྱེས། སྤྱིར་རྒྱ་གར་ལ་ལན་བདུན་བྱོན་པའི་སྔ་རེས་དང་པོ་ལོ་བཅུ་གསུམ་པ་ཡིན་ཞེས་ཟེར། སློབ་དཔོན་ཆེན་པོ་པདྨའི་ཞབས་ལས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་ཅིང་དངོས་གྲུབ་བརྙེས། རེ་ཞིག་ན་ཡུལ་གཞིས་བཙོངས་པའི་རིན་གསེར་ཞོ་ལྔ་བཅུ་བྱུང་བ་བསྣམས་ཏེ་རྒྱ་བལ་ལ་གཏད་དེ་བྱོན། སློབ་དཔོན་བ་སུ་དྷ་ར་ལས་རྒྱུད་དང་མན་ངག་མང་དུ་ཐོས། དེས་མདོ་ལུང་གི་མཁན་པོ་ཆོས་རྒྱལ་སྐྱོང་དང་། དྲག་སྔགས་ཀྱི་མངའ་བདག་རོམ་བུ་གུ་ཧྱའང་ལུང་བསྟན། རྒྱ་གར་དང་། བལ་པོ་དང་། བྲུ་ཤའི་ཡུལ་ན་གནས་པའི་མཁས་པ་མང་ཞིག་བསྟེན། རྒྱ་གར་དུ་མཁན་པོ་ཆོས་རྒྱལ་སྐྱོང་ལས་མདོ་ལུང་འགའ་ཞིག་དང་ཁྱད་པར་བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས་ལས། མདོ་དགོངས་པ་འདུས་པ་ཡོངས་སུ་རྫོགས་པ་མཁྱེན་པར་མཛད། བསམ་ཡས་སུ་ལོ་ཙཱ་བ་ཆེན་པོའི་གྲྭར་བཞུགས་ཤིང་དམ་པའི་ཆོས་ཀྱང་བསྒྱུར། དབེན་པ་འབའ་ཞིག་


JLAZ013_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་དགོངས་པ་ལ་སྤྱིར་དུས་འདི་ཙམ་ན་རྒྱལ་ཁྲིམས་ཞིག་ཅིང་། ཕྱོགས་རིས་ཀྱི་འཁྲུག་པ་དར་བའི་སྐབས་སུ་གྱུར་པ་གནུབས་ཆེན་ཡབ་སྲས་ལ་འོ་བརྒྱལ་ཆེན་པོ་བྱུང་། ཁྱད་པར་སྐུ་ཚེ་སྔ་མ་ལ་རྒྱ་གར་དུ་ཤན་པ་མ་རུ་ཙེ་བྱ་བར་འཁྲུངས་ནས་སེམས་ཅན་གྱི་དོན་མཛད་པས་དྲག་པོའི་གདུལ་ཞིང་ལྷག་མ་མ་ལུས་པར་རྫོགས་པར་མཛད་པ་དང་། བོད་འདིར་དབོན་སྲས་ཀྱི་བསྟན་པ་ཉམས་པར་བྱེད་པས་མཚོན་སྔ་ཕྱིར་བསྟན་པ་ལ་གནོད་བྱེད་མང་དུ་བྱུང་བ་དེ་དག་དྲག་སྔགས་ཀྱིས་ཚར་བཅད་ནས་བསྟན་པ་བསྲུང་བའི་ཕྱིར། རྒྱལ་བའི་འཕྲིན་ལས་ཀྱིས་བསྐུལ་བ། རྣམ་པའི་རྐྱེན་ཡུལ་བའི་ཁེངས་ལོག་སྔ་ཕྱི་བར་གསུམ་དུ་བྱུང་ནས་རིགས་ཀྱི་སྲས་གཉིས་བཀྲོངས་པས། ཇི་སྐད་དུ། ཉོན་མོངས་བོད་ཡུལ་དབུས་སུ་ལངས། །འཚོ་བའི་ཟས་རྣམས་འབངས་ཀྱིས་ཕྲལ། །ཞེས་དང་། བདག་འདྲ་གནུབས་ཀྱི་བན་ཆུང་ཡང་། །སྙིང་ནས་ཆོས་བཞིན་བྱ་སེམས་སྐྱེས། །ཞེ་སྡང་དགྲ་བོས་བྱེད་མ་སྟེར། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཞེ་སྡང་དེ་མ་ཐག་ཏུ་བསྐྱེད། །དཀར་པོའི་ཆེ་བ་འདོན་བསམས་ནས། །ངན་སྔགས་ཡིག་སྣ་སྣ་ཚོགས་བསླབས། །ཞེས་པ་ལྟར་རྒྱ་བལ་གྱི་ཡུལ་ནས་གཤེད་སྐོར་རྒྱ་མཚོའི་


JLAZ013_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སྔགས་རྣམས་སྤྱན་དྲངས་པ་ཡིན་ཏེ། བླ་མ་བཅུ་གཅིག་ཞབས་ནས་བཏེགས། །འོན་ཀྱང་མཁས་པ་བཞི་ལ་གཏུགས། །སློབ་དཔོན་དཔལ་གྱི་སེངྒེ་དང་། །རྒྱ་གར་ཁྲག་འཐུང་ནག་པོ་དང་། །ཕུང་བྱེད་ཤཱནྟིང་གཪྦྷ་དང་། །བལ་པོ་བ་སུ་དྷ་ར་བཞི། །མཁས་པ་བཞི་ཡི་ཐུགས་བརྟོལ་ནས། །ཟབ་པའི་མན་ངག་ཐུགས་ལ་བཏགས། །ཞེས་དང་། དེ་དག་ཀྱང་གནད་དུ་བསྡུས་པ་བལ་པོའི་སློབ་དཔོན་ཉིད་ལས་བྱུང་སྟེ། འདི་སྐད་དུ། སློབ་དཔོན་བལ་པོའི་རྒྱལ་པོ་ཡི། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །གནུབས་ཀྱི་བན་ཆུང་འདིར་ཤོག་གསུངས། །བམ་ཆེན་རོ་ཡིས་དབང་བསྐུར་ནས། །ལྷ་རུ་འཇམ་དཔལ་ཚེ་བདག་གཏད། །ཅེས་པས་མཚོན་ནོ། །དེ་ལྟར་སློབ་དཔོན་འདི་རྒྱ་གར་དུ་འབྱོན་པའི་རེས་ཤིག་རྡོ་རྗེ་གདན་ལ་ཚོགས་གསོག་མཛད་པས། ནམ་མཁའི་ཀློང་ནས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཞིག་རང་གི་ཐད་ཁྲུ་གང་གི་སར་བྱུང་སྟེ་ལན་གཉིས་སུ་མ་ཟིན། གསུམ་པའི་ཚེ་ཕྱག་གཡས་པའི་མཐེབ་སྲིན་གྱི་བར་དུ་ཆགས་པའི་མོད་ལ། ཕྱག་ན་རྡོ་རྗེ་དངོས་ཀྱི་སྐུར་གྱུར། དབང་བསྐུར་བྱིན་གྱིས་བརླབས། སངས་རྒྱས་ཡེ་ཤེས་སུ་མིང་གི་ཅོད་པན་དཔྱངས། དབང་རྟགས་སུ་རྡོ་རྗེ་རྩེ་དགུ་པ་འབྲལ་མེད་དུ་འཆང་བ་ད་ལྟ་རོང་བྱམས་ཆེན་གྱི་ཐུགས་ཀ་ན་ཡོད་པར་གྲགས། རྒྱ་བལ་གྱི་རུ་མཚམས་


JLAZ013_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྩེ་ལྔའི་བྲག་ཕུག་ཏུ་སློབ་དཔོན་པདྨ་ལས་ཀྱང་གདམས་པ་ནོད་པ་ལ་སོགས་རྒྱུད་དང་མན་ངག་མང་པོ་ཐུགས་སུ་ཆུད། དུར་ཁྲོད་དང་། མཚོ་གླིང་དང་། མི་མ་ཡིན་དྲག་པོ་རྒྱུ་བའི་གནས་སུ་སྒྲུབ་པར་མཛད་པས། འཇམ་དཔལ་ཡ་མནྟ་ཀ་ལ་སོགས་ཏེ་ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ཡི་དྭགས་དྲག་པོ་དག་དང་ཡང་གཏམ་འགྲེ་ཞིང་མཆོད་པར་བྱེད། ནུས་པ་ཤིན་ཏུ་ཆེ་བས་ལྷ་སྲིན་ཀུན་གྱིས་བསྟི་སྟངས་ཕུལ། དུར་ཁྲོད་ཕུ་ལུང་ནག་པོར་ཨེ་ཀ་ཛ་ཊིས་ཞལ་བསྟན། བྲམ་ཟེ་མོའི་ཐོད་པ་དངོས་གྲུབ་ཀྱི་རྫས་སུ་བྱིན། པདྨ་གར་གྱི་དབང་ཕྱུག་གིས་མོན་ནག་ཁ་ཁྲའི་ཐོད་པའང་དམ་ཚིག་གི་རྫས་སུ་སྤྲད། མངོན་ཤེས་དང་རྫུ་འཕྲུལ་ཐོགས་པ་མེད་པར་གྲུབ། བོད་ཡུལ་དབུས་ཀྱི་གནས་སྒྲགས་ཀྱི་ཡང་རྫོང་དུ་སྒྲུབ་གནས་ཀྱི་མཐིལ་མཛད། དེ་བཞིན་དུ་ཉུག་གི་རྡོ་རྗེ་སྒྲོམ་བུར་ཟླ་བ་དགུས་སེམས་ཉིད་བཙན་ས་ཟིན། གཙང་གི་ཕུང་པོ་རི་བོ་ཆེ་དང་གཡུང་གི་རྫ་ལྷུང་མོ་སོགས་ཞབས་ཀྱིས་བཅགས། དྲུག་ཅུ་རེ་གཅིག་པར་སྒྲགས་སུ་ཁེངས་ལོག་བྱུང་བས་གཤིན་རྗེའི་གཤེད་ཀྱི་དྲག་སྔགས་རྣོན་པོས་གྲོང་ཁྱེར་མང་པོ་བརླག་པར་མཛད། དེ་སྐད་དུ། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །སྒྲུབ་ཁང་ཡ་མའི་


JLAZ013_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ལ་བྱས། །སྒྲགས་ལ་ནག་པོའི་རྩེ་མོ་རུ། །ཉེ་འབྱེད་རླུང་གི་འཁོར་ལོ་བསྐོར། །སྒྲགས་ཀྱི་གྲོང་ཁྱེར་སུམ་ཅུ་རྩ་བདུན་བརླག །ཅེས་འབྱུང་ངོ་། །སླར་གནུབས་ཡུལ་གྲོང་དུ་བྲོས། དེར་ཡང་བཞུགས་སུ་མ་སྟེར་བས་སྙེ་མོ་བྱེ་མཁར་བཟུང་། གནས་དེར་ཡང་དམག་གི་ཆོམ་པོས་བསྐོར་ཞིང་སྐུ་སྲོག་ལ་བསྡོ་བར་ཉེན་པ་ན། མཁར་གྱི་རྩེ་ནས་ལྷ་འདྲེ་གཉན་པོ་དཔང་དུ་གསོལ། ཚིགས་སུ་བཅད་པའི་བདེན་པ་བརྡར། ཆོས་གོས་བརྡབས་པས་དམ་ཅན་ཆོས་སྐྱོང་རྣམས་མངོན་སུམ་པར་བྱུང་སྟེ། བདག་ཅག་གི་མཐུ་རྩལ་གྱིས་རི་རབ་ཐལ་བར་རློག །ཉི་ཟླ་ཆ་ལང་རྡེབ། གནམ་ས་བླ་ལོག་བསྒྱུར་ནུས་ཀྱང་ཚེ་རབས་སྔ་མའི་ལན་ཆགས་བརྡོལ་བས་སྔོན་ཆད་གྲོགས་བྱེད་དུ་མ་སྟེར། ད་ནི་བཀའ་བཞིན་འཚལ་ལོ་ཟེར་བས། ཆོས་གོས་ཀྱི་ཆོ་ག་ནས་སེང་ལྡེང་གི་ཕུར་བུ་བཏོན། དམ་ཅན་རྣམས་ཀྱི་སྲོག་སྙིང་དྲངས་དམག་མི་ཡོད་པའི་རི་ལོགས་ལ་འདྲིལ་ཞིང་བསྡིགས་པས། རི་ལས་མེ་དཔུང་ཆེན་པོ་བྱུང་སྟེ་དམག་རྣམས་ཐམས་ཅད་བསྲེགས་ཤིང་བརླག་པར་བྱས། སླར་རབ་ཏུ་འགྱོད་ནས་བསམ་གཏན་མིག་གི་སྒྲོན་མ་སྡིག་སྦྱོང་དུ་མཛད་པར་གྲགས། སྐུ་དགྲ་ཐུལ་རྗེས་ལོ་གསུམ་གྱི་བར་ལ་དབུལ་ཞིང་ཕོངས། སོག་པོ་དཔལ་གྱི་ཡེ་ཤེས་ལ་སེམས་ཕྱོགས་དང་སྒྱུ་འཕྲུལ་ལ་


JLAZ013_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསན། སྒྲགས་ཡང་རྫོང་དུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་གཞོལ། མངའ་བདག་རལ་པ་ཅན་གྱི་བར་ཡན་ཆོད་དུ་རྒྱ་གར་དང་བོད་ཀྱི་བར་དུ་འབྱོན་བཞུད་ཀྱི་ངང་དུ་ཡོད་པ་ལ་དར་མས་བསྟན་པ་བསྣུབས་པ་ཐུགས་ཀྱིས་མ་བཟོད་ནས་སླར་ཡང་དྲག་སྔགས་སྤུ་གྲི་རེག་ཆོད་མང་པོ་ཚགས་སུ་བཙུད་ནས་མངོན་སྤྱོད་ཀྱི་ཐུགས་རྗེས་མཚམས་སྦྱར་བར་དགོངས་པ་ལ། སྡིག་སྤྱོད་རྒྱལ་པོ་ལྷ་ལུང་དཔལ་གྱི་རྡོ་རྗེས་བསྒྲལ་ཟིན་པས་དྲག་སྔགས་འཆོལ་གྱི་དོགས་ནས་གཏེར་དུ་སྦས། མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་རྒྱུན་སློབ་མའི་ཚོགས་ལ་མི་ནུབ་པར་སྤེལ་ནས། མཐར་རང་བཞིན་རྫོགས་པ་ཆེན་པོའི་ལམ་ནས་ལྷུན་གྲུབ་འོད་ཀྱི་ཕུང་པོར་མྱ་ངན་ལས་འདས་སོ། །འདི་ལ་རྒྱུད་འཛིན་གྱི་སློབ་བུ་སྲས་ཀྱི་དམ་པ་གཅིག །ཐུགས་ཟིན་གྱི་སྲས་བཞི་དང་ལྔར་བྱུང་ངོ་། །སྲས་ཀྱི་དམ་པ་ཡོན་ཏན་རྒྱ་མཚོ་ནི་སྐྱེ་བ་སྔ་མ་ཡབ་སྲས་སུ་འབྲེལ། འདིར་གནུབས་ཁུ་ལུང་དུ་བཙས། སྐྱེ་བ་སྔ་མའི་ཕུ་བོ་རྒྱ་གར་དྷ་ན་དྷ་ལས་གནོད་སྦྱིན་མའི་རྐང་མགྱོགས་བསྒྲུབས་ནས་གྲུབ་ཀྱང་གཤོག་པ་བཅག་པས་མ་ནུས། སླར་རྐང་མགྱོགས་ཅིག་ཤོས་བསྒྲུབས་པས། ཁོས་ཐུ་བའི་ནང་དུ་དྷ་ན་དྷ་ལ་ཁུར་ནས་མཚན་གུང་གཅིག་ལ་ཁུ་ལུང་ཡོན་ཏན་རྒྱ་མཚོའི་རྩར་བསྐྱལ། དེར་ཡོན་ཏན་རྒྱ་མཚོའི་སྐྱེ་བ་སྔ་མ་རང་གི་གཅུང་པོར་གྱུར་པ་ལ་རྗེས་སུ་བརྩེ་བས་དབང་བསྐུར།


JLAZ013_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་བདག་ལ་ཐུན་མོང་གི་དངོས་གྲུབ་བྱིན་པས། མི་རབས་བདུན་ཚུན་ཆད་དར་བར་གྲགས། ཡོན་ཏན་རྒྱ་མཚོ་ལ་སྒྲུབ་གནས་གྲོང་དུ་མི་རུང་གསུངས་ནས་མཁར་གདོང་ཡོན་མའི་གཙུག་རུམ་ལྟ་བུའི་ས་གནད་བསྟན་ཏེ། བསྟན་སྲུང་གཤིན་རྗེ་དམར་ནག་དང་མ་གཤིན་གྱི་སྐོར་སོགས་བྱིན་ནས་རྒྱ་གར་དུ་གཤེགས། དེར་ཡོན་ཏན་རྒྱ་མཚོ་ལོ་སུམ་ཅུ་ལོན་པའི་ཚེ་ཁྱི་ར་ལ་འཁྱམས་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་སྣར་གྱི་ཤུལ་ལ་ནག་པོར་བཞུགས་པ་དང་མཇལ་བས། རུས་གཅིག་པ་དང་སྐལ་བ་ཅན་དུ་དགོངས་ནས་ཆོས་སྒོར་བཅུག་སྟེ་རྗེས་སུ་བཟུང་། ལྟ་བ་སྒང་དྲིལ། གབ་པ་མངོན་དུ་ཕྱུང་། གསང་བ་ཁོང་ལྟོ་ལྟར་བྱུང་། སྟར་ཁ་གེགས་སེལ་གྱི་ཚུལ་ཏེ་བཞི་ག་བཤད་པས་གདམས་ངག་ཐམས་ཅད་རྫོགས་པར་གྲགས། འདི་ལའང་ཁེངས་ལོག་བྱུང་སྟེ་གཤེད་མ་བརྒྱས་བསྐོར་བའི་ཚེ་ཡང་འབར་བ་ལྟ་སྟངས་ཀྱི་རྫུ་འཕྲུལ་མངོན་སུམ་དུ་གྲུབ་པས། སྤྱན་གཡས་པ་ནས་མེ་འབར། གཡོན་པ་ནས་ཆུ་འབྲུབ་པར་སྤྲུལ་པས་ཀླགས་ལྟ་བའི་སྐབས་མ་རྙེད་པར་རང་རང་གི་ལག་ཆ་འཆོར་བའི་ངང་དུ་འབྲོས་དགོས་པ་བྱུང་། སྤྱིར་ཡི་དམ་མང་པོའི་ཞལ་གཟིགས། དམ་ཅན་བྲན་དུ་འཁོལ། ཆོས་ཉིད་ཀྱི་བདེན་པ་མངོན་དུ་གྱུར་པས་དངོས་གྲུབ་ཆེན་པོ་གཉིས་ཀ་བརྙེས་པ་ཞིག་ཡིན་ཏེ། རྣམ་ཐར་རྒྱས་པ་ཡི་གེའི་ལམ་དུ་


JLAZ013_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པར་མ་ནུས་པས་སོ་ལུགས་ཀྱི་ཡིག་ཆ་སོགས་ལས་ཤེས་སོ། །ཐུགས་ཟིན་གྱི་སྲས་བཞི་ནི། སོ་ཡེ་ཤེས་དབང་ཕྱུག་ལ་ལྟ་བ་སྒང་དྲིལ་ཏེ་བཤད། པ་གོར་བློན་ཆེན་འཕགས་ལ་གཞུང་འགྲེལ་ཊཱི་ཀ་དང་སྦྱར་ནས་བཤད། དན་ཡོན་ཏན་མཆོག་ལ་སྟར་ཁ་གེགས་སེལ་གྱི་ཚུལ་དུ་བཤད། སྲུ་ལེགས་པའི་སྒྲོན་མ་ལ་ཚིག་སྡེབ་སྦྱོར་ལེགས་པར་བཤད། བཞི་ཀ་ཚང་བ་ནི་ཡོན་ཏན་རྒྱ་མཚོ་ཡིན་ནོ། །འདི་ལ་སྲས་ཡེ་ཤེས་རྒྱ་མཚོ་དང་། པདྨ་དབང་རྒྱལ་གཉིས་བྱུང་། ཡེ་ཤེས་རྒྱ་མཚོའི་སྲས་ལྷ་རྗེ་ཧཱུཾ་ཆུང་། འདིས་རྗེ་བཙུན་མི་ལ་ལ་དྲག་སྔགས་བསྟན་པས་མཐུ་ཆེན་གྱི་གྲགས་པ་ཐོན་པ་དེ་བྱུང་། ཡོན་ཏན་རྒྱ་མཚོ་ཡབ་སྲས་ཀྱི་སློབ་མ་ཉང་ཤེས་རབ་མཆོག །འདི་བསྐྱེད་རྫོགས་གསུམ་ཀ་ལ་མཁས་པར་གྲགས་ཤིང་དོག་ལ་གཤོངས་ཀྱི་གཙུག་ལག་ཁང་ཡང་བཞེངས། ཧའོ་སྒོལ་གྱི་བྲག་ལ་སྒྲུབ་པ་མཛད་པའི་ཚེ། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་གཟིགས། བྲག་ལ་རྡོ་རྗེ་བརྒྱབ་པས་འཇིམ་པ་ལ་བྱས་པ་བཞིན་ཐིམ་གྱིས་སོང་བ་སོགས་གྲུབ་པ་བརྙེས་པའི་ལོ་རྒྱུས་མང་དུ་ཡོད། དེའི་སློབ་མ་ཆོས་ལུང་ཉང་ཤེས་རབ་འབྱུང་གནས་ཡིན། བླ་མའི་ཐུགས་ཟིན་ཞིང་། བསྐྱེད་རྫོགས་གསུམ་ཀ་ལ་མཁས་པའི་གྲགས་པ་ཐོབ། དེ་དག་ལས་བརྒྱུད་པ་ཕལ་


JLAZ013_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཆེར་རོང་ལུགས་སམ། རུས་ལས་བཏགས་ཏེ་ཉང་ལུགས་ཀྱང་ཟེར་རོ། །ཡང་སོ་ཡེ་ཤེས་དབང་ཕྱུག་གི་སློབ་མ་ངན་ཐུང་བྱང་ཆུབ་རྒྱལ་མཚན། ཀོང་བཙུན་ཤེས་རབ་ཡེ་ཤེས། ར་ཐུང་ཤེས་རབ་ཚུལ་ཁྲིམས་ཏེ་གསུམ་ཀ་ཡིན་གྱི་བྲེང་ཆགས་སུ་མི་འདྲེན་ཞེས་འགོས་གཞོན་ནུས་བཞེད། ཡོན་ཏན་རྒྱ་མཚོ་ཡབ་སྲས་དང་། སོ་ཡེ་དབང་གཉིས་ཀའི་སློབ་མ་ཉང་ཤེས་རབ་མཆོག །དེའི་སློབ་མ་ཡེ་ཤེས་འབྱུང་གནས། དེའི་སློབ་མ་ལྷ་རྗེ་ཟུར་པོ་ཆེ་སྟེ། ཟུར་པོ་ཆེ་ནི་སྟོང་ཚབ་འཕགས་པ་རིན་པོ་ཆེ་ལའང་ཐུག་པས། གནུབས་ཆེན་དང་ཟུར་པོ་ཆེའི་བར་ན་བླ་མ་གཅིག་ཡོད་པ་ཡིན་ནོ། །ད་ནི་ཐ་མ་ཟུར་ལ་བབས་པའི་རྣམ་གཞག་བཤད་པར་བྱ་སྟེ། དེ་ལ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་བསྟན་པ་ཕྱི་དར་ལ་སྔ་འགྱུར་གྱི་བསྟན་པའི་རྩ་བ་བཙུཊ། ཟུར་ཆུང་པ་ཤེས་རབ་གྲགས་ཀྱིས་ཡལ་གར་བརྐྱང་། ཟུར་ཤཱཀྱ་སེངྒེས་ལོ་འབྲས་རྒྱས་པར་མཛད་པས་ཟུར་མེས་དབོན་རྣམ་གསུམ་ཞེས་གྲགས་ལ། སྤྱིར་ཟུར་ཞེས་བྱ་བའི་གདུང་འདི་དང་པོར་རྒྱ་གར་ནས་ལྷགས་པ་ཞིག་སྟེ། འཕགས་པའི་ཡུལ་དུ་འོད་གསལ་ལྷ་དབང་གཞོན་ནུ་གཙུག་ཏོར་ཅན། དེའི་སྲས་མནྟྲ་ཅང་ཞུ་ཅན། དེའི་སྲས་མདོ་ཁམས་སུ་བྱུང་བ་ཟུར་རྒྱལ་བ་གསུམ་གྲགས། དེའི་སྲས་


JLAZ013_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་བཤེས་གཉེན་སྟག་སྒྲ་ཅན། དེའི་སྲས་ཟུར་རིན་ཆེན་རྒྱ་མཚོ། དེའི་སྲས་མཚོ་བཟང་མིག་པོ་ཆེ། དེབ་སྔོན་དུ་ལྷ་རྗེ་ཟུར་པོ་ཆེ་འདིའི་སྲས་སུ་འཆད་ཅིང་། གཞན་དུ་ཨ་ཙ་རའི་སྲས་སུ་འདོད་ཀྱང་། འདིར་ཟུར་པའི་རབས་ཉི་ཤུ་རྩ་བདུན་གྱི་ཡི་གེ་ཞིག་མཐོང་བ་དེ་ཉིད་བཙན་པར་གྱིས་ཏེ་མིག་པོ་ཆེ་ལ་ཟུར་ཨ་ཙ་ར། ཟུར་ཁ་ཅན་ལག་ཅན། ཟུར་བཟང་ཤེས་རབ་འབྱུང་གནས་ཏེ་སྲས་གསུམ་བྱུང་བས། ཐ་ཆུང་ཤེར་འབྱུང་གི་སྲས་ལྷ་རྗེ་ཟུར་པོ་ཆེ། ཟུར་སྟོན་བླ་མ། ཟུར་སྒོམ་རྡོ་རྗེ་འབྱུང་གནས། ཟུར་སྒོམ་ཆུང་དང་བཞིར་བྱུང་ལ། ཆེ་བ་ཨ་ཙ་རས་རྒྱ་གར་ལ་བྱོན་པའི་སྲས་ཉི་མའི་སྙིང་པོ། སླར་བོད་དུ་བྱོན་ནས་ཐག་ལུང་པར་བཞུགས་པའི་སྲས་ཟུར་ཐག་པ་སྒོམ་ཆེན། དེའི་སྲས་ཟུར་ཆུང་ཤེས་རབ་གྲགས་པ་ཡིན་ཞེས་སྨྲའོ། །དེ་ལ་ལྷ་རྗེ་ཟུར་པོ་ཆེ་ནི་དཔལ་ཆེན་པོ་འཇིག་རྟེན་ན་མངོན་སུམ་དུ་བྱོན་པ་ཡིན་ཏེ། ཡུལ་མདོ་ཁམས་ཀྱི་སའི་ཆ་ཡར་རྫོང་ངམ་གཡར་མོ་ཞེས་བྱ་བར་ཡུམ་ཡོན་བདག་མོ་བདེ་བ་ལྕམ་ཞེས་བྱ་བའི་སྲས་སུ་འཁྲུངས། ལྷུམས་སུ་ཞུགས་པའི་ཚེ་ཡབ་ཀྱི་མནལ་ལམ་དུ། གསེར་གྱི་འཁོར་ལོ་རྩིབས་སྟོང་པ་ཕྱག་ཏུ་བྱུང་བ་དང་། འཕགས་པ་སྤྱན་རས་གཟིགས་ཡུམ་ལ་ཐིམ་པ་སོགས་བྱུང་བས་སྤྲུལ་པའི་སྐུར་ཤེས་ནས་མཚན་ཤཱཀྱ་འབྱུང་གནས་སུ་བཏགས། ཡབ་ལས་འབྲི་ཀློག་མཁྱེན་པར་མཛད། སྒྱུ་འཕྲུལ་གྱི་སྐོར་དང་མན་ངག་


JLAZ013_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་ཚེགས་ཞུས། བླ་ཆེན་དགོངས་པ་རབ་གསལ་ལས་ཚིགས་གསུམ་རིམ་ནོད་ཀྱི་ལོ་དུས་ལ་བསྙེན་པར་རྫོགས། འདི་སྤྲུལ་པའི་སྐུར་འདུག་པས་མཚན་སྤོ་མི་དགོས་གསུངས། མེས་པོ་རིན་ཆེན་རྒྱ་མཚོའི་དྲུང་ནས་མཚན་ཉིད་སྡེ་གསུམ། ཀྲི་ཡ་རྣམ་འཇོམས། རྣམ་སྣང་སྒྱུ་དྲ། དཔལ་མཆོག་དང་པོ་རྣམས་དང་། གསང་སྔགས་ནང་གི་མན་ངག་ཐབས་ལམ་ལ་སོགས་པའང་མཁས་པར་མཁྱེན། དེ་ཡང་གསུང་ལས། རྩ་རླུང་རྟ་རུ་ཞོན། གཏུམ་མོ་གོས་སུ་གྱོན། གདམས་ངག་སྐྱོ་གྲོགས་སུ་ཁྲིད། དད་པས་སྣ་དྲངས་ཏེ་མདོ་ཁམས་ཀྱི་ས་ཆ་བརྒལ་ནས་འདམ་གྱི་ཕྱོགས་སུ་ཉེ་བར་སླེབས་ཞེས་གསུངས་པ་ལྟར། ཁམས་ནས་འདམ་དུ་སླེབས་པའི་ཚེ་ལམ་ཆ་མ་འཚལ་བ་ལ་སྤྲིན་གསེབ་ནས་ལྷའི་བུ་གཉིས་ཀྱིས་བསྟན་ཏེ་དབུས་ཕྱོགས་སུ་བརྟོལ། ཡར་ཀླུང་ནག་མོ་ལུང་དུ་ཀྲི་ཡ་ལ་སྒྲུབ་པ་མཛད་པའི་ཚེ་ཐེག་པ་ཆེན་པོ་གསང་བ་བླ་ན་མེད་པའི་རིགས་སད་དེ། སྤོང་ལེན་རྩོལ་བྱས་ཀྱི་ལམ་འདི་ནི་འཆིང་བའི་རྒྱུར་འདུག །ཚེགས་ཆུང་བ་ལ་བྱ་སླ་བ་གསང་སྔགས་བླ་མེད་ཀྱི་ལམ་ཞིག་དང་མཇལ་བར་ཤོག་དགོངས་པའི་ནུབ། ནགས་ཚལ་ཅན་གྱི་རི་ལ་སྒོམས་ཟེར་བ་ཞིག་བྱུང་། དེར་གཙང་པོ་ལ་ལམ་རྒྱུས་བཅོལ་ནས་གཙང་ལ་གཏད་དེ་བྱོན། གསང་སྔགས་ཀྱི་ཆོས་ལ་མཁས་གྲུབ་བརྙེས་པ་སུ་ཡོད་དྲིས་པས། ནགས་ཚལ་གསུམ་


JLAZ013_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིལ་བྱ་བ་ན་ཡོད་ཟེར། དེར་སྔར་གྱི་རྨི་ལམ་དྲན་ནས་བྱོན། དགེ་གོང་གི་ལྕེ་ཤཱཀ་མཆོག་ལ་བདུད་རྩི་སྨན་སྒྲུབ་ལ་སོགས་པ་ཞུས། སྤྱིར་ཟུར་ཆེན་བླ་མ་མང་དུ་བཞུགས་ཏེ་ཁྱད་པར་དུ་ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལས་ཟུར་པའི་མེ་ཏོག་ཕོག་པའི་ཆོས་སྒྱུ་འཕྲུལ་དང་སེམས་ཕྱོགས་རྙེད་པ་ཡིན། ཐོ་གར་ནམ་མཁའ་ལྡེ་ལས་མདོ་དང་གསང་སྔགས། རྫོགས་ཆེན་མན་ངག་དང་བཅས་པ། ཡུལ་གསར་གྱི་གཉན་ནག་དབང་དྲག་དང་། ལྕེ་ཤཱཀྱ་རྒྱལ་མཚན་ལ་གསང་དབང་དང་ཐབས་ལམ། ཉང་སྟོད་ཀྱི་འབྲེ་ཁྲོ་ཆུང་ལ་ཀ་དག་དང་ལྷུན་གྲུབ། སྒྱུ་འཕྲུལ་ལམ་རིམ། མཆིམས་ཕུའི་རོག་ཤཱཀ་འབྱུང་དང་ལྡན་མ་ཤེས་ཚུལ་ལ་ཡང་དག །ཞུ་སྟོན་བསོད་ནམས་ཤཱཀྱ་ལས་མདོ་ཡོངས་རྫོགས། སྟོང་ཚབ་བྱང་ཆུབ། རྒྱ་སྟོན་བློ་གྲོས། བཀའ་སྡོད་ཡེ་ཤེས་སྙིང་པོ་རྣམས་ལའང་མདོ་ལུང་། དབང་སྒྲུབ། རྒྱུད་འགྲེལ་འཕྲིན་ལས་དང་བཅས་པ་གསན་ཞིང་། བླ་མ་དེ་དག་ཀྱང་རྟ་ལ་སོགས་པའི་བདོག་དགུའི་འབུལ་བ་དང་། འཁོར་གསུམ་ཡོངས་དག་གི་མཆོད་པས་མཉེས་པར་བྱས་པ་འབའ་ཞིག་གོ །ཚུལ་དེ་ལྟ་བུས་མཁས་པ་མང་པོའི་མན་ངག་བླངས། དགོངས་པ་ཉམས་འོག་ཏུ་ཆུད། སྡེ་སྣོད་དང་། རྒྱུད་སྡེའི་གྲུབ་མཐའ་ལ་མཁས་ཤིང་བྱང་ཆུབ་པར་བྱས་ནས། རྩ་རྒྱུད་དང་བཤད་རྒྱུད་བསྡེབས། རྩ་བ་དང་


JLAZ013_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་བ་བསྡེབས། རྒྱུད་དང་སྒྲུབ་ཐབས་སུ་བསྡེབས། སྒྲུབ་ཐབས་ཆོག་ཡིག་ལ་སོགས་པར་བསྡེབས་ནས་ལག་ལེན་དུ་ཐེབས་པར་བྱས། ནགས་ཚལ་ཅན་གྱི་རི་ལ་དཔལ་ཡང་དག་གི་སྒྲུབ་པ་ཁོ་ན་ལ་གཅིག་ཏུ་གཞོལ་བས་བསྐྱེད་རྫོགས་བཟླས་གསུམ་གྱི་གདེངས་ཆེན་པོ་སྟོབས་སུ་གྱུར། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་གྲོལ་ནས་ཤེས་རབ་ཕྱོགས་མེད་དུ་རྒྱས། སློབ་མ་མང་དུ་འདུས་པ་ལ་མདོ་དང་སྒྱུ་འཕྲུལ་གྱི་འཆད་ཉན་ཀྱང་མཛད། རྒྱུན་དུ་གཡེང་བའི་ལས་ཐམས་ཅད་རྣམ་པར་སྤངས། ཆེ་ཐབས་དང་འདུ་འཛི་བཤིག །བྱང་ཆུབ་ཕྱི་དུས་ལ་མི་རེ་བ་ད་ལྟ་ཉིད་ཁོ་ནར་མངོན་དུ་མཛད་པའི་བརྩོན་འགྲུས་དྲག་པོ་རྒྱུད་ལ་བསྟེན་ནས་མྱུར་དུ་བསྒྲུབས་པས་རེ་ཞིག་ན་གཏོར་ལེན་དུ་རྣལ་འབྱོར་པའི་རྣམ་པ་ཅན་ཞིག་བྱུང་། དེ་ལ་ཅུང་ཟད་བྱིན་པས་ཁོས་རིལ་པོར་ཐོབ། རྩིག་པའི་དྲུང་ན་ཕར་འགྲོ་བ་དང་། ཟུར་པོ་ཆེ་འདི་སྙན་པ་དང་ཡོན་ཏན་མངའ་བ་ཞིག་འདུག་སྟེ། རོག་ཤཱཀ་འབྱུང་གི་རྒྱུན་གཏོར་ཙམ་ཡང་མི་འདུག་ཟེར། དེ་ཉེ་གནས་ཀྱིས་ཐོས་ནས་བླ་མ་ལ་ཞུས་པས་བོས་ཤོག་གསུངས། འབོད་དུ་ཕྱིན་པས། ཕུག་ཅིག་ན་ཀ་པཱ་ལ་ནས་ཟན་འབྲུལ་ཟ་ཞིང་སྣང་། འདེང་ངོ་བྱས་ཀྱང་ཡོང་མ་ཉན་པར། རོག་ཤཱཀ་འབྱུང་མཆིམས་ཕུ་ན་ཚེ་ལ་དབང་ཐོབ་ནས་ཡོད་པ་ཡིན། ཟུར་པོ་ཆེ་ལ་ཆོས་ལེན་མི་ཐོང་གྱིས་ཤིག་


JLAZ013_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། རྐང་པ་ས་ལ་མ་རེག་པར་སོང་། དེར་བཟང་སྒོམ་ཤེས་རབ་རྒྱལ་པོ་དྲེའུའི་ཁལ་དང་བཅས་ཆོས་ལེན་དུ་བཏང་བས། བསམ་ཡས་སུ་སླེབས་ཏེ་དྲིས་ཙ་ན་སུ་ལའང་བཤད་རྒྱུ་མི་གདའ། སླར་རྒན་མོ་ཞིག་གིས་དེ་དང་པོ་ཙ་ན་མཆིམས་ཕུའི་རི་འདི་ལ་ཡོད་པ་ཡིན་ཟེར། རྫིའུ་གཅིག་གིས། རི་འདི་ལ་ཡོད་ཡོད་འདྲ། སྐབས་རེ་ཙ་ན་རྔ་དང་། རུ་ལུའི་སྒྲ་ངས་ཀྱང་ཐོས་ཟེར། དེར་བཟང་སྒོམ་གྱིས་རྩྭ་ཕང་ཕུང་ཡོད་པ་ཞིག་ཏུ་ཁལ་ཕོག །དད་གུས་ཀྱིས་གསོལ་བ་བཏབ་པས། སྒྲ་ཆེན་པོ་དང་བཅས་བྲག་ཕུག་གི་སྒོ་དང་ངེ་མཐོང་། དེར་མོས་གུས་ཆེན་པོ་དང་བཅས་ཕུག་པར་ཐལ་གྱི་སོང་བས། གསང་བའི་སྒྲོལ་གིང་བཅོ་བརྒྱད་ཀྱི་འདུ་བར་འོང་བ་འདི་སྒྲོལ་ཞིག་ཟེར། དེར་བླ་མ་རོག་གིས་འདི་ལས་ཅན་ཡིན་པས་མི་རུང་གསུངས། ལོ་རྒྱུས་ཞུས་པས། ང་རོག་ཤཱཀ་འབྱུང་། སློབ་མ་ཟུར་ཤཱཀ་འབྱུང་། མཚམས་སྦྱོར་ཤེས་རབ་རྒྱལ་པོ། རྟེན་འབྲེལ་བཟང་གསུངས། དེར་བཟང་སྒོམ་ལས་སངས་རྒྱས་མཉམ་སྦྱོར། ཡང་དག་གི་བདག་གཞན་དཀྱིལ་འཁོར་བཅུ་གཉིས། ཡང་ཕུར་སྦྲགས་མ་ལ་སོགས་པའི་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་ཀྱི་དབང་བསྐུར། དཔེ་དང་བཀའ་ལུང་རྗེས་སུ་གདམས་པ་ཐམས་ཅད་ཐོབ་སྟེ་བསམ་ཡས་རྒལ་བར་སླེབས་པའི་དུས། ཁལ་གྱི་སྟེང་ན་ཁྱེའུ་


JLAZ013_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དར་གྱི་བེར་ཐོད་ཅན་ཞིག་མཐོང་བས་སླར་ལོག་སྟེ་དྲིས་པས། ཚངས་པ་དུང་ཐོད་ཅན་འགོ་བ་ཡིན་གསུངས་ནས་གསོལ་ཀའང་གནང་། སླར་གདམས་པ་བླ་མ་ཟུར་ཆེན་ལ་གསང་བའི་ངང་ནས་ཕུལ། དཔོན་སློབ་ཀུན་གྱི་སྒོམ་སྒྲུབ་ལོ་དུ་མར་མཛད་ཅིང་འཆད་ཉན་བསྐྱངས་པས་འགྲོ་ཕན་ཆེ་བར་བྱུང་ནའང་། ཟུར་ཆེན་པོ་དབེན་པ་འབའ་ཞིག་ལ་ཐུགས་གཏོད་པས། འདི་ཡང་དགེ་སྦྱོར་གྱི་གཡེང་བར་འདུག་པས་བོ་དོང་མངའ་བདག་བྲག་ལ་འགྲོ་གསུངས་ཏེ། དེར་གཅིག་པུར་སྒོམ་སྒྲུབ་ལ་ཞུགས་ཙ་ན། བུ་སློབ་རྣམས་ཀྱང་རྗེས་སུ་འབྲངས་བྱུང་བས། ཁྱོད་རྣམས་ངའི་རྩར་ཡོང་དོན། བྱང་ཆུབ་ཐོབ་པ་ལ་རེ་བ་ཡིན་ན་སྒོམ་སྒྲུབ་མིན་པ་གཞན་གང་གིས་ཀྱང་ཕན་མི་ཐོགས། འཇིག་རྟེན་གྱི་གཡེང་བ་རྒྱབ་ཏུ་གཞོག་ལ་སྒྲུབ་པ་ལ་འབུངས། ང་ཡང་སྒྲུབ་པ་ཁོ་ན་བྱེད་གསུངས་ཏེ་དཔོན་སློབ་ཀུན་སོ་སོར་སྒྲུབ་པ་མཛད། དེ་ནས་རེ་ཞིག་ན་མཁའ་འགྲོའི་ལུང་གིས་ས་སྨད་ལ་ཕེབས་ན་འགྲོ་དོན་ཆེ་བར་བསྐུལ་བས། རྟ་ནག་གི་ལུང་པར་བྱོན། འུག་པའི་ཚང་ཡོད་པའི་བྲག་ཕུག་ཁ་ཤར་བསྟན་གཅིག་ཏུ་ཡང་དག་ལྷ་དགུའི་སྒྲུབ་པ་མཛད་པས། དཔལ་ཆེན་པོ་ཡང་དག་ལྷ་དགུའི་ཞལ་མངོན་སུམ་དུ་མཐོང་། དེ་ལྟར་བཞུགས་གནས་ཀྱི་མིང་ལ་བླ་མ་འུག་པ་ལུང་པ་ཞེས་ཀུན་ཏུ་གྲགས། དེར་སྒྲུབ་རྒྱགས་


JLAZ013_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དཀོན་ཞིང་། འབྱོན་པའི་ལུང་བསྟན་ཀྱང་བྱུང་ནས་སྨད་ཕྱོགས་སུ་ལྗོངས་རྒྱུ་བར་ཆས་པས་གཞི་བདག་ཟེ་རེ་ཟེ་བཙན་བྱ་བས་གཟུགས་བསྟན་ཏེ་བཞུགས་པར་ཞུས་པ་ན། ང་ལ་གནས་གཞན་དུ་འགྲོ་བའི་ལུང་བསྟན་ཡང་བྱུང་། རྒྱགས་ཀྱང་མེད་པས་འགྲོ་གསུངས་པས། དཔོན་སློབ་རྣམས་ཀྱི་འཚོ་བ་བདག་གི་འབུལ། ཅིས་ཀྱང་བཞུགས་པར་ཞུ་ཞུས་པས། རེ་ཞིག་བཞུགས་པར་ཞལ་བཞེས། རྟ་ནག་གི་ཕྱུག་པོ་ཞིག་ལ་ནད་དྲག་པོ་བྱུང་ནས། མོ་ལུང་ལ་ཚོགས་གཏོར་ཐོང་། བླ་མ་འུག་པ་ལུང་པ་ལ་བྱིན་རླབས་ཞུས་ཟེར་བས། ནད་པས་བླ་མའི་དྲུང་དུ་ཕྱིན་པས་ཞལ་མཐོང་བ་ཙམ་གྱིས་བདེར་སོང་། བྱིན་བརླབས་ཞུས། ཚོགས་འཁོར་བྱས་མ་ཐག་ཏུ་ནད་ལས་གྲོལ། དེ་བཞིན་དུ་ནད་གདོན་གྱིས་མནར་ཚད་ལ་བྱིན་རླབས་དཔག་ཏུ་མེད་པ་བྱུང་བས་སྐྱེ་བོ་རྣམས་དད་དེ་སྐུ་བསོད་ཆེན་པོ་སྐྱེས། བླ་མའི་དགོངས་པ་ལ། ཐུན་མོང་གི་བསོད་ནམས་འདི་མཆོག་བསྒྲུབ་པའི་བར་ཆད་ཆེན་པོ་ཡིན། རི་བོ་དགུ་འདུས་ལ་སྒོམ་དུ་འགྲོ་དགོངས་ནས་གཤེགས་ཙ་ན། གཞི་བདག་དེས་སྒྲུབ་རྒྱགས་ནི་ཕུལ་ཡོད་ཅིས་ཀྱང་བཞུགས་པར་ཞུ་ཟེར་བས། ཁྱོད་ཀྱི་འཚོ་བ་འདི་གཞི་དག་པོ་ཞིག་ཀྱང་དཀའ། འདུ་འགོད་ཀྱི་གཡེང་བར་འགྱུར་བས་ད་ལན་འགྲོ་གསུངས་པས།


JLAZ013_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་གདོང་མཆི་མས་གང་ནས་ཅིས་ཀྱང་མི་བཞུགས་ན་བདག་ལའང་ཐུགས་རྗེས་དགོངས་འཚལ་ཞུས་ནས་སྲོག་སྙིང་ཕུལ། བླ་མས་དགེ་བསྙེན་གྱི་སྡོམ་པ་ཕོག་ནས་བསྟན་པ་བསྲུང་བར་བསྒོས། མར་ལམ་ཇོ་མོ་སྣ་དམར་ཀྱང་དམ་ལ་བཞག །དེ་ནས་གཡས་རུ་ཐག་ཏུ་བྱོན། ཟུར་ཆུང་པ་ལ་ང་ལ་རི་བོ་དགུ་འདུས་སུ་སྒོམ་ཟེར་བའི་ལུང་བསྟན་བྱུང་བ་དེ་བྲག་རྒྱ་བོ་འདི་ཡིན་པར་འདུག་གསུངས་ནས་དཔོན་སློབ་ཐམས་ཅད་བསྒྲུབ་པ་ལ་བཞུགས་སོ། །དེའི་ཚེ་ལྷ་རྗེ་ཟུར་པོ་ཆེ་ལ་སློབ་མ་རྩེ་མོ་བཞི། རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ཡོད་པའི་རྩེ་མོ་བཞི་ནི། ལྟ་དགོངས་ཀྱི་རྩེ་མོར་གྱུར་པ་ཟུར་ཆུང་ཤེས་རབ་གྲགས། སྒྱུ་འཕྲུལ་གྱི་བཤད་པའི་རྩེ་མོར་གྱུར་པ་མི་ཉག་ཁྱུང་གྲགས། མཁྱེན་བརྒྱའི་རྩེ་མོར་གྱུར་པ་ཞང་འགོས་ཆུང་། སྒོམ་སྒྲུབ་ཀྱི་རྩེ་མོར་གྱུར་པ་བཟང་སྒོམ་ཤེས་རབ་རྒྱལ་པོ། རྩེ་ལྐོག་ནི་ཆོས་ཀྱི་སྟེང་དུ་ཕོ་ཟའི་རྩེ་མོར་གྱུར་པ་རྩགས་བླ་མའོ། །ཡང་རྩེ་ལྐོག་བརྒྱད་དུ་འདྲེན་པའང་ཡོད་དོ། །དེ་བཞིན་དུ་གྲུ་སྒོམ་སྤ་འགྱིང་། ཡུལ་སྒོམ་ནག་མོ། ལྕེ་སྒོམ་ཤཱཀྱ་རྒྱལ། ཟུར་སྒོམ་རྡོར་འབྱུང་། གཡུ་སྒོམ་ཇོ་འབར། སྦ་སྒོམ་བསོད་ནམས་སྙིང་པོ་ལ་སོགས་ཏེ་སྒོམ་ཆེན་བརྒྱ་རྩ་བརྒྱད་ཡོད་དོ། །དེ་ཐམས་ཅད་ཀྱང་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་ཐོབ་པ་འབའ་ཞིག་ཏུ་གྲགས། དེ་ནས་རེ་ཞིག་


JLAZ013_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ན་བླ་མའི་དྲུང་དུ་བུད་མེད་གསུམ་བྱུང་ནས། གཡས་རུ་ཤངས་ཀྱི་མདའ། ཤངས་ཆུའི་ཤར་ན་ལུང་པ་དབྱིབས་ཟླ་གམ། ཕུ་ན་བྲག་སྙིང་འདྲ་བ། མདའ་ན་ཐང་མ་ཏྲཾ་མ་བསྒྲལ་བའི་པགས་པ་ལྟ་བུ། རི་དབྱིབས་གླང་པོ་ཆེའི་སྣ་འདྲ་བ་ལ་བྲག་སེངྒེའི་ཡ་ཐོད་ལྟ་བུ། རྫ་གསུམ་ནས་ཆུ་གསུམ་འབབ་པ་སྐུ་གསུམ་གྱི་དོན་རྙེད་པ་ཞིག་ཡོད་ཀྱི། དེར་སྒོམ་ན་སྐྱེ་བ་འདི་ཉིད་ལ་འཚང་རྒྱ་ཞིང་། འགྲོ་དོན་ཡུན་རིང་བར་འགྱུར་རོ་ཞེས་ལུང་བྱིན་པས། ཟུར་ཆུང་པ་ལ་བྲག་རྒྱ་བོ་སྒྲུབ་གནས་ཀྱི་ཕ་ཕོགས་སུ་མཛད། བླ་མ་འཁོར་དང་བཅས་པ་མར་བྱོན། ས་དམིགས་མཁྱེན་ནས་ཞང་མོ་ཡོན་ཏན་རྒྱན་གྱིས་སྦྱིན་བདག་བྱས། དེས་ཕུལ་པའི་ཕུག་པར་བླ་མས་བཞུགས། ཟུར་ཆུང་པ་སོགས་སྒོམ་ཆེན་བརྒྱ་ལྷག་ཙམ་ཡོད་པ་ལུང་པའི་ཕུ་མདའ་ཐམས་ཅད་དུ་སྤྱིལ་པོ་དང་། བྲག་སྐྱིབས་དང་། ལྷག་སྐྱོབས་ལ་བརྟེན་ནས་བསྒྲུབ་པ་མཛད། ཡུལ་མི་ཚོ་བདུན་གྱིས་ཞབས་ཏོག་བྱས་ཤིང་ཡོན་བདག་གི་རྩ་བ་སྲམ་པ་བོན་གྲོང་པས་བྱས། བླ་མ་སངས་རྒྱས་དངོས་སུ་འཛིན་ཏོ། །དེར་ལོ་མང་པོར་སྒྲུབ་པ་མཛད། ཞི་བ་ཞེ་གཉིས་དང་མི་ཁྲག་འཐུང་ལྔ་བཅུའི་ཞལ་མཐོང་། ཁྱད་པར་དུ་ཡང་དག་གི་ལྷ་ཚོགས་མི་དང་མི་ཕྲད་པ་བཞིན་གཟིགས་ནས་གསུང་གླེང་མཛད། གཽ་རི་བརྒྱད་ལ་སོགས་པ་བྲན་དུ་འཁོལ།


JLAZ013_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མི་མ་ཡིན་རྣམས་ཀྱིས་ལས་གང་བཅོལ་ཉན་པ་བྱུང་། དེར་བླ་མའི་ཞལ་ནས། ངས་འུག་པ་ལུང་གི་ས་རྡོ་རི་བྲག་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་སུ་མཐོང་། ཁྱད་པར་དབེན་སེར་མོའི་ལྷོ་རི་འདི་རྒྱལ་བ་རིགས་ལྔར་རྒྱུན་དུ་མཐོང་བས་ཞི་བའི་ལྷ་ཁང་བཞེངས་གསུངས་ཏེ་སྟ་གོན་མཛད། སའི་དཔྱད་གཟིགས་ནས་ས་དགྲ་ངན་པ་དག་བཅོས། ལྷོ་རི་སྡིག་ནག་ཐུར་དུ་རྒྱུག་པ་འདྲ་བའི་རྭ་དབྲག་ཏུ་ཟུར་པོ་ཆེ་དཔལ་ཆེན་པོའི་སྐུར་བཞེངས་ནས། ཞབས་གཡས་པ་བཞག་སར་ཞབས་རྗེས་ཀྱང་བྱུང་། དེར་ཧེ་རུ་ཀའི་སྐུ་འབུམ་ཕྲག་ཡོད་པའི་མཆོད་རྟེན་དང་། ཕྱོགས་བཞི་དབུས་དང་ལྔར། རྩེ་མོ་བཞི་དང་རྩེ་ལྐོག་ལྔས་མཆོད་རྟེན་རེ་ཡང་བཞེངས། ཀླུ་དུང་སྐྱོང་གནས་པའི་ཆུ་མིག་ལ་ཟངས་བཀབ་ནས་ཁ་བཅད། དེའི་སྟེང་དུ་གཙུག་ལག་ཁང་གི་རྨང་བཏིང་། ཆེ་ཆུང་ཉང་སྟོད་རྩིས་ཀྱི་ལྷ་ཁང་དང་མཉམ་པ་བྱེད་རྒྱུ་ལ་རྡོ་བཟོ་བས་ཅུང་ཟད་བཀུམ་ཟེར། དེ་བཞིན་དུ་བཟོ་བོ་ཕལ་ཆེར་བསོད་ནམས་མ་ཡིན་པ་འདུ་བྱེད་པ་ལ་སྤྲོ་བས། ཤིང་ཐམས་ཅད་ཁོད་མི་སྙོམས་ཤིང་། རིང་ཐུང་དུ་གནས་པ་ལ་སོགས་ཕྱག་རྫས་བྲོན་པའི་ཐབས་འབའ་ཞིག་བྱས་ཀྱང་། འདི་ལྟར་བྱང་ཆུབ་སེམས་དཔའ་གཏོང་བ་ལ་གོམས་པའི་སྙིང་སྟོབས་ལ་སེར་སྣ་དང་འཇུར་བུའི་རྣམ་རྟོག་གིས་རྫི་བར་ནུས་པ་མ་ཡིན་པས་ནོར་རྫས་ལ་རྨི་ལམ་དང་སྒྱུ་མ་ལྟ་བུར་གཟིགས། ཀ་ཆེན་ཡ་གཅིག་བྲེགས་


JLAZ013_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ཏེ་མ་སྙོགས་པ། ཞབས་ཀྱིས་སྒྲིལ་བས་རིང་ཐུང་སྙོམས་པའི་གྲུབ་རྟགས་བསྟན། དེ་ལ་རྡོ་རྗེ་རྟགས་སྦྱར་ནས་ཡོད། དེ་བཞིན་དུ་ཀ་བ་སྐྱོག་པོར་གྱུར་པ་རྣམས་ཞབས་ཀྱིས་སྒྲིལ་བས་མདའ་ལྟར་འཁྲོངས་པ་དང་། ལོག་སྒྲུབ་བཟོད་པ་སོགས་ཚད་མེད་པའི་ཐུགས་རྗེ་དང་ནུས་པ་མཐོང་བས། བཟོ་པ་རྣམས་སླར་འགྱོད་པ་ཆེན་པོ་སྐྱེས། ལྷ་ཁང་ཚར་བའི་ཤིང་ལྷག་རྣམས་ལ་རྩིག་པ་མེད་པར་ཀ་བ་བཞིས་བཏེགས་པའི་སྒོ་ཁང་ཁྱད་འཕགས་ཞིག་བྱས་པར་འགྱོད་ཚངས་རྒྱ་ཕུགས་ཞེས་གྲགས་ལ་དེ་སླར་མགོན་ཁང་དུ་མཛད་དོ། །དེ་ལྟར་གཙུག་ལག་ཁང་དབུ་རྩེ་ཀ་བ་བཞི་པ་རྣམ་སྣང་ཀུན་ཏུ་ཞལ་གྱིས་གཙོ་བོ་བྱས་པའི་ཞི་བའི་ལྷ་ཚོགས། འཁྱམས་སྟོད་ཀ་བ་བརྒྱད་ཀྱི་སར་སྒོ་སྲུང་རྟ་བདུན་གཉིས། གློ་འབུར་ལྷོ་བྱང་གཉིས་ན་ཡུམ་ཆེན་མོ་དང་། མར་མེ་མཛད་ལ་མཆོད་ལྷ་བཞི་བཞིས་བསྐོར་བ། མགོན་ཁང་ན་ལེགས་ལྡན། དཔལ་ལྡན་ལྷ་མོ། ཚངས་པ་དང་། བརྒྱ་བྱིན་རྣམས་འབུར་སྐུར་བྱས། འཁྱམས་སྟོད་ཀ་བ་བརྒྱད་ཀྱི་སར་བླ་མ་བརྒྱུད་པའི་གྱང་རིས། སྐོར་ཁང་ལ་པདྨ་བརྒྱ་ལྡན་ལ་སོགས་པའི་དཀྱིལ་འཁོར་ཉི་ཤུ་རྩ་གསུམ། འཁྱམས་སྨད་ཀ་བ་ཉི་ཤུའི་སར་སངས་རྒྱས་སྟོང་རྩ། ཕྱོགས་བཅུའི་སངས་རྒྱས་ཚེ་དཔག་མེད་ལ་ཉེ་སྲས་ཀྱིས་བསྐོར་བ། སངས་རྒྱས་རབས་བདུན།


JLAZ013_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་བཅུ་གཉིས། བྱང་ཆུབ་སེམས་དཔའ་ཆོས་འཕགས། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། རིགས་གསུམ་མགོན་པོ། མ་ལ་ཡའི་ཞིང་བཀོད། སྲིད་པའི་ཙཀྲ་ལ་སོགས་པ་གྱང་རིས་སུ་མཛད། དེ་ལྟར་སྐྱ་བཟོ་གྲུབ་ནས། ད་ནི་ངའི་ལྷ་ཁང་ཐང་ཀ་ཡན་ཆོད་གསེར་གྱིས་བྱུག་པ་ཡིན། གསེར་འགྲོང་རི་ཚུགས་པོ་ལས་འདོན་གསུངས་ནས་དགོངས་པ་མཛད་པས། ནམ་ཕྱེད་ན་གཞི་བདག་བཙན་དེ་རྟ་པ་ནག་པོ་གཅིག་ཏུ་བྱས་ནས་བྱུང་། ཟུར་པོ་ཆེ་ལ་ཕྱག་དང་བསྐོར་བ་བྱས་ནས་ལྷ་ཁང་གི་ཐང་ཀ་ཡན་ཆོད་གསེར་དུ་བྱུགས་ན། ངེད་ཀྱི་གསེར་འཛད་པས། ལྷའི་སྐུ་རྣམས་ཁྱབ་ངེས་ཤིག་འབུལ་ཟེར་བས་དེ་བཞིན་དུ་མཛད། རབ་ཏུ་གནས་པའི་ཚེ། རྒྱལ་བ་ཟུར་ཆེ་ཆུང་གིས་ཀུན་རིག་རྣམ་སྣང་གི་དབུ་གཙུག་ནས་ཞུགས་ཐུགས་ཀར་ཐོན། ཐུགས་ཀ་ནས་ཞུགས་དབུ་གཙུག་ཏུ་ཐོན་པ་ལ་སོགས་རྫུ་འཕྲུལ་གྱི་བཀོད་པ་ཟད་མི་ཤེས་པ་བསྟན་པས་བཟོ་བོ་རྣམས་སྙིང་ཐག་པ་ནས་དད་པར་གྱུར་ཏེ་བླ་མའི་ལྷ་ཁང་རི་རབ་ཙམ་ལ་མཆོད་རྟེན་གྱི་འདེགས་བྱེད་ཟེར། བསམ་ཡས་མཆོད་རྟེན་སྔོན་པོ་ལ་དཔེ་བྱས་བཀྲ་ཤིས་སྒོ་མངས་ལྷ་ཁང་གི་བྱང་ཕྱོགས་སུ་དད་བཞེངས་ཀྱིས་ཕུལ། བླ་མའི་མཚན་གདན་ས་ལ་ཆགས་པས་དཔལ་འུག་བྱ་ལུང་ཞེས་ཡོངས་སུ་གྲགས། ལྷ་རྗེ་ཟུར་པོ་ཆེའི་རིང་ལ་དབུ་བརྙེས། ཟུར་ཆུང་པས་སྲོལ་


JLAZ013_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད། ཟུར་ཤཱཀྱ་སེངྒེས་དར་རྒྱས་སུ་མཛད་ཟེར་བ་དེ་གདན་རབས་འདིས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་ལ། བྱ་བ་རླབས་པོ་ཆེ་མཛད་པའི་རྣམ་གཞག་ཡིན་ནོ། །དེ་ནས་འཆད་ཉན་ལ་སོགས་པའི་འགྲོ་དོན་རྒྱ་ཆེན་པོ་མཛད། རེ་ཤིག་ན། དཔོན་སློབ་ཀུན་གྱིས་ཡང་དབེན་སེར་མོར་ཡང་དག་གི་ལོ་སྒྲུབ་མཛད་པས་མར་ཟད་དེ་མཆོད་མེ་མ་བྱུང་བས། ཆུ་མིག་ཞག་བདུན་དུ་མར་ཁུར་བྱིན་གྱིས་བརླབས་ནས་མར་ཁུ་འཛད་མེད་བླངས་ཆོག་པ་བྱུང་། དེར་ཐོག་མར་འཆད་ཉན་པ་རྣམས་བཤད་པ་ལ་གཙོ་བོར་འདོན་པས་དང་པོ་ཙ་ན་འཕྲིན་ལས་ཤེས་པ་ཉུང་སྟེ། ཁོང་རྣམས་ཆོས་རར་བགྲོ་གླེང་བྱེད་པའི་ཚེ་འཕྲིན་ལས་ཤེས་ཤིང་བགྲོ་གླེང་མེད་པ་དག་མི་ཤེས་པའི་ཕྱོགས་སུ་ཕུལ་པས། རྒྱུན་གཏོར་ལྷན་ཅིག་ཏུ་གཏོང་བའི་ཚེ་འཕྲིན་ལས་ཤེས་པ་ཚོས་གྱེར་དུ་མ་ཉན། དེར་བླ་མའི་ཞལ་ནས། གང་ལ་མཐར་ཕྱིན་པ་གཅིག་གིས་གྲོལ་བ་ཡིན། གཅིག་གིས་གཅིག་ལ་ཁྱད་གསོད་མི་རུང་། ཐེག་པ་དགུའི་གྲུབ་མཐའ་རང་ས་ན་ཡོད་ཀྱི། ཐེག་པའི་ཁ་འཛིན་པ་མ་ཡིན། ཞེས་གསུངས་པས་ཐམས་ཅད་ལ་དོན་གྱི་གོ་བ་ཁྱད་པར་ཅན་སྐྱེས་ནས་ཞི་དུལ་དུ་གནས་པ་བྱུང་། དེའི་དུས་སུ་བླ་མའི་ཞལ་ནས། སློབ་མ་རྩེ་མོ་བཞི་ལ། ལམ་ཉམས་སུ་ལེན་པ་ལ་གང་གལ་ཆེ། ཁྱེད་བཞི་པོ་གོ་བ་རེ་བཞོག་


JLAZ013_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བ་ལ། ཟུར་ཆུང་པས། སྔར་བཞིན་གྱི་བག་ཆགས་ཚན་པོ་ཆེ་འདི། མ་བསྒོམས་ན་མི་འཛད་པ་ཞིག་འདུག་པས། ཉམས་ལེན་ལ་བློ་ཐག་ཆོད་པ་གལ་ཆེ། འབྲལ་གྱི་སྒྲིབ་པ་དྲི་མ་འདྲ་བ་འདི། ད་ལྟ་ནས་དག་དགོས་པ་འདུག་པས། ནངས་དང་ནུབ་ཏུ་དགེ་སྦྱོར་བྱེད་པ་གལ་ཆེ། ཇི་སྲིད་གནས་ལུགས་མངོན་དུ་མ་གྱུར་གྱི་བར་དུ་བསོད་ནམས་ཀྱི་ཚོགས་བསག་དགོས་པ་འདུག་པས། དགེ་བ་ཕྲ་ཞིང་ཕྲ་བ་ལ་བརྩོན་པ་གལ་ཆེ་ཞུས། དེ་བཞིན་དུ་གཞན་གསུམ་པོས་ཀྱང་རང་སའི་གོ་བ་རེ་ཞུས་པས། བླ་མ་མཉེས་ནས། དམ་པའི་ལྷ་ཆོས་བྱེད་པ་ལ། །ལམ་ལྟ་སྒོམ་སྤྱོད་པ་གསུམ་དུ་གདའ། །ལྟ་བ་ཞེས་མིང་དུ་བཏགས་པ་དེ། །ལྟ་རྒྱུ་བྱུང་ན་ལྟ་བ་མིན། །ལྟ་རྒྱུ་མེད་པའི་དོན་ལ་བལྟ། །ཆོས་ཉིད་བརྗོད་མེད་ལམ་དུ་ཁྱེར། །ཞེས་པ་ལ་སོགས་པ་ལྟ་སྒོམ་སྤྱོད་པའི་ལམ་ཁྱེར་གྱི་མགུར་གསུངས་པས་སློབ་མ་ཀུན་མོས་པ་མཆོག་ཏུ་འཕེལ། དེ་ནས་བླ་མ་ཟུར་པོ་ཆེས་འུག་པ་ལུང་དུ་ཚོགས་པ་བསྐྱངས་ཤིང་རྒྱུད་ཀྱི་བཤད་གྲྭ་དང་སྒོམ་གྲྭ་ཆེན་པོ་མཛད། ཟུར་ཆུང་པས་ཡང་དབེན་སྔོན་མོར་ཡང་དག་གི་སྒྲུབ་པ་མཛད་ཅིང་བཞུགས་ཙ་ན། ཤངས་ཀྱི་སྒྲུབ་ཁང་གདོང་ལ། རྒྱུའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ཀྲོང་ངེར་འདུག་པ་གཟིགས། སྒྲུབ་པ་ཐོན་ནས་བླ་མར་ལོ་རྒྱུས་ཞུས་པས། བླ་མའི་ཞལ་ནས་ཟུར་ཆུང་པ་དཔལ་


JLAZ013_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ལ་གྲུབ་པ་ཐོབ་པ་ཡིན། ང་ལ་རིག་འཛིན་ནམ་མཁའི་སྙིང་པོས་ཀྱང་ཧེ་རུ་ཀའི་སྐུ་བཞེངས་ན་བོད་འབངས་ལ་གནོད་པའི་གདོན་མཐུ་བོ་ཆེ་ཐུལ་ཞིང་འགྲོ་དོན་འབྱུང་བའི་ལུང་བསྟན་ཀྱང་ཡོད་པས། དེའི་སླད་དུ་འགྲོ་ཞེས་གསུངས། ཉེ་གནས་ལ་འོ་ཅག་ལྷ་ཁང་བཞེངས་པའི་ཡོ་བྱད་སྡོགས་ཤིག །ངེད་ཚོས་ས་འདུལ་བྱ་ཡི་གསུངས། བྲག་སེང་གེའི་ཡ་ཐོད་ཀྱི་ཁར་བཞུགས། གཏོར་མ་བཤམས། བླ་མ་དཔལ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་ནས་སྟངས་སྟབས་མཛད་པའི་ཚེ། སངས་རྒྱས་མཐོང་བའི་སྐལ་བ་དང་ལྡན་པ་རྣམས་ཀྱིས་མངོན་སུམ་པའི་སྐུར་མཐོང་བ་བྱུང་། དེ་ནས་འགྲམ་རྡོ་སློང་བའི་དུས་ཟུར་ཆུང་པ་སྐུ་ལུས་སྦེག་ཅིང་ཞལ་རོད་ངན་པ་ལ་བརྙས་ནས། གཞན་ཀུན་གྱིས་འགྲམ་རྡོ་ཆེན་པོ་རེ་བཞག་གིན། ད་ཟུར་ཆུང་པས་གྱད་རྡོ་གཅིག་འཇོག་ཐང་ཞེས་ཟུར་ཟ་བར་བྱས་པས། ཟུར་ཆུང་པ་ན་རེ། དཔོན་སློབ་རྣམས་ཚ་བ་ལ་གཤེགས་ཤིག །ངེད་ཀྱང་ད་ལྟ་འདེང་ངོ་ཟེར་ཏེ་མ་བྱོན། ཁོང་རྣམས་ཀྱིས་ཚ་བ་ཟིན་ནས་ཐོན་པ་དང་། གྱད་ཀྱི་རྡོ་ཐེག་པ་ལྟ་ཅི་སྨོས། སྒུལ་བའང་མི་ནུས་པའི་ཕ་ཝོང་ཆེན་པོ་བརྒྱད་རྨང་གི་ཕྱོགས་བཞི་མཚམས་བརྒྱད་དུ་བཞག་ནས། དེ་ལ་རྡོ་དཀར་གྱི་ཟུར་ཆུང་པའི་གྱད་རྡོ་ལགས་བྱ་བ་བྲིས་པ་མཐོང་བས། གྲྭ་པ་རྣམས་སྤོབས་པ་སྨད་ཅིང་གཟུ་བོར་གྱུར་པ་དག་མོས་པར་གྱུར་ཏོ། །དེར་ནག་ཕྱོགས་ཀྱི་ལྷ་འདྲེ་བྱེད་པ་མི་བསྲུན་པས་


JLAZ013_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཁང་བརྩིགས་པའི་འགལ་རྐྱེན་དང་མཐོ་འཚམས་པའང་ཟུར་ཆུང་པས་གྱད་རྡོ་བཞག་པ་ཕྱིན་ཆད་ནས་ཞི་བར་གྲགས། ཤིང་བསྒྲིགས་རན་པའི་ཚེ་ཀ་བ་བཞི་སྐྱོག་པོར་བྱུང་བ་བླ་མའི་ཞལ་ནས་འདི་ཟུར་ཆུང་པས་སྲོངས་ཤིག་གསུངས་པས། རླུང་ཁུག་པ་གཅིག་གི་ངང་ལ་དགྱེ་བ་དང་སྒྲུག་པའི་རྟེན་འབྲེལ་ཅིག་མཛད་ནས་མདའ་བཞིན་དུ་བསྲངས། ཐོག་ཕུབ་ཟིན་པ་ཙམ་ལ། ངས་ལྷ་བཟོ་བ་བཀུག་པས་ཁུགས་ཡོང་གི་འདུག་གསུང་། ཞག་གཉིས་པ་ལ་ལྷ་བཟོ་ཤེས་པ་འགའ་ཞིག་ཆོས་ཞུ་རུ་བྱུང་། མ་མཁྱེན་པ་ལྟར་མཛད་ནས། ཁྱེད་རྣམས་ཡོན་ཏན་མཁན་གྱི་རིགས་སམ་གསུངས། བདག་ཅག་རྣམས་ནི་ལྷ་བཟོ་མཁན་ཏེ་སྐུ་དྲུང་དུ་ཆོས་ཞུར་བཅར་བ་ལགས་ཞུས་པས། རྟེན་འབྲེལ་བཟང་། ཅི་འདོད་པའི་ཆོས་ཀྱང་འོང་། དུས་ཀྱི་སྙིགས་མ་ལ་འགྲོ་དོན་ཆེན་པོ་འོང་བས་དཔལ་ཆེན་པོའི་སྐུ་བཞེངས་པ་ཡིན། ཁྱོད་རྣམས་ཀྱིས་དེ་བཞིན་དུ་འཚལ་ཞེས་གསུངས་པས། ཁོང་རྣམས་ཀྱང་དད་པ་ཤིན་ཏུ་སྟོན་པར་གྱུར་ནས་དཔལ་ཡང་དག་གི་བུམ་དབང་སྔོན་ལ་བསྐུར། དེ་ནས་དེ་བཞིན་གཤེགས་པའི་གདུང་རིང་བསྲེལ་དང་། བྲམ་ཟེར་སྐྱེ་བ་བདུན་པའི་ཤ །དུར་ཁྲོད་བརྒྱད་ཀྱི་ས་རྡོ་ཆུ་ཤིང་། རིན་པོ་ཆེའི་རིགས། རྒྱ་བོད་རིག་འཛིན་གྱིས་བསྒྲུབས་པའི་ཆོས་སྨན་རྣམས་བསྲེས་པའི་ལྡེ་གུ་སྟ་གོན་བྱས། སྐུའི་ཚད་ཇི་ཙམ་བགྱིས་ཞུས་པས། ཐོག་དཔངས་དང་བསྟུན་པར་གནང་། དེར་འབྲས་བུའི་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་མཚར་བ་དང་། བརྔམ་པ་དང་། བཞད་


JLAZ013_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅི་ལྟ་བུ་ཞིག་བྱུང་ཡང་བླ་མས་ཞལ་མཐོང་བ་ལྟར་མ་བྱུང་བས་སྐྱོར་ཅིག་གསུངས། ལན་མང་པོ་བསྐྱར་དགོས་པ་བྱུང་། རེ་ཞིག་ན། དང་འདྲ་བ་ཞིག་ཤེས་སམ་གསུངས། ཤེས་མཆི་ཞུས་པས། དོ་ནུབ་གསོལ་བ་ཐོབ་ལ་སང་ང་ལ་བལྟ་རུ་ཤོག་གསུངས། སང་ཟུར་ཆུང་པ་དང་བཅས་ལྷ་བཟོ་རྣམས་ཀྱིས་དྲུང་དུ་ཕྱིན་པས། ཉེ་གནས་དོན་ཡོད་རྡོ་རྗེ་ལ་གཏོར་ཚོཊ་ཤོམས་གསུངས། ཡང་དག་གི་ལས་གཞུང་བསྲངས། ཚོགས་འཁོར་མཛད་ནས་ད་ལྟོས་ཤིག་གསུངས་ཏེ་ལྟ་སྟངས་མཛད་པའི་མོད་ལ་ཧེ་རུ་ཀ་དངོས་སུ་གྱུར་ནས་དབུ་སྤྲིན་དང་ན་བུན་གྱི་མཚམས་ན་ལྷག་གེ་བ། ཞབས་གཡས་འུག་པ་ལུང་གི་ཧེ་རུ་ཀའི་བྲག་གདོང་དང་། གཡོན་པ་བཙད་པོ་སྤུར་ཁང་གི་རི་རྩེར་བཞག་པ། ཞལ་གཅིག་ཕྱག་གཉིས། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། རྡོ་རྗེའི་གཤོག་པས་བར་སྣང་གང་བ། འཇིགས་ཤིང་རྔམ་པ་གཅིག་མཐོང་བ་དང་ལྷ་བཟོ་བ་རྣམས་ཟིལ་མ་བཟོད་པར་དྲན་མེད་དུ་བརྒྱལ། བརྒྱལ་སངས་ཙ་ན་དགོངས་པ་གློད་ནས་བླ་མ་ཞལ་འཛུམ་ལྷག་གེ་འདུག །ད་ཤེས་སམ་གསུངས། ཞལ་གཅིག་ཕྱག་གཉིས་པའི་སྐུ་གཅིག་གསལ་བར་མཐོང་། དེ་ནས་གང་ཡང་དྲན་པ་མེད་པར་སོང་བས། ད་བཞེངས་རྒྱུ་ལ་ཞལ་གསུམ་ཕྱག་དྲུག་པ་ཞིག་བསྟན་པར་ཞུས་པས།


JLAZ013_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཟབ་སྟེ། གདུལ་བྱའི་དབང་གིས་ཞལ་གཅིག་ཕྱག་གཉིས་འབྱོན། ཞེས་གསུངས་ནས་དེ་ལྟར་བཞེངས་པའི་ཚེ། ལྟེ་བ་མན་ཆད་སྔ་མ་མཐོང་བས་མཚོན་པར་ནུས་ལ། ཡན་ཆད་ད་དུང་སྐྱོར་ཅིག་གསུངས་ནས་ལན་གྲངས་མང་པོར་བསྐྱར་དགོས་པ་བྱུང་བས། ཞལ་ནས་ཁྱེད་ཚོ་སྒྲིབ་པ་མ་དག་པ་ཡིན། འཇིམ་པ་ལེགས་པར་སྦྱོར་ལ་འདིར་ཞོག །ཆུ་མིག་ཕ་གི་ངའི་བདུད་རྩི་ཀ་པཱ་ལ་གང་གཏོར་བ་ལས་བྱུང་བའི་སྒྲུབ་ཆུ་ཡིན་པས་ཁྲུས་གྱིས། ལྷ་ཁང་གི་ཕྱི་ལ་བསྐོར་བ་ལན་བདུན་སྐོར་ལ་ཤོག །དེ་བར་དུ་ནང་འདིར་སུ་ཡང་མ་འོང་། ངས་དཔལ་ཆེན་པོ་ལ་གསོལ་བ་འདེབས་པ་ཡིན་གསུངས། ཁོང་རྣམས་དེ་ལྟར་བྱེད་པའི་རིང་ལ་ནང་ན་འཕྲོས་དིར་དིར་འདུག །ཁྲུས་དང་བསྐོར་བ་ཚར་ནས་ནང་དུ་ཕྱིན་ཙ་ན། སྐུ་དྲུང་ན་སུ་ཡང་མེད། བླ་མ་དགོངས་པ་ལ་བཞུགས། འཇིམ་པ་རྣམས་ཟད། དཔལ་ཆེན་པོ་ལྟེ་བ་ཡན་ཆོད་རང་བྱོན་དུ་ཤར་འདུག་པས། བུ་སློབ་དང་ལྷ་བཟོ་བ་ཀུན་ངོ་མཚར་དཔག་ཏུ་མེད་པ་སྐྱེས། ཕྱག་འཚལ་བཞིན་དུ་བླ་མ་རང་གི་འདི་ལྟར་མཁྱེན་པ་ལ། ཁ་སང་ནས་མི་མཛད་པ། བདག་ཚོར་བགམ་པ་ལགས་མོད་ཞུས་པས། ང་ཉིད་ལྟ་བུའི་གང་ཟག་ལས། །ང་ཉིད་ལྟ་བུའི་རྟེན་ཅིག་འབྱུང་། །སྙིགས་མའི་དུས་སུ་འགྲོ་བ་འདྲེན། །ནད་དང་གདོན་གྱི་གཉེན་


JLAZ013_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འགྱུར། །སྔར་ཡང་ཧེ་རུ་ཀ་ཉིད་ལ་བརྟེན་ནས་ཧེ་རུ་ཀ་ཉིད་བྱུང་བ་ཡིན་ལ། ད་ཡང་ཧེ་རུ་ཀ་ཉིད་ལ་ཧེ་རུ་ཀ་ཉིད་ཐིམ་པར་འགྱུར་རོ། །ཞེས་མ་འོངས་པའང་བསྟན་ནོ། །སྔོན་དུས་ན་བྱོན་པའི་གྲུབ་པའི་སློབ་དཔོན་ཆེན་པོ་འདི་དག་ནི་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས། འདི་ལྟར་མིའི་འདུ་འཚོགས་མང་པོ་འོང་སར་གསང་སྒྲུབ་ལྟར་བཞེང་བ་ཤིན་ཏུ་གཉན་པས་མི་བཏུབ་གསུངས། ཁྲོ་མོ་བརྒྱད་པོ་རྒྱུད་ལུགས་ལྟར་བཞེངས་ཤིག་གསུངས་ནས་བཞེངས། གཡས་ཕྱོགས་ཀྱི་གྱང་རིས་ལ་སྒྱུ་འཕྲུལ་ཞི་བ། གཡོན་ཕྱོགས་ལ་འབར་བ་ཁྲོ་བོའི་ལྷ་ཚོགས། མདུན་དུ་མདོ་ཡོངས་རྫོགས། སྟེང་དུ་དཀྱིལ་འཁོར་གསུམ་དང་། སྒོ་ཁང་ངོས་ལ་དཔལ་མགོན་མ་ཧཱ་ཀཱ་ལ་དྲག་པོ་གཤིན་རྗེ་ལྟར་སྒྲུབ་པ། སྟག་ཞོན་མོན་པ་སྡེ་བརྒྱད་དང་བཅས་པ་བྲིས། དེ་ནས་རབ་ཏུ་གནས་པའི་དུས་ལ་བབ་སྟེ། ཆང་མ་སུ་ལ་འཆོལ། ཤ་གང་ནས་འཚོལ་སོགས་རབ་སྟོན་གྱི་ཉེར་སྡོགས་བྱ་བ་ན། ཉེ་གནས་ན་རེ། བཟོ་པ་དང་། ལས་བྱེད། མགྲོན་པོའི་སྐྱོང་དར་མང་པས་དངོས་པོ་ཕལ་ཆེར་ཟད་པས། ད་འབུལ་བསྒུག་པ་དང་ཡོན་བདག་གི་སར་གཡར་སྐྱིའང་བྱེད་དགོས་པས་རབ་གནས་དལ་གྱིས་གནང་བར་གསོལ་བས། ཟུར་ཆུང་པ་ན་རེ། རབ་


JLAZ013_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དུས་ལ་བྱེད། ཆང་གི་ནས་བཙལ་བས་མི་ལང་། རྫ་མས་ཀྱང་མི་ཁོམ། དེ་བས་ཆང་མ་ཀླུ་ལ་འཆོལ། ཤ་རྙེད་པའང་དཀའ། རྙེད་ཀྱང་རིན་མི་འཁྱོངས། སྲམ་པ་བོན་གྲོང་པའི་གླང་ལ་ཤ་རྒྱུ་བྱེད། རྩམ་པ་མི་མ་ཡིན་ལ་འདེགས་བསྐུལ་བས་ཆོག །དེ་ལྟར་བྱས་ན་མི་ལྡང་བ་གང་ཡང་མེད་གསུངས། དེར་བླ་མ་ཟུར་པོ་ཆེས། ནས་ཁལ་སྟོང་གི་ཆང་ལས་མི་འགྲོ། ཁྱོད་རང་ནས་བྲེ་དྲུག་ཚོས། མིའི་མདུན་ན་རབ་གནས་ཀྱི་ཆང་ཚོས་མང་པོ་ཡོད་པ་ལྟར་གྱིས་ཟུར་ཆུང་པས་ཀླུ་མོ་ཁུག་ཅིག་གསུངས། དེ་ནས་ཡ་ཟད་བྲག་གདོང་གི་བྲག་ལ་གནས་པའི་ཀླུ་བདུད་ཀྱི་སྲིང་མོ་དེར་ཟུར་ཆུང་པས་དགོངས་པ་མཛད་དེ་བཀུག་པས་སྦྲུལ་ཕྲ་མོ་གཅིག་བྱུང་། ལྟ་སྟངས་མཛད་པས། བུད་མེད་དཀར་མོ་གཅིག་ཏུ་སོང་། དེར་ཟུར་པོ་ཆེས། ངའི་ལྷ་ཁང་རབ་གནས་ཀྱི་ཆང་མ་བྱེད་དགོས་གསུངས་པས། ངེད་གཙང་མ་ཀླུའི་རིགས་གྲིབ་ལ་སྡར། སྐྱུར་ལ་འཛེམ། བླ་མའི་གཟི་བྱིན་ཡང་མི་བཟོད་པས་ཆང་འགོ་མི་ཐོན། ངའི་མིང་པོ་ལ་འཆོལ་པ་ཞུ། རྐྱེན་གང་དགོས་འབུལ་ཟེར། དེར་བླ་མས་འོ་ན་ཟུར་ཆུང་པ་མིང་པོ་འགུགས་སམ། བྱིན་གྱིས་བརླབ་གསུངས་པས། བདག་གིས་འགུགས་པར་འཚལ་ཟེར་ནས་ལྟ་སྟངས་མཛད་པས། སྡིག་པ་ར་རྩ་རྩི་བུ་ཙམ་ཞིག་བྱུང་། ཏིང་ངེ་འཛིན་གྱིས་གཟིར་


JLAZ013_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཟུགས་མངོན་སུམ་དུ་བསྟན་བྱུང་། དེར་ཆང་མ་བྱེད་པར་བསྒོས་པས། བདག་ལྷ་འདྲེའི་རིགས་སུ་གཏོགས་པས་བྱ་དགའ་དང་སེམས་འཛིན་དུ་མ་དགོས། ཆང་མ་བྱེད་དུ་མི་ཁོམ་ཡང་། བླ་མའི་བཀའ་གཅོག་པར་མི་ནུས་ཟེར། དེར་ཁོང་གཉིས་ཀྱི་སྲོག་སྙིང་བླངས། དམ་ལ་བཞག །གནངས་ཉིན་ཡོང་བས་གྲབས་མཛོད། ངེད་ཀླུའི་རིགས་གྲིབ་ལ་སྡར་བས་གཙང་ཞིང་སྡོད་ས་བཙན་པའི་ཐབས་ཞུ་ཟེར། དེར་བླ་མ་ཟུར་པོ་ཆེས། ངས་བྱིན་བརླབས་ཀྱིས་གསུངས། རྫ་མ་ཐེམ་བུ་གསུམ་པ་སྤོས་ཆུས་བཀྲུས། བདུད་དང་ཀླུ་བརྟེན་པའི་མཐུན་རྫས་ཀྱང་འདུ་བྱས། ནས་བྲེ་དྲུག་གི་གླུམ་རྣམས་བླུགས། ཁ་ནས་དཀར་གཙང་མས་བཀང་། དེར་ཀླུ་བདུད་མིང་སྲིང་གཉིས་བཅུག །ཁ་བླ་མའི་ན་བཟའ་ཕོད་ཀས་བཅད། ཕུ་དུང་ནས་ཆུ་བླུག་ཏུ་རུང་བར་བྱས། རྡོ་རྗེའི་མདུད་རྒྱ་བྱས་པས་ཀླུས་ཕྱོགས་ཀྱི་ཆང་རྣམས་ཀྱི་བཅུད་བསྡུས་ཏེ་ཆང་ལ་འཛད་པ་མ་བྱུང་། དེར་ཉེ་གནས་ཀྱིས་ཆང་གི་ལྡེང་མཆི། རྩམ་པ་ཇི་ལྟར་བྱེད་ཞུས་པས། ཕད་སྣོད་མང་པོ་གཡོར་ཞིག་གསུངས། དེར་བླ་མས་གཏོར་མ་གཅིག་མཛད། ཕའི་བུད་སྣོད་རྣམས་སུ་རྩམ་པ་ཁྱོར་བ་རེ་ཐོབ་ལ་ཞོག་གསུངས། དེ་ལྟར་བྱས་པས་སང་ཉིན་སྣོད་ཐམས་ཅད་


JLAZ013_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རྩམ་པས་ཁེངས། ཡང་བླ་མའི་ཞལ་ནས་གྲྭ་པ་གཅིག་སྲམ་པ་བོན་གྲོང་པའི་སར་དེངས་ལ། ངེད་རབ་གནས་བྱེད་པའི་ཆང་གི་སྦང་མ་མང་པོ་ཤིང་ནགས་ལ་ཕོ་གཏོང་བ་འདི་འཕངས། གླང་རྣམས་སྦང་མ་ཟ་བར་ཐོང་གྱིས་གསུངས། དེ་བཞིན་བྱས་པས་གླང་མང་པོ་བསྐུར་བྱུང་། བླ་མའི་གསུང་གིས་ཟུར་ཆུང་པས་སྒྲོལ་ལམ་གསོ་གསུངས་པས། བདག་བླ་མའི་བཀའ་བཞིན་སྒྲུབ་པར་ཞུ་ཞུས་པས། ཟུར་པོ་ཆེས་དགོངས་པ་མཛད་དེ་ཐུན་རེ་འཕངས་པས་གླང་ཐམས་ཅད་ཉལ་གྱིས་ཤི །པགས་པ་བཤུས། རུས་པ་མ་བཅག །ལྷུ་ཚིགས་མ་བྲལ་བར་གྱིས། ནང་གི་དོན་སྣོད་རྣམས་ཀྱང་རང་སོར་ཞོག །ཕྱི་ཤ་རྣམས་བྲེགས་ཤིག་གསུངས་པས། ཉེ་གནས་སྐྲག་སྟེ། འདི་པ་དཔོན་སློབ་སྡིག་རྒྱལ་དུ་འདུག །གླང་ལ་སྦང་མ་སྟེར་གསུངས་ནས་ཐམས་ཅད་བསད། ད་གླང་འདོན་མི་བྱུང་ན་ཇི་ལྟར་བྱེད་སྙམ་ནས་བློ་ཤིན་ཏུ་འཚུབས་པའི་ངང་ནས་རབ་གནས་ཀྱི་ཤ་སྟོན་བྱས། སྟོན་མོ་གྲུབ་ནས་གླང་འདོན་མི་བྱུང་། ཉེ་གནས་རྟབ་རྟབ་པོར་གྱུར་པ་དང་། བླ་མའི་གསུང་གིས་ཁོང་ཚོ་ལའང་བཟའ་བ་བྱིན། ཟུར་ཆུང་པས་གླང་བདག་པོ་ལ་སྤྲོད་ཅིག་གསུངས། དེར་ཟུར་ཆུང་པས་པགས་པའི་ཁུད་དུ་རུས་པ་རྣམས་དྲིལ། ནང་རོལ་རྣམས་ཀྱང་བཙུད། ན་བཟའ་བཀབ། སེ་གོལ་


JLAZ013_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གཏོགས་པའི་མོད་ལ་གླང་རྣམས་འདར་ཕྲི་ལི་ལི་ལངས་བྱུང་། རྒན་མོ་གཅིག་གིས་ཤ་འདྲལ་བའི་ཚེ་རུས་རྩི་ཧྲད་པ་བྱུང་བས། ཕྱིས་གླང་དེ་ལ་རྩི་བ་གྱོལ་བྱུང་སྐད། གསད་གསོའི་རྫུ་འཕྲུལ་དེ་ལྟ་བུ་མཛད་པས་དེར་ཚོགས་ཚད་ཐམས་ཅད་ཤིན་ཏུ་དད་པར་གྱུར། བླ་མ་ཟུར་ཆེན་ཡང་མཉེས་པའི་ངང་ནས་དཔལ་ཆེན་པོ་ལ་གཟིགས་ཏེ། འགྲོ་བའི་དོན་ཆེན་པོ་མཛད་འཚལ་གསུངས་པས། སྐུ་གར་དགུའི་རྣམ་པར་རོལ་ཞིང་། ཧེ་ཧེ། སྨོས་ཅི་འཚལ། ཞེས་གསུངས་པས་དང་པོ་རྔམ་ཞལ་དུ་ཡོད་པ་ལ། དེ་ནས་བཞད་ཞལ་དུ་གྱུར་པ་ཡིན་ནོ། །ད་ངེད་རང་རྣམས་ཡང་དག་གི་ལོ་སྒྲུབ་བྱེད་པ་ཡིན་གསུངས་པས། ཉེ་གནས་ན་རེ་ཆ་རྐྱེན་གྱིས་མི་ལྡང་ཟེར། ཟུར་ཆུང་པས། ཆང་མི་ལྡང་ན་ཀླུ་བདུད་སྒོར་བས་ཆོག །ཤ་དང་རྩམ་པ་ཡང་བག་ཙམ་མཆིས། །རྣལ་འབྱོར་དམ་ཚིག་མ་ཉམས་ན། །འཚོ་བ་སྣང་སྲིད་ལྷ་འདྲེས་སྦྱོར། །གཞི་བདག་གིས་འབུལ་བའང་འོང་བས་ལོ་སྒྲུབ་མཛད་པ་དགའ་ཟེར། དེར་རྣལ་འབྱོར་ཕོ་མོ་བརྒྱ་ཙམ་ཚོགས། སྒྲུབ་པ་པོ་རྣམས་ལ་ཆང་ཀ་པཱ་ལ་རེ་དང་། ཟན་བྱ་ངང་མའི་སྒོ་ང་ཙམ་རེ། ཤ་དམ་ཚིག་གི་བཟའ་བ་ཙམ་དྲོངས་ཤིག་གསུངས་ཏེ་ལོ་སྒྲུབ་མཛད། དེར་བླ་མའི་ཞལ་ནས་ཁྱེད་རྩེ་མོ་བཞི་དགོངས་པ་འགྲན་པ་ཡིན་གསུངས་པས། ཐམས་


JLAZ013_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་མཉམ་པར་གཞག་པ་ན་གསུམ་པོ་ལ་གཡོ་འགུལ་མེད་པའི་དགོངས་པ་རི་བོ་ལྟ་བུ་རྐྱེན་གྱིས་དབྲོག་མི་ནུས་པ་བྱུང་། ཟུར་ཆུང་པ་རིས་མེད་མཉམ་པ་ཆེན་པོའི་གནས་ལ་བྱོན་པས་ལྟ་བ་མཐོ་བ་མཚོན་ཕྱིར་ཤིང་ཏཱ་ལ་གང་ཙམ་འཕགས་ནས་གདའ་སྐད། ཡང་བླ་མའི་ཞལ་ནས། ད་ཟུར་ཆུང་པའི་རུ་ལུའི་བཟླས་པ་ལ་ཕྱི་ནས་ཉོན་ཅིག་གསུངས། རྣལ་འབྱོར་མ་གཅིག་གིས་ཕྱི་ནས་ཉན་པས་སྔར་བས་ཆུང་དུ་མ་སོང་། རི་ཟུར་གཅིག་འདས་ནས་ཉན་པས་ཀྱང་ཆུང་དུ་མ་སོང་བས། དེར་བླ་མའི་གསུང་གིས། ཁྱེད་རྣམས་མཆེད་གྲོགས་མཉམ་པོར་ཡིན་ཡང་། ཟུར་ཆུང་པའི་གྲིབ་མ་ལའང་འགོམ་དུ་མི་རུང་གསུངས་ནས་གཟེངས་བསྟོད་དོ། །དེ་ནས་སྒྲུབ་པ་ཐོན་པ་དང་། དཔོན་སློབ་རྣམས་གྲོག་པོའི་སུམ་མདོར་བྱོན། བླ་མ་ཐུགས་ཉམས་འུར་ནས་བྲག་རྡོ་རྗེའི་གཏན་པ་བྱ་བའི་སྟེང་དུ་རུ་ལུའི་བྲོ་བརྡུངས་མཛད་པས། ཞབས་ཀྱི་ལོང་བུ་མན་ཆོད་འདམ་ལ་བརྒྱབ་པ་བཞིན་སོང་། ཟུར་ཆུང་པས་ངའི་བླ་མ་སངས་རྒྱས་དངོས་སུ་འདུག་པས་ཞབས་སྤྱི་བོར་ལེན་པ་ཡིན་ཟེར་ཞབས་རྗེས་ལ་དབུ་གཏུགས་པས། རལ་པའི་ཐོར་ཚུགས་སྙན་ཆ་དང་བཅས་པའི་རྗེས་ལྷམ་མེར་བྱུང་། དེར་བཟང་སྒོམ་ཤེར་རྒྱལ་ན་རེ། བླ་མ་ཁུ་དབོན་གཉིས་ཀྱི་གྲུབ་རྟགས་ཁྱད་དུ་འཕགས། འདི་ལ་མི་ཕྱུགས་


JLAZ013_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྡོག་པ་བཞག་ན་བསོད་ནམས་མ་ཡིན་པར་འགྱུར་ཉེ་ཟེར་ནས། ལག་སོར་ལྔ་གྱད་སྟོབས་པོ་ཆེ་ལྔར་སྤྲུལ་ནས་བྲག་རྡོ་རྗེའི་གཏན་པ་གྱེན་དུ་སློང་ནས་བཞག །ཡང་ཞང་འགོས་ཆུང་བ་དང་། མི་ཉག་ཁྱུང་གྲགས་གཉིས་ཀྱིས། འདི་བརྟེན་པ་ངེད་ལ་བབས་ཟེར་ནས། གྱད་སྟོབས་པོ་ཆེ་མང་པོས་བསྒུལ་བར་ཡང་མ་ནུས་པའི་ཕ་ཝོང་རེ་བླངས་ནས་གཡས་གཡོན་ནས་བརྟེན་ཏེ། རྩ་བ་བརྟན་པར་བྱས་པ་ད་ལྟ་མངོན་སུམ་ན་ཡོད་དོ། །དེ་ནས་འུག་པ་ལུང་དུ། འབྲས་བུའི་དཔལ་ཆེན་པོ་བཞེངས་པར་བཞེད་ནས། སློབ་མ་ཐམས་ཅད་ཀྱང་ཕར་དེངས་ཤིག་གསུངས་པས། ཟུར་ཆུང་བ་བླ་མའི་ཕྱག་ཕྱི་སྙོགས་པར་འོང་གིས་ཟེར་ནམ་མཁའ་ལ་ཕུར་ནས་བྲག་རྒྱ་བོར་གཤེགས། གྲྭ་པ་རྣམས་ཀོ་བ་བརྒྱུད་ནས་སོང་། ཀླུ་བདུད་མིང་སྲིང་གཉིས་ན་རེ་བདག་ཅག་ཀོ་བ་ལ་མི་གྲིབ་ཅན་དང་འགྲོགས་པར་མི་རུང་བས། རབས་ལ་འཁྲིད་པར་འཚལ་ཞེས་ཞུས་པས། བླ་མས་དེ་བཞིན་རུང་གསུངས། དེར་ཉེ་གནས་ལ་རྫ་མ་བསྐུར་བས་ལྗིད་བྱ་སྒྲོ་ལས་ཡང་བ་བྱུང་། ཆུ་ཁར་ཕེབས་པ་དང་ཉེ་གནས་ལ་ཁྱོད་རང་ང་ལ་འཇུས། ཐེ་ཚོམ་མེད་པར་ཤོག་གསུངས་པས། ཁོའི་སེམས་ལས་སུ་མ་རུང་ནས་ཆུ་ལ་བསྐྱུར་བ་མིན་ནམ་སེམས། དེ་མཁྱེན་ནས། ད་ཁྱོད་ངའི་ཕྱི་ན་མི་ཐར་བ་འདུག །ཀོ་བ་བསྐོར་ལ་


JLAZ013_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ངས་སྔོན་ལ་འགྲོ་ཡི་གསུངས་བླ་མ་ཞབས་ཆུ་ལ་མི་རེག་པར་གཤེགས་སོང་། ཉེ་གནས་ཀྱི་ཀོ་སར་ཕྱིན་པས་ཀོ་བ་ཕ་རིར་ཐལ། དེར་སྒུག་ཡུན་རིང་བ་དང་ཁ་སྐོམ་ནས་ཆང་བཙགས། ཡོད་ཚད་འཐུངས་པས་རྣམ་རྟོག་ལ། ཆང་བཙོས་ནས་ལོ་གཅིག་དང་ཟླ་བ་བཞི་སོང་། འདི་ཙམ་ཡོང་བ་བླ་མས་རྫ་མའི་ནང་དུ་ཅི་བཅུག་པ་ཡིན་སྙམ་ནས་རྫ་མའི་རྒྱ་བཤིག་པས། སྦྲུལ་དཀར་ནག་གཉའ་ཤིང་ཙམ་པ་གཉིས་མདུད་པ་ཤིགས་སེ་གྲོལ་ནས་ནམ་མཁའ་ལ་དེངས། ཤུལ་དུ་སྡིག་སྦལ་ཅོང་མོ་ལ་སོགས་པ་འདུག་པ་དག་ཀྱང་ཚག་སྒྲ་འུར་སྒྲ་དང་བཅས་ནམ་མཁའ་ལ་སོང་མ་ཐག་སྦང་མ་སྔོ་ཧྲུལ་ལེ་སིང་པོ་སྐྱུར་སིང་ངེ་སོང་། དེར་སྦང་མ་རྣམས་ཕོ་རྫ་མ་ཁུར་ཕྱིན་པས་ཆུ་ཐོན་པ་དང་རྫ་མའང་ཆག །དེར་བླ་མའི་བཀའ་ལས་རྟེན་འབྲེལ་འཕྱུགས་འོག་གདོང་གི་ཀླུ་བདུད་མིང་སྲིང་གཉིས་ཕྱིར་མ་ཐོན་ན། འུག་པ་ལུང་དུ་དགོན་པ་བོད་ཙམ་ན་ཆེ་བ་ཆགས། སྲམ་པ་གྲུབ་ཁང་ཡང་དར་རྒྱས་ཆེ་ལ་ས་མི་གཉན་པ་ཞིག་འོང་སྟེ། ད་རྫ་མ་ཆུ་ལྷོར་ཐོན་པས་གནས་གཞི་དང་སྡེ་དགོན་འགའ་ཞིག་ཆགས་པར་འགྱུར་ཞེས་གསུངས། ཀླུ་བདུད་མིང་སྲིང་སྲམ་པ་སྒྲུབ་ཁང་གི་བཀའ་སྲུང་ལ་བསྐོས། རྟེན་འབྲེལ་དེས་འབྲས་བུའི་དཔལ་ཆེན་པོ་ཡང་མ་གྲུབ་བོ། དེ་ནས་བཤད་གྲྭ་དང་སྒོམ་གྲྭ་རྒྱ་ཆེན་པོ་བྱུང་། དེའི་ཚེ་ཉ་རི་ནམ་མ་གཡུང་དྲུང་


JLAZ013_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་བཟའ་མི་གཉིས་བུ་ཚ་མེད་ལ་ནོར་གྱི་འབྱོར་པ་ཡོད་པ། ཆོས་འཁོར་བྱ་བར་འདོད་ནས་ཡུལ་མི་དང་ཉེ་དུ་ཀུན་བསགས་ཏེ་སློབ་དཔོན་གང་བཟང་དྲིས་པས། ལ་ལ་སྔགས་པ། ལ་ལ་བཙུན་པ། ལ་ལ་བོན་པོ་ཟེར་ཁ་མ་འཆམ་པས་ཁྱེད་རང་གང་མོས་ལ་གྱིས་ཤིག་པའི་གྲོས་བཏབ། མོ་ན་རེ། ངའི་ཡོ་བྱད་ཀྱིས་འདེངས་པས་གསུམ་ཀ་ལ་བྱེད་ཟེར། དེར་སྔགས་པ་འུག་པ་ལུང་པ། བོན་པོ་ལ་ཀེ་ཙེ་བ། བཙུན་པ་ཆུ་མིག་རིང་མོ་བ་རྣམས་གདན་དྲངས་སོ། །མཆོད་གནས་གསུམ་པོ་འདུས་ནས། ལྷ་ཁང་སྟབས་སུ་བརྩིག་པའི་གྲོས་བྱེད་པས་ལྷའི་གཙོ་བོ་ལ་མ་མཐུན། སྔགས་པས་རྡོ་རྗེ་སེམས་དཔའ་ལ་བྱེད་ཟེར། བཙུན་པས་ཤཱཀྱ་ཐུབ་པ་ལ་བྱེད་ཟེར། བོན་པོས་གཤེན་རབས་མི་བོ་ལ་བྱེད་ཟེར་བས། ལྷ་ཁང་སོ་སོར་བརྩིགས་བ་ཆད། ལྷ་རྗེ་འུག་པ་ལུང་པས་སྒྲོ་ཕུག་པས་དམའ་བ་གཅིག་ཏུ་བོན་པོ་དང་སུ་སྡེབས་ནས་བརྩིགས་པས། བོན་པོ་ན་རེ། གདོང་ལྷ་བཞེངས་པའི་ཚེ་ཡང་། ཁྱེད་ཀྱི་ལྷས་གཙོ་བོ་བྱས་ན་ངའི་ལྷས་འཁོར། ངའི་ལྷས་གཙོ་བོ་བྱས་ན་ཁྱེད་ཀྱི་ལྷས་འཁོར་དུ་བྱེད་དགོས་ཟེར་བས་དེ་གཉིས་གང་ཡང་ལེགས་པ་ཞིག་མི་འོང་བར་འདུག་དགོངས་ནས་ལྷ་ཁང་དེ་བོན་པོ་ལ་བྱིན། སྒྲོ་སྟོན་པས་སྒྲོ་ཕུག་ཅེས་བྱ་བའི་གནས་ཕུལ་ཏེ་དེར་ལྷ་ཁང་བརྩིགས་སོ། །དེའི་ཚེ་


JLAZ013_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་བདག་གཉན་སྡེ་གསུམ་ན་རེ། ལྷ་ཁང་ལ་རྒྱ་ཕིབས་སུས་ཁེལ་བ་ལ་མེ་ཏོག་སྡུད་ཟེར་བ་ལ། སྔགས་པ་དང་བོན་པོས་ཁེལ། བཙུན་པས་མ་ཁེལ་ལོ། །དེར་སྔགས་བོན་གཉིས་ལོ་རེ་མོས་སུ་སྡུད་པས། བཙུན་པ་ན་རེ་བདག་ཅག་ལའང་སློངས་རེ་ཞུ་ཟེར། ལོ་གཅིག་སྦྱིན་པས། དེ་ཕྱིན་ཆད་གསུམ་ཀ་ལོ་རེས་སྡུད་དུ་སོང་། སྒྲོ་ཕུག་གི་གཙུག་ལག་ཁང་དེར་དུས་གསུམ་སངས་རྒྱས་ཀྱིས་གཙོ་བྱས་པའི་ལྷ་ཁང་ཆེ་ཆུང་བརྒྱད། འཁྱམས་སྟོད་ཀ་བ་ཉི་ཤུ་དང་། འཁྱམས་སྨད་ཀ་བ་དྲུག་ཅུའི་སར་ཡོད། གནས་འདིར་ཆོས་གྲྭ་ཆེན་པོ་ཚུགས། དེ་ཡང་ཐག་གི་རྒྱ་བོར་ཡང་དག་གི་བསྒྲུབ་པའི་སྐབས་ཡིན་པར་ཡང་གྲགས་ཤིང་རྒྱལ་བ་ཟུར་ཆེ་ལ་སྐུ་བསོད་ཤིན་ཏུ་རྒྱས་པའི་སྐབས་ཤིག་ན། འབྲོག་མི་ལོ་ཙཱ་ལ་པཎྜི་ཏ་རྫོངས་པའི་གསེར་མ་ལྡང་ནས་ཁྱེད་ཀྱིས་གསེར་མང་པོ་ཁྱེར་ཤོག །ངས་གདམས་པ་ཟབ་མོ་སྦྱིན་ནོ་ཟེར། འདི་ལྟར་སྐྱེས་བུ་ཆེན་པོ་རྣམས་ནི་གཞན་ལ་ཕན་འདོགས་པའི་དམ་བཅའི་རྩ་བ་བརྟན་ཅིང་། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱེད་ཀྱི་དགེ་བའི་རྩ་བ་གཅིག་ལ་ཆགས་པར་མ་བྱེད་ཅིག །ཆོས་ཀྱི་སྒོ་གཅིག་དང་སྤྱོད་པ་གཅིག་ཡོངས་སུ་རྫོགས་པས་ཆོག་པར་མ་འཛིན་ཅིག །དེ་ཅིའི་ཕྱིར་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་


JLAZ013_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་པར་ཡོངས་སུ་བསྡུ་བར་བྱ་དགོས་སོ། །ཞེས་པས་བྱང་ཆུབ་སེམས་དཔའི་བསྡུ་བའི་དངོས་པོ་བཞིའི་སྤྱོད་པ་མ་ཚང་བ་མེད་པར་རང་གིར་བྱ་བའི་སླད་དུ། ཀརྨ་པཀྴིས་མཚུར་ཕུའི་གཙུག་ལག་ཁང་གི་རྒྱ་ཕུབས་འདམ་ཅོག་རྩེ་ལ་ནས་མཐོང་བ་ཙམ་གྱི་སྲིད་དུ་བགམ་པར་མཛད་པ་བཞིན། རྒྱལ་བ་ཟུར་པོ་ཆེས་དགོངས་པ་ཅན་གྱི་སླད་དུ། སྒྲོ་ཕུག་གི་ལྷ་རི་གདོང་དང་། ཐག་གི་ཡང་གདོང་གཉིས་སྦུབས་སུ་བཅུག་པའི་གསེར་འབུམ་རེ་བྱེད། དེ་གཉིས་ཀྱི་བར་ལྕགས་ཐག་གིས་སྦྲེལ་ལོ་གསུངས་པ་དང་། གྲྭ་པ་རྣམས་ན་རེ། འོ་ན་བདག་ཅག་གིས་ཡང་འཐུད་དུ་ཟངས་སྡེར་རེ་དང་། དྲིལ་བུ་རེ། ལྕགས་ནག་རེ་འབུལ་ལོ་ཞེས་དམ་བཅས། དེའི་གཡེར་ཆེན་པོ་བྱུང་ནས་གཞི་བདག་གཉིས་ཀྱང་བློ་འདྲོགས་པར་གྱུར་ཏེ། གསེར་རའི་མཆིན་པ་ཙམ་ཞིག་ཞུ་རྟེན་དུ་ཕུལ་ནས་གསེར་འབུལ་མི་མཛད་པའི་ཞུ་བ་བྱས། གསེར་གྱི་གཏེར་ཁ་ཕུལ་ནས་སྲོག་ཆགས་ཀྱི་གཟུགས་མ་བྱུང་བར་ལོང་ཞེས་ཟེར། ཁུང་བུ་གཅིག་ནས་གསེར་ཤིན་ཏུ་མང་བར་བྱུང་བའི་མཐར་གསེར་སྦལ་པ་འདྲ་བ་ཞིག་བྱུང་བ་དང་འཕྲོ་བཅད། མྱུ་གུ་ལུང་དུ་ལོ་ཙཱ་བ་ལ་གསེར་སྲང་བརྒྱའི་འཐུད་བྱས། སྟོན་གྱི་དུས་སུ་བེར་ཐོག་ཏུ་ཚར་མ་འཁུར་བ་སོགས་གུས་པའི་སྤྱོད་ལམ་ཀྱང་མཛད། རྒྱུད་


JLAZ013_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཆ་ལག་དང་། གུར་ལ་ཤིན་ཏུ་མཁས་པར་བྱང་ཆུབ་མོད་ཀྱི། བླ་མ་ཆེན་པོའི་བཀའ་དྲིན་གྱིས། ཨ་པོའི་སེམས་ཕྱོགས་ནོར་དུ་ཐལ་ཞེས་གསར་འགྱུར་གྱིས་ཆོས་ལ་རོ་མྱངས་པས། སླར་ཡང་རང་གི་སེམས་ཕྱོགས་ཡིད་བཞིན་རིན་ཆེན་ལྟ་བུའི་ནོར་དུ་ཐལ་ཞེས་ངེས་ཤེས་ལྷག་པར་སྐྱེས་པའི་གསུང་བྱོན་ཏོ། །ལར་ཕག་མོ་གྲུ་པས་ལམ་འབྲས་གསན་པའི་ཕྱིར། དྭགས་པོ་སྙི་བ་རིན་པོ་ཆེ་ལ་ཐུག་པ་ནད་བུར་བྱེད་པ་དང་། གངས་རིའི་ཁྲོད་ཙམ་ན་དཀོན་པའི་དགེ་སློང་རྡོ་རྗེ་འཛིན་པ་གྲུབ་ཐོབ་རྣལ་འབྱོར་གྱི་དབང་པོ་ལྷ་རྗེ་ཟུར་པོ་ཆེ་རང་སྲིད་ཀྱི་ཕྱོཊ་ལ་མ་ཐོབ་སྙམ་པའི་ཀུན་སློང་གི་གདོན་ཆེན་པོས། བདེ་གཤེགས་རྒྱ་བོ་པ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། བླ་མ་ཞང་རིན་པོ་ཆེ་སྟོན་པ་བྱང་འབར་རྣམས་སྡེ་སྣོད་གསུམ་གྱི་དགྲར་བལྟ་བའི་ཆོ་ངེ་འདོན་པ་ནི་རང་ཉིད་ཀྱི་མགོ་ན་ཆབ་འཚལ་བའི་སྤྱི་བརྟོལ་ཆེན་པོའོ། །དེ་ལྟར་སྒྲོ་ཕུག་གི་གཙང་ཁང་འབྱོངས་ཙམ་པ་དྲུག་ཅུ་རེ་གཅིག་པའི་ཚེ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ནས་ལྷུན་གྲུབ་རིག་འཛིན་གྱི་ས་ལ་གནས་པའི་སྐྱེས་བུ་ཆེན་པོ་སྤྲུལ་པའི་སྐུར་རྩོད་པ་མོད་པ་དེ་ནི་རགས་ལུས་དྭངས་མར་གནས་འགྱུར་བའི་དགོངས་པ་གཏད་དེ། བྲག་རྒྱ་བོ་ནས་ཟུར་ཆུང་པ་བོས་ཤིག་གསུངས། བྱོན་པ་དང་ངའི་གདན་ས་འདི་


JLAZ013_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ཆུང་པ་ལ་གཏོད་པ་ཡིན། སློབ་མའི་ཚོགས་ལ་ཆོས་ཀྱི་ཕན་འདོགས་དགོས་པས་བློ་དང་འཚམ་པར་སྦྱོར། ངས་སྐྱོང་བ་བཞིན་སྐྱོངས། སློབ་མ་རྣམས་ཀྱིས་ཀྱང་ཟུར་ཆུང་པ་འདི་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་པས་ང་བས་འདི་ལྷག །ཅི་མཛད་ལེགས་པར་ལྟོས། གསུང་མ་བཅག་སྐུའི་གྲིབ་མ་དང་ཞབས་རྗེས་ན་བཟའ་ཙམ་ལའང་མ་འགོང་། ངས་བསྐྱངས་པ་བཞིན་སྐྱོང་བ་ཡོང་པས་མོས་གུས་ཕུན་སུམ་ཚོགས་པ་གྱིས་ཤིག་གསུངས། དེ་ནས་སྲམ་པ་སྒྲུབ་ཁང་དུ་གཤེགས། ལན་ཅིག་ཉེ་གནས་ལ་ད་ནང་ཚ་བ་སྔ་སེ་གྱིས་གསུངས། དེར་ཉི་མ་ཤར་བ་དང་སྐུ་མདུན་དུ་ཕྱིན་པས། བླ་མ་གཟིམས་མལ་ན་སྐུ་ཚགས་མཛད་ཅིང་འདུག །ད་ལྟ་ནས་སྐུ་ཚགས་མཛད་པ་གར་གཤེགས་པ་ཡིན་ཞུས་པས། ང་ནི་བདེ་ཆེན་གྱི་ཞིང་དུ་འགྲོ། །དཔལ་ཆེན་ང་དང་དབྱེར་མེད་པས། །ཡི་དམ་ལྷ་ལ་གསོལ་བ་ཐོབ། །ཅེས་གསུངས་ནས་རྡོ་རྗེ་དྲིལ་བུ་ཁྲོལ་ལེའི་ངང་ལ་སྐུ་འོད་ཀྱི་རང་བཞིན་དུ་གྱུར་ཏེ། དཔལ་ཆེན་པོའི་ཐུགས་ཀར་ཐིམ་མོ། །དེའི་དུས་སུ་ཁམས་པའི་འབུལ་སྐྱེས་ཡོངས་པ་དང་འགྲིག་པས། ལམ་དུ་བླ་མ་དང་མཇལ། ཁམས་པའི་སྣང་བ་བྱིན་གྱིས་བརླབས་ནས་སྤྲུལ་པའི་གཞལ་ཡས་ཁང་དུ་འབུལ་བའང་བཞེས། བསྔོ་བ་མཛད།


JLAZ013_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཁམས་པ་གཉིད་ལོག་པ་ལས་སད་པ་བཞིན་དུ་ཅི་ཡང་མི་གདའ་བས་ཐེ་ཚོམ་གྱི་ངང་ནས་ཕྱིན་ཙ་ན། ལམ་དུ་བླ་མ་དཔལ་ཆེན་པོ་འདི་ཐུགས་ཀར་ཐིམ་མོ་ཞེས་ཐོས་སོ། །དེ་ལྟ་བུའི་དཔལ་ཆེན་པོ་འདི་བྱིན་བརླབས་ཤིན་ཏུ་ཆེ་བས་སླན་ཆད་ཀྱང་སྐུ་གཉེར་ལ། རྒྱ་སྟོང་ཤཱཀ་ཡེ་ལ་བསུ་བ་གྱིས་ཞེས་གསུང་བྱོན། བསུ་བ་བྱས་ཙ་ན། རྒྱ་སྟོན་དེ་བ་དཀར་མོ་ཞིག་ལ་བཅིབས། སྤྱང་ཞྭ་ཞིག་གསོལ་ནས་བྱུང་སྟེ། དཔལ་ཆེན་པོའི་སྐུ་མདུན་དུ་འོད་དཀར་པོ་གཅིག་ཏུ་གྱུར་ཏེ་གཡོན་སྐོར་ལན་གསུམ་བྱས་ནས་སྐུ་ལ་དངོས་སུ་ཐིམ་པ་དཀོན་གཉེར་མ་ཇོ་དོན་ལྡན་ཞེས་བྱ་བས་མངོན་སུམ་པར་མཐོང་། དེ་བཞིན་དུ་མཚན་ལྡན་ཟུར་མོ་འོད་འབུམ་བྱ་བའང་སྐུ་ལ་ཐིམ་པར་གྲགས་སོ། །རྩེ་མོ་བཞིའི་ནང་ནས་ཀྱང་གླང་པོའི་ནང་ན་ཁྱུ་མཆོག་ལྟ་བུ་བདེ་གཤེགས་རྒྱ་བོ་པའམ། ཟུར་ཆུང་ཤེས་རབ་གྲགས་པ་ནི། སྔགས་འཆང་འུག་པ་ལུང་པའི་གདུང་གི་ཕྱི་མོ་ཡིན་ཏེ། དེ་ལ་ཡབ་ཐག་པ་སྒོམ་ཆེན་རེས་འགའ་ལྡོམ་བུའི་ཚུལ་དུའང་ཡོད་པའི་བུར་གཡས་རུ་གཙང་གི་སའི་ཆར་མ་ཇོ་ཤེས་རབ་སྐྱིད་ལ་ངོ་མཚར་བའི་ལྟས་ཁྱད་པར་བ་དང་བཅས་བཙས། ལོ་བདུན་པར་འབྲི་ཀློག་དང་། དགུ་ལ་ཞི་ཁྲོའི་འཕྲིན་ལས་གྱེར་ཤེས་པ་བྱུང་། བཅུ་གསུམ་ལོན་པའི་སྐབས་གཅིག་ན་གཟིམ་མལ་ན་ཕྱག་དཔེ་གཟིགས་ཤིང་


JLAZ013_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཙ་ན། ཇོ་མོ་ཞིག་ཡོད་པ་རྒྱུགས་བྱུང་སྟེ་ཞིང་ལ་ཤྭ་ལོག་ཤོར་འདུག་གོ །ཁྱོད་ཉལ་བས་ཆོག་གམ་ཟེར་བ་ལ། སྨད་གོས་གསར་པ་ཞིག་ཡོད་པ་གྱོན་རུང་ཆུ་བརྒལ་ནས། ཁྱིམ་གྱི་ཆུ་བཀག་གྱིན་ཡོད་ཙ་ན། མོ་ན་རེ་ངས་དཀའ་ལས་བྱས་པའི་གོས་རྗེས་བཅངས་ཀྱང་མི་བྱེད་པར་ཆུད་འཛའ་ཞེས་རྒོལ་དུ་བྱུང་། ཁོ་བོ་མི་འཕངས་པར་གོས་འཕངས་ན་དེ་ན་ཡོད་དོ་ཞེས་བསྐྱུར་བས་མོ་ཁྲོས་ཏེ་ང་ལ་བརྙས་པ་ཡིན་ཟེར་ནས་རང་ཡུལ་དུ་བྲོས། ཟུར་ཆུང་པ་འཁོར་བ་ལ་སྐྱོ་བ་སྐྱེ་དྲག་ནས་གདུང་ཁུང་ན་མོའི་ཞུད་ལུས་པ་དེ་ཁྱེར། རྗེས་ལ་སྐད་བཏང་བས། མོ་ཡར་ཤོག་ཅེས་འབོད་དུ་རེ་ནས་ཚོམ་མེར་བསྡད་པ་ལ་ཞུད་གཏད་དེ། ཕོ་ནོར་ཕོ་མོ་ནོར་མོ་བྱ་བ་ཡིན་པས་ཞུད་ཁྱེར་ཅིག་སྨྲས་པས། མོ་ཡིད་ཆད་ནས་ཡུལ་དུ་སོང་། དེར་ཟུར་ཆུང་པས་ཕ་ལ་གྲོས་མ་དྲིས། མ་ལ་རྒྱགས་མ་བླངས། གྲོགས་ཀྱི་ངོ་མ་བལྟས་པར་སྤྱང་སློག་ཅིག་ཡོད་པ་ཁྱེར་ནས་ཟུར་པོ་ཆེ་ལ་གཏད་དེ་བྱོན་པས། ལམ་དུ་རྟ་ནག་གི་འབྲོག་པ་གཡུ་དང་ཟངས་ཁྱེར་བ་གཉིས་དང་ཤངས་པ་ཁྲབ་ཁྱེར་བ་རྣམས་བསྡེབས་སུ་བྱུང་སྟེ་བྱོན། དེར་ཟུར་ཆུང་པར་སྤྱང་སློག་ལས་འབུལ་རྒྱུ་མེད། གཞན་གསུམ་པོའི་ཕྱག་རྟེན་ཕུལ་པས། བླ་མས་ཞལ་ནས། ཁོང་རྣམས་འཁོར་བ་ལ་བློ་ལྡོག་མ་ལྡོག་ལྟ་བས་སྦང་ཟན་དང་ལོ་ཐུག་རེ་དྲོངས་


JLAZ013_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། འབྲོག་པ་གཉིས་པོ་ཟར་མ་འདོད། ཤངས་པས་ཅུང་ཟད་ཟོས། ཟུར་ཆུང་པས་ལྷག་མེད་ཟོས་པས། བླ་མའི་ཞལ་ནས་སྤྱང་སློག་དང་ཁྲབ་གཉིས་ཞོག་གཡུ་དང་ཟངས་བདག་པོ་ལ་གཏོད་གསུངས་པས། འབྲོག་པ་མ་དགའ་སྟེ་ཕྱག་རྟེན་སློག་པ་འུ་ཅག་ལ་ཆོས་མི་སློབ་པའི་རྟགས་ཡིན་ཟེར་ནས་སོང་། རྟེན་འབྲེལ་དེ་ལས་ཟུར་པའི་ཆོས་ལ་གཤེ་བ་དེ་བྱུང་། དེར་ཟུར་ཆུང་པ་ལ་ཁྱོད་ཀྱི་རུས་པ་ཅི་ཡིན་གསུངས་པས། བླ་མ་དང་རུས་གཅིག་པར་བརྗོད་ན་འགྲན་པར་སོང་དོགས་ནས། ཟུར་ཆུང་ཆུང་ཞིག་ལགས་བྱས་པས་བླ་དྭགས་སུ་དེ་ལྟར་ཐོགས། དེ་ལས་ཅན་དུ་མཁྱེན་ནས་སློབ་གཉེར་བྱེད་དུ་བཅུག་པས་བློ་གྲོས་ཀྱི་སྤོབས་པ་མཆོག་ཏུ་གྱུར་པ་ཞིག་བྱུང་། དང་པོ་ཤིན་ཏུ་དབུལ་བས་བླ་མས་གཏོར་མ་བཏང་བ་དག་བླངས་ནས་ཟན་ཆང་བྱ་བཞིན་གསོལ་བ་ན། གྲྭ་པ་གཞན་ཚོས། ཁོ་ཆང་གི་ཁ་སྐྱུར་དྲི་ཆིལ་ལེ་སྡོད། ཆང་བླ་མ་ལའང་མི་འདྲེན། མཆེད་གྲོགས་ལའང་མི་སྟེར་ཞུས་པས། བླ་མས་དེ་རིང་ཟུར་ཆུང་པ་ཤིང་འཐུས་ཤོག་གསུངས། ཤུལ་དུ་ཟུར་ཆུང་པའི་སྤྱིལ་བུ་གཡེང་དུ་བཅུག་པས། བེམ་པོ་ཞིག་གི་འོག་ན་ཟན་ཆང་ཀ་པཱ་ལ་གང་ལས་གཞན་ཅི་ཡང་མེད་སྐད། དེར་བླ་མས་ཟུར་ཆུང་པ་འཚོ་བ་ཆད་པ་ན་རང་རེའི་ཐབས་ལ་ཤོག་གསུངས་པས། ང་བླ་མའི་


JLAZ013_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དཀོར་ལ་འབག་རེ་ཟེར་དཀའ་སྤྱད་འབའ་ཞིག་ཁུར་བཟོད་པར་མཛད། ཉིན་གཅིག་བླ་མས་བསེ་ཕོར་ཕུལ་དགུ་ཤོང་བ་ཞིག་བསྣམས་ནས་ཁྱོད་ལ་སྐོམ་སྟེར་རྒྱུ་ཨེ་ཡོད་གསུངས། ཟན་ཆང་ཞུས་པས་སྣོད་དོ་གསོལ། ད་དུང་ཁྱེར་ཤོག་གསུངས་ནས་གསོལ། ད་ཨེ་འདུག་གསུངས་པས་བྲེ་གང་ཙམ་གདའ་ཞུས་པས། ད་མི་ཡོག་པར་འདུག །ཡོག་ན་ཁྱོད་ལ་བསོད་ནམས་བོད་ཙམ་ན་ཆེ་བ་འོང་སྟེ། འོན་ཀྱང་བསྙེན་བཀུར་གྱི་རྟེན་འབྲེལ་ལས་བསོད་ནམས་ཆེན་པོ་འོང་གསུངས། དེར་ནས་ཁལ་གསུམ་གནང་ནས། འདི་ཟད་པ་དང་ཡོ་བྱད་མི་འཐོགས་པ་ཡོང་གསུངས། དེར་ཟུར་ཆུང་པས་ཐོས་པ་དང་བསམ་པ་དང་སྒོམ་པའི་གནས་གང་ཡིན་པ་ལ་ཕྲུགས་གཅིག་ཏུ་ཉིན་དང་མཚན་མེད་པར་བརྩོན་པ་བསྐྱེད་པས། སྤྲུལ་པའི་སྐུ་ཡིན་པས་མཁྱེན་རབ་ཀྱི་ཀློང་རྡོལ། ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས་ཀྱང་དཔེ་ཆ་ཙམ་འདྲི་བའི་ཡོ་བྱད་ཀྱང་རྔོ་མ་ཐོགས་པར་ཡོད་ཙ་ན། ལྷ་རྗེ་ཟུར་པོ་ཆེ་ལ་པན་གྱི་ཁང་སྔོན་བྱ་བ་ན་ཇོ་མོ་གཡུ་མོ་བྱ་བའི་སྒོམ་མ་ཕྱུག་མོ་མ་སྨད་གཉིས་ཡོད་པས། ཁྱོད་རང་འདིའི་སྟེང་དུ་སྡོད་གསུངས། ང་ཁྱིམ་ཐབ་མི་བྱེད་ཞུས་པས། འདུ་ཤེས་མ་ཆུང་། སྟོན་པས་གནང་བ་དང་བཀག་པའི་མཚམས་ངས་ཤེས། ཁོང་གཉིས་ཀྱི་ཡོ་བྱད་ལ་སྤྱད་ནས་དབང་ཞུས། དཔེ་


JLAZ013_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། ཆོས་ཐམས་ཅད་ལྷག་མ་མ་ལུས་པར་ཉན་པས་ཆོག་པ་ཡིན། དེས་ཁོང་གཉིས་ཀྱང་ཚོགས་རྫོགས། ཁྱོད་རང་གི་དོན་ཡང་གྲུབ་པ་དེ་དགའ་མོད་གསུངས། དེར་གསུངས་བཞིན་ཉན་པས་འདོད་པ་ཐམས་ཅད་རྫོགས་པ་དང་། ཡང་གསུང་གིས། ད་ཁྱོད་དེར་མ་སྡོད་དཔེ་ཆ་ལ་སོགས་པ་མཆོད་པའི་ཡོ་བྱད་རིམ་གྱིས་སྐྱོལ་ལ་ངའི་འདིར་ཤོག་གསུངས། དེ་ལྟར་བྱས་པས་ཅང་མཆིས་སམ། ཁོང་གཉིས་ཀྱང་དྲིན་ཆེ་ཞུས་པས། བློ་མ་ཆུང་། ཁྱོད་ཀྱིས་འགྲོ་བའི་དོན་ནུས་པ་ཞིག་འོང་བར་འདུག །སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་ནས་འགྲོ་བ་མང་པོའི་དོན་བྱེད་དགོས་པ་ཡིན། ཁོང་གཉིས་ཀྱི་དྲིན་ལན་དུའང་དེ་ཆེ། འདི་ལ་གབ་པས་རང་དོན་གཞན་དོན་གང་ཡང་མི་འགྲུབ་གསུངས། དེར་ཇི་སྐད་གསུངས་པ་བཞིན་ཉན་པས་བླ་མའི་དགོངས་པ་ཇི་བཞིན་དུ་ལོངས། སྐབས་ཤིག་ན་ལྷ་རྗེས་བཞུགས་པའི་སྒོ་རྩ་ན་མཆོད་རྟེན་གཅིག་ཡོད་པ་ལ་ཟུར་ཆུང་པ་སྐོར་བ་བྱེད་ཅིང་འདུག་པ་གཟིགས། ཞབས་ས་ལ་མི་རེག་པར་ཁྲུ་གང་ཙམ་ནས་སྒོ་ར་ར་གདའ། བླ་མའི་ཐུགས་ལ་འདི་སྤྲུལ་པའི་སྐུ་ཞིག་ཡིན་ཉན་འདུག་པས་ངོ་མཚར་ཆེ་སྙམ་དུ་དགོངས་ཤིང་དགྱེས་སོ། །དེ་བཞིན་དུ་ཟུར་ཆུང་པ་ཕྱོགས་གཞན་ན་འབྱོན་བཞུད་ཀྱི་ལུང་སྟོངས་བྱེ་མའི་གསེབ་ཏུ་ཚད་པས་ཤིན་ཏུ་གདུངས་པ་ལ་ཞལ་སྐྱེམས་


JLAZ013_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་བྱུང་བ་དང་། རི་སྟོང་གི་རྩེ་མོ་ལ་སྒོམ་དུ་གཤེགས་པས་སྐུ་བཀྲེས་པ་ལ་ཞལ་ཟས་འདྲེན་པ་སོགས་གང་འདོད་པའི་ཐུགས་དགོངས་འབད་མེད་གྲུབ་པ་བྱུང་བས། ད་ནི་ངས་འགྲོ་བའི་དོན་བྱས་ཀྱང་འགྲུབ་དགོངས་པའི་ཚེ། བླ་མའི་ཞལ་ནས་ཀྱང་། ད་ཁྱོད་ཀྱིས་བཤད་པ་གྱིས་གསུངས། དེར་མདོ་དགོངས་འདུས་གསུངས་པས་དུས་ཤིག་ལ་དཔེ་འགྲེམས་སུམ་བརྒྱ་བྱུང་། དེའི་ཚེ་ཟུར་ཆུང་པ་ལ་བླ་མས་བསྔགས་པ་ཆེན་པོ་མཛད་པས། བླ་མས་དཔོན་པོའི་དབུ་འཕང་བསྟོད་ཅེས་ཅུང་ཟད་མི་གུས་པའི་རྣམ་པ་བྱེད་པ་བྱུང་། བླ་མ་ལ་སྐུར་པ་བྱས་ན་བསོད་ནམས་མ་ཡིན་པ་ཆེན་པོར་མཁྱེན་ནས། ནམ་ཞིག་ཨེ་དམར་རྡོ་རྗེ་སྤོ་ཞེས་བྱ་བར་དཔོན་སློབ་ཐམས་ཅད་ཆོས་འཁོར་ལ་བྱོན་ཙ་ན། སྲང་ཁ་ཅིག་ན་ཁྱི་མོ་མ་སྨད་རོ་སྨད་ལ་འབུ་ཞུགས་པ་ཞིག་འདུག །བླ་མ་ཟུར་ཆེན་གྱིས་རེག་པ་ཙམ་མཛད། ཟུར་ཆུང་པས་ཁྱི་མོ་མ་སྨད་གསད། འབུ་ཞལ་དུ་གསོལ་བས་གཞན་རྣམས་ན་རེ། ཟུར་ཆུང་པ་ཟེར་བའི་སྨྱོ་སྤྱོད་མཁན་འདི་འདྲ་འཆད་ཉན་དུ་བསྐོས། འོ་སྐོལ་ལ་སྦྱིན་བདག་རྣམས་ཀྱང་མོས་པ་ལྡོག་གདའ་ཟེར། བླ་མའི་ཞལ་ནས་ཁྱི་རྣམས་ངན་སོང་དུ་འགྲོ་བ་ངས་ཀྱང་ཤེས་ཏེ་སྒྲོལ་མ་ནུས་པ་ཡིན། ཁོང་གིས་བསྒྲལ་བ་ངོ་མཚར་ཆེ་གསུངས། དེར་ཟུར་ཆུང་པས་ལྟ་སྟངས་ཤིག་མཛད་པས། ཁྱི་རོ་


JLAZ013_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཆོད་པའི་ལྷ་མོར་གྱུར། འབུ་རྣམས་སྐྱུགས་པས་ནམ་མཁའ་ལ་ཅོ་དིར་དིར་སོང་། དེར་ཟུར་ཆེན་པོས། ད་ཁྱེད་རྣམས་ངོ་མཚར་སྐྱེས་སམ་གསུངས་པས། མིག་འཕྲུལ་དུ་གདའ་ཟེར། དེར་ཤངས་ཆུ་རྒྱས་པ་དང་ཐུག་པས་ཟུར་ཆེན་གྱིས་ཆུ་ཕ་རིར་ཀ་པཱ་ལ་རྫུ་འཕྲུལ་གྱིས་བསྐྱུར་ནས། འདི་སུས་ལོངས་ལ་ངའི་བཤད་གྲྭ་འབོགས་པ་ཡིན་གསུངས་པས། རྩེ་མོ་གཞན་གསུམ་པོས་ཀྱང་ལེན་མ་ནུས། ཟུར་ཆུང་པས་ཞབས་ཆུ་ལ་མ་རེག་པར་བྱོན་ནས་བླངས་སོ། །ཡང་རླུང་གི་ནུས་པ་འགྲན་པར་བསྐུལ་བས། རྩེ་མོ་བཞི་ལ་སོགས་པའི་སྟོན་སྒོམ་གཞན་རྣམས་ཀྱིས་ཀྱང་ཞབས་ས་ལ་མ་རེག་པར་འགྲོ་ནུས་པར་བྱུང་ཡང་། ཟུར་ཆུང་པས་ཏཱ་ལ་གང་ཙམ་གྱི་ནམ་མཁའ་ལ་འཕགས་ཏེ་སྲམ་པ་སྒྲུབ་ཁང་དུ་སྔོན་ལ་བརྟོལ་བས་རྩེ་མོ་གཞན་གསུམ་ཡང་ངེས་ཤེས་རྙེད། བླ་མས་ཅི་གསུང་གི་བཀའ་བསྒྲུབས་པས་ཞབས་ཏོག་ཀྱང་མཐར་ཕྱིན་ཏོ། །རེ་ཞིག་ན་ཟུར་ཆུང་པ་ལ་གནས་ཀྱི་ལུང་བསྟན་རིམ་པ་གསུམ་དུ་བྱུང་སྟེ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་དེ་ལ་ཆེད་དུ་འཛིན་པ་མ་ཡིན་པས་འཁྲུལ་སྣང་གི་སྡེ་ཚན་དུ་དོར་མོད། མཐར་རུས་པའི་རྒྱན་གྱིས་སྤྲས་པའི་བུ་མོ་ལོ་བཅུ་དྲུག་པ་ཌ་མ་རུ་དང་གར་སྟབས་བསྒྱུར་བ་ལྔ་བྱུང་ནས་མིང་པོ་ཁྱོད་རི་བོ་དགུ་འདུས་ལ་བསྒོམས་ན་དོན་གཉིས་གྲུབ་བོ་ཟེར་ཞིང་བྲག་རྒྱ་བོ་ལ་


JLAZ013_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་མོ་གཏད་པས། རི་བོ་དགུ་འདུས། ཆུ་མིག་དགུ་འདུས། ནེའུ་གསིང་དགུ་འདུས་པས་ཐེག་པ་རིམ་པ་དགུ་རྫོགས་པའི་རྟགས་སུ་མཁྱེན། བྲག་རྒྱ་བོ་དེ་བཅོམ་ལྡན་འདས་དཔལ་ཆེན་པོ་ལ་གཽ་རཱི་མ་བརྒྱད་ཀྱིས་བསྐོར་བ་འདྲ་བ་ཡིན་པས་འདི་ལ་སྒྲུབ་པ་བྱས་ན་སྒྲུབ་ཐག་ཉེ་ལ་བྱིན་རླབས་ཆེ། ལར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས། འཇིག་རྟེན་གྱི་འཁྲི་བ་ཆོད་དགོས། ཕྱི་མའི་དོན་བསྒྲུབ་པ་ལ་འདུ་འཛི་དང་ཁེ་གྲགས་ཀྱིས་མི་ཕན། མིའི་ངོ་བསྲུང་བ་འདི་འཕྲལ་དུ་བྱ་དཀའ་ལ་ཕུགས་སྙིང་པོ་མེད་པ་ཡིན་པས་ང་གཅིག་པུར་སྒོམ་པ་ཡིན་གསུངས་ནས་གྲྭ་པ་རྣམས་གོ་མ་ཆོད་མི་གསུམ་ལ་གཏད་ནས། ཆོས་འཆད་ཉན་གྱི་བསྟན་པ་ཁྱེད་རྣམས་ཀྱིས་སྐྱོངས་ཤིག་ཅེས་བྲག་རྒྱ་བོ་ལ་གཤེཊ་སོ། །དེར་བྱོན་ནས་སྒྲུབ་པ་ཁོ་ན་ལ་བཞུགས་པས་གཞི་བདག་གི་ལྷོངས་ཆོ་འཕྲུལ་ཤིན་ཏུ་ཆེ་བར་བྱུང་སྟེ། འདི་ལྟར་གྲུབ་པའི་ཁྱུ་མཆོག་ཆེན་པོ་དག་ནི་རྨི་ལམ་དང་མངོན་སུམ་རྫུན་པའི་ངང་དུ་རོ་གཅིག་པས་ནུབ་གཅིག་མནལ་ལམ་དུ། བྲག་རྒྱ་བོའི་རྩེར་མི་ནག་པོ་ཞིག་བྱུང་ནས་ཞབས་གཉིས་བསྡུས་ཏེ་ཀླད་ལ་བསྐོར་ཏེ་བསྐྱུར་བྱུང་བས། ཐག་གི་མདོའི་ཐང་ཆེན་པོ་གཅིག་ཏུ་བརྡབས་པ་རྨིས། སད་ཙ་ན་ཐང་དཀྱིལ་ན་དངོས་སུ་འདུག་པས་ཡར་འཛེག་དགོས་པ་བྱུང་སྟེ་ཆོ་འཕྲུལ་ཆེན་པོ་ལ་མ་འཛེམས་པར་བཞུགས། ཡང་སྡིག་པ་རྩིད་བུ་ཙམ་གྱིས་སྒྲུབ་


JLAZ013_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ཁེངས་པས་རྒྱུ་འབྲས་ལ་བཟློ་བའི་རྟོགས་པ་མངོན་དུ་གྱུར་ནས། སྡིག་པའི་རྭ་གཉིས་ནས་འཇུས་ཏེ་ཕྱི་མར་གཤགས་པ་དང་ཆབས་ཅིག །སྡིག་པ་མི་དགེ་སོ་སོར་བཤགས། ཞེས་དོན་ལ་མི་རྟོན་ཚིག་ལ་རྟོན་པའི་ཀུ་རེ་མཛད་དེ་བསྐྱུར་བས་ཐམས་ཅད་རྣམ་པར་སྣང་མཛད་དུ་གྱུར་ནས་ནམ་མཁའ་ལ་དེངས། ཡང་ལན་ཅིག་གྲོག་མོའི་དམག་དྲངས་བྱུང་བས་ཉེ་གནས་ལ་ཙོང་གེ་ཁྱེར་ཤོག་གསུངས་ཙོང་གེས་བརྡུངས་པས། ཉེ་གནས་ན་རེ་སྡིག་པ་ལ་དགོངས་མཛོད་ཅེས་ཁྲེལ་བལྟས་པས། ཁྱོད་དེ་ལ་མི་དད་ན་འདི་ལྟར་བྱ་ཡི་གསུངས་ནས། གྲོག་མོ་ཞལ་དུ་བཏབ་ཀྱིན་ཕུ་མཛད་པས། ཐམས་ཅད་རྡོ་རྗེ་སེམས་དཔའ་ཀྲོང་ཀྲོང་གྱུར་ཏེ་ནམ་མཁའ་ལ་སོང་བས་ཉེ་གནས་ཤིན་ཏུ་དད། གསད་གསོའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་གཞི་བདག་མིང་སྲིང་གསུམ་དམ་ལ་བཏགས་ཏེ་དངོས་སུ་གཟུགས་བསྟན་ནས་ཞབས་སྤྱི་བོར་བླངས། བྲག་ལ་ཕུར་པ་བཏབ་པའི་གྲུབ་ཆུ་ད་ལྟའང་ཡོད། དེར་གསང་བ་སྒྱུ་འཕྲུལ་ལས་བྱུང་བའི་ཕྱག་རྒྱ་བསམ་གཏན་གྱི་སྒྲུབ་པ་མཛད་པས་རྡོ་རྗེ་སེམས་དཔའི་ཞལ་གཟིགས། ཐག་གི་ལུང་པ་རྡོ་རྗེ་སེམས་དཔས་ཁེངས་པ་བྱུང་། སྣང་བ་ཟད་པར་གྱིས་སྐྱེ་མཆེད་བརྙེས་པས་སྐུ་མེ་དང་། ཆུ་དང་། རླུང་དང་། ས་འཚུབ་ཏུ་འགྲོ་བ་དང་། ཅིར་སྣང་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བཀྲ་ལམ་ལམ་གསལ་བ་བྱུང་སྟེ་བཟང་རྟོག་གི་


JLAZ013_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་བརྟས་པ་ཡིན། ཡང་དག་པར་གཏད་པ་མེད་སྙམ་དུ་དགོངས། དེར་སྣང་སེམས་ཆོས་ཉིད་གསུམ་རོ་གཅིག་ཏུ་འདྲེས་ནས་དགོངས་པ་ཟད་པའི་ས་ལ་སྐྱོལ་ཏེ། ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པ་དང་། ནམ་མཁའ་ལ་བྱ་ལྟ་བུར་འགྲོ་བ་སོགས་འབྱུང་བ་ལྔ་ལ་རང་དབང་ཐོབ་པ་བྱུང་། ད་ཟླ་བ་གཅིག་ན་སློབ་མ་སྣོད་ལྡན་ཞིག་འོང་གསུངས། རེ་ཞིག་ན་མཚན་ཉིད་པའི་དགེ་བཤེས་སྦ་དགེ་མཐོང་བྱ་བ་ཐག་ཏུ་ཆོས་འཁོར་ལ་བྱུང་། ཁོང་གི་གྲྭ་པ་བློ་རྣོ་བ་གཅིག་ཟུར་ཆུང་ལ་རྩོད་པ་བྱེད་དུ་བཏང་བས། ཁོས་ཀ་བ་ལ་མཛུབ་མོ་གཏད་ནས་ཀ་བ་ཆོས་ཅན་བྱས་པས། ཀ་བ་ཆོས་ཅན། ཁྱོད་འཇིག་རྟེན་རང་རྒྱུད་པའི་འཁྲུལ་ངོར་ཀ་བ་རང་རྒྱུད་དུ་སྣང་ཡང་ང་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དོན་ལ་ཀ་བ་གྲུབ་པ་མི་གདའ་གསུངས་ནས། ཕྱག་ཡུག་ཡུག་མཛད་པས་ཀ་བ་ལ་ཆགས་ཐོགས་མེད་པར་སོང་། ཁོ་ངོ་མཚར་སྐྱེས་ནས་སྨྲ་མ་ནུས། དད་པ་ལྷག་པར་ཐོབ་ནས་སློབ་མར་བྱས་པ་མ་ཐོག་བྱང་འབར་རོ། །འདི་རྡོའི་ཀ་བ་ཡིན། ཆག་དུམ་ད་ལྟའང་ཡོད་ཟེར་བ་དངོས་པོར་ཞེན་པ་དག་གི་འདོད་པ་མིན་ན་རུང་ངོ་། །དེ་ལ་སློབ་མ་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་བཅུ་དྲུག །དྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག །དཀྱུས་མ་གཉིས། སྟ་གུ་ར་མི་གཉིས། གོ་མ་ཆོད་གསུམ་ལ་སོགས་


JLAZ013_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་དུ་བྱོན་ཏེ། ཀ་བ་བཞི་པོ་ནི། དང་པོ་དགེ་བཤེས་ཁྱུང་པོ་གྲགས་སེའི་གྲྭ་པ་མཚན་ཉིད་པ་ཆེན་པོ་བློ་གྲོས་ཤིན་ཏུ་རྣོ་བ་ཡིན། བདེ་གཤེགས་རྒྱ་བོ་བ་དང་། དགེ་བཤེས་ཁྱུང་པོ་གཉིས་ཉང་རོར་ཡོན་བདག་གཅིག་གིས་གདན་དྲངས་ཏེ་འཛོམ་པའི་དུས། ཁྱུང་པོས་ཁོང་བཞི་པོ་བཏང་ནས། ཟུར་ཆུང་པ་བྱ་བའི་ཆོས་ལོག་མཁན་འདི་སུན་ཕྱུང་ལ་ཤོག །ཅེས་བསྒོས་པས་བཞི་པོས་ལྷ་རྗེའི་སྤྱན་སྔར་ཕྱིན་ཙ་ན། ཟུར་ཆུང་པ་ཐུལ་པ་ཕྱི་ནང་ལྡོག་ནས་བཞེས་ཏེ་འདུག །དེར་གཅིག་གིས། པགས་པ་ཕྱི་ནང་སློག་པའི་གོས་འདི་གང་གི་ཆོས་ལུགས་ཡིན་ཟེར། པགས་པ་དང་པོ་ནས་འདི་ལྟར་ཡོད་པས་ཕྱི་ནང་མ་ལྡོག །ཕྱི་ནང་འཛོལ་བ་ཁྱེད་རང་གི་ཆོས་ཡིན་མོད་གསུངས། གཅིག་གིས་འོ་ན་ཆོས་གཏམ་བྱའོ་སྨྲས་པས། ཆོས་ཀྱི་ངོ་བོ་བརྗོད་མེད་མཐའ་བྲལ་ལ་ཆོས་གཏམ་ག་ན་ཡོད་གསུངས། དེར་སྐྱོ་སྟོན་གྱིས་དྲིས་པ། འོ་ན་ཁྱེད་རྫོགས་པ་ཆེན་པོ་པའི་ལུཊ་ཀྱི་སྒོམ་ལ་གཙོ་བོར་བྱེད་པ་ལགས་སམ་བྱས་པས། ད་དམིགས་པ་གང་ལ་གཏད་འདུག་གསུངས། འོ་ན་མི་སྒོམ་པ་ལགས་སམ་བྱས་པས། ང་གང་ལ་ཡེངས་འདུག་གསུངས་པས་སྤོབས་པ་ལན་མེད་དུ་སོང་། ཡང་གླན་སྟོན་ཤཱཀ་བཟང་གིས་དྲིས་པས། ཁྱེད་གསང་བ་སྒྱུ་འཕྲུལ་པའི་ལུགས་ཀྱིས་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་འདོད་པ་ལགས་སམ་བྱས་པས། ཡུལ་བེམ་


JLAZ013_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རང་རྒྱུད་དུ་སྣང་བའི་མངོན་སུམ་གྱི་ཚད་མ་སུས་འགེགས་གསུངས། འོ་ན་མི་འདོད་པ་ཨེ་ཡིན་བྱས་པས། སེམས་ཅན་གྱི་མ་དག་པའི་འཁྲུལ་སྣང་རང་རྒྱུད་པ་སྦྱོང་ཕྱིར། མདོ་རྒྱུད་ཀྱི་དགོངས་པ་དང་འགལ་བར་སུས་ནུས་གསུངས་པས། ཁོང་བཞིའི་བརྒལ་བརྟག་གི་རིག་པ་རྣོན་པོའི་ཚིག་གི་ཚོགས། དོན་གྱི་མཐུ་ཆེ་བའི་ལན་སྒྲ་གཅན་གྱི་ལག་པ་ལྟ་བུས་རྣམ་པར་བཀབ་ཅིང་། སྙིང་རྗེ་ཆེན་པོའི་གཞན་དབང་གི་སྡེར་མོས་བརྫིས་པས་འདི་ལྟར་ལས་འཕྲོ་སད་པའི་གང་ཟག་ནི་སློབ་དཔོན་དཔའ་བོ་འཕགས་པ་ལྷའི་གདུལ་ཞིང་དུ་གྱུར་པ་ལྟ་བུ་སྟེ། འདི་སྐད་དུ། ཀྱེ་མ་ཐེག་པ་ཆེན་པོའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་འདི་ལྟ་བུའི་བཤེས་གཉེན་ནི་རྙེད་པར་དཀའོ། །འོན་ཀྱང་ད་ལྟ་དངོས་སུ་ཕྱིན་ན་སློབ་དཔོན་མི་དགྱེས་སུ་འོང་བས་སང་ཕོད་ཐབས་ཀྱིས་རྟོག་གེ་ངན་པའི་སློབ་དཔོན་དང་བྲལ་བར་བྱས་ལ། རྣལ་འབྱོར་གྱི་དབང་ཕྱུག་སྲིད་པའི་དྲྭ་བ་གཅོད་པའི་མཚོན་ཆ་རྣོན་པོའི་དབལ་དང་འགྲོགས་པར་བགྱི་བ་ལ་གདོན་མི་ཟ་བའི་དམ་བཅའ་ལྷུར་ལེན་ཏོ་ཞེས་མནའ་ཐོས་བཅད་ནས་དེངས་སོ། །དེ་ལྟར་དེངས་པའང་མེ་ཏོག་ཟས་ཅན་པདྨའི་ཚལ་ལ་བྱ་བ་བཞིན་དུ་སང་ཕོད་ལས་འཕྲོ་དང་སྨོན་ལམ་བཟང་པོའི་གཤོག་པ་རྨྱང་སྟེ་བདེ་གཤེགས་རྒྱ་བོ་པའི་


JLAZ013_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གྲྭ་མ་ལ་ཡའི་ནགས་ཀླུང་ཆེན་པོ་ལྷགས་པ་ལས་ཀ་བ་བཞི་བྱུང་བ་ཡིན་ནོ། །དེར་ཁོང་བཞི་པོས་ཁྱུང་པོའི་དྲུང་དུ་ཕྱིན་ཙ་ན། ཁྱེད་ཚོས་ཟུར་ཆུང་པ་སུན་ཕྱུང་ངམ་ཟེར། སུན་ཕྱིན་པ་མི་གདའ་བྱས་པས་ཕྲག་དོག་གི་འཐོར་རླུང་དྲག་པོས་ཡིད་རྣལ་དུ་མི་ཕེབས་པ་ཙམ་དུ་གྱུར་ནས་ཟུར་ཆུང་པ་འདྲ་བའི་ལྟ་བ་ངན་པ་ཅན། སྐྱེ་བོ་ཐམས་ཅད་ལོག་པའི་ལམ་དུ་འཁྲིད་པ་འདི་གསད་ན་སངས་རྒྱས་ངེས་ཟེར་རོ། །དེ་ཟུར་པའི་གྲྭ་པ་དག་གིས་ཐོས་ནས་སྙན་དུ་གསོལ་བས་རྒྱུད་རང་བཞིན་གྱིས་གྲོལ་བའི་བྱང་ཆུབ་སེམས་དཔའ་ཁོང་ཁྲོ་བའི་རྣམ་པར་རྟོག་པ་མེད་པས་ཅང་མི་གསུང་བས་ལན་བཏབ། ནངས་པར་ཆོས་ཁྲིའི་ཁ་ན་བཞད་ཀྱིན་འདུག །བླ་མ་ཅི་ལ་དགྱེས་ཞུས་པས། ཆོས་བྱ་བ་ངའི་ཐེག་པ་ཆེན་པོ་གསང་སྔགས་འདི་ཡིན་པར་འདུག །སྒྲོལ་བ་ལ་བརྟེན་ནས་སངས་རྒྱ་བར་འདོད་པ་འདི་གསང་སྔགས་ཀྱི་ལུགས་ཡིན། མཚན་ཉིད་པ་ལ་མེད་སྙམ་ཙ་ན། ཟུར་ཆུང་པ་ལྟ་བུ་གསད་ན་སངས་རྒྱ་གསུངས་ནས། ཁྱུང་པོ་གྲགས་སེ་ལྟ་བུའི་མཚན་ཉིད་པ་ཆེན་པོ་ཡང་བློ་ཕུགས་ངའི་ཆོས་ལ་གཏོད་པ་འདུག་པས། ང་དགའ་བ་ཞིག་བྱུང་གསུང་སྐད། དེ་ལ་སེམས་ཕྱོགས་ཀྱི་ཀ་བ་གུང་བུའི་སྐྱོ་སྟོན་ཤཱཀ་ཡེས། མདོའི་ཀ་བ་ཅང་ལུང་གི་ཡང་ཁེང་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་ཆུ་བར་གྱི་གླན་ཤཱཀྱ་བཟང་པོ། ཕྲིན་སྒྲུབ་ཀྱི་ཀ་བ་


JLAZ013_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མོ་རིའི་འདའ་ཏིག་ཇོ་ཤཱཀ་གོ །ཡང་མ་ཐོག་བྱང་འབར་དང་རྒྱུད་པ་ལྔ་ཞེས་ཀྱང་གྲགས། གདུང་བརྒྱད་ནི་མ་ཐོག་པ། སྐྱོ་སྟོན་ཆོས་སེང་། གླན་ཤཱཀྱ་བྱང་ཆུབ། རྩགས་ཤཱཀ་རིངས། གནུབས་སྟོན་བག་མ། དབུས་པ་ས་ཐོར། ཤུ་སྟོན་ཟླ་གྲགས། རྩེ་ཕྲོན་བྱང་དཔལ་དང་བརྒྱད་དོ། །ཡང་འ་ལ་གཟི་ཆེན། ནལ་རྣ་སྙིང་པོ། རམ་སྟོན་རྒྱལ་བ་གསུམ་དྲངས་པའང་ཡོད། སྒོམ་ཆེན་མི་གཉིས་ནི། འབའ་སྒོམ་དིག་མ་དང་། བོན་སྒོམ་མདོ་བའོ། །ཡུས་པོ་ཆེ་ནི་ལས་སྟོད་ཀྱི་ཟི་སྟོན་བསོད་རྒྱལ་ལོ། །སྟ་གུ་ར་མི་གཉིས་ནི། ཞང་སྟོན་སྔགས་སེ་དང་། ཁྱུང་པོ་གྲགས་སེའོ། །ཕྱམ་དྲལ་ལ་སོགས་ཏེ་དཀྱུས་མའི་མིང་སྨོས་མ་འཚལ་ལོ། །གོ་མ་ཆོད་མི་གསུམ་ནི། མགོ་བྱ་ཚ། མིག་ཆུང་དབང་སེང་། འགོས་ཆུང་དབང་ངེ་གསུམ་མོ། །དེ་ལ་བླ་མ་ཟུར་ཆུང་པ་བྲག་རྒྱ་བོར་ལོ་ཉི་ཤུ་རྩ་བཞི་སྒྲུབ་པ་ཐུན་གཅིག་ལ་བཞུགས་ནས། འཇའ་ལུས་སུ་གཤེགས་པའི་དགོངས་གཏད་ཡོད་པ་ལ་སྐུ་མཚམས་ཐོན་དགོངས་པའི་རྐྱེན་གཉིས་བྱུང་བས། ལོ་རིལ་པོ་བཅུ་གསུམ་དང་ངོ་གཅིག་སྟེ་བཅུ་བཞི་བཞུགས། འདིའི་སྐབས་ཤིག་ན་ཉེ་གནས་ཀྱིས་ཀྱང་སྐུ་ལ་བཅར་དུ་མེད་པར་རྒྱུན་རིང་བར་བཞུགས། རེ་ཞིག་ན་དུད་པ་དང་ལྡབ་ལྡིབ་ཙམ་ཡང་མ་བྱུང་། སྐུ་ལ་སྙུན་པ་མི་མངའ་འམ་སྙམ་ནས་ཉེ་གནས་ཀྱིས་བལྟར་ཕྱིན་ཙ་ན། ཞལ་


JLAZ013_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤངས་ལ་སྡོམ་ཐག་བྲེང་ངེ་འདུག །བླ་མ་གྲོངས་སྙམ་ནས་ངུ་ཤོར་བས་དགོངས་པ་གྲོལ། བླ་མའི་ཞལ་ནས་ང་དེ་ཁའི་ངང་ལ་བཞག་ན་མགོ་ལ་ཐོད་པ་མི་འགེལ་བ་ཞིག་ཡོང་བ་ཡིན་ཏེ། ད་སྐྱེ་བ་གཅིག་ལེན་པར་འདུག་གསུངས། དེ་ས་སྐྱ་ལོ་ཆེན་ཡིན་ཟེར། འདི་ནི་ཆོས་ཉིད་ཅིག་ཅར་དུ་ཟད་པ་ནས་ཕུང་པོ་རྡུལ་ཕྲན་དུ་མ་དེངས་ཙམ་པའི་ལམ་རྟགས་སུ་སྣང་། ཡང་ནངས་གཅིག་ཚ་བའི་སྟ་གོན་གྱིས་ཤིག་ད་རེས་ལོ་མའི་ཚོད་མ་བྱའོ་གསུངས། ཉེ་གནས་ཀྱི་ཆུ་མ་ཁོལ་བ་ལ་བླ་མས་ཚོད་མ་བསྣམས་བྱུང་། ངས་འུག་པ་ལུང་འཁོར་ནས་ཁྱོད་ཆུ་མི་ཁོལ་བ་ཅི་ཡིན་གསུངས། ཀུ་རེ་ཡིན་ནམ་ཞུས་པས་ཟུར་པོ་ཆེས་གནང་བའི་གསོལ་རས་ཞིག་ཡོད་པ་ཉེ་གནས་ལ་གནང་བས། ཁོ་ཡིད་ལྷག་པར་ཆེས། ངའི་བླ་མ་རླུང་སེམས་ལ་རང་དབང་ཐོབ་ངེས་ཡིན་སྙམ་པའི་མོས་གུས་སྐྱེས་སོ། །དེ་ལ་དགོན་པ་ནས་འབྱོན་པའི་རྐྱེན་གཅིག་ནི། གོ་མ་ཆོད་མི་གསུམ་གྱི་བསྟན་པ་མ་འཁྱོངས་ཏེ། འགོ་བྱ་ཚས་ཐབས་ལམ་གྱི་རྒྱབ་ཏུ་མ་རྒྱུད་དགོས་ཟེར་འགོས་ཁུག་པའི་རྩར་སོང་། མིག་ཆུང་དབང་སེང་ན་རེ། དཀྱིལ་འཁོར་ཕྱིར་འདོན་པ་ལ་རྒྱབ་ཏུ་ཡོ་ག་དགོས་ཟེར་ནས། སུམ་པ་ཡེ་འབར་གྱི་རྩར་སོང་། འགོས་ཆུང་དབང་ངེས་གཞི་ལམ་གྱི་གྲུབ་མཐའི་རྒྱབ་ཏུ་ཚད་མ་དགོས་ཟེར་སྤང་ཀ་དར་ཆུང་བའི་རྩར་སོང་ངོ་། །དེ་དག་ནི་གསང་བ་སྙིང་པོ་ལ་ལམ་ཐབས་གྲོལ་གཉིས་ཀ་ཡོད་དེ་མ་རྒྱུད་ཀྱི་མཚན་


JLAZ013_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མ་ཕྱེད། དཀྱིལ་འཁོར་རང་ས་ནས་ཐོན་པ་ལ་མིག་ལྟག་ཁུང་དུ་འཆུས། ཚད་མ་ཚིག་གི་གྲུབ་མཐའ་ཡིན་ཏེ་གཞི་ལམ་ཐོག་ཏུ་མི་ཕེབས་པ་མ་གོ། རྒྱུ་དེས་གོ་མ་ཆོད་མི་གསུམ་གྱིས་བཤད་གྲྭ་མ་འཁྱོངས་པས་སྐུ་མཚམས་ལས་ཐོན་དགོས་པ་བྱུང་། རྐྱེན་གཅིག་ནི། སྒྲོ་ཕུག་ལྷ་ཁང་གི་མཇུག་སྐྱོངས་དང་། རབ་གནས་མ་གྲུབ་ཙམ་ལ་རྒྱལ་བ་ཟུར་པོ་ཆེ་སྐྱེ་བ་མ་སྤངས་པར་ཟུང་འཇུག་གི་གྲུབ་མཐའ་སྙོགས་པར་བཞེས་ནས་ངའི་ལག་རྗེས་འདི་ཁྱོད་ཀྱིས་སྐྱོངས་ཤིག་ཅེས་བླ་མའི་བཀའ་བྱུང་ནས་བྱོན་པ་ཡིན་ནོ། །དེ་ལྟར་བདེ་གཤེགས་ཟུར་ཆུང་པ་ཕྲིན་ལས་རྒྱས་པའི་དུས་ན། བོད་ཀྱི་སྔགས་པ་ཚོགས་ཚད་ཀྱིས་ཕྱག་མི་བྱེད་པ་དང་། གྲལ་གོང་དུ་འགྲོ་བ་མེད་པས། འགོས་ལོ་ཙཱ་བས་གཞན་རྣམས་ལ་ཕྱག་མི་འཚལ་བ་དང་། གྲལ་ཞབས་སུ་མི་སྒྲིག་པའི་ཁྲིམས་བཅས་མོད། ནམ་ཞིག་ཤངས་སུ་སྟོན་མོ་ཆེན་པོ་ཞིག་ལ་ཐམས་ཅད་འཚོགས་པ་ན། ཟུར་ཆུང་པ་གྲལ་མགོ་ན་བཞུགས་པའི་སྤྱན་སྔར་འགོས་ཀྱིས་སླེབས། དེའི་ཚེ་འདི་ལྟར་ཚིག་ལ་མཁས་ཤིང་ཉོན་མོངས་ལ་གྲིམ་པའི་བཤེས་གཉེན་ཆེན་པོ་དག་གིས་དགོངས་པ་སངས་རྒྱས་དང་མཉམ་པའི་རྣལ་འབྱོར་གྱི་དབང་པོ་དག་གི་ཟིལ་བཟོད་པ་མ་ཡིན་པས། ལྔ་སྡེ་བཟང་པོའི་ནང་ཁྲིམས་བཞིན་རང་དབང་བརྟན་པ་བྲལ་བའི་འདུ་བྱེད་རྟབ་


JLAZ013_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རྟབ་པོར་གྱུར་ནས་ཕྱག་མི་བྱེད་པའི་དམ་བཅའི་རི་མོ་རྗེས་ཤུལ་ཙམ་ཡང་མེད་པར་ཟུབས། ཡན་ལག་ལྔའི་འཁྲི་ཤིང་ས་ལ་འབྱར་བ་བཞིན་དུ་གྱུར་པས་ཀུན་ཀྱང་ཕྱག་བྱེད་པ་ལ་མངོན་དུ་ཕྱོགས་སོ། །དེར་སྟོན་མོ་གྱེས་ཙ་ན་གཞན་དག་ན་རེ། ཟུར་ཆུང་པ་ལ་ཕྱག་མི་བྱེད་པའི་དམ་བཅའ་རང་རེས་མཛད་པ་ལ་སྔོན་ལ་ཉིད་ཀྱིས་མཛད་པ་ཅི་ཡིན་དྲིས་པས། ཁོའི་དྲུང་དུ་ཕྱིན་ཙ་ན་བཅོམ་ལྡན་འདས་དཔལ་ཆེན་པོའམ་དེ་འདི་ཀ་ཡིན་པར་འདུག་སྙམ་པ་ལ། མི་ཡིན་པའི་འདུ་ཤེས་མ་སྐྱེས་གསུང་སྐད། ལར་རྫུ་འཕྲུལ་ཤིན་ཏུ་ཆེ་བས་ཉི་ཟེར་ལ་བྱོན་བཞུད་མཛད་པར་གྲགས་ཏེ། འུག་པ་ལུང་དུ་སྔ་ཆོས། སྒྲོ་ཕུག་ཏུ་གུང་ཆོས། བྲག་རྒྱ་བོར་དགོང་ཆོས་ཏེ་འགྱང་ཁ་ཤིན་ཏུ་ཆེ་སར་ཉི་མ་རེ་ལ་ཆོས་ཐུན་གསུམ་རེ་འཆད། དེ་བཞིན་དུ་ལྷ་ཟེ་མོར་མཁའ་འགྲོ་མ་རྣམས་བྲོ་བརྡུངས་མཛད་པ་གཟིགས་པས་རྐྱེན་བྱས་མཁའ་འགྲོ་ལས་ལ་བཀོལ་ནས་མཆོད་ཁང་ཀ་བ་བདུན་དང་། ཁྱད་འཕགས་གཉིས་ཏེ་དགུས་བཏེག་པ་ཞིག་བཞེངས་པས་མཁའ་འགྲོ་ལྷ་ཁང་དུ་གྲགས། སངས་རྒྱས་བཞི་བཅུ་རྩ་གཉིས་དང་། བཀའ་སྲུང་ལེགས་ལྡན་ལྡེ་གུར་བཞེངས། དཀྱིལ་འཁོར་རྒྱས་བསྡུས་གཉིས་ལོགས་ལ་བྲིས། རབ་ཏུ་གནས་པའི་ཚེ་ལེགས་ལྡན་གྱི་སྐུ་ལ་ཕུ་དུང་གི་ལྕག་བྲབ་ཅིང་སངས་རྒྱས་ཀྱི་བསྟན་པ་ཨེ་བསྲུང་གསུངས་པས་དབུ་གུག་གུག་པ་བྱུང་། དཀོན་


JLAZ013_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དབུ་འཕང་ཨེ་བསྟོད་གསུངས་པས་མཆུ་ལྷེབ་ལྷེབ་པ་བྱུང་། དེ་བཞིན་དུ་དཔལ་ཆེན་པོ་ཞལ་གཟིགས་པའི་ཞབས་གཡོན་བཞག་སར་ཡང་དག་གི་ལྷ་ཁང་བཞེངས། མ་ཐོག་བྱང་འབར་གྱི་ལྷ་ཁང་ལ་ཤིང་གཉན་ཁྲག་ཏུ་འཛག་པ་གཅོད་དུ་སྩལ་ནས་ལྷ་ཁང་འབྱོངས། ཤིང་ཕུད་བླ་མ་ལ་ཕུལ་པའི་ཚེ་གཞི་བདག་ཕྲེང་བས་སྤེན་མའི་ཀ་བ་གཅིག་ལུས་ནས་གཙང་པོར་དྲངས་པ། རྔ་མོ་ཕྲང་དུ་ཞག་ལྔ་ཆུ་ལ་བྱིངས་ནས་མ་ཐོན། དེར་སློབ་མ་གཉིས་བཏང་ནས་བྲག་ལ་དཀར་གཏོར་འདི་སྤུངས། མཚོ་ལ་དམར་གཏོར་འདི་རྒྱོབ་ལ་བླ་མ་ཟུར་ཆུང་པའི་ཤིང་ད་ལྟ་བསྐྱལ་ན་སྐྱོལ་ཞིག །ཅེས་བསྡིགས་སུ་བཅུག་པས། ཆུ་བདག་སྐྲག་ནས་འཕྲལ་དུ་ཐོན་པ་སོགས་ལྷ་འདྲེས་བཀའ་ལ་ཉན། དེ་ལྟ་བུའི་ཆེ་བའི་ཡོན་ཏན་གྱིས་བརྒྱན་པའི་ལྷ་རྗེ་ཟུར་ཆུང་པ་དེ་སྐུ་མྱ་ངན་ལས་འདའ་བར་ཉེ་བའི་ཚེ། བུ་སློབ་རྣམས་ཀྱིས་རིགས་སྲས་བསྐྲུན་པར་གསོལ་བ་བཏབ་པས། གསང་བདག་ལག་ན་རྡོ་རྗེ་ཡུམ་གྱི་ལྷུམས་སུ་མངོན་བྱང་ལྔའི་ཏིང་ངེ་འཛིན་གྱིས་སྤྱན་དྲངས་པ་ཟུར་ཤཱཀྱ་སེངྒེ་མཚན་དཔེའི་ངོ་མཚར་གསལ་བར་བྱས། ཞལ་གྱི་གདམས་པ་བརྒྱད་ཅུ་པར་གྲགས་པ། རིའི་བུ་གྱིས་ཧྲུལ་པོའི་གོས་གྱོན། མི་ཞིམ་པའི་ཟས་ཟོ། དགྲ་གཉའ་རེངས་སུ་ཐོང་། ཞིང་ཐ་རེངས་སུ་ཞོག །བློ་ཐག་ཆོས་ལ་ཆོད། ཅེས་


JLAZ013_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་གསུངས་ནས་དྲུག་ཅུ་རྩ་གཅིག་བཞེས་པའི་ཤིང་ཕོ་སྟག་ལ་བྲག་རྒྱ་བོར་འོད་དང་སྒྲ་དང་ས་གཡོ་བ་དང་བཅས་འོག་མིན་རྡོ་རྗེ་བཀོད་པའི་གྲོང་ཁྱེར་དུ་གཤེགས་སོ། །དེ་ལ་བོད་འདིར་དཔལ་གསང་བའི་སྙིང་པོའི་བཤད་པའི་ཆུ་མགོ་ལྟ་བུར་བྱུར་པ་གསང་བདག་སྒྲོ་ཕུག་པ་ཆེན་པོའམ་ཟུར་ཤཱཀྱ་སེངྒེ་ནི། ཇོ་སྲས་མོ་མདའ་མོ་གཙུག་ཏོར་ལྕམ་ཞེས་བྱ་བ་སློབ་མར་གྱུར་པ་ཞིག་ཡོད་པ་དེས་མངལ་དུ་སྤྲུལ་པའི་སྐུ་འཛིན་ནུས་པར་དགོངས་ནས། དེ་ཉིད་ཀྱི་མིང་པོ་ཀ་བ་བཞིའི་གྲལ་མདའ་ཏིག་ཆོས་ཤཱཀ་ལ། ཁྱོད་ཀྱི་སྲིང་མོ་འདི་བདག་གིར་རུང་ངམ་ཞེས་གསུངས་པས། མདའ་ཏིག་ན་རེ། བཀའ་བཞིན་འཚལ་ཞེས་དེའི་ལག་པ་ན་རྡོ་རྗེ་དྲིལ་བུ་བཞག་སྟེ། འདི་གཞན་ལ་མ་བརྒྱུད་པར་བླ་མའི་ཕྱག་ཏུ་ཕུལ་ཞིག་པར་བསྒོས་པས་རྟེན་འབྲེལ་ཆེན་པོ་འགྲིག །དེ་ཁབ་ཏུ་བཞེས་པས་གྲྭ་པའི་ཚོགས་ཀྱང་སྡང་ཞིང་འདོན་པར་བརྩམས་པ་ན། སྐྱོ་སྟོན་ཤཱཀ་ཡེ་ན་རེ། འདིའི་སྲིན་ལག་ལ་བསྟན་པའི་གཙོ་བོ་གཅིག་འདུག་པར་རྨིས་པས། རིགས་སྲས་འདྲ་མཐོང་ན་བསྟན་པར་ཕན་སྲིད་ཀྱི་ཞོག་གསུངས། དེ་བཞིན་དུ་ཀ་བ་གཞན་རྣམས་ལའང་སངས་རྒྱས་ཀྱི་སྐུ་དང་། གསེར་གྱི་རྡོ་རྗེ་སོགས་ཇོ་མོ་ལ་ཐིམ་པར་རྨིས་པས་བཞག་གོ །དེ་ལ་རྔོག་ལོ་ཆེན་པོ་བཅུ་དྲུག་པ་ཤིང་ཕོ་སྟག་ལ་སྒྲོ་ཕུག་པ་སྐུ་བལྟམས།


JLAZ013_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དེར་བླ་མའི་ཞལ་ནས། ངའི་བུ་འདི་ལྷུམས་སུ་འཇུག་པའི་ཚེ་ཕྱག་ན་རྡོ་རྗེ་ཐིམ་པའི་མཚན་མ་ཡོད་པ་ཡིན་པས་འགྲོ་བ་ལ་ཕན་པ་ཞིག་འོང་གསུངས་ནས། མཚན་ཤཱཀྱ་སེངྒེར་བཏགས། ཡབ་ཀྱི་སྤོང་དག་བྱས་ནས་ཅི་ཡང་མེད་པ་དང་ཐུག་པས་ཡུམ་ན་རེ། ཁ་ནིང་ནས་བུ་སྐྱེ་བ་ནི་ཐུགས་ལ་མངའ། རྐན་མར་ཙམ་ཡང་མི་འཇོག་པ་ཟེར་བ་ལ། ཁོང་ལ་བསོད་ནམས་ཡོད་ན་ངས་མ་བཞག་ཀྱང་འོང་། དེ་མེད་ན་བཞག་ཀྱང་མི་ཕན་གསུང་ཁང་ཐོག་ན་བཞུགས་ཙ་ན། བཙུན་མ་ཕྱུག་མོ་ཞིག་གིས་ནས་རྒྱབ་མང་པོ་དང་། མར་ཕོན་ཆེར་ཕུལ། མདོ་ཁམས་ནས་འབུལ་སྐྱེས་ལྷགས་པས། འདི་ལ་བསོད་ནམས་ཀྱང་འོང་། འགྲོ་བ་ལའང་ཕན་གསུངས། ཟླ་བ་བརྒྱད་ན་ཡབ་གཤེགས་པས་ཡུམ་དང་ཞང་པོས་བསྐྱངས་ནས་མདའ་ཕུར་ལོ་བཅོ་ལྔ་བཞུགས། དེ་ནས་ཆུ་བར་དུ་གླན་ཤཱཀྱ་བཟང་པོའི་དྲུང་དུ་བྱོན་ནས་གསང་བ་སྒྱུ་འཕྲུལ་དང་། སྐེད་ལུང་དུ་ཡང་མཁྱེན་གྱི་སར་ཡང་བྱོན་ནས་ཆོས་གསན། དགུང་ལོ་བཅུ་དགུ་པ་ལ་ཆེ་འདོན་མཛད་པས། འཕྲིན་ལས་ཤིན་ཏུ་རྒྱས་ཏེ་བསླབ་གཉེར་གཡེལ་བ་བྱུང་། དེར་སྐབས་བཙལ་ནས་གོང་བུར་སྐྱོའི་རྩར་ལོ་གཅིག་བྱོན། དེ་ནས་སླར་འཕྲིན་ལས་ཆེར་རྒྱས་ཏེ་གཞན་དུ་བཞུད་པའི་སྐབས་མ་བྱུང་། བླ་མ་མཁས་གྲུབ་ཀྱི་ཚོགས་ཚུར་སྤྱན་དྲངས་ནས་སློབ་གཉེར་རྫོགས་པར་མཛད། ཁྱད་


JLAZ013_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཀ་བ་བཞི་ལས་ཡབ་ཆོས་མདོ་སྒྱུ་སེམས་གསུམ་རྒྱུད་མན་ངག་འཕྲིན་སྒྲུབ་ཕྱག་བཞེས་དབང་དང་བཅས་པ་ཡོངས་སུ་རྫོགས་པར་གསན་ཅིང་ཁྱད་པར་དུ་ཞང་པོ་མདའ་ཏིག་ལས་མདོའི་སྐོར་ཞིབ་པར་བརྙེས། གླན་ཤཱཀྱ་བྱང་ཆུབ་ལས་རྫོགས་ཆེན་སྐོར་ལུགས། ལྷ་རྗེ་ཤངས་ནག་ལས་རྫོགས་ཆེན་བརྒྱུད་པ་ཐ་མ་སོགས་མདོར་ན་བླ་མ་མང་པོ་ལས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད། རང་གི་གྲུབ་མཐའ་གསན་པའི་བླ་མ་དེ་དག་ལའང་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་སྣ་དྲངས་པའི་འབུལ་བ་རྒྱ་ཆེན་པོས་ཐུགས་ཟིན་པར་མཛད། ཉ་རི་སྒྲོ་ཕུག་ཏུ་སྒྲུབ་པ་ཡུན་རིང་དུ་མཛད་པས་བསྐྱེད་རྫོགས་ཀྱི་གནས་ལ་མན་ངག་གི་རྒྱུད་ནས་གསུངས་པའི་གཟེར་བཞི་ཐེབས། ཡི་དམ་ལྷའི་སྐུ་གསུང་ཐུགས་དང་ཐ་དད་མེད་པར་འདྲེས་པས་སྐུ་གཞོན་ནུ་ནས་གཟི་བྱིན་ཤིན་ཏུ་ཆེ་སྟེ་ཐམས་ཅད་ཟིལ་གྱིས་གནོན་ནུས། རེ་ཞིག་ན་དམ་པ་སངས་རྒྱས་དིང་རི་ན་བཞུགས་པ་དཔོན་སློབ་ལྔས་མཇལ་དུ་བྱོན། ཕེབས་རྒྱུའི་ཉིན་དམ་པའི་ཞལ་ནས་དེ་རིང་ཕྱག་ན་རྡོ་རྗེའི་སྤྲུལ་པ་འབྱོན་པ་ཡོད་ཀྱི་བསུ་བ་གྱིས་གསུངས། དར་གདུགས་ལ་སོགས་བཤམས་པས། ཉི་མ་རྒས་སུ་ཆ་ཙ་ན་སྔགས་པ་དཔོན་སློབ་ལྔ་བྱུང་། གཞན་སུ་ཡང་མི་གདའ་ཞུས་པས། དེ་ཀ་ལ་བསུ་བ་གྱིས་གསུངས། དེར་ལྷ་རྗེ་སྒྲོ་ཕུག་པས་དམ་པ་ལ་མངོན་མཁྱེན་


JLAZ013_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་འདུག་ལྟ་ཡི་གསུངས་ནས་སློབ་མ་ཞིག་ཉིད་དུ་རྫུར་བཅུག་ནས་སྔོན་ལ་བཏང་། ཁོང་རང་ཕྱི་ན་ཞབས་འབྲིང་པ་ལྟར་བྱས་པས། དམ་པས་སྒྲོ་ཕུག་པའི་མགུལ་ན་ལྦ་བ་ཡོད་པ་ལ་གཟིགས་ནས། ཕྱག་སྣ་ལྦ་བ་ཅན་གྱིས་དྲངས། དཔོན་སློབ་གོ་མ་ལོག་པ་བཟང་གསུངས་པས་མོས་གུས་ཆེན་པོ་ཐོབ། ཆོས་ཀྱི་བདུད་རྩིའང་ནོད། དམ་པའི་ཞལ་ནས་སྒྲོ་ཕུག་པ་ལ་འདི་བསྟན་པའི་སྤྱི་དཔལ་ཆེན་པོར་འགྱུར་ཞེས་དབུགས་འབྱིན་མཛད། ཡང་རེ་ཞིག་ན་ཕྱག་རྡོར་གྱི་བྲིས་སྐུ་བྱེད་པའི་བྲི་བཀོད་ཀྱི་ཚེ། ལྷ་བྲིས་པ་ལ་ཁྱེད་རང་འདི་འདྲ་བ་ཞིག་བྲིས་ཞེས་ཕྱག་ན་རྡོ་རྗེ་སྐུ་དངོས་སུ་བསྟན་པ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་དཔལ་གསང་བའི་བདག་པོ་བྱང་ཕྱོཊ་ཀྱི་རྒྱུད་འདིར་གསང་སྔགས་ཀྱི་བསྟན་པ་རྒྱས་པར་མཛད་པ་ལ་བྱོན་ནོ་ཞེས་གྲགས། སྤྱིར་གདུལ་བྱའི་ཚོགས་དཔག་ཏུ་མེད་ལ། ཁྱད་པར་སློབ་མ་དགེ་བའི་བཤེས་གཉེན་ཆེན་པོ་གྲྭ་ས་འཛིན་ཅིང་བསྟན་པ་སྐྱོང་བ་གདུགས་ཐོགས་པ་སྟོང་ཐོན་པས་རིང་མོའི་མཐར་ཡང་འཕྲིན་ལས་བསམ་གྱིས་མི་ཁྱབ། སྒྲོ་ཕུག་ཏུ་ཆོས་གསུང་བའི་དུས་ཤིག་ཆོས་ཁྲི་རྒྱབ་ཡོལ་མེད་པ་གཅིག་ལ་བཞུགས་ཏེ་མཐའ་བསྐོར་ཐམས་ཅད་གྲྭ་པས་བསྐོར་ནས་ཡོད་པ་ལ། ཕྱོགས་ཐམས་ཅད་དུ་ཞལ་ཐལ་ལེ་བར་བྱུང་བས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་


JLAZ013_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀྱིལ་འཁོར་གྱི་བདག་པོའི་ཞལ་སྐྱིན་མངོན་སུམ་པར་ཡིད་ཆེས་ཤིང་སྤྲུལ་པའི་སྐུར་རྩོད་པ་མེད་པར་གྲགས། དབྱར་ཆོས་དགུན་ཆོས་ཀྱི་དུས་ཕྱོགས་རེ་ན་མར་དཔེ་འགྲེམས་ལྔ་བརྒྱ་ཙམ་རེ་དང་། སྟོན་ཆོས་དང་དཔྱིད་ཆོས་ཀྱི་དུས་སུམ་བརྒྱ་ཙམ་ཡོད་ཅིང་། སྤྱིར་ཁྲི་ཕྲག་ཏུ་ཐལ་བ་བྱུང་བས། ཆོས་རྭའི་གོས་བདེ་དོག་ལའང་གསེར་ཞོ་རེའི་མཇལ་ལེན་བྱེད་པའི་དར་རྒྱས་བྱུང་། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་ཤིང་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་དོན་ལ་རང་བྱན་ཚུད་པ་ཙམ་གྱིས་ཆོས་སྤྱན་ཐོབ་པས་གསང་བདག་སྒྲོ་ཕུག་པའི་བཤད་སྲོལ་ཞེས་དུས་ད་ལྟའི་བར་དུ་ལྡབ་ལྡིབ་བྱེད་པ་འདི་བྱུང་ཞིང་ཉི་ཟླ་ལྟར་གྲགས་པ་ཡིན་ནོ། །དེ་ལ་ཐུགས་ཟིན་གྱི་སློབ་མ་བཅུ་གཉིས་བྱུང་སྟེ། ནག་པོ་བཞི། སྟོན་པ་བཞི། མེས་བཞི་ལས། ནག་པོ་བཞི་ནི། ལྕེ་སྟོན་རྒྱ་ནག །ཟུར་ནག་འཁོར་ལོ། ཉང་ནག་མདོ་པོ། མདའ་ནག་གཙུག་ཏོར་དབང་ཕྱུག་གོ །སྟོན་བཞི་ནི་ཉེ་སྟོན་ཆོས་སེང་། རྒྱ་སྟོན་རྡོ་རྗེ་མགོན་པོ། ཞང་སྟོན། རྒྱ་སྟོན་བཞིའོ། །མེས་བཞི་ནི། རྩངས་པ་བྱི་སྟོན། གཡུ་སྟོན་ཧོར་པོ། སྤང་སྟོན་ལྕགས་ཀྱུ། དབུས་པ་ཆོས་སེང་ངོ་། །འདྲེན་ཚུལ་འདི་ཟུར་སྟོད་ལུགས་སུ་གྲགས་ལ། སྨད་ལུགས་སུ་དེ་ལས་ཐ་དད་པའང་ཡོད། དེ་ལྟར་


JLAZ013_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ་གསང་བདག་སྒྲོ་ཕུག་ཆེན་པོ་དེ་ཉིད་ཐ་མའི་མཛད་པ་སྟོན་པར་བབས་པའི་ཚེ། སྟོན་པ་བཞི་ལ་ཁྱེད་ཚོས་ཚོགས་འཁོར་གྱི་ཆ་རྐྱེན་འདྲ་ཁྱེར་ལ་ཤོག །ངས་ཀྱང་བསྡོགས་ཀྱི་གསུངས། སྟོན་པ་བཞིས་གསུངས་བཞིན་དུ་བསྒྲུབས་པ་དང་། སྒྲོ་ཕུག་གི་ལྟག་རི་གདོང་གི་རྩེར་བྱོན་ནས་ཚོགས་འཁོར་རྒྱ་ཆེན་པོ་མཛད། གསུང་གི་གསང་བ་མང་པོ་རྗེས་སུ་བསྟན་ནས། ཁྱེད་རྣམས་ང་མེད་པ་ལ་མྱ་ངན་མ་བྱེད་ཅིག །ངས་ད་རེས་ལུས་མ་སྤངས་པར་ཁྱེར་ནས་རིག་འཛིན་གྱི་ས་ལ་འགྲོ་བ་ཡིན། དེས་ཁྱེད་རྣམས་ལ་ཤུལ་དུའང་བཀྲ་ཤིས། མི་རྒྱུད་དང་བསྟན་པ་འཕེལ་བ་ཞིག་འོང་ངོ་གསུངས་ནས། དཔལ་གྱི་མགུར་ལས་རྡོ་རྗེའི་གླུ་ཞིག་བཞེངས། ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་འཕགས་ཀྱིན་མགུར་རེ་བཞེངས་ནས་མཐར་མི་མངོན་པའི་སར་གཤེགས་པ་དང་། སྟོན་པ་བཞི་སྙིང་ཕྱུང་བ་ལྟ་བུའི་སྡུག་བསྔལ་གྱིས་མནར་ནས། ཆོ་ངེས་བཏབ། འགྲེ་ལྡོག་བྱས། མཚན་ནས་བོས་པས་བྱ་བབས་པ་བཞིན་དུ་བྱོན། ཁྱེད་རྣམས་དེ་ལྟར་མི་བྱེད་པ་ཡིན་ཏེ། ངས་གོང་དུ་ཁ་ཏ་ནི་ལེགས་པར་བཅུག །དེ་ལ་མི་ཉན་པར། ད་ངའི་མི་རྒྱུད་ལ་བཀྲ་ཤིས་པ་བག་མི་འོང་གསུངས། དེ་ནས་ཕྱི་ལོ་དྲུག་ཅུ་རྩ་གཅིག་པ་ཤིང་ཕོ་སྟག་ལ་འོག་མིན་ཚོགས་ཆེན་འདུས་པའི་གྲོང་ཁྱེར་དུ་གཤེགས་


JLAZ013_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སྤུར་སྦྱོང་བའི་ཚེ་སྔགས་པ་གཞོན་མཛེས་གཅིག་གིས་རྟ་ངང་བཟང་གཅིག་ལ་དུང་གི་སྒ་རང་གུག་ངོ་མཚར་ཅན་གཏད་པ་ཞིག་ཕུལ། དེ་འདི་ནས་བྱུང་དང་འདིར་སོང་སུས་ཀྱང་ངོ་ཤེས་པ་མ་བྱུང་བས་ལྷས་འདེགས་བསྐྱལ་བར་གྲགས། དེ་བཞིན་དུ་བཙན་དང་། མ་མོ་དང་། ཀླུ་རྣམས་ཀྱིས་ཀྱང་འདེགས་བསྐྱལ་ཏེ། མི་ལ་མེད་པའི་ནོར་སྣ་བཞི་བྱུང་བ་ཡིན་ནོ། །འདི་ས་སྐྱ་བ་ཀུན་དགའ་སྙིང་པོ་ལས་ལོ་བཅོ་བརྒྱད་ཀྱིས་བགྲེས་པས་དྭགས་པོ་ལྷ་རྗེ་དང་། ཕག་མོ་གྲུབ་པ། བླ་མ་ཞང་། ཇོ་སྲས་འཛེང་སོགས་དང་ཐོག་རགས་པ་ཙམ་མཉམ་མོ། །ཡང་བི་མ་ལའི་སློབ་མ་རོང་ཆུ་ཚན་གྱི་དགེ་སློང་མ་སྒྲེ་མོ། དེའི་སློབ་མ་ལྷོ་བྲག་བྱ་ཟེའི་མར་བ་ཤེས་རབ་འོད། དེའི་སློབ་མ་ཤངས་ལྷ་བུའི་ལང་སྟོན་དར་མ་བསོད་ནམས། དེའི་སློབ་མ་ལྷ་རྗེ་ཧོར་པོ་སྟེ་སྒྲོ་ཕུག་པ་ཡིན་པས་བཱི་མ་ལ་དང་གཉིས་ཀྱི་བར་ལ་གསུམ་ལས་མེད་དོ། །དེ་ལ་སྒྲོ་ཕུག་པའི་སློབ་མ་ལྕེ་སྟོན་རྒྱ་ནག་ནི་འཁྲུངས་ས་ཉང་སྟོད་པ་ཡིན། མཚན་ཉིད་ཀྱི་གྲྭ་ས་ན་ཕུ་བོ་གཉིས་སློབ་གཉེར་ལ་ཡོད་པའི་སར་རྒྱགས་བསྐྱེལ་དུ་བྱོན། ཞར་ཉན་བྱས་པས་ཁོང་གཉིས་ཀྱིས་ཆེད་དུ་སྦྱངས་པ་ལས་ལྷག་པ་བྱུང་། དེར་རྒྱ་ནག་ན་རེ། ཁྱེད་གཉིས་ཀྱིས་ལོ་གསུམ་ཉན་ཀྱང་གོ་བ་ཅི་ཡང་མི་འདུག །ངས་ཉན་ན་གོ་བ་འདུག་བྱས་པས། ཕུ་བོ་གཉིས་ན་རེ། ངེད་གཉིས་ལ་དེ་ལས་མ་བྱུང་།


JLAZ013_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སུས་ཤེས་ཀྱང་འདྲ་ཡི་ཁྱོད་ཀྱིས་གོ་ན་ཁྱོད་རང་ཉོན། ངེད་ཀྱིས་རྒྱགས་སྐྱེལ་བྱེད་ཟེར་བས། དེར་ལྷ་རྗེ་རྒྱ་ནག་གིས་བཞུགས་ནས་ཁྱུང་པོ་གྲགས་སེ་ལས་ཕར་ཕྱིན། འབན་ལས་མངོན་པ། སྟག་པ་ཁ་ཆེ་ལས་དབུ་ཚད། འགར་བསོད་ཡེས་ལའང་གཏུགས་ཏེ་ལོ་དགུར་ཉན་པས་མཁས་པའི་ཕ་རོལ་ཏུ་སོན། སུམ་ཅུ་པའི་ཚེ་གསང་བདག་སྒྲོ་ཕུག་པ་ལ་སྔགས་གསན་དུ་བྱོན་ནས་ལོ་བཅུ་གཅིག་བཞུགས་ཏེ། ལོ་གསུམ་གྱི་བར་ཇོ་སྲས་མྱང་སྟོད་པ་གསུང་བ་ཙམ་ལས། སྤྱན་སྔར་གསུང་གླེང་ཞིབ་པ་ཙམ་མ་བྱུང་། སྐབས་ཤིག་ན་རྒྱ་བརྩོན་སེང་དཔོན་གཡོག་དང་ལྷ་རྗེ་ཆོས་འཁོར་སྟབས་གཅིག་ཏུ་འཛོམ་པའི་ཚེ། རྒྱ་བརྩོན་དཔོན་གཡོག་གིས་རྩོད་པ་བཙུགས་པས། ལྷ་རྗེ་རྒྱ་ནག་གིས་ཁོང་རྣམས་སུན་ཕྱུང་། ང་རྒྱལ་བཅགས་པས་མཉེས་ཏེ་ཐུགས་ལ་འདོགས་པར་བྱུང་བའི་ཁར། སྲས་ཇོ་བཙུན་རྡོ་རྗེ་གྲགས་བློ་ཁ་ཕྱེ་བས་རབ་ཏུ་དགྱེས་ནས། བསྐྱེད་རྫོགས་གསུམ་གྱི་གཞུང་གདམས་ངག་དང་། ཁྱད་པར་གྱི་མན་ངག་ཡིག་ཆུང་དང་བཅས་པ་གནང་བས་ལྷ་རྗེ་ཁང་པ་ཟུར་ཚོ་གཞན་ལས་ཆོས་ཁ་ཚང་ཞིང་མན་ངག་ཟབ་པ་ཡིན། བཞི་བཅུ་ཐམ་པ་ལ་གཤེགས་ཚུལ་མཛད། དེའི་ཕྱི་ལོ་སྒྲོ་ཕུག་པ་གཤེགས། མྱང་སྟོད་ཀྱི་རྒྱ་ཙང་སྐོར་ལ་བདུད་རྩི་ཉང་སྨད་སྒྲོ་དར་སེང་ལས་


JLAZ013_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཇོམས་དང་ཕུར་པ་རྩ་བ་སོར་བཞུག་ལུགས། གཞན་ཡང་སྐྱིད་ལུགས་སོགས་ཕུར་པ་ལུགས་ཐ་དད་པ་དང་། དམ་པ་སྤོར་མང་ལ་རྫོགས་ཆེན་སྤོར་ལུགས། ཇོ་མོ་ཉང་མོ་ལས་རྫོགས་ཆེན་ཁམས་ལུགས་ཨ་རོའི་ཐུགས་བཅུད། དེ་བཞིན་དུ་རྫོགས་ཆེན་བྲམ་ཟེའི་སྐོར་དང་ཀེ་ཚང་མ་སོགས་ཐོས་པ་ཤིན་ཏུ་མང་བས་སྔགས་དང་། མཚན་ཉིད། རྒྱུད་དང་སྒྲུབ་ཐབས་ཐམས་ཅད་ཀྱི་བདག་པོར་གྱུར། སྨན་སྒྲུབ་མཛད་པའི་ཚེ་སྨན་གྱི་ཕོ་བྲང་ལས་ལྷ་མོ་མངོན་སུམ་དུ་ཐོན་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ་ཐིམ་པ་ཀུན་གྱིས་མཐོང་། གཞན་དོན་རྒྱ་ཆེན་པོ་མཛད་ནས་ལྔ་བཅུ་རྩ་དྲུག་པ་ལ་གཤེགས་སོ། །འདིའི་དབོན་པོ་བླ་མ་ཆེན་པོ་ཡོན་ཏན་གཟུངས་ནི། མེ་ཕོ་རྟ་ལ་འཁྲུངས། བཅུ་གཅིག་ནས་སློབ་གཉེར་མཛད། ལོ་བཅུ་གསུམ་ཁུ་བོ་དང་འགྲོགས་ནས་བསྐྱེད་རྫོགས་གསུམ་གྱི་རྒྱུད་ལུང་མན་ངག་ཀུན་ལ་སློབ་གཉེར་རྫོགས། ཉི་ཤུ་རྩ་བཞི་བཞེས་པའི་ཚེ་ཁུ་བོ་རྒྱ་ནག་པ་སྐུ་གཤེགས་ནས་གདན་ས་མཛད། དབུས་པ་སྟོན་ཤཱཀ་དང་། དབུས་པ་ཞིག་པོ་སོགས་ལས་ཐེ་ཚོམ་གྱི་དྲས་ཐག་བཅད་ནས་རང་གཞན་གྱི་དོན་མཛད་པ་ཡིན་ནོ། །དབུས་སྟོན་ཤཱཀ་གམ་དམ་པ་སེ་སྦྲག་པ་ནི། གཟད་ཀྱི་གཅེར་པ་ཝང་ཐུང་རྒྱུད་ཡིན། སྒྲོ་ཕུག་པའི་གྲྭ་སར་ཡི་གེ་འདྲིར་བྱོན་པ་ལ་དད་པ་ཐོབ་ནས་སློབ་གཉེར་


JLAZ013_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། ལྷ་རྗེ་རྒྱ་ནག་གཤེགས་ཚུལ་མཛད་པའི་ཕྱིར་འབྲང་དུ་གཤེགས་ནས་རྒྱུད་དང་གདམས་ངག་ཐམས་ཅད་རྫོཊ། སྒོམ་སྒྲུབ་འབའ་ཞིག་བྱ་བར་བསམས་ཏེ་བྱང་རི་ལ་དགོན་པ་འཚོལ་དུ་བྱོན་པས། ཡོལ་བ་བྲག་ལ་དམ་པ་ཡོལ་ཆུང་པ་བྲག་བརྐོ་བ་དང་མཇལ། འདིར་དགོན་པ་མཛད་པ་ལགས་སམ་བྱས་པས་ཡིན་ཟེར། འདི་མིན་པ་བྱས་མི་གདའ་འམ་བྱས་པས། ཕར་ངོས་ན་སེ་བ་ཁ་སྦྲག་ཅན་ཞིག་ན་འདུག་སྟེ། དེ་བས་འདི་བཙན་པས་འདིར་བྱེད་ཟེར། དེར་དམ་པ་སྟོན་ཤཱཀ་གིས་བྲག་སེ་བ་ཁ་སྦྲག་སྐྱེས་པ་དེར་བྱོན་ཙ་ན། ཆུ་མིག་འགྲམ་ནས་ཟན་རྡོག་འགའ་ཞིག་རྙེད་པས་བཟང་ལྟས་སུ་བཟུང་། དེར་བཞུགས་ཏེ་སྒོམ་སྒྲུབ་མཛད་པས་རྟོགས་པ་ཁྱད་པར་ཅན་སྐྱེས། ལྷ་འདྲེ་བཀའ་ལ་ཉན། གདུལ་བྱ་མང་པོའི་དོན་ནུས་པ་བྱུང་སྟེ་དམ་པ་སེ་སྦྲག་པ་ཞེས་གྲགས་སོ། །དབུས་པ་ཞིག་པོ་ནི། ཡར་ཀླུང་བྱས་པ་ཡིན། རྗེ་སྒྲོ་ཕུག་པའི་གདན་སར་ཡིག་མཁན་ཆོས་ལ་ཚུད་པ་ཞིག་སྟེ། ལྷ་རྗེ་རྒྱ་ནག་གི་ཕྱི་ལ་འབྲངས། བསྐྱེད་རྫོགས་གསུམ་ཀ་ལ་འབྱོངས་པར་བྱས། ཡུལ་ལ་ཆེ་འདོན་ལ་འགྲོ་སྙམ་ཙ་ན། དེའི་ཆ་རྐྱེན་གདུགས་དང་། དུང་དང་། མཆོད་ཆ་སོགས་དགོས་པར་སེམས་ནས་དེ་དག་འདོན་པའི་ཕྱིར་བལ་ཡུལ་དུ་བྱོན། ལམ་དུ་བསམ་པ་ལ་ངས་ཆོས་དེ་ཙམ་ཤེས་ཀྱང་ཉམས་སུ་བླངས་རྒྱུ་ཞིག་མི་


JLAZ013_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །ད་ལྟ་ཤི་ན་ཅིས་ཀྱང་མི་ཕན་གདམས་ངག་ཁོ་ན་ལ་བློ་གཏོད་དགོས་པར་འདུག་སྙམ་ནས་སླར་ལོག་བླ་མའི་སྤྱན་སྔར་ཕྱིན་ནས་ཞུས་པས། སྙན་བརྒྱུད་རིན་པོ་ཆེའི་གདམས་ངག་གནང་། དེ་ལ་ཉམས་ལེན་མཛད་ཀྱིན་བྱོན་པས། མང་ཡུལ་གུང་ཐང་དུ་བརྟོལ་ཙ་ན་རྫོགས་པ་ཆེན་པོའི་ཡེ་ཤེས་བརྗོད་དུ་མེད་པ་ཞག་བདུན་དུ་ཤར། དེར་བལ་པོ་ནས་མཆོད་ཆ་བླངས། མང་ཡུལ་གུང་ཐང་དུ་ལྷགས་ཙ་ན། ཚད་པ་ཕྱི་ན་འབྲངས་ནས་བསྙུང་། ད་མི་དགའ་བ་ཨེ་ཡིན་སྙམ་ནས་བློ་ཐག་བཅད། ཀ་ཅ་རྣམས་གྲོང་དུ་བཞག །རི་ལ་བྱོན་ནས་ཉམས་སུ་བླངས་པས་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པ་བྱུང་། སྔར་གྱི་བསམ་པ་དེ་དག་དགོས་མེད་འབའ་ཞིག་ཏུ་ཤེས་ནས་ཆེ་འདོན་གྱི་ཀ་ཅ་ཐམས་ཅད་ཅི་དགར་བསྐྱུར། མཉྫི་དང་ཏིང་བདུན་ཆ་གཅིག་ཡོད་པ་དེ་མཐོང་བ་དང་བླ་མའི་དྲིན་དྲན་ཏེ་ང་ལ་དགོངས་པ་འདི་འདྲ་འཆར་བ་ཡང་བླ་མའི་ཐུགས་རྗེ་ཡིན་པས་འདི་ཙམ་ཞིག་བླ་མ་ལ་འབུལ་དགོས་སྙམ་ཁྱེར་ཕྱིན་པས། འདོད་པ་ཟད་པས་དེ་ཡང་ལམ་དུ་བསྐྱུར་འདོད་པ་བྱུང་སྟེ། ཡང་བླ་མའི་དྲིན་བསམས་ཏེ་བྱོན། ལྷ་ཁང་དུ་སླེབས་ཙ་ན་བླ་མའི་དྲུང་དུ་བསྐྱུར་ནས། ཏིང་ཁྱོད་ཀྱིས་ང་ཇི་ཙམ་ཞིག་བཅིངས་གསུངས་སྐད། དེར་རི་འབའ་ཞིག་ལ་བཞུགས་ནས་ཉམས་ལེན་མཛད་པས། ཆོས་ཐམས་ཅད་བློ་ལ་འཆར་བ་དང་། སྣང་བ་བདེན་མེད་དུ་བུན་ལོང་སོང་བས་རྦབ་ཀྱིས་མ་ཚུགས།


JLAZ013_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རུའི་པ་གོར་ཕུར་བཞུགས་པའི་ཚེ་གཟིམས་མལ་གྱི་སྟེང་དུ་ཐོག་བྱུང་ཡང་མ་གནོད། གཞན་གྱིས་ཐོག་བྱུང་ངམ་ཞུས་པས། ཐོག་གམ་དེ་བྱུང་གསུང་། མ་གནོད་དམ་ཞུས་པས། སྒྲ་གྲག་སྟོང་དབྱེར་མེད་ཡིན། ཐོག་ལ་རང་བཞིན་ག་ལ་ཡོད་གསུངས་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་བཞུགས། སྒོམ་སྒྲུབ་འབའ་ཞིག་གི་ངང་ནས་མཚམས་འོག་ཏུ་གྲྭ་ས་ལོ་བཅོ་བརྒྱད་བསྐྱངས། དགུང་ལོ་བདུན་ཅུ་པ་ལ་གཤེགས་སོ། །དམ་པའི་སྐྱེས་བུ་འདི་ལ་སློབ་མ། ཞིག་པོ་བདུད་རྩི། སྟོན་པ་བླ་སྐྱབས། དབུས་པ་ཇོ་བསོད། སྙིང་སྟོན་ཉི་མ་རྡོ་རྗེ་ལ་སོགས་པ་གཞུང་ལུགས་ལ་མཁས་པ་མང་དུ་བྱུང་། གཞན་ཡང་ལ་སྟོད་ཀྱི་མེས་སྟོན་མགོན་པོ་དང་། དཔྱལ་ཀུན་དགའ་རྡོ་རྗེ་ལ་སོགས་པས་ཀྱང་ཞབས་ལ་གཏུགས་སོ། །ཐུགས་ཀྱི་སྲས་ཞིག་པོ་བདུད་རྩི་ནི། ཡབ་མེས་ཀྱི་རིང་ནས་མཁས་པ་དང་། གྲུབ་པའི་དཔའ་བོ་རྒྱུད་མར་བྱུང་བ་ལས་འདིའི་ཡབ་སངས་རྒྱས་དྭགས་ཆུང་སྟེ། དྭགས་པོ་རྒྱ་རས་ཀྱི་ཕྱི་ན་འབྲངས་པས་དྭགས་ཆུང་པར་གྲགས། དེས་ལྷོ་བྲག་ཏུ་བྱོན་ནས་ལྷོ་སྟོད་ཕུར་མོང་སྒང་བྱ་བའི་དགོན་པར་འགྲོ་དོན་མཛད་ཅིང་བཞུགས་པ་ལ། གཟད་པའི་ཡོན་བདག་རྣམས་ཀྱིས་གདན་དྲངས། གཟད་ཀྱི་ལྷ་གདོང་དགོན་པ་དང་། འུག་སྐད་དགོན་པ་ལ་སོགས་པ་ཕུལ་ནས་བཞུགས། བུ་སློབ་


JLAZ013_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་འཕེལ། དེ་ལ་ཇོ་མོ་ཝང་མོ་བྱ་བ་ཞིག་ཡོད་པ་དང་གཉིས་ཀྱི་བུར་གཟད་ཀྱི་ལྷ་གདོང་དགོན་པར་བཙས། ཞིབ་མའི་ནང་དུ་བསྙལ་བ་ལ་འཇའ་ཚོན་ཟུག །དགུང་ལོ་གཉིས་ཙམ་ལོན་པའི་ཚེ་ཡབ་ལ་རྨི་ལམ་ངོ་མཚར་བ་བྱུང་ནས། ད་ང་འཆི་བ་འདུག །ཤི་ནས་ཀྱང་རིག་འཛིན་གྱི་ས་ལ་འགྲོ་བར་འདུག །བུ་འདིས་ཀྱང་གཞན་ལ་ཕན་ཐོགས་པར་འདུག་གསུངས་ཏེ་གཤེགས། ཞིག་པོ་རིན་པོ་ཆེ་འདི་ཆེར་སྐྱེས་པ་དང་སྙིང་རྗེ་ཤིན་ཏུ་ཆེ་བས་གོས་བཅོས་པ་ཐམས་ཅད་མེས་འབར་ཀྱང་མ་ཉན་པར་ལམ་ཟན་པ་ཉམ་ཐག་ཅིག་ཡོད་པ་ལ་བྱིན། དེར་མོ་མ་རྣོན་པོ་ཞིག་ན་རེ། ཁྱོད་ཀྱི་བུ་འདི་ཅི་འདྲ་ཞིག་འོང་། འདི་ལ་འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་ཚོགས་ནས་བསྐོར་བ་བྱེད་ཅིང་མཆོད་པ་འདུག་ཟེར། སྟོན་ཀ་གཅིག་འོང་འདོན་ཙ་ན། མ་ན་རེ་མི་ཐམས་ཅད་འོངས་འདོན་པ་ལ་གཏོར་མ་གཏོང་གི་འདུག །གླེན་པ་ཁྱོད་ཀྱང་ཆུ་གཏོར་འདྲ་ཐོང་། རང་རེ་ཡང་འོངས་འདོན་པ་ཡིན་བྱས་པས། འོངས་འདོན་སར་བྱིས་པ་དེས་སོང་ནས། གཟད་ལུང་པའི་ལྷ་འདྲེ་ཚོ། ཉང་ནག་འོལ་པོའི་ལྷ་འདྲེ་ཚོ། སྤྲང་པོ་འུ་ལུའི་རྒྱལ་ནག །ད་ནངས་སུའི་སར་ཡང་མ་འགྲོ་བར། རྒན་མོ་ཝང་མོའི་འོང་འདོན་གྱི་ཡོད་པས་འདིའི་འོངས་ལས་ཁྱེར་ཟེར་ནས་ཐོར་ཐོར་བྱས་པས། ཨ་མ་ཁྲོས་ནས་ཕྱར་གྱིན་འདུག །དེར་ཞིང་རེ་བཞི་བྱ་བ་ལོན་ན་


JLAZ013_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལེགས་ནའང་བཞི་བཅུ་ལས་མི་འཐོན་པ་ཞིག་ལ། དེའི་ལོ་སྙེ་མ་ཧ་ཅང་མེད་པ་ལ་ཁལ་ལྔ་བཅུ་ཐལ་བ་བྱུང་བས་འདི་སྤྲུལ་པ་ཅི་ཡིན་ཉེན་འདུག་ཟེར་ནས་ཞང་པོ་དམ་པ་སེ་སྦྲག་པའི་རྩར་སློབ་གཉེར་ལ་བཏང་། ལོ་གསུམ་གྱི་རིང་ལ་རྫོགས་ཆེན་རོང་ལུགས་སྒང་དྲིལ། གབ་ཕྱུང་སོགས་ལེགས་པར་ཐོས། བླ་མ་གཤེགས་ཁར་མིག་མཆི་མས་འགགས་ནས་དྲན་པ་ཙམ་མ་བྱུང་གསུངས། བཅུ་དྲུག་པ་ལ་སྐྱིལ་ཁར་ལྷ་ཁང་པ་ཡོན་ཏན་གཟུངས་ཀྱི་ཞབས་ལ་གཏུགས། ལོ་མང་དུ་བཞུགས་ནས་བསྐྱེད་རྫོགས་གསུམ་ཀ་ལ་བློ་གྲོས་བྱང་བར་མཛད། ཉམས་ལེན་གྱི་གཙོ་བོ་དང་འཆད་ཉན་ཐམས་ཅད་སེམས་ཕྱོགས་ལ་མཛད་དེ་ཞལ་གྱིས་ཀྱང་སེམས་ཕྱོགས་ཁོ་ན་སྒྲུབ་པ་ཡིན་གསུངས། ཀུན་བྱེད་རྒྱལ་པོ་དང་མདོ་བཅུ་ལ་སོགས་པ་སེམས་ཕྱོགས་ཀྱི་རྒྱུད་སྡེ་ཆེན་པོ་ཉི་ཤུ་རྩ་བཞི་གསན། རྩ་བ་སེམས་སྡེའི་སྐོར་ལ། སྐོར་ལུགས། རོང་ལུགས། ཁམས་ལུགས་ལ་སོགས་པ་བཤད་སྲོལ་མི་གཅིག་པ་བཅུ་བཞི་གསན། རོང་ལུགས་ཀྱི་སྒོམ་ཡིག་ཆེན་པོ་རྣམས་ལས། རྣལ་འབྱོར་རིག་པའི་ཉི་མ། བསམ་གཏན་མིག་གི་སྒྲོན་མ། བསམ་གཏན་སྙིང་གི་ཉི་མ། གདར་ཤ་དང་གཟེར་བུ། ཞུ་ལན་ཁུང་གདབ། རྡོ་རྗེ་སེམས་དཔའི་ཞུ་ལན་སོགས་སྒོམ་ཡིག་ཕལ་མོ་ཆེ་ཐོས།


JLAZ013_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་ཀྱི་སྐོར་ལ། སྐོར་རོང་ཁམས་གསུམ་ཀའི་གདམས་པ་དང་། བྲམ་ཟེའི་སྐོར་གྱི་སྙན་བརྒྱུད། ཀེ་ཚང་དང་རྫོང་ཕྲང་སྙན་བརྒྱུད་ཀློང་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་གསན་ཏེ། རྫོགས་ཆེན་གྱི་སྐོར་ལ་ཐོས་བསམ་གྱི་སྒྲོ་འདོགས་ལྷག་པར་ཆོད་པ་ཡིན། དགུང་ལོ་བཅུ་དྲུག་ལ་བཤད་པ་མཛད་དེ་སྐོར་ལུགས་ཀྱི་སྟོང་ཐུན་གསུངས་པས་མཁས་པའི་ཐོག་ཆོད་དེར་ལྷ་རྗེ་གནུབས་སྨན་བྱ་བ་ན་རེ། དབུས་པའི་ཇོ་སྲས་ཁྱོད་ངའི་རྟ་ཁྱུང་ཕྲུག་ཁ་ཆེ་དང་འདྲ་བ་འདུག་ཟེར། ནས་ཁལ་བཅུ་གཅིག་གི་ཕོགས་བྱས་སྐད། བླ་མ་ལྷ་ཁང་པའི་དྲུང་དུ་ལོ་བཅུ་བཞི་བཞུཊ། བར་སྐབས་ཀུན་ཏུ་ཞང་པོའི་གདན་ས་སེ་སྦྲག་ཏུའང་བཞུགས་ཏེ་སྒོམ་སྒྲུབ་དང་བཤད་པ་བག་རེ་མཛད། སློབ་གཉེར་ཚར་བ་དང་ཡབ་ཀྱི་སློབ་མ་བླ་འདོས་བྱ་བ་ཞིག་གིས་གདན་དྲངས་ཏེ་གཟད་དུ་བྱོན་ནས་འུག་སྐད་དགོན་པ་བཟུང་། གཙང་དུ་སེ་སྦྲག་དང་། དམ་པ་སེ་སྦྲག་པའི་སྒོམ་མ་རྣལ་འབྱོར་མ་ཤཱཀ་གཉན་ལ་སོགས་པ་བཞིས། ངེད་ཀྱི་སེ་སྦྲག་ལ་མི་ཐར་པ་འདུག་པས་རི་སྒབ་འདི་ལ་ངལ་གསོས་ཞིག་བྱེད་ཟེར་ནས་བརྩིགས་པའི་ཆོས་སྡིངས་ཀྱང་བཟུང་། ཞང་ཚལ་པའི་སློབ་མ་གཙང་སྒོམ་ཧྲུལ་ལེ་བ་བྱ་བས་ཞིག་པོའི་སྤྱན་སྔར་བླ་མ་ཞང་གི་ལོ་རྒྱུས་བཤད་པས་དད་པར་གྱུར་ནས་གདན་དྲངས། ཆོས་འཁོར་གཙུགས། ཆོས་འབྲེལ་མ་ཞུས་ཀྱང་


JLAZ013_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བྱིན་གྱིས་བརློབས་པའི་བླ་མ་ཡིན་གསུངས་ནས། མོས་གུས་དང་ཞབས་ཏོག་ཆེ་བར་མཛད། བླ་མ་ཞང་གིས་ཁྱོད་ཀྱི་དགོན་པ་འདི་ཆུ་ཤིང་འཛོམ་པ་མི་འདུག་སྟེ། འདུ་བ་ཆེ་ཞིང་འགྲོ་བ་ལ་ཕན་པ་ཞིག་འོང་བས་ཆོས་སྡིངས་སུ་ཐོགས་གསུངས། དེར་མི་རྣམས་ན་རེ། ཆོས་ལྷ་ཁང་པ་ལས་ཉན། ཞབས་ཏོག་ཚལ་པ་ལ་བྱེད་ཟེར་བ་ལ། བླ་མ་ལྷ་ཁང་པ་དེ་ཕྲག་དོག་རྩ་བ་ནས་ཞི་བས་ནས་ཁལ་ཉི་ཤུ་ཙམ་དང་ཤ་མར་ཁ་ཡར་བསྐུར་ཏེ། ཁྱོད་བླ་མ་བཟང་པོ་གདན་དྲངས་ནས་ཆོས་འཁོར་འཛུགས་པ་ལ་ངས་ཀྱང་འཐུད་བྱེད་དགོས་པ་ཡིན་ཏེ་དེ་ལས་མ་འབྱོར་གསུངས་པས། རྨོངས་པ་དག་གི་ཁ་སྨྲས་འཕྲོ་ཆད། ང་རང་ཡང་བླ་མ་རྙིང་པ་ལ་མོས་གུས་གསར་པ་སྐྱེས་གསུངས། འཕྲིན་ལས་དུས་ལ་བབས་པས་གདུལ་བྱ་དཔག་ཏུ་མེད་པ་འདུས། འགྲོ་བའི་དོན་རྒྱ་ཆེན་པོ་མཛད། བླ་མ་ལ་ཤིན་ཏུ་གུས་པས། མཉེས་པ་གསུམ་གྱིས་གཞུང་སྲོང་ཞིང་སྐུ་མདུན་ནས་འབྱོན་ཚད་ལ་ཞབས་སྤྱི་བོར་མ་བླངས་པར་འགྲོ་མ་མྱོང་གསུངས། གསེར་གྱི་རྒྱས་འབྲིང་བསྡུས་གསུམ་ལ་སོགས་ཏེ་མདོ་རྒྱས་ཚར་བཅུ་བདུན་གྱི་སྣ་དྲངས་པའི་ཆོས་དང་ཟང་ཟིང་གི་ཞབས་ཏོག་བསམ་གྱིས་མི་ཁྱབ་པ་མཛད། བྱིན་རླབས་ཞུགས་པས་དགོངས་པ་ཇི་ལྟ་བ་བཞིན་དུ་ལོངས། རྟོགས་གྲོལ་དུས་མཉམ་དུ་སོང་ནས་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་མེད་དུ་འགྲོ་


JLAZ013_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་དང་། མི་མ་ཡིན་གྱིས་བསྐོར་བ་བྱེད་པ་བྱུང་། མངོན་པར་ཤེས་པ་མངའ་བའི་ལོ་རྒྱུས་མང་དུ་ཡོད། གཟད་ཕུའི་ད་ལུང་དགོན་པར་བཞུགས་པའི་ཚེ་སྐུ་ཕ་བོང་ལ་ཐིམ་པ་དང་། སྲིན་པོ་རིར་གྱང་ལ་ཐོགས་མེད་དུ་གཤེགས་པ་སོགས་རྫུ་འཕྲུལ་དུ་མ་མངའ། གངས་རིའི་ཁྲོད་འདིའི་ཡུལ་དང་ཡུལ་ཕྱོགས་ཐམས་ཅད་དུ་བྱོན་ནས། འགྲོ་བ་མང་པོ་ཐར་པའི་ལམ་ལ་བཀོད། བསྟན་པའི་བྱ་བ་ལ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། ཞིག་པ་གསོ་བ་དང་། གཞན་གྱིས་བཞེངས་པ་ལ་ཡོ་བྱད་གཏོང་བ་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ཀའི་དོན་ཉམས་སུ་ལེན་ཤེས། རྒྱ་གར་ནས་བྱོན་པའི་ལོ་པཎ་མཁས་པ་ཐམས་ཅད་ཀྱི་ཞབས་ཏོག་མཛད། སྡེ་སྣོད་འཛིན་པའི་བཤེས་གཉེན་ཆེན་པོ་རྣམས་ཀྱི་ཞབས་ནས་འདེགས། རྟག་པར་འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག་པར་སྒོམ་སྒྲུབ་ཁོ་ན་མཛད། སེམས་ཅན་དབུལ་ཞིང་ཕོངས་པ་ཀུན་གྱི་སྦྱིན་བདག་མཛད་པས་ཐེག་པ་ཆེན་པོའི་རིགས་ལྷག་པར་སད་པ་ཡིན། རྒྱུ་དེས་རྒྱ་དཀར་ནག་དང་བལ་པོ་ལ་སོགས་པའི་སྐྱེ་བོ་སྐད་རིགས་མི་གཅིག་པ་ཀུན་ཀྱང་འདུ། མ་ག་དྷཱ་རྡོ་རྗེའི་གདན་ལ་ཞབས་ཏོག་ལན་གསུམ། འཛམ་བུའི་གླིང་གི་རྒྱན་གཅིག་པུ་ཇོ་ཤཱཀ་རྣམ་གཉིས་ལ་སྲི་ཞུ་ལན་བཞི། ཇོ་རགས་ལན་བཞི་མཛད། རྗེས་སུ་འཕྲིན་ལས་སྐྱོང་བའི་དགེ་བའི་བཤེས་གཉེན་ཀྱང་བགྲང་

ཤོག་ལྷེབ། ༤༠༡ ནས་ ༥༣༠ བར།


JLAZ013_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མི་ལང་བ་བྱུང་སྟེ། གངས་ཁྲོད་འདིར་རྩོད་མེད་དུ་གྲགས་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་ནོ། །དེ་ལྟ་བུའི་མཛད་པ་ཕུན་སུམ་ཚོགས་པས། དངོས་དང་བརྒྱུད་ནས་གཞན་ལ་སྨན་པ་ཤ་སྟག་མཛད་དེ། ལྷ་སའི་ཇོ་རགས་ཕྱི་མ་མཛད་པའི་གཤེགས་སྐྱེམས་ཀྱི་དུས་ལས་འཕྲོ་ངན་པའི་འཁོར་ཁ་ཅིག་གིས་ཆང་འཐབས་བྱས་པས། ཐུགས་སྐྱོ་བའི་གསུང་བྱོན་ཏེ་ལྔ་བཅུ་རྩ་དྲུག་བཞེས་པ་ས་མོ་ལུག་གི་ལོར་གསང་ཕུའི་རྒྱ་ར་གད་ལོགས་ཀྱི་དགོན་པར་སྐུ་གཤེགས། སྤུར་ཆབ་ལ་བཀལ་ནས་བཟད་འུག་སྐད་དགོན་པར་ཟླ་བ་བཞི་བཞུགས། དེ་ནས་བཙན་པོ་དང་། དཔོན་སྐྱ་སློབ་མའི་ཚོགས་ཀྱིས་གདན་སར་བསམས་ནས་བཞེངས་པའི་གཟད་ཐང་སྐྱའི་གཙུག་ལག་ཁང་དུ་གདན་དྲངས་པའི་ཚེ་ས་རབ་ཏུ་གཡོས་ཤིང་། ཡོན་ཆབ་ལས་པདྨའི་སྡོང་བུ་སྐྱེ་བ་སོགས་ལྟས་ངོ་མཚར་བ་བྱུང་། ནངས་པར་སྤུར་སྦྱངས་པས་སྒྲ་དང་། འོད་དང་། འཇའ་ཚོན་དང་། མཆོད་རྟེན་ཡིག་འབྲུ་ལ་སོགས་པ་དཔག་ཏུ་མེད་པར་བྱོན་ཏོ། །གཙུག་ལག་ཁང་དེ་ནི་ད་ལྟ་རྗེས་ཙམ་དུ་སྣང་ངོ་། །ཞིག་པོ་ལ་སློབ་མ་མང་ཡང་ཐུགས་སྲས་སུ་གྱུར་པ་ནི། རྟ་སྟོན་ཇོ་ཡེས། མ་ཧཱ་ལྷུན་པོ། མཁས་པ་ཇོ་ནམ། དབུས་པ་ཇོ་བསོད། བཟང་སྟོན་ཧོར་གྲགས། གཉེར་སྟོན་བླ་མ་དང་དྲུག་ལས། གཙོ་བོར་གྱུར་པ་རྟ་སྟོན་ཇོ་ཡེས་ནི། ཡབ་


JLAZ013_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་སྟོན་ཇོ་འབུམ་ཞེས་བྱ་བ་གཡོ་རུ་སྟོད་ཀྱི་བདག་པོ་འཁོར་འབངས་དང་ཡུལ་གཞིས་འཛོམས་པ་ཞིག་ཡོད། དེ་འཁོར་བ་ལ་སྐྱོ་བ་སྐྱེས་ནས་གཡོག་བཞི་ཁྲིད་དེ་བྲོས། ལྷ་རྗེ་གླན་ཉ་ཚ་བའི་ཐུགས་སྲས་གཉོས་ཆུ་བོ་རི་བའི་སྤྱན་སྔར་བྱོན། དཔོན་གཡོག་ལྔ་ཀས་སྟབས་གཅིག་ཏུ་ཆོས་སྒོར་ཞུགས། སྔགས་རྙིང་མ་སྤྱི་དང་ཁྱད་པར་རྫོགས་ཆེན་སྐོར་ལུགས་གཞུང་གདམས་ངག་དང་བཅས་པ་ལ་ཤིན་ཏུ་བྱང་ཆུབ། ཕག་མོ་གྲུ་པའི་སྤྱན་སྔར་ལམ་འབྲས་དང་ཕྱག་ཆེན། དབུར་སྟོད་བླ་མ་མཚར་སྟོན་ལས་ཕྱག་ཆེན་སྒང་ལུགས་ཀྱི་དོ་ཧ། ཟངས་རི་འགྲོ་རས་ལས་རས་ཆུང་བའི་ཆོས་སྐོར་ནང་སྟོན་མགོན་པོ་ལ་རྣམ་འཇོམས་དང་ཕུར་པ་སོགས་མདོར་ན་བླ་མ་མང་པོ་ལས་ཆོས་རིས་མེད་གསན་པ་ཡིན་ཏེ། གཉོས་ཆུ་བོ་རི་བ་དང་། ཕག་མོ་གྲུ་པ་རྩ་བའི་བླ་མར་འཛིན། ཆུ་བོ་རི་ལ་སྒྲུབ་པ་མཛད་པས་གདུལ་བྱ་མང་དུ་འདུས། དེ་ལ་སྲས་རྟ་སྟོན་ཇོ་ཡེས་འདི་ཆུ་མོ་ལུག་ལ་བལྟམས། དེ་ནས་ལོ་བཞི་པ་ལ་གཅུང་པོ་ཇོ་བསོད་བཙས། འདིས་ཆུང་ངུ་ནས་ཞིག་པོའི་དྲུང་དུ་བྱོན་ཐུཊ་ལ་བཏགས། ཇོ་ཡེས་ཀྱིས་ལོ་བཅུ་གཉིས་བར་བླ་མ་དམར་སྟོན་ལས་བདེ་མཆོག་དང་ཕྱག་རྡོར་བདུད་རྩི་ཐིགས་པའི་སྐོར་ཞུས། གཞུང་རིང་ལ་བསྙེན་པ་ལོ་གཉིས་མཛད། ཡབ་དང་ལྷན་དུ་བདེ་མཆོག་གི་དབང་བརྒྱ་རྩ་བརྒྱད་ཞུས། ཁ་རག་སྟོན་སྙིང་གི་སར་སྒྱུ་འཕྲུལ་ལོ་


JLAZ013_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཉན། བླ་མ་རྩགས་དང་སེ་དུང་ལུང་པ་གཉིས་ལས་རྫོགས་ཆེན། སྐོར་ལུགས་གཞུང་གདམས་པ་དང་བཅས་པ་ཞུས། དགུང་ལོ་བཅུ་དྲུག་པར་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་བཤད་པ་མཛད། བཅུ་དྲུག་གི་གཤམ་ན་ངམ་ཤོད་སྨད་དུ་བྱོན། ཡབ་ཀྱི་སློབ་མ་རྗེ་བཙུན་ཞབས་ལས་ཕྱག་རྒྱ་ཆེན་པོ་སྒང་ལུགས་གསན། ཟངས་རི་རྒྱ་རས་ལས་ལོ་རེ་རས་ཆུང་པའི་ཆོས་སྐོར། དགྱེས་རྡོར་མེས་ལུགས། འཇམ་དཔལ་གསང་ལྡན། བདེ་མཆོག་ལཱུ་ཡི་པ་དང་། མཚོ་སྐྱེས་རྡོ་རྗེའི་སྒྲུབ་ཐབས། ལམ་འབྲས་ཞམ་ལུགས་ཞི་བྱེད་ལུགས་གསུམ་ཀ་སོགས་མདོར་ན་གསར་རྙིང་རིས་མེད་ལ་ཐོས་པ་ཤིན་ཏུ་ཆེ་བ་ཡིན། རེ་ཞིག་ན་ནང་སྟོན་ཇོ་འཁྱམས་ལ་ཕུར་པ་གསན་ནས་ཆུ་བོ་རིར་སྒྲུབ་པ་མཛད། ལོ་ཉེར་ལྔ་པའི་ཚེ། ཞིག་པོའི་དྲུང་ན་བྱོན་པ་ཡིན། དང་པོ་ཆོས་ཞུ་བའི་རྟོག་པ་མེད་དེ། ཆོས་ཀྱང་ང་རང་མཁས། གདམས་ངག་ཀྱང་ང་རང་ཆེ། ཁོང་སྙན་པ་དང་གྲགས་པ་ཆེ་བར་འདུག་པ་དང་། གཅུང་པོའི་བླ་མ་ཡིན་པས་མཇལ་ཕྲད་ཀྱི་རྣམ་པ་ཞིག་བྱ་སྙམ་ནས་བྱོན་པས། ཞིག་པོ་བདུད་རྩི་འུག་སྐད་དགོན་པ་ན་བཞུགས་པ་དང་མཇལ། ཞལ་མཐོང་བ་ཙམ་གྱི་གུས་པ་དབང་མེད་དུ་སྐྱེས། ནངས་པར་ལོག་འགྲོ་ཙ་ན་སྐུ་དྲུང་དུ་འོང་བས་ཐུགས་ཀྱིས་བཟུང་བར་ཞུ་ཞུས་པས། ཁྱེད་མོས་སམ་གསུངས། ཤིན་ཏུ་མོས་པ་ཐོབ་ཞུས་པས། འོ་ན་ལས་འཕྲོ་ཡོད་པ་ཡིན་


JLAZ013_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་ནས་སྡོད། འཁོར་བའི་མཚན་ཉིད་རྟག་པ་མེད་ན་ཕྱིས་ཇི་ལྟར་འོང་ཆ་མེད་གསུངས། ད་རེས་ཆ་རྐྱེན་མེད་བྱས་པས། འདིར་འོང་བ་ལ་རྒྱགས་ཕྱེ་ཁུར་བ་སུ་ཡང་མེད། ཁྱོད་གཅིག་པུ་ལ་ཆ་རྐྱེན་ཅི་འཚལ་གསུངས། དེར་ལོ་བདུན་གྱི་བར་དུ་ཞག་གཅིག་ཀྱང་མ་བྲལ་བར་བསྟེན། མཉེས་པ་གསུམ་གྱིས་སྲི་ཞུ་བྱས། ཀུན་བྱེད་རྒྱལ་པོ་མ་བུ་གསུམ་སྐོར། བཤད་རྒྱུད་མདོ་བཅུ། འཁོར་བ་རྩད་གཅོད་ཀྱི་རྒྱུད་ལ་བཤད་རྒྱུད་སྡེ་བཞི། རྩ་འགྲེལ་རྒྱབ་ཆོས་མན་ངག་དང་བཅས་པ། རྩ་བ་བཅོ་བརྒྱད་ཀྱི་བཤད་སྲོལ་ལ་ཟབ་པ་གཞུང་དང་། གབ་པ་མངོན་ཕྱུང་མན་ངག་སྒོམ་སྡེབས་སུ་བཤད་པ། དེའི་སྒོམ་འགྲེལ་སྙིང་གི་ཉི་མ་དྲུག །ཡང་སྙིང་རིག་པའི་ཉི་མ་དྲུག །སྙན་བརྒྱུད་སྒྲོ་བ་ནག་པོའི་སྐོར། སྒོམ་ཡིག་ཆེན་མོ། རིག་ཉི། མིག་སྒྲོན། གདར་ཤ་གཟེར་བུ་རྣམས་དང་། གདམས་པ་སྙན་བརྒྱུད་སྐོར་ལ། སྐོར་ལུགས། རོང་ལུགས། ཁམས་ལུགས་ཀྱི་གདམས་ངག་ལག་ཁྲིད་དང་བཅས་པ་ལ་ནན་ཏན་ཆེར་མཛད། གསུང་གི་ཆུ་རྒྱུན་ལེགས་པར་འཐུང་བས། བྱིན་རླབས་ཅིག་ཅར་དུ་ཞུགས། རྟོགས་པ་ཐོད་རྒལ་དུ་སྐྱེས་པས་འཇིག་རྟེན་གྱི་སྒྲོ་སྐུར་ལ་ཉམ་མི་ང་། ཚུལ་འཆོས་མེད་པའི་སྤྱོད་པ་སྐྱོང་། བླ་མ་ལ་ཤིན་ཏུ་གུས། ཅི་གསུང་དང་དུ་འདེགས་པས་དགོངས་པ་གཅིག་ཏུ་འདྲེས་ཏེ་བླ་མ་ཅི་མཉེས་བྱེད་པ་ཅི་བསམ་འགྲུབ་པར་གྱུར་ཅིག་གསུངས་པ་ལན་


JLAZ013_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཐོབ། སྤྱིར་བླ་མ་ཐམས་ཅད་ལ་ཞབས་ཏོག་མ་གྲུབ་པ་མེད། ཁྱད་པར་ཞིག་པོ་ལ་ཡུལ་གཞིས་ཐམས་ཅད་བཙོངས་ནས། སྤོང་དག་བྱས་པའི་ཆོས་འཁོར་ལན་བཞི་བཙུགས། སྔ་ཕྱི་བསྡོམས་པས་རྟ་བཟང་པོ་ཁོ་ནའང་བདུན་ཅུ་རྩ་བཞི་ཕུལ་ཞེས་གྲགས། གདམས་པའི་གསུང་སྒྲོས་ཐམས་ཅད་ཡི་གེར་བཀོད་པས་རྗེས་འབྲང་ལ་དྲིན་ཆེ། ཆོས་ཞུ་བའི་སྤྲོས་པ་ཆོད་ནས་ནགས་ཁྲོད་དམ། རི་སུལ་གཉན་པོ་མི་སྐད་བྱ་སྐད་མི་གྲགས་པ་ཞིག་ཏུ་འདིར་སོང་དང་། འདིར་ཡོད་མེད་པ་ཞིག་བྱ་དགོས་སྙམ་པའི་སྙིང་སྟོབས་བསམ་གྱིས་མི་ཁྱབ་པས་དཔེ་ཆ་རྣམས་ཀྱང་ཡིག་ཆུང་ཟིན་བྲིས་འབའ་ཞིག་ཏུ་བྱས་ཏེ། བླ་མ་སློབ་དཔོན་གྱི་གདན་སའི་བྱ་བ་བཀལ་བས་གསུང་གཅོག་མ་ཕོད། འོན་ཀྱང་བླ་མའི་ཞབས་ཏོག་འབའ་ཞིག་བྱས་པས་སྒྲིབ་པ་ཚན་པོ་ཆེ་དག །ཏིང་ངེ་འཛིན་ཀྱང་གོང་འཕེལ་དུ་སོང་བས་རི་ཁྲོད་འགྲིམས་པ་ལས་ཆོད་ཆེ་བ་བྱུང་གསུངས། དེའི་རྒྱུ་མཚན་ཡང་། ཐང་སྐྱའི་ཐུགས་རྗེ་ཆེན་པོ་བཞེངས་པའི་ཚེ་ཟུར་མཁར་དུ་ཟངས་བཞུས་ཀྱི་ལས་ཟླ་བ་བཅོ་བརྒྱད་བྱས་པས་རྟོགས་པ་ཁྱད་པར་ཅན་སྐྱེས། སློབ་དཔོན་སྤྲུལ་སྐུའི་ཆིབས་པ་ཕོ་དྲག་བཙད་པོས་ཁྱེར་བའི་ཚེ། རྡོར་ཐེབས་ཕུའི་སྣང་གསལ་བྲག་ལ་ཆོས་སྐྱོང་སྒྲུབ་པས་མགོན་པོའི་ཞལ་གཟིགས། སྟོད་ལུང་དུ་བསོད་སྙོམས་ལ་བྱོན་པའི་ཚེ་རྨི་ལམ་དུ་བླ་མ་དང་མཇལ་བས་སྡུག་བསྔལ་


JLAZ013_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རང་སངས་ལ་སོང་། དེ་ནས་བཟུང་སྡུག་བསྔལ་རང་རྒྱུད་ལ་སྐྱེ་མ་མྱོང་གསུངས། གདན་སའི་བྱ་བ་དང་། ཞིག་པོའི་འཕྲིན་ལས་བསྒྲུབ་པའི་ཕྱིར་རྒྱལ་ཁམས་ཀུན་ཏུ་འགྲོ་དོན་རྒྱ་ཆེན་པོ་དང་། ལྷ་སའི་ཇོ་ཤཱཀ་རྣམ་གཉིས་ལ་ཞབས་ཏོག་ལོ་དྲུག་མཛད་དེ། དྲུག་ཅུ་རྩ་བརྒྱད་པ་ལྕགས་ཕོ་སྟག་གི་ལོ་ཨོ་རྒྱན་པའི་འཁྲུངས་ལོ་ལ་གཤེགས་ཤིང་། སྐུ་གདུང་དང་རིང་བསྲེལ་མང་པོར་བྱོན་ཏོ། །འདིའི་གཅུང་པོ་ཇོ་བསོད་ནི་སྐུ་ན་ཆུང་ངུ་ནས་ཞིག་པོའི་དྲུང་དུ་བྱོན། ཐུགས་ལ་བཏགས་ནས་སེམས་ཕྱོགས་རྫོགས་པར་གནང་། ཁྱོད་ཆོས་ལ་ནན་ཏན་བྱེད་པ་ཞིག་འདུག་པས་ངའི་བླ་མའི་རྩར་སོང་ཞིག་གསུངས་ནས། ལྷ་ཁང་པ་ཆེན་པོ་ལ་གཏད། མདོ་སྒྱུ་སེམས་གསུམ་རྫོགས་པར་ཐོབ། མཁས་པའི་ཕུལ་དུ་ཕྱིན་པ་ཞིག་བྱུང་སྟེ་སུམ་ཅུ་རྩ་གཅིག་པ་ལ་མྱ་ངན་ལས་འདས་པས་འཕྲིན་ལས་ཧ་ཅང་མ་སྨིན་ཏོ། །རྟ་སྟོན་གཟི་བརྗིད་ནི། སངས་རྒྱས་དབོན་སྟོན་གྱི་སློབ་མ་ཡིན། མཁས་པ་ཆེན་པོར་གྱུར་པས་གསང་བའི་སྙིང་པོ་ལ་ཊཱིཀྐ་རྒྱས་པར་མཛད། བརྒྱུད་པ་འདིའི་ལོ་རྒྱུས་ཕལ་མོ་ཆེ་ཡང་འདིས་མཛད་སྣང་། འོན་ཀྱང་གཡུང་སྟོན་པའི་ཁོག་དབུབ་དང་ཅུང་མི་གཅིག་པར་ཡོད། འདི་ཡན་ཆོད་དུ་སྒྱུ་འཕྲུལ་དང་སེམས་ཕྱོགས་མཐའ་དག་ལ་མཁས་པར་གྲགས། ཡང་གཡུང་འགྲེལ་དུ་འཕྲོས་དོན་མང་དུ་སྨོས་པར་གཙང་པ་


JLAZ013_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བྱི་སྟོན་དང་། སྒང་དྲི་ངས་པ་ཉེ་སྟོན་ཆོས་ཀྱི་སེངྒེ་གཉིས་ཀྱང་གསང་བདག་སྒྲོ་ཕུག་པའི་སློབ་མ་ཡིན། དེ་གཉིས་ཀས་གཙང་ནག་འོད་འབར་ལ་གསུངས། དེས་མེས་སྟོན་མགོན་པོ། དེས་བླ་མ་སྲོང་། དེས་པཀྵི་ཤཱཀྱ་འོད་དེ། འདི་ཟུར་པའི་གདུང་ཡིན། སྐྱེ་བ་སྔ་ཕྱི་ཐལ་ལེར་དྲན་པའི་ཟུར་དབང་ཆེན་འོད་པོ་ཞེས་གྲུབ་པའི་དབང་པོ་དེ་ལ་སྲས་མོ་ལྔ་ཡོད་དེ། སྲས་མེད་ནས་གདུང་བ་ཡོད་པའི་ཚེ། པཎ་ཆེན་ཤཱཀྱ་ཤྲཱི་ཤིང་ཕོ་བྱི་བའི་ལོ་ལ་ཁྲོ་ཕུར་གདན་དྲངས་པའི་ཕྱི་ན་དབང་ཆེན་འོད་པོས་འུག་པ་ལུང་དུའང་སྤྱན་དྲངས། དེར་པཎ་ཆེན་གྱིས། འུག་པ་ལུང་འདི་གསང་སྔགས་ཀྱི་གནས་ཡོན་ཏན་དུ་མས་བརྒྱན་པར་འདུག །བྱང་ངོས་རི་རྒྱལ་བ་རིགས་ལྔའི་རང་བཞིན་དུ་སྣང་། བྱ་རི་དྭགས་ལ་སོགས་པ་འདི་དག་ཀྱང་འཕགས་པའི་སྤྲུལ་པར་འདུག ། རབས་རེ་ལ་གསང་སྔགས་ཀྱི་ཆོས་སྒྲ་སྒྲོག་པ་རེ་འབྱུང་བས། རིང་པོ་མ་ཡིན་པར་ཁྱེད་ལ་སྲས་གཉིས་འབྱུང་བས་དེ་ལ་ངའི་མིང་ལས་གྲས་པ་ཐོགས་ཤིག །བསྟན་པ་དང་འགྲོ་བ་ལ་ཕན་པ་འོང་གསུངས། དེ་ནས་དེ་བཞིན་དུ་བྱུང་བས། སྲས་ཆེ་བ་ལ་ཤཱཀྱ་མགོན་དང་། ཆུང་བ་ལ་ཤཱཀྱ་འོད་ཅེས་བཏགས། གཅེན་འདི་ཡང་ངོ་མཚར་ཅན་བྱུང་། གཅུང་ཤཱཀྱ་འོད་ནི་ཆུང་ངུ་ནས་མངོན་ཤེས་རྡོལ་ཐབས་སུ་སྨྲ་ཞིང་ཆོས་ཐམས་ཅད་བརྡའི་སྒོ་ནས་སྟོན་ཤེས་པའི་རྟུལ་ཞུགས་ཅན་ཞིག་བྱུང་། རྒྱལ་ཁམས་


JLAZ013_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གོང་པ་བླ་མར་བསྟེན་ནས་ཡབ་ཆོས་མཐའ་དག་གསན། བར་དོ་མངོན་སུམ་དུ་གཟིགས་པས། གཞན་གྱི་གནས་ལུང་བྱེད་སར་བྱོན་ནས་ཁྱེད་ཀྱི་གཤིན་པོ་གཤེད་དང་མ་ཕྲོལ། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་ཆོ་ག་ལ་དོན་མེད་དོ་ཞེས་གསུངས་ནས་གནས་ལུང་བསྐྱར་དགོས་པ་བྱུང་། ཉིན་གཅིག་ང་ལ་འགྱོད་པ་བྱུང་གསུངས། ཅི་ལགས་ཞུས་པས། ང་རིག་འཛིན་གྱི་ཚོགས་གྲལ་དུ་རྟག་པར་ཚུད་པ་ལ། ཕུ་བོ་ཤཱཀྱ་མགོན་ལ་ཚིག་རྩུབ་ཤོར་བས་དེའི་ནུབ་མོ་ནས་དམ་ཉམས་ཡིན་ཟེར་རིག་འཛིན་གྱི་གྲལ་དུ་མ་ཚུད་གསུངས་ནས་བཤགས་པ་མཛད། མི་ཉག་གྷ་རས་ལ་ཉེ་བ་དགྲ་རུ་ལངས་ནས་བོད་ན་མཐུ་སུ་ཆེ་དྲིས་པས། ཤཱཀྱ་འོད་པོ་ཆེ་ཟེར་བ་ཐོས་ནས་ཆ་རྐྱེན་མང་པོ་བསྐུར་ཏེ། ཟླ་བ་བརྒྱད་ཀྱི་ས་ཆ་ནས་ཀྱང་མཐུ་ཞུ་བར་བཏང་བྱུང་བ་ལ། ང་ལ་མཐུ་མེད། ངའི་འཁར་བ་འདི་དགོས་ན་ཁྱེར་གསུངས་ནས་ཡིག་ལན་ཀྱང་མ་མཛད། བང་ཆེན་གྱིས་ལོ་རྒྱུས་བརྗོད་པས། གྷ་རས་ཁྲོས་ཏེ་ངའི་དངོས་པོ་བཟུང་ནས་གདམས་ངག་མི་སྟེར་ཟེར། ཕྱག་འཁར་བརྡབས་པས། དེའི་ཁོང་ནས་རྡོ་རྗེ་ལེགས་པ་ལྷ་བཞིའི་སྐོར་ཐོན། ཁོ་དགའ་སྟེ་བསྒྲུབས་པས། ཕ་ཚན་མང་པོ་རྩ་བ་ནས་ཆད། དེའི་སྡིག་སྦྱོང་དང་དགེ་རྩ་ལ་ལྷ་ཁང་དང་། མཆོད་རྟེན་བཞེངས། དྲིན་ལན་དུ་འབུལ་བ་མང་པོ་ཁྱེར་ནས་མི་ཉག་གྷ་ར་ཉིད་ཀྱང་བྱོན། ཟུར་ཤཱཀྱ་འོད་དང་


JLAZ013_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ། གསང་སྙིང་ལ་སོགས་པའི་ཆོས་མང་པོ་ཉམས་སུ་ལེན་ཅིང་། གཉིས་ཀ་བསྡེབས་ནས། ལྷོ་བྲག་མཁར་ཆུར་བྱོན། ཁོ་མཐིང་ལྷ་ཁང་དང་། སྤ་གྲོ་ལ་སོགས་པའི་གནས་སུ་སྒོམ་ཞིང་བཞུགས་ཙ་ན། མངའ་བདག་ཉང་ཡབ་སྲས་དང་མཇལ། བཀའ་བརྒྱད་བདེ་འདུས་ལ་སོགས་ཏེ་ཉང་ལུགས་ཕལ་ཆེར་ཞུས། རང་གནས་སུ་ཕེབས། སླར་གྷ་རས་ན་རེ། བླ་མ་བཀའ་དྲིན་ཆེ། ངེད་ཧོར་ཡུལ་དུ་འགྲོ་བས་མི་གཅིག་གཏོང་བར་ཞུ། དྲིན་ལན་ཞབས་ཏོག་བྱེད་ཟེར་ནས་གཤེགས། དེའི་ཚེ་ཧོར་ཡུལ་ན་ནུ་བོ་ཨ་རི་བྷོ་གས་རྒྱལ་ས་བཟུང་ནས་རྒྱལ་པོ་སེ་ཆེན་གན་རྒྱལ་སྲིད་མ་ཐོབ་སྟེ་དམག་འཁྲུག་གཡོ་བའི་སྐབས་སུ་ཡོད། མི་ཉག་གྷ་རས་ལ་སེ་ཆེན་གན་གྱིས་བོད་ལ་མཐུ་བྱ་བ་ཡོད་ཟེར་ནས་ཁྱེད་ཀྱིས་ཤེས་སམ་དྲིས། གྷ་རས་ན་རེ་ཤེས། གསད་པ་དང་། བསྐྲད་པ་དང་། འགུགས་པ་གསུམ་གང་བྱ་གསུངས། དེར་སེ་ཆེན་གྱིས་ལས་ཀྱིས་ཤི་བ་དང་འགྲིག་ན་གསད་པ་ཐེ་ཚོམ་ཆེ། འགྲོ་འདོད་པ་དང་ཐུག་ན་བསྐྲད་པ་ཡིད་གཉིས་ཟ། ངའི་སྒར་འདིར་དགྲ་བོ་ཁུགས་ན་ཡོང་འདོད་པ་ཁོ་ལ་མེད་ངེས་ཡིན་པས་ཁུག་ཅིག་ཟེར། དེར་བླ་མ་འཕགས་པ་རིན་པོ་ཆེ་དཔང་པོར་བཞག་ནས། གྷ་རས་ཀྱི་རླུང་འཁོར་གྱི་སྦྱོར་བ་བརྩམས་པས།


JLAZ013_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་བོ་ཨ་རི་བྷོ་ག་བརྟན་པ་བྲལ་ནས་བྱུང་། ད་དུང་ཡིད་མ་ཆེས་ནས་མཚོ་འདི་དང་། ཐང་འདིའི་དཀྱིལ་དུ་ཐོག་ཕོབ་ཅིག་ཟེར། གྷ་རས་ཀྱིས་དེ་དང་དེར་ཐོག་ཕབ་པས་ཡིད་ཆེས། སྔགས་པ་རྣམས་ལ་སྐྲག་པར་གྱུར་ནས་བྱ་དགའ་ཆེན་པོ་བྱས། འདི་ས་ཚལ་གྱི་སློབ་མ་གཤིན་རྗེ་ལ་ནུས་པ་ཐོབ་པ་ཞིག་ཡིན་ཟེར་ཏེ། དེའང་ཡིན་མོད་དྲག་སྔགས་ཀྱི་སྦྱོར་བ་མཐར་ཐུག་པ་ཟུར་པ་ལས་རྙེད་པ་ཡིན། དེར་པཀྴི་ཤཱཀ་འོད་ཀྱི་སྟོན་པ་རཱ་ཧུ་བྱ་བ་ཞིག་བསྔགས་པས། གྷ་རས་དང་མཇལ། གནང་སྦྱིན་བཟང་པོ་བྱིན། མངའ་བདག་ཉང་གི་གཏེར་ཡིག་ཁ་བྱང་ན་གཙང་གི་སའི་ཆ་བྲག་རྡོ་རྗེ་ཚེ་བརྟེན་ན་ཚེ་ཆུའི་གཏེར་ཡོད་པར་བཤད་པ་དེ། སྟོན་པ་རཱ་ཧུ་ལ་བསྐུར་ནས་བླ་མ་ཤཱཀ་འོད་ལ་འབུལ་དུ་བཅུག །དེ་དང་སྟབས་གཅིག་པར་སེ་ཆེན་གན་གྱི་ལུང་། ཤཱཀྱ་འོད་པོ་དང་། ཤཱཀྱ་མགོན་པོ་ལ་བཟློ་བ། རིམ་གྲོ་གང་དགོས་ཀྱི་ས་ལ་ཚེ་ཆུ་ཐོན་ལ་ངེད་ལ་བསྐུར། དེའི་ཡོན་ཏན་བྱུང་མོད་ཁྱེད་རྣམས་ཀྱི་སྐྱིད་སྡུག་ངས་ཤེས་པ་ཡིན། གཏོར་ཕྱེའི་བསྲེས་ལ་དངུལ་བྲེ་གཅིག་ཡོད་བྱ་བའི་གསེར་ཡིག་བྱུང་། དེར་རིམ་གྲོ་ཆེན་པོ་བྱས། གོང་མ་ནོན་ཆེས། གསེར་ཡིག་པ་ངང་ཐུང་བས་འོ་བརྒྱལ་བ་ཙམ་བྱུང་སྟེ། སྒྱུ་འཕྲུལ་གྱི་བརྒྱུད་པ་ལ་སྒྲ་འོད་ཟེར་གསུམ་མའི་གསོལ་འདེབས་


JLAZ013_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་ནུབ་མོ་གཏེར་སྒོའི་ལུང་བསྟན་གསལ་པོ་ཐོབ། དེ་ནས་ཟུར་ཤཱཀྱ་འོད། གུ་རུ་ཁྱུང་གྲགས། དཔོན་ཆེན་ཤཱཀྱ་བཟང་། གསེར་ཡིག་པ་ཨ་ག་ཡན་རྣམས་འཛོམ། ཁྲོམ་གཏེར་དུ་བྱས་པ་ལ། གཏེར་སྒོ་ལ་སྤུ་གྲི་རེག་ཆོད་ཀྱི་འཁོར་ལོ་འཁོར་ནས་འཛུལ་མ་ནུས། དེར་ཟུར་ཤཱཀྱ་འོད་ཀྱི་གཟུ་དཔང་གསོལ། གཏེར་བདག་མཆོད་པས་སྤུ་གྲི་རང་མལ་དུ་བསྡད་ནས་ཐམས་ཅད་ངོ་མཚར། གཏེར་ཁུང་ནས་སོལ་བ་གཡེངས་པའི་དཀྱིལ་ན་སྦལ་པ་ཁ་མིག་དེང་དེང་། ལག་པ་གདེངས་པ་མཐོང་བའི་མོད་ལ་རླུང་གི་འཁྲུལ་འཁོར་བྱུང་ནས་ཐམས་ཅད་ཧ་ལས་དེར་བླ་མས་རཀྴའི་ཕྲེང་བས་མནན་ནས། བདེན་པ་བརྡར་བས་རླུང་གི་འཁྲུལ་འཁོར་ཀྱང་ཞི། ཆུ་དར་གྱི་ཁེབས་པ་བསལ་བས་ཟངས་ཀྱི་གའུ་གསུམ་སྦྲགས་ཀྱི་ནང་དུ་ཕོ་ཐོད་མོ་ཐོད་ཁ་སྦྱར་བའི་ནང་ན་ཐོག་སྔས་པས་རེག་མ་ཐག་རྡུལ་དུ་བུན་ལོང་འགྲོ་བའི་དར་ཟབ་མང་པོས་དྲིལ་བའི་རྟ་ཕག་ཞལ་སྦྱོར། རྡོར་སེམས་ཡབ་ཡུམ། སྒྲུབ་ཐབས་ཀྱི་ཤོག་དྲིལ་བཅུ་གསུམ་གྱི་དབུས་ན་ཚེ་ཆུའི་སྣོད་མུ་མེན་གྱི་བུམ་པ་སྣག་བུམ་ཆེ་ཤོས་ཙམ་པ་བྱུང་བས། ཐམས་ཅད་ངོ་མཚར་སྐྱེས། ཕུད་བླ་མས་བཞེས་ནས་དགུང་ལོ་བརྒྱ་ཐུབ་རྒྱུ་ལ། ལྗགས་ཐོག་ནས་ཐུར་མས་ཕྲི་བས་རྟེན་འབྲེལ་འཕྱུགས། དེ་ཚས་མང་པོར་དྲིལ་ནས་གཉིད་མི་ལོག་པའི་བརྩོན་པས་རྒྱ་


JLAZ013_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཏུ་ཁྱེར། རྒྱལ་པོ་སེ་ཆེན་གན་གྱི་གསོལ་བས་ལོ་བརྒྱ་འཚོ་བར་གྲགས། དེའི་བྱ་དགར་དབུས་གཙང་ན་ཡོད་པའི་སྔགས་པ་ཐམས་ཅད་ཁྲལ་དམག་ལས་ཐར་དུ་བཅུག་པའི་འཇའ་ས་ལོངས། གོང་མའི་བླ་མ་རྣམས་དང་བྱས་པ་མཉམ་པའི་ཕྱིར་པཀྴིར་བཏགས། ཚེ་ཆུའི་ཡོན་དུ་སྤན་ཧོར་དུད་ཞེ་ལྔའི་ས་ཕུལ། མེས་འགྲིལ་གྱི་རི་ལ་དགོན་པ་ཆེན་པོ་འདེབས་པར་བཞེད་པ་ལ། ཀླུའི་གྲོང་ཁྱེར་ཆེན་པོ་ཡོད་པས་ཀླུའི་ཞུ་བ་ཕུལ། རྒྱ་རྒན་གྱི་ཐད་མཚོར་ཡོད་པ་ས་ཚབ་ཏུ་ཕུལ་པ་ཀླུའི་ཆོ་འཕྲུལ་གྱིས་བསྐམས་སུ་བཅུག་ནས་དེར་སྔགས་སྡེ་ཆེན་པོ་བཏབ། མཁར་རྡོ་རྗེ་བྲག་གི་ལྟེ་བ་ལ་སྒྲུབ་པ་རྩེ་གཅིག་ཏུ་མཛད་ནས་དྲུག་ཅུ་རྩ་གསུམ་པར་གཤེགས། སྤུར་ལ་རེག་པས་མཛེ་ནད་གསོས་པ་བྱུང་ངོ་། །འདིའི་སློབ་མ་རྟ་ནག་བདུད་འདུལ། དེས་མདའ་ཤཱཀྱ་འཕེལ། དེ་ལས་ཟུར་བྱམས་པ་སེངྒེས་གསན་ཏེ། འདིའི་ཡབ་ལ་ཟུར་ཉི་མ་སེངྒེ་ཞེས་བྱ་སྟེ་མེས་པོ་པཀྴིའི་སྲས་ཡིན། ཁྲོ་ཕུར་རབ་ཏུ་བྱུང་། ཁྲོ་ལོ་བྱམས་པ་དཔལ་གྱིས་མཚན་གསོལ། ཡོན་ཏན་དུ་མ་དང་ལྡན། ཁྱད་པར་བྱང་ཆུབ་སེམས་ཀྱི་རྩ་བ་བརྟན་པས་ཧོར་དམག་གི་དུས་མི་ཆེན་སམྦྷ་རས་གསེར་མང་པོ་ཕུལ་པ་ལ་བདག་གསེར་མི་འདོད། མི་འཇིགས་པའི་སྦྱིན་པ་འཚལ་བར་ཞུ་བྱས་ནས་འགྲོ་བ་མང་པོ་སྲོག་སྐྱོབས། ཁྲོ་ཕུའི་འབུམ་ཆེན་བརྩིགས་དུས་ཆུ་ཤིན་ཏུ་དཀོན་


JLAZ013_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མཐུ་རྩལ་གྱིས་ཆར་རྒྱུན་ཆེན་པོ་ཕབ། སྟོད་ཧོར་གྱིས་ས་སྐྱ་མིང་མེད་དུ་གཏོང་བར་བརྩམས་དུས། གོང་མ་མཆོད་ཡོན་གྱི་ལུང་དང་དཔོན་ཆེན་ཀུན་གཞོན་གྱི་བཅའ་ཧུ་བྱུང་བ་ལྟར། དྲག་པོ་མངོན་སྤྱོད་ཀྱི་ནུས་པས་དམག་ཁྲི་ཚོ་གསུམ་གངས་དབྲག་ཏུ་སྲོག་གི་རྒྱུ་བ་དགགས་པས་ས་བསྟན་ལའང་བྱས་པ་ལྷག་པར་ཆེ། བར་དགའ་ལྷ་ཁང་སོགས་སྐུ་གསུང་ཐུགས་ཀྱི་རྟེན་དང་བརྟེན་པ་བསྐྲུན་པས་མཚོན་བསྟན་འགྲོའི་དོན་ལ་འཕྲིན་ལས་རླབས་ཆེ་བ་དེའི་སྲས་ཡིན་ནོ། །དེ་ལ་ཟུར་བྱམས་པ་སེངྒེ་འདི། ཐེག་པ་ཆེན་པོའི་རིགས་སད་པས་བྱིས་པའི་དུས་ནས་སྙིང་རྗེ་ཆེ་བ་ཞིག་ཡོད། གཞན་གྱི་སེམས་ཅན་ལ་འཚེ་བར་བྱེད་པ་གཟིགས་ན་ཐུགས་ལ་ཁུར་ཆེན་པོ་འབྱུང་། ཁྲོ་ཕུར་རབ་ཏུ་བྱུང་ནས་མཚན་ཡང་དེ་ལྟར་ཐོགས། མཚན་ཉིད་ཀྱི་རིག་པ་དང་། ཁྲོ་ཕུ་པའི་ཆོས་ལུགས་མཁས་པར་མཁྱེན་ནས་དགུང་ལོ་བཅུ་བཞི་ལ་བཤད་པ་མཛད་པས་མཁས་པའི་གྲགས་པ་ཐོབ་ངེས་པ་ཡིན། གཡུང་སྟོན་རྡོ་རྗེ་དཔལ་བས་ཀྱང་ཁོ་བོའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ཞེས་གསུངས། ཁྲོ་ཕུའི་ཆོས་ཁྲི་ལ་བཞུགས་ནས་གྲྭ་པ་རྣམས་ལ་མངོན་པ་གསུངས་པས་ཐོག་ཆོད། དགུང་ལོ་བཅོ་ལྔ་ལ་འུག་བྱ་ལུང་དུ་མདའ་ཤཱཀྱ་འཕེལ་ལས་གསང་སྙིང་གསན་སྦྱོང་མཛད་པས་མཁས་པའི་དབང་པོར་གྱུར། བཅུ་བདུན་ལ་རྒྱུད་ཀྱི་རྣམ་གཞག་མཛད་ནས་ཆོས་གཞི་བཟུང་། བཅུ་དགུ་ལ་


JLAZ013_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་སྟོན་སྒྲུབ་པ་འབུམ་ལ་སྒྱུ་འཕྲུལ་ལམ་རིམ་དང་། རྫོགས་ཆེན་གསན་པས་རྟོགས་པ་ཐོད་རྒལ་དུ་སྐྱེས། ཉི་ཤུ་ལ་ལ་སྟོད་ནས་བྷ་སྟོན་གཟི་བརྗིད་སྤྱན་དྲངས་ནས། སྒྱུ་འཕྲུལ་ཟུར་ལུགས་ཀྱི་ཕན་ནུས་ཟབ་གསུམ་གྱི་དབང་དང་། དགོངས་འདུས་རྩ་རླུང་སྐོར་ཞུས། ཟུ་ལུང་པ་གྲུབ་ཐོབ་བཤེས་གཉེན་ལས་མདོ་དབང་དང་། སེ་ལུགས་ཀྱི་ཞི་ཁྲོ་རྒྱས་འབྲིང་བསྡུས་གསུམ་གསན། ཐར་ལོ་ཉི་མ་རྒྱལ་མཚན་ལས་སྒྲ་ཚད། ཁྲོ་ཕུའི་སློབ་དཔོན་དཔལ་མཆོག་ལས་རྡོ་རྗེ་ཕྲེང་བས་མཚོན་པའི་གསར་མ་རྒྱ་ཆེན་པོ། བསམ་སྡིངས་གྲུབ་པ་དཔལ་ལས་ལམ་འབྲས། བླ་མ་ཡོན་ཏན་མགོན་ལས་ཕྱག་རྡོར་དང་རྣམ་འཇོམས། དཔོན་དཔལ་ཆེན་མགོན་ལས་བསྟན་སྲུང་དང་། སྨན་རྩིས་གཡུལ་རྒྱལ། ཤངས་པ་ཤཱཀྱ་འབུམ་ལས་གཤིན་རྗེ་དམར་ནག་དང་། ཀློང་སྡེའི་སྐོར་ལ་སོགས་ཏེ་མདོར་ན་བླ་མ་མང་པོ་ལས་རིག་གནས་ཕྱི་ནང་། སྡེ་སྣོད། རྒྱུད་སྡེ་མཐའ་ཡས་པ་ཞིག་གསན་ཞིང་། རྩ་བ་ཆོད་པར་སྦྱངས་ནས་གཙོ་བོ་ཐུགས་དམ་འབའ་ཞིག་ལ་བཞུགས། ཡི་དམ་མང་པོའི་ཞལ་གཟིགས། སྐུ་མདུན་ན་སུས་སླེབས་པ་ཡིན་ཡང་སྣང་བ་རང་སར་འགྱུར་ནས་ངེས་འབྱུང་དང་དད་པ། སྙིང་རྗེ་རང་དབང་མེད་པར་སྐྱེ་བ་ཞིག་ཡོད་པར་གྲགས། ལར་སྐྱེས་བུ་དམ་པ་འདི་ལ་བོན་པོ་ཞིག་གིས་ཟས་ངན་སྦྱར་བས་དགུང་ལོ་ཉི་ཤུ་རྩ་བདུན་ལས་མ་བཞུགས་


JLAZ013_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་པར་དཀའ་བས་སྤྲུལ་པའི་སྐུར་ཡིད་ཆེས་སོ། །དེ་ལ་སློབ་མའི་ཚོགས་བསམ་གྱིས་མི་ཁྱབ་ཅིང་། སྒྱུ་འཕྲུལ་ལམ་རིམ། གསང་བའི་སྙིང་པོ། འགྲེལ་པ་སྤར་ཁབ། མདོ་དང་བཅས་པ་ཚད་དུ་རྫོགས་པའི་བཤེས་གཉེན་གཞན་ཕན་རྒྱ་ཆེར་སྤྱོད་ཅིང་གྲགས་པ་ཐོབ་པ་རང་ཡང་བཅུ་དྲུག་ཙམ་ཡོད་པ་ལས། གཙོ་བོར་གྱུར་པ་ནི་སྔ་ཚར་གྱི་ཐུ་བོ་གཡུང་སྟོན་རྡོ་རྗེ་དཔལ། ཕྱི་ཚར་གྱི་ཐུ་བོ་རྟ་ནག་སྒྲོལ་མ་པ་བསམ་འགྲུབ་རྡོ་རྗེའོ། །དེ་ལ་གཡུང་སྟོན་པ་ནི། གདུང་རུས་གླན། ཤིང་ཕོ་སྤྲེའུའི་ལོར་སྐྱེ་བའི་མྱུ་གུ་ཚོང་འདུས་སུ་བཟུང་། སྐུ་གཞོན་ནུ་ནས་མཁྱེན་པ་ཕུན་སུམ་ཚོགས། སྤྱིར་མཚན་ཉིད་ཐམས་ཅད་མཁྱེན་ཅིང་ཁྱད་པར་མངོན་པ་ཀུན་ལས་བཏུས་ལ་མཁས། སྔགས་གསར་རྙིང་ཐམས་ཅད་ལ་བློ་མཐུ་ཤིན་ཏུ་ཆེ། ཁྱད་པར་ཀརྨ་པ་རང་བྱུང་རྡོ་རྗེའི་སྲས་ཀྱི་དམ་པར་གྱུར་ཅིང་ཟུར་བྱམས་པ་སེངྒེ་ལས་མདོ་སྒྱུ་སེམས་གསུམ་གྱི་མན་ངག་རྫོགས་པས་ཕྱོགས་འདི་ལའང་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར། གསང་བའི་སྙིང་པོ་ལ་ཊཱིཀྐ་གསལ་བྱེད་མེ་ལོང་མཛད་དེ་བཤད་རླབས་གཞན་ལས་ཆེ། ཟུར་བྱམས་པ་སེངྒེས་ཤངས་པ་ཤཱཀ་འབུམ་ལས་གཤེད་སྐོར་གསན་པའི་ཕྱག་ཕྱིར་འབྲང་ནས་བསླབ། འཁྲུལ་འཁོར་ལས་སྦྱོར་སོགས་ལ་ཤིན་ཏུ་མཁས་ཤིང་


JLAZ013_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ཆེ་བས། སླར་ཟུར་བྱམས་པ་སེངྒེའི་སྐུ་ཚེ་ལ་བར་དུ་གཅོད་པའི་ལྷ་ཁུ་དབོན་པོ་ལ་གཤིན་རྗེའི་འཁོར་ལོ་བསྐོར་ནས་མི་ནོར་ཞིང་ཁང་དང་བཅས་པ་གཙང་པོ་ལ་སྦྱངས་ཏེ་རྨེག་མེད་དུ་བཏང་དུས། བླ་མའི་སྐུ་དགྲ་འཐུལ་བ་ཁོ་བོ་ཙམ། །ཞེས་པའི་ཚིགས་བཅད་ཀྱང་མཛད། སྐུ་གཞོན་དུས་གོང་མའི་ལུང་གིས་རྒྱ་ནག་ཏུ་བྱོན། སྔར་འཇིག་རྟེན་གྱི་ཁམས་ན་མ་གྲགས་པ་ཙམ་གྱི་མདོས་གཏོར་ཞིག་མཛད། ཡུལ་གྲུ་འགའ་ཞིག་ལ་ཐན་པ་ཆེན་པོ་བྱུང་བས། གོང་མའི་ལུང་གིས་བསྔགས་ཏེ་ཆར་འབེབས་མཛད་པས་ནུས་པ་མངོན་སུམ་དུ་ཐོན། གོང་མ་དགྱེས་ཏེ་བྱ་དགའ་ཆེན་པོ་བྱིན་པའི་ནོམ་པ་དང་བཅས་བོད་དུ་ཕེབས། དངོས་པོ་རྣམས་ངོ་ཤེས་དང་གྲོགས་མཆེད་སུ་ལའང་མ་བྱིན་པར་ཡུམ་གྱི་དོན་དུ་བླ་མ་དང་དགེ་འདུན་ལ་ཕུལ། བུ་སྟོན་རིན་པོ་ཆེའི་ཡང་སློབ་མར་གྱུར་ནས་དུས་ཀྱི་འཁོར་ལོ་ལ་ཤིན་ཏུ་མཁས། རྒོད་སྒྲོས་ཆུའི་གྲོད་པ་དུམ་བུར་བཅད་ཀྱང་ཆུ་མི་འབོ་བ་དང་། ལྕགས་བསྲེགས་ལ་ཤ་རྗེན་གྱིས་རེག་ཀྱང་མི་ཚིག་པ། རྩིག་པ་ལ་རྡོ་དྲུག་སྦྱོར་གྱིས་ཞལ་བ་བྱས་པས་རྩིག་པ་བྲག་ཆེན་ལ་འགྱུར་བ་ལ་སོགས་པའི་རྟེན་འབྲེལ་མང་པོ་མཁྱེན། གཙོ་བོར་ཀརྨ་པ་རང་བྱུང་རྡོ་རྗེའི་དབུགས་འབྱིན་ཆེན་པོའི་མན་ངག་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་ལ་ཉམས་བཞེས་མཛད། རྒྱ་ཆེར་རོལ་པ་ལས་བཤད་པའི་གཏེར་ཆེན་པོ་བརྒྱད་ཐོབ་པས། ལེགས་པར་བཤད་པའི་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་སྤོབས་པའི་གཏེར་ཆེན་པོ་ཡོངས་སུ་


JLAZ013_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ནས་མདོ་སྔཊ་ཀྱི་སངས་རྒྱས་ལ་ཁྱད་པར་ཕྱེ་བའི་བསྟན་བཅོས་མཛད་པ་གཡག་སྡེ་པཎ་ཆེན་གྱིས་གཟིགས། ཤིན་ཏུ་དད་ནས་དཔོན་སློབ་བཅོ་ལྔ་བྱོན་ཏེ་ཞབས་ལ་གཏུགས། སྐུ་ཚེའི་སྨད་ལ་ཚོགས་པ་ཆོས་ལུང་པ་ལས་བསྙེན་པར་རྫོགས། མཚན་རྡོ་རྗེ་འབུམ་ཞེས་པ་རྡོ་རྗེ་དཔལ་དུ་བསྒྱུར། མོན་པ་གྲོ་དང་། ཕུང་པོ་རི་བོ་ཆེ། ར་དུམ་བྲག་ལ་སོགས་པར་བཞུགས་ཤིང་བཤད་པས་ཀྱང་གཞན་ལ་ཕན་པ་རྒྱ་ཆེན་པོ་མཛད། བརྒྱད་ཅུ་རྩ་གཉིས་པ་ཤིང་མོ་སྦྲུལ་གྱི་ལོར་ཞི་བར་གཤེགས་སོ། །རྟ་ནག་སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེ་ནི། སྔགས་རྙིང་མ་ལས་དངོས་གྲུབ་བརྙེས་པ་རིམ་ཅན་གྱི་སྲས་སུ་རྟ་ནག་གནས་གསར་དུ་འཁྲུངས། ཟུར་བྱམས་པ་སེངྒེ་ལས་གསན་པ་རྒྱ་ཆེན་པོ་མཛད་ཅིང་ཁྱད་པར་སྒྱུ་འཕྲུལ་ལ་མཆོག་ཏུ་མཁས། གླན་ཉ་ཚལ་པ་བསོད་ནམས་མགོན་པོ་ལས་སྒྱུ་འཕྲུལ་གྱི་དབང་ནོད། མཁྱེན་པ་དང་འཕྲིན་ལས་དཔག་པར་དཀའ་བ་ཡིན་ཏེ། དབེན་པ་འབའ་ཞིག་ལ་ཐུགས་གཏོད། བྱམས་པ་སེངྒེར་རྫོགས་པ་ཆེན་པོ་སྙིང་ཐིག་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད་པས། རིག་པ་ཚད་ལ་ཕེབས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་དང་མཉམ་པ་ཉིད་དུ་སྤྱོད། ཡང་དབེན་པའི་ཟུར་ཤཱཀྱ་འབྱུང་གནས་དང་། འུག་པ་ལུང་པའི་བླ་མ་སེངྒེ་པ་གཉིས་ཆུང་ཆུང་ནས་སྐུ་དྲུང་དུ་བཞག་ནས། ལེགས་པར་བསྐྱངས་པས་བླ་


JLAZ013_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དམ་ཚིག་ལ་གཅིག་ཏུ་གུས་ཤིང་ཟུར་བརྒྱུད་ལ་བཀའ་དྲིན་ཆེ། ཤངས་པ་ཀུན་མཁྱེན་ཞེས་གྲགས་པ་བླ་ན་གསལ་བ་དེའང་བྱིས་པའི་དུས་ན་བླ་མ་འདིས་དབང་མང་པོ་བསྐུར་ཞིང་བྱིན་གྱིས་བརླབས་པས་མཁས་པ་ཆེན་པོར་གྱུར་པ་སོགས་བྱིན་བརླབས་བསམ་གྱིས་མི་ཁྱབ། དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་མེ་ཕོ་འབྲུག་གི་ལོར་གཤེགས་ཁར་སྲས་ལ། ང་བདེ་བ་ཅན་དུ་འགྲོ། ཁྱེད་ཀྱིས་ཀྱང་ངའི་ལོ་དང་མཉམ་པ་ཐུབ། དེ་ནས་བདེ་བ་ཅན་དུ་ཤོག་ཅེས་གསུངས་ནས་གཤེགས། དེ་ལ་ཟུར་བརྒྱུད་དང་། སྲས་བརྒྱུད་གཉིས་ལས། ཟུར་བརྒྱུད་ནི། ཟུར་ཧམ་ཤཱཀྱ་འབྱུང་གནས་ཏེ། འདིའི་ཡབ་བཟང་པོ་དཔལ་ཞེས་བྱ་བའི་རིང་ལ་གོང་མ་བུ་ཡན་ཐུ་གན་གྱི་ལུང་དང་གནང་སྦྱིན་བླངས། སླར་གོང་མའི་ལུང་གིས་རྒྱ་ནག་ཏུ་འབྱོན་དགོས་པ་བྱུང་། དང་པོ་གོང་མ་རྒྱལ་པོའི་རིམ་གྲོ་བར་གྱུར་ལ་མཐུ་རྩལ་དང་ནུས་པ་ཤིན་ཏུ་ཆེ་བས་ལོ་ཉེས་ལས་སྐྱོབ་པ་དང་། མདོས་ཟེར་ཐོག་སེར་ལ་སོགས་པས་ངོ་ལོག་ཆོམས་པར་ནུས། ཁྱད་པར་རྒྱལ་པོའི་ཕོ་བྲང་ཏའི་ཏུའི་སྟེང་གི་ནམ་མཁར་མི་མཐུན་པའི་མཚན་མ་སྤྲིན་ནག་པོ་སྡིག་པའི་གཟུཊ་ཅན་བྱུང་བ་སུས་ཀྱང་བཤིག་མ་ནུས་པའི་ཚེ། རྒྱལ་པོའི་ལུང་གིས་སྐབས་དབྱེ་ནས་མ་མོ་འཁང་ཕབ་ཀྱི་མདོས་དར་ཁང་བཅོ་བརྒྱད་ཀྱིས་བཅིངས་པ་བཏང་། གཏོར་འཆམས་མཛད་པས་སྤྲིན་ནག་འཐོར་བ་སོགས་


JLAZ013_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་འཁོབ་ཀྱི་ཡུལ་དུ་དམ་པའི་ཆོས་ཀྱི་ཆེ་བ་ལན་མང་དུ་བཏོན་པས་གོང་མ་དད་དེ། ཡང་དག་ལྷ་དགུའི་དབང་དང་ཚེ་དབང་ཞུས། དངུལ་གྱི་ཐམ་ཀ་དང་། དངུལ་བྲེ་བཅུ་གསུམ། ཕོད་ཁ་ཕྱེད་ཉིས་བརྒྱ་འདེངས་པའི་གོས་དར་གྱི་འབུལ་བ་ཕུལ། ཕོ་བྲང་ཏའི་ཏུར་སྔགས་སྡེ་བཙུགས། དེའི་དུས་ཀྱི་ལས་བཞིའི་ཕུར་པ་ཕོ་བྲང་ན་ཡོད་པར་གྲགས། དེ་ལྟར་ཟང་ཟིང་གི་རྫས་འབྱོར་པ་ལས་རྩ་རྒྱུད་གསང་སྙིང་། འགྲེལ་པ་སྤར་ཁབ། གསང་སྔགས་ལམ་རིམ། མན་ངག་དགུ་པ་ལ་སོགས་པའི་སྔ་འགྱུར་གྱི་ཆོས་སྡེ་ཉི་ཤུ་རྩ་བརྒྱད་བར་དུ་བསྒྲུབས། སོ་སོ་ནས་སྟོང་ཕྲག་རེ་བཏབ་སྟེ་གྲྭ་པ་ལ་བཀྱེ། རྒྱུད་འབུམ་བཞེངས་པའི་ཆ་རྐྱེན་མང་པོ་བསྐུར་བ་སོགས་བསྟན་པ་ལ་ཕན་པ་རྒྱ་ཆེ། སླར་རྒྱལ་པོ་བུ་ཡན་ཐུ་རླུང་གི་ནད་ལ་ཚད་པའི་བཅོས་བྱས་ནས་གཤེགས། འདི་དུས་ས་སྐྱ་དང་ཟུར་ཚོ་རྣམས་གྲུབ་མཐའི་སྙིང་པོ་གཅིག་པས་འདྲིས་ཤིན་ཏུ་ཟབ་པ་ཡིན། རྒྱུ་དེས་ཟུར་བྱམས་པ་སེངྒེ་གཤེགས་པའི་ལོ་རྒྱུས་ས་སྐྱར་བསྐྱལ་བས། དེ་མ་ལེགས། ད་ཟུར་བཟང་པོ་དཔལ་རྒྱ་ནག་ནས་བོས་ཤིག་གསུངས། གཞན་རྣམས་ཀྱང་བགྲོས་ནས་ཉེ་གནས་འཇམ་དབྱངས་གདན་འདྲེན་དུ་བཏང་། དེས་རྒྱ་ནག་ཏུ་བརྟོལ་བའི་ཚེ་ཚད་པའི་ནད་ཀྱིས་སྙུང་ནས་གྲོངས་ལ་ཁད་ཡོད་དེ། མཁའ་འགྲོ་ཆོས་སྐྱོང་གིས་བྱིན་གྱིས་བརླབས་


JLAZ013_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཅུང་དྲག་པོའི་མགོ་བསྟན། དེའི་ཚེ་ཉིད་ཀྱི་གཟིགས་སྣང་ལ་རྒྱལ་པོ་བུ་ཡན་ཐུ་དང་མཇལ་ནས། ཁྱོད་བོད་དུ་འབྱོན་ན་གནང་སྦྱིན་ཇི་ལྟར་སྦྱིན་ཞེས་གསུངས་པ་ལ་ལན་ཞིབ་ཏུ་ཞུས་པས། ཅི་ཡང་མ་བྱིན་པར་འདུག་གསུངས་ནས་ཡལ། དེའི་ལོ་རྒྱུས་དཔོན་མོ་ཐའུ་ལས་ཐོས་ཏེ་ཁྱོད་མཐོང་བས་གོང་མ་དྲན་ཟེར་ནས་མཆི་མ་ཕྱུང་། སླར་དངུལ་བྲེ་བཅུ་བྱིན། རྡོ་རྗེ་སེམས་དཔའི་སྐུ་རྒྱ་ནག་ལི་མ་དང་ཆོས་སྐྱོང་ལྕམ་དྲལ་གྱི་འཆམས་སྐུ་བཞེངས་པ་གདན་དྲངས་ནས་བོད་ལ་བྱོན་པའི་ཚེ། མགོན་པོས་བོད་ལ་ཞལ་གཟིགས་ནས་གོམ་པ་བདུན་འཕགས་པས་སེ་འབག་གོམ་བདུན་མར་གྲགས། བོད་དུ་བྱོན་ནས་བསྟན་པའི་བྱ་བ་ལ་རྒྱུད་འབུམ་བཞེངས། ཆོས་སྐྱོང་བྲན་དུ་འཁོལ། མ་འོངས་པ་མངོན་སུམ་དུ་ལུང་སྟོན། སླར་ཡང་གོང་མའི་ལུང་གིས་རྒྱ་ནག་ཏུ་གཤེགས་དགོས་པ་བྱུང་བའི་ཚེ། འབྱོན་པར་མི་སྤྲོ་བས། རྒྱལ་པོའི་ཕོ་ཉ་ཐེ་མུར་དར་དང་། གྷ་ར་ལ་དངུལ་བྲེ་ལ་སོགས་པ་བྱིན་ཏེ་སློག་ཀྱང་རྒྱལ་པོའི་ཆད་པ་འོང་ཟེར་འགྲོ་མ་འདོད། དེར་རང་དབང་ཐམས་ཅད་བདེ་བ་ཡིན། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། ཞེས་པ་ལ་སོགས་པའི་ཞལ་གདམས་མཛད་ནས་རྒྱ་ནག་ཏུ་གཤེགས། སྤྱིར་དགུང་ལོ་སུམ་ཅུ་སོ་བརྒྱད་ལས་མ་བཞུགས་པ་དེའི་སྲས་ཡིན། དེ་ལ་ཟུར་ཧམ་ཤཱཀ་འབྱུང་འདིས་ཆུང་ངུ་


JLAZ013_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡབ་མེས་ཀྱི་ཆོས་ལ་སྦྱངས་ཤིང་ལས་སད་པས། རང་ལོ་ལྔ་པར་ཡབ་རྒྱ་ཡུལ་དུ་གཤེགས་པའི་བསུ་བ་མི་ཆེན་དང་བཅས་པའི་དབུས་སུ་རྩ་རྒྱུད་ལ་བཤད་པ་ཐོ་རེ་ལོང་མཛད་པས་ཐམས་ཅད་ཧ་ལས། དགུང་ལོ་བདུན་པ་ནས་བཤད་གྲྭ་བསྐྱངས། བླ་མ་ཀུན་སྤངས་པར་དགེ་ཚུལ་དང་། ཆོས་རྗེ་བསོད་ནམས་གྲགས་པ་ལས་བསྙེན་པར་རྫོགས་པའི་ཚེ་མཚན་ཤཱཀྱ་འབྱུང་གནས་སུ་གྲགས། ཟུར་པ་པཀྴིའི་སྲས་ཟུར་ཤཱཀྱ་སེངྒེ་ཞེས་བྱ་བ་གོ་ལུག་རྒྱལ་པོའི་ལུང་དང་གནང་སྦྱིན་གསེར་བྲེ་ཆེན་སྲང་དྲུག་ཅུ་མ་བཞི། དངུལ་དཀར་བྲེ་ཆེན་ཉི་ཤུ། གོས་ཕྱི་ནང་ཉིས་བརྒྱ་རྣམས་ཐོབ་ཅིང་། དཔོན་མོ་ཐུའུ་སོགས་པས་ཀྱང་བདོག་པ་རྒྱ་ཆེར་བྱིན་པས་ཟུར་པའི་བསྟན་སྲིད་ལ་ཕན་པ་རྒྱ་ཆེར་བཏགས་ལ། ཁྱད་པར་རྒྱལ་བ་ཟུར་པོ་ཆེའི་སྐུ་མཆོད་ཀྱི་དུམ་བུ་བཞུགས་པའི་འཇམ་དབྱངས་ཀྱི་གསེར་སྐུ་ཤིན་ཏུ་ངོ་མཚར་བ་བཞེངས་ནས་དཔལ་འུག་བྱ་ལུང་གི་རྟེན་གཙོ་བོར་མངའ་གསོལ། བཤད་གྲྭ་དང་སྒོམ་གྲྭའི་ཚུགས་ཁ་ཆེན་པོ་ཟིན་པར་བྱས་བདོག་པ་ལ་ཕོངས་པ་མེད་པས་བསྟན་པའི་རིམ་གྲོ་ལྷུར་ལེན། མཐོང་ན་མི་མཐུན་པ་མེད་པའི་གཟི་བྱིན་གྱིས་ཧོར་གྱི་མི་ཆེན་ཐེ་མུར་དར་ཀྱང་དད་པར་གྱུར་ནས། ཚེ་དབང་ཞུ་བ་ལ་སོགས་པའི་དབང་སྟོན་ནུས་པའི་སེམས་དཔའ་ཆེན་པོའི་ངང་ཚུལ་ལ་གནས་པ་དེ་དང་ས་བཟང་ལོ་


JLAZ013_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན། རྒྱལ་བ་གཡུང་། འཇམ་དབྱངས་བསམ་འགྲུབ་རྡོ་རྗེ། ས་སྐྱ་པའི་གདུང་རྒྱུད། ཟུར་པའི་དབུ་ཆེ་གྲགས་པ་ཆེ་བ་རྣམས་ཀྱིས་མཚོན། བོད་དབུས་གཙང་གི་མཁས་བཙུན་བཟང་གསུམ་ཐམས་ཅད་ལ་གཏུགས་ནས་མཚན་ཉིད་སྡེ་གསུམ། གསང་སྔགས་གསར་རྙིང་ཐམས་ཅད་ཀྱི་གཞུང་དང་མན་ངག་ལ་ལེགས་པར་སྦྱངས། ཁྱད་པར་དུ་མངོན་རྟོགས་རྒྱན། སྤྱོད་འཇུག །དུས་ཀྱི་འཁོར་ལོ། ཀུན་བྱེད་རྒྱལ་པོ། སྒྱུ་འཕྲུལ་ལམ་རིམ། གསང་བ་སྙིང་པོ། འགྲེལ་པ་སྤར་ཁབ་རྣམས་ལ་ནན་ཏན་དུ་སྦྱངས་པས་མཁས་གྲུབ་ཆེན་པོར་གྲགས། དུས་ཕྱིས་མདོ་དབང་ཟུར་ལུགས་ཀྱི་བསྟན་པའི་བདག་པོ་འདི་ཁོ་ན་ཡིན། སྒྲོལ་ཆེན་བསམ་རྡོར་ལས་མདོ་དབང་གསན་པའི་ཚེ། རྒྱ་བོད་ཀྱི་ན་བཟའ། ཐབ་ཆས། ནས་ཁལ་ལྔ་བཅུ་སོགས་ཀྱིས་སྣ་དྲངས་པའི་འབུལ་བ་བྱས་ཏེ་ལག་ལེན་ཕྱག་བཞེས་ཐམས་ཅད་མཐའ་ཆོད་པར་མཛད། གཏད་རྒྱ་ཁོ་ནའི་དོན་དུའང་གོས་ཡུག་ཆེན་དང་གསེར་གྱི་འབུལ་བས་མཉེས་པར་མཛད། ཤཱཀྱ་ཐུབ་པ་དང་། ཧེ་རུ་ཀ་རིགས་ལྔ་གཟིགས་སྣང་དུ་ཤིན་ཏུ་གསལ་བར་གཟིགས། འདུས་པ་མདོའི་ལྷ་ཐེམ། གཏད་རྒྱའི་འགྲེལ་པ་སོགས་མང་དུ་མཛད། མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཅིང་། སྒྲོལ་མ་བའི་སྲས་སངས་རྒྱས་རིན་ཆེན་དང་།


JLAZ013_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གཉལ་བ་བདེ་ལེགས་པ་ལ་སོགས་ཏེ་བསྟན་པའི་གསལ་བྱེད་དུ་གྱུར་པའི་སློབ་མ་མང་དག་བསྐྲུན་ནས་དགུང་ལོ་སུམ་ཅུ་སོ་བརྒྱད་པ་ལ་གཤེགས། གཉལ་བ་བདེ་ལེགས་ཀྱི་ཆོག་ཁྲིགས་ཀྱང་ཡོད་དོ། །ཡང་སྒྲོལ་ཆེན་པོའི་སྲས་བརྒྱུད་ལྟར་བྱས་ན། སྲས་སངས་རྒྱས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ཞེས་གྲགས་པ་དེ་ཉིད་ཡབ་ཀྱི་ལྔ་བཅུ་རྩ་དྲུག་པ་ལྕགས་ཕོ་སྟག་ལ་གནས་གསར་དུ་འཁྲུངས། མི་རྣམས་ཀྱིས་ཁྱེད་ཀྱིས་སྲས་འདིས་ཕན་ནི་མི་ཐོགས། དེ་ཙམ་གྱི་གཙིགས་ཀྱིས་ཅི་བྱ་ཟེར་བས། འགྲོ་བ་ལ་ཕན་ཐོགས་པ་ཞིག་འོང་གསུངས། དགུང་ལོ་དྲུག་པ་ལ་གསང་བ་སྙིང་པོའི་རྒྱུད་ཐུགས་སུ་ཆུད། ཟུར་ཤཱཀྱ་འབྱུང་བའི་སྤྱན་སྔར་བྱོན། ངའི་བླ་མའི་སྲས་ཞེས་གཅེས་པར་བསྐྱངས་པས་བརྒྱུད་བཟུང་བ་དེ་བསྙེལ། ཡང་ལོ་བརྒྱད་ལོན་པ་ན་བསྐྱར་ཏེ་བཟུང་། ཆོག་ཕྲིན་རྣམས་ཡབ་ཀྱིས་བསླབས་པས་ལོ་བཅུ་བཞི་པར་གཞན་ལ་དབང་བསྐུར་བའི་སློབ་དཔོན་ཕེར་བ་བྱུང་། ཡབ་ལས་སྒྱུ་འཕྲུལ་གྱི་ཆོས་སྐོར་རྣམས་ཐུགས་སུ་ཆུད་པར་མཛད། ད་ང་རབ་ཏུ་བྱུང་ནས་མཚན་ཉིད་ཀྱང་སྦྱོང་། གསར་མའི་རྒྱུད་སྡེའང་སློབ་པ་ཡིན་ཞུས་པས། རེ་ཞིག་མི་རུང་། བཟོད་རབ་ཏུ་བྱུང་བས་ཆོག་གསུངས། དེར་མ་གཅིག་ཞིག་བདག་གིར་བཟུང་བས་སྲས་ཁ་ཤས་འཁྲུངས། དགེ་བསྙེན་གྱི་རྟེན་ལ་


JLAZ013_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་སྦྱངས་རྫོགས་པར་མཛད་ནས་སླར་ཆོས་འཁོར་སྒང་དུ་ཆིག་རྫོགས་མཛད། སྐུ་ཤིན་ཏུ་བཙུན་པར་བཞུགས། སྒྱུ་འཕྲུལ་ལ་མཁས་པར་གྱུར་པས་དགུང་ལོ་བཞི་བཅུ་སྐོར་ལ་གསང་བ་སྙིང་པོ་ལ་ཊཱིཀྐ་ཆེ་བ་ཞིག་དང་། ལམ་རྣམ་བཀོད་ལའང་རྣམ་བཤད་ཆེན་པོ་ཞིག་མཛད། དེ་བཞིན་དུ་འཕྲིན་ལས་ཤར་བ་བརྒྱད་ལས། ཁྲོ་བོ་ལ་མངོན་པར་རྟོགས་པ་རྒྱས་པ་དང་། གནས་ལུང་ལའང་ཆོ་ག་རྒྱས་པ་ཞིག་མཛད། ཡབ་དང་ཐུགས་སྲས་མཐུན་པ་རྡོ་རྗེ་སོགས་ལས་མན་ངག་མང་དུ་མཉན་ཅིང་ཉམས་སུ་བསྟར། དགུང་ལོ་བདུན་ཅུ་པ་ལ་འགོས་ལོ་ཡེ་བཟང་རྩེ་བ་རྗེས་སུ་བཟུང་སྟེ། འདི་ལྟར་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་། སྒྱུ་འཕྲུལ་གྱི་ཚེ་དབང་། དོང་དཀྲུགས་ཀྱི་དབང་། ཚེ་བདག་དང་། ཡང་དག་མ་གཅིག་གི་དབང་། རྣ་བོ་བའི་ལུགས་ཀྱི་རྟ་མགྲིན་དང་། ཟླ་རྒྱལ་མའི་ལུགས་ཀྱི་རྗེས་གནང་། ཕུར་པ་ས་ལུགས་ཀྱི་དབང་དྲག་པོའི་རྗེས་གནང་དང་བཅས་པ། སེམས་སྡེ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་། གསང་སྙིང་རྒྱུད་འགྲེལ་པ་དང་བཅས་པའི་བཤད་པ། ལམ་རྣམ་པར་བཀོད་པའི་ཊཱིཀྐ་ཉིད་ཀྱིས་མཛད་པའི་ཐོག་ནས་བཤད་པ་རྒྱས་པ། གཞན་སྒྱུ་འཕྲུལ་གྱི་ཁོག་གཞུང་བཞི་བཅུ་ལ་སོགས་པའི་གཞུང་ཆུང་བཞི་བཅུ་ཙམ། མདོ་དགོངས་པ་འདུས་པ་དང་། དེའི་རྩ་བའི་རྒྱུད་ཀུན་འདུས་དང་། གནུབས་ཆེན་གྱི་མདོ་འགྲེལ་མུན་


JLAZ013_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོ་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པ་དང་བླ་མ་གཉིས། ཡང་དག་རྩ་བའི་ལུང་རྣམས་ཀྱང་གནང་། སྙིང་ཐིག་སྤྲོས་བཅས་ལ་སོགས་པའི་དབང་བཞི་དང་། མེ་ལོང་བས་མཛད་པའི་ཡི་གེའི་སྟེང་ནས་ཁྲིད་ཡིག །རྫོགས་ཆེན་ཨ་རོའི་མན་ངག་ཀྱང་ཁྲིད་དུ་མཛད། དེ་བཞིན་དུ་བྱང་སེམས་ཡེ་རྒྱལ་བ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱང་གནང་སྟེ། རྒྱུ་མཚན་དེ་ལ་བརྟེན་ནས་འགོས་ལོ་ཡེ་བཟང་རྩེ་པས། གསང་སྔགས་རྙིང་མ་ཞེས་གྲགས་པའི་ཕྱོགས་ལ་ལྷག་པར་མོས་པ་ཐོབ་ཅིང་། ཆོས་སྤོང་བའི་སྒྲིབ་པས་མ་སྦགས་ཙམ་མོ། །ཞེས་ཐོས་པའི་ཕ་རོལ་ཏུ་སོན་པའི་མཐར་ཐུག་དོན་དང་ལྡན་པར་སོང་བ་ཡིན་ཞེས་ངེས་པར་བརྟན་པའི་ཐ་ཚིག་གོ །དེ་ལྟར་ཆོས་རྗེ་སངས་རྒྱས་རིན་ཆེན་པས་བདུན་ཅུ་རྩ་གཉིས་པ་ལྕགས་མོ་གླང་གི་ལོ་ལ་དབུས་སུ་ཕེབས། གོང་པོ་རིའི་བསམ་གཏན་གླིང་དུ་དབང་གྲགས་པ་རྒྱལ་མཚན་གྱི་ཞབས་ནས་བཏེག །འདུས་པ་མདོ་ལ་སོགས་པའི་དབང་མང་པོ་དང་། གསང་སྙིང་ལ་སོགས་པའི་བཤད་པ་དང་། ལུང་མང་པོ་བྱིན། བརྒྱད་ཅུ་རྩ་གཉིས་པ་ལྕགས་མོ་ཕག་གི་ལོ་ལ་གཙང་དུ་སྐུ་གཤེགས། ཟུར་ཆུང་པ་འཁྲུངས་ནས་དུས་འདི་ཡན་ཆད་ལ་ལོ་བཞི་བརྒྱ་དང་བཅུ་བདུན་སོང་། ཡང་སྒྲོ་ཕུག་པ་ཆེན་པོའི་སློབ་བརྒྱུད་འཕྱོང་རྒྱས་རྒྱ་སྨན་པ་སངས་རྒྱས་གྲགས་པ་ཞེས་བྱ་བ་


JLAZ013_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རུས་གཉལ་ཡུལ་རྒྱ་སྨན་སྟག་རྩེ་སར་འཁྲུངས། གཞོན་ནུའི་དུས་ཛམ་བྷ་ལ་བསྒྲུབས་པས་ཞིང་ཆུང་ཞིག་ཡོད་པ་དེའང་ཆུས་ཁྱེར། བྱ་བྲལ་ལ་བྱོན་པས་སྤུ་གུ་དོར་ཕྱུག་པོ་མཛེས་ཁྱེར་བ་ཞིག་གི་རོ་ཁུར་མི་མ་བྱུང་བར་འདུག །སྙིང་རྗེ་དྲག་པོ་སྐྱེས་ཏེ་རྟོག་མེད་མཛད་ནས་རོ་ལས་བྱས་པས། མལ་འགྲམ་ནས་གསེར་མང་པོ་བྱུང་། དེ་ཛམ་བྷ་ལྷས་དངོས་གྲུབ་བྱིན་པར་འདུག །སླར་ལོག་སྟེ་གྲ་ཕྱི་ཁང་དམར་དུ་ཁྱུང་པོ་ཁྲོ་བོར་ཐུག །ཁོང་ཡང་དག་སྒྲུབ་པའི་ཕྱགས་ཕྱིར་སྒྲུབ་པ་མཛད་པས། ཡང་དག་མར་མེ་དགུ་པའི་ཞལ་གཟིགས། དེ་ནས་གཙང་དུ་བྱོན་གསང་བདག་སྒྲོ་ཕུག་པའི་སློབ་མ་བྱ་ཆེན་པོའི་དབོན་པོ་ཞིག་ལ་མདོ་དང་སྒྱུ་འཕྲུལ་ལ་སོགས་པའི་གསན་པ་མཛད། དེར་ཕྱུག་པོ་ཞིག་གི་ནས་ཁལ་བརྒྱ་ཐམ་པ་ཕུལ། ཆ་རྐྱེན་གྱིས་མི་ཐོགས་པར་བྱུང་བས་སྒྲོ་ཕུག་པའི་སློབ་མ་ཉང་ནག་མདོ་བོ། དེའི་སློབ་མ་ལྷ་རྗེ་མདའ་སེངྒེ་ལའང་སྒྱུ་འཕྲུལ་ཉན། མཁས་པ་ཆེན་པོར་གྱུར་ནས། རང་ཡུལ་དུ་རྡོ་ཐོག་ཐེལ་བཏབ། གཉལ་བ་ཞིག་པོའི་སློབ་མ་རྒྱ་མཆིང་རུ་བས་ཀྱང་རྡོ་ཐོག་པའི་ཞབས་ལ་གཏུགས་ཏེ་ཐོས་པ་མང་དུ་མཛད། ཁྱད་པར་དུ་འདི་ལ་སློབ་མ་མཁས་ཤིང་གྲུབ་པའི་དཔའ་བོ་སྐྱི་ཆོས་ཀྱི་སེང་གེ་བྱ་བ་ཞིག་བྱུང་། དེས་གོང་མ་སེ་ཆེན་གྱི་སྤྱན་སྔར་བྱོན་པས། རྒྱལ་པོས་ནུས་པ་བརྟག་པའི་ཕྱིར་ཐུབ་


JLAZ013_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་མཛད་དེ་མཆོད་རྟེན་གྱི་ནང་དུ་བཅུག་ནས་སྒོ་བརྩིགས་ཏེ་ལོ་གཅིག་བཞག །ལོ་དུས་ན་ཁ་ཕྱེ་སྟེ་བལྟས་པས། རྡོ་རྗེ་ཕུར་བུའི་སྐུར་གྱུར་འདུག་པས་ངོ་མཚར་ཆེན་པོ་སྐྱེས། རྡོ་ཐོག་པ་ལ་དར་རིང་ཆེན་མོ་ལ་སོགས་པའི་དངོས་པོ་ཚན་ཆེར་གནང་། འཇའ་སས་བཅད་པའི་དགོན་གཞིས་ཀྱང་མང་དུ་ཡོད་དེ་དར་རྒྱས་ཤིན་ཏུ་ཆེ་བར་བྱས། ད་ལྟ་ནི་མིང་དུ་གྲགས་པའི་རྗེས་ཤུལ་ཙམ་སྟེ་བསྟན་པའི་འཕེལ་འགྲིབ་འདི་ཡང་སྐྱོ་བ་བསྐུལ་བའི་རང་བཞིན་ནོ། །སྐྱི་ཆོས་ཀྱི་སེངྒེའི་སློབ་མ་ནི། སྨན་ལུང་པ་ཤཱཀྱ་འོད་དེ། འདི་ནི་འཕྱོང་པོ་ཁེ་རུའི་ཉང་སྟོན་ཆེན་པོར་སྲས་ལྔ་བྱུང་བ་ཡར་ཀླུང་སྤྲུལ་སྐུ་མཆེད་ལྔར་གྲགས་པའི་ཆེ་ཤོས་ཡིན། ཡུལ་ཡར་ཀླུང་དགོན་པ་སྨན་ལུང་ཡིན་པས་དེ་སྐད་དུ་གྲགས། ཚིགས་གཉིས་པ་ཆོས་ལྡན་པའི་གདན་ས་ད་ལྟ་ཆོས་ལྡན་ཞེས་པའི་དགོན་རོལ་འདི་ག་ཡིན། མཚན་དངོས་མགོན་པོ་རྡོ་རྗེ་ཞེས་བྱ་སྟེ་གྲུབ་པ་ཤིན་ཏུ་བརྙེས་པས་གྱང་ལ་སྐུ་རྒྱབ་གཏད་པའི་རྗེས་ཐིམ་གྱིས་སོང་བ་ད་ལྟའང་ཡོད། སྔར་འདིར་ཆོས་གྲྭ་ཆེན་པོ་ཆགས་པར་སྣང་སྟེ་རྒྱུད་འབུམ་གྱི་རས་མའང་ཤིན་ཏུ་མང་བར་མཐོང་། སྨན་སྒྲུབ་མཛད་པས་ཡུལ་འདི་སྡིག་པ་དང་གྲོག་སྦུར་ཀྱང་དཀོན་པ་ཡིན་ཞེས་ཐོས། སྲུང་མ་ཤིན་ཏུ་ནུས་པ་ཆེ་བས། ད་ལྟ་དགོན་ཤུལ་ཀྱང་སྲུང་བར་སྣང་སྟེ་ལྷ་འདྲེ་རྣམས་དམ་ཚིག་ལ་ཤིན་ཏུ་


JLAZ013_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཞིག་གོ །ཚིགས་འོག་མ་གསུམ་ལ་སྐལ་ལྡན་པ། དུར་ཁྲོད་པ། དབང་རྒྱལ་བ་ཞེས་གྲགས། དེ་ལས་འདིར་ཚིགས་དང་པོ་སྨན་ལུང་པ་ཤཱཀྱ་འོད་ཀྱིས་སྐྱི་ཆོས་ཀྱི་སེངྒེ་ལས་མདོ་སྒྱུ་འཕྲུལ་རྣམས་ལེགས་པར་བསླབས། ཕྱིས་གླན་ཤཱཀྱ་འོད་པོའི་སྲས་གླན་མཁས་པ་བསོད་རྒྱལ་ལའང་གསན་ནས། གསང་བ་སྙིང་པོའི་ཁོག་དབུབ་དང་། ཊཱིཀྐ་རྒྱུད་དོན་རྣམས་ངེས་ལ་སོགས་པ་ཡིག་ཆ་མང་དུ་མཛད། འདིའི་སློབ་མ་དྭགས་པོའི་སངས་རྒྱས་གོང་ལ་བ་ཡིན། དེ་ལ་དང་པོ་ཉིད་དུ་སློབ་མ་གཉལ་ལ་སོགས་པ་མང་དུ་ཐོན་ཞིང་། གཙོ་བོར་གོན་གྱོ་བདག་པོའི་བླ་མར་གྱུར་ནས་ཁམས་སུ་ཤིན་ཏུ་དར་བར་གྱུར་ཏོ། །ཡང་སྨན་ལུང་པ་ལས་དབོན་ཤཱཀྱ་འབུམ་པས་གསང་བ་སྙིང་པོའི་བཤད་པ་མཁས་པར་བསླབས། དེ་ལ་མཁས་གྲུབ་ཆོས་དཔལ་ཡབ་སྲས་གཉིས་ཀྱིས་ཀྱང་གསང་སྙིང་གི་བཤད་པ་ལེགས་པར་ནོད། སྨན་ལུང་པའི་བརྒྱུད་པ་དེ་དག་ནི་གཏེར་ཁ་གོང་འོག་ལའང་གནས་དུས་དེར་ཆོས་ཀྱི་བདག་པོར་གྱུར་པ་ཞིག་གོ །སྐྱི་ཆོས་ཀྱི་སེངྒེ་གདན་ས་བ་རྒྱ་ཡེ་ཤེས་མགོན་པོས་ཀྱང་། སྐྱི་དང་གླན་ཆོས་རྒྱལ་གཉིས་ཀ་ལ་གཏུགས་ནས་མདོ་དང་སྒྱུ་འཕྲུལ་མཁས་པར་མཁྱེན། དེའི་དབོན་པོ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་གཞོན་ནུ་ལ་གསང་ཕུར་བྱོན་ནས། ཚད་མ་རྣམ་ངེས་མཁས་པར་སྦྱངས། དེ་ནས་ཕུ་བོ་རྒྱ་ཡེ་ཤེས་མགོན་པོ་ལས་མདོ་


JLAZ013_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྱུ་འཕྲུལ་ལེགས་པར་བསླབས་ནས། འགྲེལ་པ་སྤར་ཁབ་གཞུང་དུ་བྱས་པའི་ཊཱིཀྐ། དབང་གི་ཆོ་ག་ལ་སོགས་པ་མཛད། དེས་རང་གི་དབོན་པོ་བླ་མ་ཚུལ་རྒྱལ་བ་ལ་གསུངས། དེ་ལ་རི་གདོང་པ་ཤེས་རབ་རྒྱལ་མཚན་གྱིས་གསན། འདི་དྭགས་པོར་སྐུ་རབ་པ་དཔོན་གཡོག་དང་སྔགས་པ་རྣམས་ལ་བཤད་པས། རེ་ཞིག་ན་དྭགས་པོའི་ཕྱོགས་ནའང་དར་བ་ཡོད་ཟེར། ཤེར་རྒྱལ་གྱི་སློབ་མ་ཞང་མཁར་བ་བསོད་ནམས་བཟང་པོ། དེའི་སློབ་མ་སློབ་དཔོན་བཀྲ་ཤིས་རྒྱ་མཚོ། འདི་ལ་རྡོ་རྗེ་རྒྱལ་མཚན་པའི་སྙིང་ཊཱིཀའི་ཐོག་ནས་བཤད་ལུང་དང་། ཕུར་པ་ལྷ་ནག་ལ་སོགས་པ་འགོས་གཞོན་ནུས་གསན་ཏོ། །ཡང་ཁམས་ལུགས་སུ་གྲགས་པ་ནི། སྤྱིར་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཉི་འོད་སེངྒེས་མཛད་པ་ཡང་ཁམས་ནས་བྱུང་ཞིང་། བཻ་རོ་ཙཱ་ན་ལས་བརྒྱུད་པའི་བཤད་རྒྱུན་ཡིན་པར་ཤེས་ལ། ཁྱད་པར་སྒྲོ་ཕུག་པའི་སློབ་བརྒྱུད་ཀ་ཐོག་པ་ནི། ཟུར་གསང་བདག་ཤཱཀྱ་སེངྒེའི་སློབ་མ་གཙང་སྟོན་འགྲོ་བའི་མགོན་པོ་ཞེས་བྱ་བ་མཁས་གྲུབ་ཆེན་པོ་ཞིག་བྱོན་ཏེ་དེའི་སློབ་མ་ཀ་དམ་པ་བདེ་གཤེགས་སམ། ཤེས་རབ་སེངྒེ་བྱ་བའི་རིང་ལ་བསྟན་པའི་ཆུ་མགོ་བརྙེས་པ་ཡིན། མཚན་གཞན་དུ་སྤོབས་པ་མཐའ་ཡས་ཀྱང་བྱ་སྟེ། འདི་ཕག་མོ་གྲུ་པ་དང་ཡུམ་སྤུན་དུ་གྱུར་ལ་


JLAZ013_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་ཡུལ་ཡང་གཅིག་པ་ཁོ་ན་ཡིན། སྔོན་རབས་ལ་ཀྲྀ་ཀིའི་བུ་མོ་བདུན་གྱི་དང་པོ་དང་གནས་བསྟན་བྷ་ར་དྷྭ་ཛ། ཕལ་ཆེན་པའི་གནས་བརྟན་མུ་སྟེགས་ཀྱི་མཁས་པ་ཕྱིས་ནང་པར་གྱུར་པ། ཝཱ་རཱ་ཎ་སཱིར་ཆོས་རྒྱལ། ལོ་ཙཱ་བ་རྨ་རིན་ཆེན་མཆོག་ལ་སོགས་པའི་སྐྱེ་བ་དུ་མར་དྲན། བྱེ་བྲག་ཏུ་ཐལ་མ་ཐག་པའི་སྐྱེ་བར་བལ་པོ་བྷ་དནྟ་བྱ་བའི་རྣལ་འབྱོར་པ་ཞིག་མི་ཉག་རྒྱལ་པོའི་བླ་མར་གྱུར། དད་ཆེས་ནས་དེའི་དབུའི་བྱད་ཕྲེང་བའི་མདོ་འཛིན་ལ་བརྒྱུད་པར་མི་ཉག་གི་ཡུལ་ཐམས་ཅད་དུ་བཀར་བཏགས། རེ་ཞིག་ན་ཕྱིའི་རྒྱ་མཚོ་གཟིགས་སུ་བྱོན་པས། རྒྱ་མཚོའི་འགྲམ་དུ་ཕྲུ་མ་བཏབ་སྟེ་བཞུགས་པའི་ཚེ། དུས་མིན་གྱི་རླབས་འཁྲུགས་ནས་མྱ་ངན་ལས་འདའ་བར་བསྐུལ། སླར་གདུང་རྒྱལ་པོས་སྤྱན་དྲངས་ཏེ་མཆོད་པར་བྱེད་པ་དང་། རྒྱ་གར་ནུབ་ཕྱོགས་ཀྱི་རི་བྲག་ཆེན་པོར་དྲང་སྲོང་ག་ག་ཏི་བྱ་བའི་དྲུང་དུ་ནེ་ཙོར་གྱུར་ནས་རིག་སྔགས་བསླབས་ཏེ་ནུས་པ་ཅན་དུ་ཡོད་པའི་ཚེ། ཤར་ངོས་ན་དཀར་པོའི་ཕྱོགས་ཀྱི་ཀླུ་གཅིག་དང་། ནུབ་ངོས་ན་ནག་པོའི་རིགས་ཀྱི་ཀླུ་སྟོབས་ཅན་ཞིག་གནས་པ་ལས། ནག་པོའི་རིགས་ཀྱིས་དཀར་པོའི་ཕྱོགས་ལ་དམག་དྲངས་ནས་ནམ་མཁའ་ཐོག་སེར་དང་སྤྲིན་ནག་གིས་ཁྱབ། ས་གཞི་སྦལ་སྦྲུལ་ལ་སོགས་པའི་སྲོག་ཆགས་ཀྱིས་བཀང་ནས་བྱུང་བའི་ཚེ། ཀླུ་དཀར་པོས་ནེ་ཙོ་ལ་སྐྱབས་སུ་སོང་ངོ་། །དེར་ནེ་ཙོའི་རིག་སྔགས་ཀྱིས་


JLAZ013_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོའི་སྟོབས་ཕམ་པར་བྱས་པས། དཀར་པོའི་སྟོབས་རྒྱས་ནས་རྒྱལ་ཁམས་ཀྱི་འབྲུ་བཅུད་འཕེལ་བར་བྱས་པ་དང་། རྒྱ་གར་དུ་མུ་སྟེགས་ཞི་བ་པ་རྩོད་པས་ཚར་བཅད་ཅིང་སློབ་དཔོན་ཞི་བའི་ལྷར་གྱུར་ནས་པཎྜི་ཏའི་དབུས་སུ་སྤྱོད་འཇུག་གསུངས་པ་སོགས་སྐྱེ་བ་མང་པོ་དྲན། སྔོན་རྒྱལ་པོར་གྱུར་པའི་ཚེ་བློན་པོ་གཅིག་གིས་དབྱེན་བྱས་པས་ལྕེ་གཅོད་དུ་བཅུག་པས། ད་ལྟ་ངག་མི་བདེ་བ་ཡིན་གསུངས་ཞིང་ལས་འབྲས་ལ་གཙིགས་ཤིན་ཏུ་ཆེ་བ་དེ་དང་། ཡང་འཁྲུངས་ཡུལ་ལས་མིང་ཆགས་པ་རིན་པོ་ཆེ་གཙང་སྟོན་པ་ཞེས་མི་བསྐྱོད་པའི་ཞིང་རྟག་པར་གཟིགས་ཤིང་ལུང་བསྟན་ཐོབ་པ། ལོ་ཙཱ་བ་ཡེ་ཤེས་མཆོག་དང་། རྒྱ་གར་ཕྱག་ན་ལ་སོགས་པའི་སྔོན་གནས་རྗེས་སུ་དྲན་ཞིང་། ཆོས་སྐྱོང་བྲན་ལྟར་ཁོལ་བ་ཞིག་དང་པོར་གྲོགས་མཆེད་ལ། ཕྱི་ནས་དཔོན་སློབ་ཏུ་གྱུར་པ་དེ་ལས་བརྒྱུད་ནས་མདོ་དང་སྒྱུ་འཕྲུལ་གྱི་བཤད་པ་ཀ་ཐོག་ཏུ་འཕེལ་ཏོ། །དེ་ལ་འབྲི་ཆུའི་འགྲམ་སྤོམ་པོར་དང་ཉེ་བར་མི་མ་ཡིན་གདུག་པ་ཅན་མངོན་སུམ་དུ་སྐྱེ་འགྲོ་ལ་འཚེ་བ་ཞིག་ཕ་ཝང་ལ་གནས་བཅས་ནས་ཡོད་དོ། །དེ་འདུལ་བའི་དུས་ལ་བབས་ནས་ཕ་བོང་ཆོས་གོས་ཀྱིས་བཅིངས། གཙང་སྟོན་གྱིས་ཁྲིད། ཀ་དམ་པས་འཕྲེང་ལྕགས་ཀྱིས་བདས་ཏེ་ཐག་རིང་པོར་བསྐྱལ་བས་ཕ་བོང་ལ་ཕྱག་འཕྲེང་གི་རྗེས་ཤིན་ཏུ་གསལ་བ་ད་ལྟ་མངོན་སུམ་པར་ཡོད། དེ་


JLAZ013_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ས་ཡུལ་ཡི་གེ་ཀ་འདྲ་བའི་ཐོག་ཏུ་དགོན་གནས་བཅས་པས་ཀ་ཐོག་ཏུ་གྲགས། གཞི་འདུལ་བའི་ཚུལ་ཁྲིམས་ཀྱིས་བཟུང་བས་དགོན་པ་གཙང་ཞིང་དག །སྤྱོད་འཇུག་ལ་སོགས་སྤྱོད་ཕྱོགས་དར་བས་ཐེག་པ་ཆེན་པོའི་ལམ་སྲོལ་དུ་ཚུད། སྔགས་དང་མཚན་ཉིད་གཉིས་ཀ་དར་ཞིང་ཁྱད་པར་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་རྩ་བ་གནས་པ་ཡིན། ཕག་མོ་གྲུ་པས་ཀྱང་དག་སྣང་མཐའ་ཡས་པ་གཟིགས་ནས་ཆོས་མང་དུ་གསན། དེའི་སློབ་མ་སྤྱན་སྔ་བྱམས་པ་འབུམ་ནི་སློབ་དཔོན་ཛ་ལནྡྷ་རི་པའི་སློབ་མ་སྤྱོད་འཆང་དབང་པོ་ཡིན་ཏེ། འཕགས་པའི་ཡུལ་ནས་སོ་མ་ཛོ་ཀི་ཞེས་བྱ་བ་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཞིག་བོད་དུ་འབྱོན་ཁར། མི་ཏྲ་ཛོ་ཀིའི་ཞལ་ནས། ཁྱོད་བོད་དུ་འགྲོ་ན་ཡུལ་ཀ་ཐོག་བྱ་བར་སློབ་དཔོན་ཤཱནྟ་དེ་བ་དང་། བཛྲ་པ་ཎི་བོད་དུ་སྐྱེ་བ་བཟུང་བའི་གདན་ས་ན་ཀ་ཧྣ་པ་ཆེན་པོ་ཡོད་ཀྱི་དེ་ལ་ཕྱག་བགྱིས། ཞེས་དཔོན་སློབ་གཉིས་ཀའི་ལུང་བསྟན་པས་ཞབས་ལ་གཏུགས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀརྨ་པཀྵིས་ཀྱང་འདི་ལས་རབ་ཏུ་བྱུང་ཞིང་མན་ངག་རྫོགས་པ་ཆེན་པོའི་བཀའ་ཐམས་ཅད་གསན། དེ་བཞིན་དུ་པཀྵི་དང་འཕགས་པ་གཉིས་ཀའི་བླ་མར་གྱུར་པ་ཙ་ཏི་སྤྱན་སྔར་མང་ཕུ་བ་བསོད་ནམས་འབུམ་ལ་སོགས་པ་མཁས་ཤིང་གྲུབ་པ་བརྙེས་པ་ཤ་སྟག་བྱུང་ཞིང་། དགོན་པ་འདིར་གྲྭ་པ་ཁྲི་ཚོ་བཅོ་བརྒྱད་འདུ་བའི་སྐབས་


JLAZ013_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བས་དར་རྒྱས་ཤིན་ཏུ་ཆེ། གུ་རུ་ཆོས་དབང་གི་སློབ་མ་གྲུབ་ཐོབ་མ་ཎི་རིན་ཆེན་ཞེས་པའང་འདི་ཉིད་ཡིན་ཟེར་ཏེ་བརྟག །རྙིང་མ་རྒྱུད་འབུམ་གསེར་བྲིས་སུ་གནས་པ་སོགས་མདོ་ཁམས་ཀྱི་ཕྱོགས་ལ། སྔ་འགྱུར་བསྟན་པའི་རྩ་ལག་ཆེན་པོར་གྱུར་ཅིང་། ད་ལྟའང་བཀའ་གཏེར་གཉིས་ཀའི་སྲོལ་ཤིན་ཏུ་དར་བ་ཡོད་དམ་སྙམ་མོ། །ཡང་རོག་ཤེས་རབ་འོད་ལས་ཀྱང་མདོ་སྒྱུའི་བཤད་བཀའ་ཤིན་ཏུ་དར་བར་བྱུང་སྟེ། ཤེས་རབ་འོད་འདིས་དང་པོར་རོག་སྟོན་བཙན་པོ་ལས་སོ། ། ལུགས་ཀྱི་མདོ་དང་སྒྱུ་འཕྲུལ་དང་སེམས་ཕྱོགས་གསན། ལྷབ་དྲེས་མ་གོང་པ་ལས་མདོ་དང་སྒྱུ་འཕྲུལ་སྐྱོ་ལུགས། ལྷབ་ཀྱི་ཟུར་ཆོས་པ་སློབ་དཔོན་ཡམ་ཤུད་དངོས་གྲུབ་ལས་མདོ་དང་། སྒྱུ་འཕྲུལ་ཟུར་ལུགས། ཡང་སྒྲོ་ཕུག་པའི་སློབ་མ་གནུབས་སྟོན། དེས་ཁ་རག་སྙིང་པོ། དེས་ཡམ་ཤུད། ཡང་ཁ་རག་སྙིང་པོས་སྲས་པདྨ་འབར། དེས་རོག་ཤེས་རབ། ཡང་སོ་དར་མ་སེངྒེ་ལས་སྒྱུ་འཕྲུལ་མཆན་མངས་ཞེས་སྔར་མཆན་བུས་ཊཱིཀྐ་འཆད་པའི་སྲོལ་ཡོད་པ་དེ་གསན། ཡང་ཆུ་བར་གྱི་གླན་ཤཱཀྱ་བཟང་པོ་ལས་བརྒྱུད་པ་དང་། ལྷ་རྗེ་ཉ་རི་བའི་སློབ་མ་ཉང་ནག་མདོ་བོ་ལས་བརྒྱུད་པ་སྟེ། མདོར་ན་བླ་མ་འདིས་ལུགས་ཐ་དད་པ་མང་པོ་གསན་ཅིང་། སྒྱུ་འཕྲུལ་གཞི་ལམ་འབྲས་གསུམ་གྱི་སྟོང་ཐུན་དང་། ལམ་རྣམ་བཀོད་ཀྱི་ཊཱིཀྐ་བརྩམས། དེས་སྙེ་མདོ་


JLAZ013_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གཟིགས་པ་ཞེས་གྲགས་པར་བཤད་ཅིང་། དེས་ཀྱང་སྙིང་ཊཱིཀ་དང་། ལམ་རྣམ་བཀོད་ལ་མཆན་བུ་ཞིབ་པར་མཛད། རོག་གི་གདུང་བརྒྱུད་རྣམས་ལའང་དབང་དང་རྒྱུད་ཀྱི་བཤད་པ་ཤིན་ཏུ་དར་བ་བྱུང་ངོ་། །དེ་བཞིན་དུ་གཙང་སྟོད་མང་དཀར་དུ་ཡང་སྟོད་ཟུར་པ་ཞེས་གྲགས་པ་རིམ་པར་བྱུང་ནས་བཤད་སྒྲུབ་ལེགས་པར་མཛད། དེས་ལས་སྟོད་ལྷོ་བྱང་ཐམས་ཅད་དུའང་མེ་མཆེད་པ་བཞིན་གྱུར་པས། བྱང་དུ་མེ་སྟོན་འབྱུང་གནས་འོད་ཅེས་པ་དང་། སྣང་སྟོན་སེངྒེ་འོད་ཅེས་པ་དང་། བྱང་ཏར་ལ་མོ་པ་ཡོན་ཏན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པའི་བཤད་པ་ཡང་ཐོ་རེ་ལོང་ཡོད་པ། གཞན་ཡང་དན་བག་ཏུའང་སྒྱུ་འཕྲུལ་གྱི་བཤད་པ་རིམ་པར་བྱུང་བས་རྒྱལ་བ་ཀློང་ཆེན་པས་དེར་གསན་པ་མཛད་ཅིང་། མདོར་ན་ཟུར་མེས་དབོན་གསུམ་ལས། སློབ་མའི་རྣམ་གྲངས་ཇི་ལྟར་མཆེད་པ་བཤར་གྱིས་བཏབ་པ་དང་། དེ་དག་ལས་མཆེད་པའང་གྲངས་མེད་པས་གང་གི་རིང་ལ་དར་རྒྱས་སུ་མཛད་པ་གསང་བདག་སྒྲོ་ཕུག་པ་ཆེན་པོ་དེ་གངས་རིའི་ཁྲོད་ན་གསང་བའི་བདག་པོ་སྔགས་ཀྱི་བསྟན་པ་སྤེལ་བའི་སླད་དུ་བྱོན་ཏོ་ཞེས་དེའང་གྲགས་པ་དོན་དང་ལྡན་ནོ། ། དུས་ཕྱིས་ནི་གདུལ་བྱ་རྫོགས་པ་ལྟར་གྱུར་ནས་སྟོན་གྱི་ཆུ་བྲན་བཞིན་དུ་བལྟར་མི་མངོན་པ་ལ་ཕྱོགས་པའི་ཚེ། གནུབས་ཆེན་སངས་རྒྱས་ཡེ་ཤེས་


JLAZ013_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྨོན་ལམ་ཕྲག་པར་བཟུང་བ་གཉོས་དར་རྒྱས་ཆོས་སྡིངས་པ་འཕྲིན་ལས་ལྷུན་གྲུབ་ཡབ་སྲས་ཀྱི་སྔགས་རྙིང་མའི་དགེ་འདུན་འདུས་པའི་སྡེ་དབུས་རྒྱུད་ལ་ཆགས་པ་སྔ་བ་དཔལ་རི་ཐེག་པ་ཆེན་པོའི་གླིང་དུ་ཡུན་རིང་པོར་གཏན་ཆགས། ཐམས་ཅད་མཁྱེན་པ་པྲཛྙཱ་རས་སྨྲིའི་གདུང་། རྒྱལ་སྲས་རིན་པོ་ཆེའི་སློབ་མར་གྱུར་པ་བཤེས་གཉེན་རིན་ཆེན་དར་རྒྱས་ལའང་བཀའ་གཏེར་གྱི་ཕྱོགས་མང་དུ་གསན། ཁྱད་པར་དུ་གོང་རྭ་ལོ་ཙཱ་བ་གཞན་ཕན་རྡོ་རྗེ་ལ་སོགས་པའི་བླ་མ་མཁས་གྲུབ་དུ་མའི་ཞབས་ལའང་གཏུགས་ནས་སྙན་བརྒྱུད་དང་གདམས་པའི་སྲོལ་ཁ་ཟིན། སྲས་ཀྱི་དམ་པ་འགྱུར་མེད་རྡོ་རྗེ་དང་མ་ཧཱ་ལོ་ཙཱ་བ་ངག་དབང་ཆོས་དཔལ་གཉིས་ལས། གཏེར་སྟོན་སྨིན་གྲོལ་གླིང་པ་ཞེས་གྲགས་པའི་བ་དན་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ་དཔྱངས་པ། དེའི་ཐུགས་བསྐྱེད་དང་སྨོན་པའི་ལས་ཤུགས་གོང་མ་ལྔ་པ་ཆེན་པོའི་ཐུགས་རྗེའི་གྲིབ་བསིལ་ལ་དབུགས་འབྱིན་ཐོབ་པའི་བདག་པོའི་རྐྱེན་དང་འགྲོགས་ནས། དགེ་འདུན་འདུ་བའི་པད་ཚལ་བསྐྲུན། དམ་པའི་ཆོས་འདུལ་བ་ལ་ལེཊ་པར་གནས་པས་གཞི་གསུམ་གྱི་ཆོ་ག་ལག་ལེན་དུ་འདེབས་པ་དང་ཆབས་ཅིག་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་འབབ་སྟེགས་བཅས། སྔ་འགྱུར་བཀའ་མའི་རྒྱུད་སྡེའི་དཀྱིལ་འཁོར་ཆེན་པོ་ཕལ་ཆེར་བཤད་སྒྲུབ་ཀྱི་རྒྱུན་བཙུགས།


JLAZ013_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་ཆོ་གའི་ཁྲིད་རིམ་མང་དུ་མཛད། ཁྱད་པར་དུ་ལོ་ཙཱ་བ་དྷརྨ་ཤྲཱིའི་མཁྱེན་རབ་ཀྱི་ཆུ་གཏེར་ལས་གསང་བ་སྙིང་པོའི་རྒྱུད་ལ་ཟུར་པའི་བཤད་སྲོལ་གྱི་འགྲེལ་པ་ཞལ་ལུང་དང་དགོངས་རྒྱན་གཉིས། འདུས་པ་མདོའི་དབང་གི་ཆོ་གའི་ཁྲིགས་ལག་ལེན་ལ་འདེབས་བདེ་བ། མངའ་རིས་པཎ་ཆེན་རིན་པོ་ཆེའི་སྡོམ་པ་གསུམ་གྱི་རྣམ་པར་ངེས་པའི་བསྟན་བཅོས་ཀྱི་ཊཱིཀྐ་སོགས་མཛད་པས་བསྟན་པའི་བྱ་བ་ལ་གཅིག་ཏུ་ངོ་མཚར་ཆེའོ། །དེ་དག་ལས་བདག་ཅག་གིས་རིན་པོ་ཆེ་ཐང་འབྲོག་པ་པདྨ་རིག་འཛིན་དབང་པོ་ལས་གླན་ལུགས་ཀྱི་ཡིག་ཆའི་སྟེང་ནས་འདུས་པ་མདོ། གྲུབ་དབང་ཤྲཱི་ནཱ་ཐ་ལས་སྒྱུ་འཕྲུལ་རྩ་རྒྱུད་ཀྱི་སྟེང་ནས་བཤད་ལུང་སྦྲགས་མ། སྤྲུལ་པའི་སྐུ་རིན་པོ་ཆེ་བསྟན་འཛིན་ལྷུན་གྲུབ་ལས་སེམས་ཕྱོགས་ལ་སོགས་ཏེ། རྒྱུད་འབུམ་རིན་པོ་ཆེ་མ་ཚང་མེད་པའི་ལུང་ནོད་ཅིང་དེ་དག་གི་གོ་དོན་དང་རྟོཊ་པའི་དངོས་གྲུབ་མ་ལུས་པ་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱི་བྱིན་བརླབས་དང་། གསུང་རབ་ཁོ་ན་ལས་རྙེད་པ་ཡིན་ནོ། །ད་ནི་གངས་རིའི་ཁྲོད་ཙམ་ན་ཕུལ་དུ་བྱུང་བའི་པཎྜི་ཏ་ཆེན་པོར་གྲཊ་པ་རོང་པ་ཆོས་ཀྱི་བཟང་པོའི་གཏམ་བརྗོད་པ་ལ་དྲན་པ་ཉེ་བར་བཞག་པར་བྱ་སྟེ། དེ་ལ་རོང་བན་དཔལ་གྱི་རིན་པོ་ཆེའི་སྲས། རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་བྱ་བ་དེས་རྒྱུའི་དུས་ཀྱི་མངོན་བྱང་ལྔའི་ཆོ་ག་བྱས་པ་ལས། ཕྱོགས་ཀྱི་གླང་པོའི་ཤེས་རབ།


JLAZ013_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིག་གཉེན་ཞབས་ཀྱི་ཐོས་པ། ཙནྡྲ་གོ་མིའི་བརྗོད་པ། ཆོས་ཀྱི་གྲགས་པའི་བརྒལ་བརྟག །སློབ་དཔོན་དཔའ་བོའི་རྩོམ་པ་སྟེ། ཕུན་སུམ་ཚོགས་པ་ལྔའི་ངོ་བོར་བྱང་ཆུབ་པའི་སྐྱེ་བའི་མྱུ་གུ་གཙང་སྨད་རུ་ལག་གི་སའི་ཆ་སྣར་ལུང་རོང་དུ་བཟུང་ངོ་། །དེ་ནི་བསྟན་པ་སྔ་དར་གྱི་ཞབས་སུ་སློབ་དཔོན་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཞེས་བྱ་བའི་པཎྜི་ཏ་ཞིག་བྱོན་ནས་མདོ་ཁམས་ཀྱི་སའི་ཆར་རྒྱུད་འགའ་ཞིག་གི་འགྱུར་ཡང་བཅོས། ཐག་ན་མཚན་བརྗོད་ཀྱི་འགྲེལ་པ་ལ་སོགས་པ་གསང་སྔགས་ཀྱི་འགྲེལ་པ་དང་། འཇམ་དཔལ་གསང་ལྡན་ལ་སོགས་པའི་སྒྲུབ་ཐབས་མང་པོ་བསྒྱུར། སྒྲའི་བསྟན་བཅོས་འགའ་ཞིག་ཀྱང་མཛད་ནས་མྱ་ངན་ལས་འདས་པ་གང་གི་དེ་མ་ཐག་པའི་སྐུའི་སྐྱེ་བ་ཡིན་པར་གྲགས། བཀའ་འགྱུར་མདོ་མང་གི་ལུང་རྒྱུན་ལ་སྨྲྀ་ཏི་དང་བྲེང་ཆགས་སུ་འདྲེན་པ་དཔྱད་གཞིར་སྣང་། ཡང་ཨ་ཙ་ར་ཕྲ་ལ་རིང་མོ་ཞེས་བྱ་བའི་པཎྜི་ཏ་ཞིག་ཁམས་སུ་བྱོན། གསང་བ་འདུས་པའི་རྒྱ་ཆེར་འགྲེལ་པ་ལ་སོགས་བསྒྱུར་བཤད་མཛད་ནས་འདས་པ་དེ་ཉིད་ཀྱི་སྐྱེ་བ་ཡིན་པར་ཡང་གྲགས། སྐུ་གཞོན་ནུ་ནས་ལྷུན་གྱིས་གྲུབ་པའི་ཤེས་རབ་ཆེན་པོ་མངའ་བས་ཉང་སྨད་དུ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལས་གསན་པ་མཛད། ཡབ་ཀྱི་རྒྱགས་བསྐྱེལ་དུ་བྱོན་པས། མཆེད་གྲོགས་དག་ན་རེ། ཁྱོད་ཀྱི་བུ་འདི་བློ་དྲེད། ཐོ་ཅོ་ཆེ་བས་ངེད་


JLAZ013_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ཀྱང་བསུན་པར་བྱེད་ན་ད་རེས་འཁྲིད་པ་འཐད་ཅེས་ཟེར། ཡབ་ཀྱིས་སློབ་དཔོན་ལ་ཁོང་རྣམས་དེ་སྐད་མཆིད་ན་འཁྲིད་པར་བྱའམ་ཞུས་པས། འགར་སྟོན་ཆེན་པོས། དེ་སྐད་མ་ཟེར། ཆོས་ཐམས་ཅད་ཁོས་གོ་ནས་ཡོད་པ་ཡིན་གསུངས་སྐད། ལོ་བཅུ་གཅིག་པ་ལ་མཚན་ཉིད་གསན། ཆོས་དབང་ལ་བྱིས་པའི་རྩེ་སར་ཡང་སློབ་དཔོན་གྱི་གསུང་ཚད་ཤར་རེ་འོང་བས་ཆོས་ཐམས་ཅད་ཚར་རེ་གསན་པ་ཁོ་ནས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས་འཇམ་དཔལ་གྱི་སྤྲུལ་པར་གྲགས། བཅུ་གསུམ་ལོན་པའི་ཚེ་གསན་པ་རྫོགས་པ་དང་འདྲ་བར་བྱུང་ཞིང་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པ་བྱུང་། ཉིད་ཀྱི་ཞལ་ནས་ཀྱང་། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་མ་ཐོས་པ་མེད་དོ། །ཐོས་པ་ཆེ་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ཚར་རེ་ལས་མ་དགོས་སོ་གསུངས་སྐད། སྐྱེས་བུ་ཆེན་པོ་འདི་ནི་ཤེས་རབ་མྱུར་ལ་ཟབ་པ། རྒྱ་ཆེ་ལ་དྲི་མ་དང་བྲལ་བའི་སྤོབས་པ་མཆོག་ཏུ་དགེ་བས་མདོ་རྒྱུད་དམ་བསྟན་བཅོས་ལ་སོགས་པའི་རྒྱ་གཞུང་བརླིང་པོ་སྔར་མ་གཟིགས་པ་མཐའ་དག་ཚར་རེ་རེའམ། གཉིས་ཚུན་ཆད་གཟིགས་པས་ཚིག་དང་དོན་གྱི་ཆ་མ་ལུས་པ་ཐམས་ཅད་ཐུགས་ལ་ཟིན་ཅིང་མི་བརྗེད་པའི་གཟུངས་ཐོབ་པར་གྲགས་པས། ཐོག་མ་ཉིད་ནས་ཧ་ཅང་མ་འབད་པར་སཾ་སྐྲྀ་ཏ་དང་། སྐད་རིགས་ཀྱི་བྱེ་བྲག་གཞན་


JLAZ013_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ལའང་མ་རྨོངས་ཤིང་། ཕྱི་ནང་གི་རིག་པའི་གནས་དང་གཙུག་ལག་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་ཚེར་མ་རྣོ་བས། བོད་ཀྱི་སྐད་ཉིད་ལའང་འདི་ནི་དོན་འདི་ཙམ་ལ་འཇུག་གོ་ཞེས་སྟོན་པའི་ཁྱད་པར་ཕྲ་མོའང་གཞན་ལས་ཆེས་ལྷག །ཚད་མའི་བསྟན་བཅོས་དང་། རིག་བྱེད་ཀྱི་བསྟན་བཅོས་དང་། དོན་དུ་འགྱུར་བའི་ཚིགས་བཅད་དང་། སྙན་དངགས་ལ་སོགས་པའང་དབྱུག་པ་ཅན་གྱི་གཞུང་ཁོ་ན་ལ་མ་ལྟོས་པར་རིག་པ་དེ་སྟོན་པའི་གཞུང་ལུགས་རྒྱ་ཆེན་པོ་མང་པོའི་དོན་མཁྱེན་པ་ཡིན། བྱིས་པའི་དུས་ཨ་ཙ་ར་འདུག་ཚད་ལ་དགྱེས་ཤིང་དེ་དག་དང་བརྡ་འཕྲོད་པས་བི་བཪྟའི་པུ་ཏི་ལ་བརྟགས་པ་ཙམ་གྱིས་མཁྱེན་པ་ལ་ཚེགས་མ་བྱུང་། ཐ་ན་དུད་འགྲོའི་བརྡ་དང་སྐད་ཀྱི་རིམ་པའང་མཁྱེན་པར་གྲགས། སྨྲ་སྒོ་ལ་སོགས་པའི་འགྲེལ་པ་དང་བསྟན་བཅོས་ཀྱང་མང་དུ་མཛད། བློ་གྲོས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པས་སྤྱིར་ཆོས་ལ་མོས་པའི་མི་རྣམས་དང་ཆོས་ཀྱི་གང་ཟག་དང་། ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་ཞུགས་ཤིང་། གསང་སྔགས་ཀྱི་ལས་དང་དངོས་གྲུབ་བསྒྲུབ་པར་འདོད་པ་དག་ལ་ཕན་གདགས་པའི་དགོངས་པ་ཟབ་མོ་མངའ་བས། ཕྱིན་ཅི་མ་ལོག་པའི་གདམས་པས་ནན་ཏན་དུ་འདོམས་ཞིང་ཕན་ཐོགས་པར་མཛད། མངོན་པར་ཤེས་པའི་ཆ་དང་ལྡན་ཞིང་། སེམས་ཅན་འདུལ་


JLAZ013_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་དང་གནས་སྐབས་མཁྱེན་པས། འགྲོ་བ་ཕལ་པ་བློ་བསྒྱུར་ཞིང་། ཆོས་ལ་གནས་པ་རྣམས་དེའི་འགལ་ཟླར་གྱུར་པ་ལས་བཟློག་པའི་ཕྱིར། འབྱར་ཞིང་འགྲིག་པའི་བསྟན་བཅོས་ཞལ་སྒོའི་ཆུ་སྐྱེས་ལས་བྱུང་སྟེ་ཕན་འདོགས་པ་ལ་རྟག་ཏུ་སྐྱོ་བ་མི་མངའ། ཆོས་ཀྱི་བློ་མ་བསྒྱུར་བའི་སྐྱེ་བོ་ཐ་མལ་པ་དག་ལ། སེར་སྣ་སྤངས་ནས་བདོག་པ་གཏོང་བ་དང་ལོག་སྒྲུབ་བཟོད་པས་སྙིང་རྗེའི་ཡུལ་དུ་མཛད་ནས་ཞི་བདེ་ལ་འགོད། སྡོམ་པའི་གནས་དང་ཐུགས་དམ་ལ་ནོར་བུ་རིན་པོ་ཆེ་དང་སྲོག་གི་དབང་པོ་ལྟར་གཅེས་སྤྲས་མཛད་ཅིང་གཞན་ཡང་དེ་ལ་འགོད། དམ་པའི་ཆོས་རྩོམ་པ་ན་གླེགས་བམ་བསྡུ་ཞིང་གཟིགས་པ་ལ་སོགས་པའི་རྟོག་དཔྱོད་ཀྱི་སྒྲོ་འདོགས་མི་དགོས་པར། ཆོས་ཀྱི་ཚིག་དོན་ལ་ཐོགས་རྡུགས་མེད་པར་འཇུག་པའི་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་ཞིང་བསྟན་བཅོས་རྣམས་ཀྱང་དོན་བཟང་པོ། ཚིག་འབྲུ་བཟང་པོ། བརྗོད་པ་མ་འདྲེས་པ་ཤ་སྟག་འབྱུང་བས། སྟོན་པ་དྲང་སྲོང་ཆེན་པོའི་གསུང་གི་གསང་བ་དང་རྗེས་སུ་མཐུན་པའི་ཕྱིར་གཞན་མཁས་པར་གྲགས་པ་གང་གིས་ཀྱང་རྩོད་མི་ནུས་ཤིང་། དེས་མཛད་པའི་གསང་སྔགས་ཀྱི་མན་ངག་རྣམས་ལ་སློབ་པའི་རྒྱུད་དུ་བྱུང་བའི་གང་ཟག །ལུང་མ་ཐོབ་ཀྱང་ཡི་གེ་ལས་བྱུང་བ་བཞིན་སྦྱར་བ་ལས་བྱིན་རླབས་མ་བྱུང་བ་མེད་ཅེས་གྲགས་པས། བདེ་བར་གཤེགས་པའི་སྤྲུལ་པའི་སྐུ་ཉིད་དུའང་གླེང་། གནས་ལྔ་རིག་པའི་


JLAZ013_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜི་ཏ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཇོ་བོ་ཨ་ཏི་ཤ་དང་བདག་ཉིད་ཆེན་པོ་འདི་མཇལ་བའི་ཚེ། ཇོ་བོའི་ཞལ་ནས། རྒྱ་གར་གྱི་ཨ་ཙཱརྱ་ནག་པོ་སྤྱོད་པ་དེ་ཉིད་ཚེ་འཕོས་པ་ཇོ་བོ་འདི་ཁོ་ན་ཡིན་ཏེ། ཁོ་བོས་འདི་དང་ཆོས་གཏམ་བྱ་བ་ག་ལ་ཐུབ་ཅེས་རྩོད་མེད་དུ་གྲགས་པར་གསུངས། སྤྱིར་གཏམ་དུའང་། འདུལ་བ་མཚུར་སྟོན་དབྱིག་གེ་མཁས། །ཆོག་སྒྲིག་བཟངས་ཀྱི་ཡེ་གྲགས་མཁས། །སྒྲ་དང་ཚད་མ་རོང་པ་མཁས། །ཐམས་ཅད་འཛོམས་པ་ཨ་ཕོ་རང་། །ཆོས་གྲགས་རང་ཟེར་སྐད། སྤྱིར་བླ་མ་མང་པོ་ལས་མདོ་སྔགས་སོ་སོའི་བརྒྱུད་པའི་བྲེང་ཆགས་འཐུད་པ་ཙམ་ཡོད་མོད་ཀྱི། ཁྱད་པར་དུ་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་སྐོར་ལས། སློབ་དཔོན་ཆེན་པོ་པདྨའི་གདམས་པ་རྣམས་ནི་སྣ་ནམ་རྡོ་རྗེ་བདུད་འཇོམས། མཁར་ཆེན་དཔལ་གྱི་དབང་ཕྱུག་གམ་ཨ་ཙ་ར་དཔལ་མེ་ཏོག །སྒྲོ་རྡོ་རྗེ་གཞོན་ནུ། ཞང་ཞུང་ཡོན་ཏན་གྲགས། རོང་བན་ཡོན་ཏན་རིན་ཆེན། རོང་བན་ཚུལ་ཁྲིམས་རིན་ཆེན་ལས་ཉིད་ཀྱིས་གསན་ཏོ། །བཻ་རོ་ཙཱ་ནའི་མན་ངག་རྣམས། བཻ་རོས་གཡུ་སྒྲ། དེས་བླ་ཆེན་དགོངས་པ་གསལ། དེས་གྲུམ་ཤིང་གླག་ཅན། དེས་གནུབས་དཔའ་བརྟན། དེས་ཡ་ཟི་བོན་སྟོན། དེས་ཀུན་མཁྱེན་རོང་ཟོམ་ལ་བཤད་དེ་སེམས་སྡེའི་བརྒྱུད་པ་གཅིག་གོ །ཡང་ཀློང་ཐང་སྒྲོན་མར་ཨ་རོ་ཡེ་ཤེས་འབྱུང་གནས་


JLAZ013_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་གྲུབ་པའི་སྐྱེས་བུ་ཞིག་བྱུང་སྟེ། དེ་ལ་རྒྱ་གར་བདུན་བརྒྱུད་དང་རྒྱའི་སློབ་དཔོན་བདུན་བརྒྱུད་ཀྱི་གདམས་པ་མངའ་ཞིང་། དེས་ཅོག་རོ་ཟངས་དཀར་མཛོད་ཁུར་དང་། ཡ་ཟི་བོན་སྟོན། དེས་ཉིད་ལའོ། །འདི་ལ་རྫོགས་ཆེན་ཁམས་ལུགས་ཞེས་ཟེར། ཡང་བི་མ་ལས་ཉང་ཏིང་འཛིན་བཟང་པོ་ལ་གསུངས་པ་དང་། བི་མ་ལས་རྨ་རིན་ཆེན་མཆོག་དང་། གཉགས་ཛྙཱ་ན་ཀུ་མཱ་ར་ལ་གསུངས་པའི་མན་ངག་ཀྱང་། གཉིས་ཀས་ཁུ་བྱང་ཆུབ་འོད་ཁྱུང་པོ་དབྱིག་འོད་ལ་བརྒྱུད་ནས་རིམ་གྱིས་རོང་ཟོམ་ལ་མངའ་བས་གསང་སྔགས་སྔ་འགྱུར་བསྟན་པའི་བདག་པོ་འགྲན་ཟླ་སྤངས་པ་ཞིག་སྟེ་འདི་ཉིད་ལའང་བསྟན་པའི་ཆུ་མགོ་གཅིག་གནས་སོ། །གསང་སྙིང་འགྲེལ་པ་རོང་ལུགས་ཀྱི་མགོ་ན། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །ཞེས་ཡོད་པས་དཀོན་མཆོག་འགྲེལ་ཞེས་མིང་དུ་ཐོགས་ལ། ཀུན་མཁྱེན་ཆེན་པོའི་འགྲེལ་པ་ཕྱོགས་བཅུ་མུན་སེལ་ཐེག་རྒྱལ་གྱི་ལུགས་སུ་བཀྲལ་ཞིང་ཞལ་གསལ། ཀུན་མཁྱེན་རོང་པའི་འགྲེལ་པ་འདི་བྱིངས་ཆེ་བར་བཀྲལ་བས་སྒྲོམ་ཆེ་ཞིང་ཁ་དམ་པར་སྣང་སྟེ། བོད་འགྲེལ་གྱི་གཙོ་བོ་འདི་གཉིས་ཡིན་པར་ཤེས་ན་བློ་གྲོས་ལ་ནུས་པ་ཆེན་པོ་སྟེར་བ་ཡིན་ནོ། །དེའང་སྐུ་གཞོན་ནུའི་ཚེ་མདོ་སྟོན་སེངྒེ་བྱ་བ་ལས་སྔ་འགྱུར་གསན་པའི་ཚེ། རེ་ཞིག་ན་མནལ་ལམ་དུ་གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱིས་ཚོད་


JLAZ013_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་ནས་གསོལ་གྱིན་འདུག་པ་རྨིས། དེ་སློབ་དཔོན་ལ་བརྗོད་པས། ཤིན་ཏུ་ངོ་མཚར་ཆེ། ཆོས་དེ་ཁོང་དུ་ཆུད་པའི་རྟགས་ཡིན་ཁྱོད་ཀྱིས་འགྲེལ་པ་རེ་གྱིས་གསུངས་སྐད། དེར་བླ་མའི་དགོངས་པ་རྫོགས་པར་བྱ་བའི་ཕྱིར། བསླབ་པ་རིན་པོ་ཆེ་གསུམ་ལ་བརྟེན་པའི་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་དོན་གྱི་ངེས་བརྗོད་དམ་ཚིག་མདོ་རྒྱས། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་སྟོན་པ་འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་པ་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག །མཉམ་སྦྱོར་གྱི་འགྲེལ་པ། དེ་བཞིན་དུ་ངན་སོང་སྦྱོང་རྒྱུད་འཇིགས་བྱེད་ལ་སོགས་པའི་འགྲེལ་པ་དང་མན་ངག་མང་པོ། དེ་དག་གི་ནང་ནས་ཀྱང་། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་བསྟན་བཅོས་ལ་སོགས་པ་གཞུང་གཏིང་ཟབ་ལ་གོ་དོན་སློང་ཆེ་བ་བརྗོད་ཀྱིས་མི་ལངས་པ་དང་། མདོར་ན་མདོ་སྡེ་དང་། རྒྱུད་སྡེ་དང་། བསྟན་བཅོས་ཀྱི་བྱེ་བྲག་ལ་ཐུགས་སུ་མི་ཆུད་པ་བྱ་བ་ཤེས་བྱ་ལ་སྲིད་པར་མ་གྱུར་པས། ཐམས་ཅད་མཁྱེན་པའི་གནས་ལ་རང་གིར་མཛད་དེ། ཐ་ན་འཇིག་རྟེན་པའི་ཞིང་ལས་དང་། ཕྱུགས་སྐྱོང་བ་དང་། དཀར་ཤེས་ཇི་ལྟར་བསྒྲུབ་པ་ཚུན་ཆད་ཀྱི་བསྟན་བཅོས་ཀྱང་མཛད་པས། དུས་དེའི་ཚེ་བོད་རུ་བཞིའི་མཁས་པ་ཐམས་ཅད་ཀྱི་དང་པོར་རྩོད་པའི་བྱ་བ་ལ་ལྷགས་


JLAZ013_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པའང་། སླར་སློབ་དཔོན་ཆོས་ཀྱི་གྲགས་པའི་བརྟུལ་ཞུགས་ཀྱིས་གང་དང་གང་གི་སྤོབས་པའི་འཁྲི་ཤིང་ཉམས་ཉེས་པར་བྱས་ནས་ང་རྒྱལ་གྱི་གདེངས་ཀ་ལས་སྐྱང་ནུལ་བྱ་བའི་སྐབས་བྱུང་བ་ཡིན་ཏེ། འདི་ལྟར་ཤབ་ཀྱི་ཡང་ཁྱེར་བླ་མ། མར་པ་དོ་པ། འུ་ཡུག་པ་མདའ་སྟོན། མདོའི་ཁྱུང་པོ་ཧཱུཾ་སྙིང་། སེ་ཁྲོམ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། པང་ཀ་དར་ཆུང་། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་ལ་སོགས་པའི་མཁས་པ་ཐམས་ཅད་ཀྱིས་བོད་དུ་སྐྱེས་པའི་གང་ཟག་གིས་བསྟན་བཅོས་འདི་ཙམ་བརྩམས་པ་ཞེས་དཔྱས་གདགས། སུན་འབྱིན་པའི་རིག་པ་བསམས་ཏེ། ཁྱུ་མཆོག་རྭ་བརྡར་བ་ལ་ཕྱོགས་པ་བཞིན་དུ་སྐྱེས་བུ་ཆེན་པོ་དེའི་གམ་དུ་སོང་སོང་བ་ན། ལུང་གིས་འཐད་པ་དང་། རིག་པས་དཔྱད་བཟོད་པ་དང་། གཏན་ཚིགས་དང་བླ་མས་ཉེ་བར་བསྟན་པ་དང་མི་འགལ་ཞིང་། སྒྲ་སྐྱོན་དང་། དོན་སྐྱོན་ལ་སོགས་ཀྱི་འགལ་ཟླའི་ཕྱོགས་ཐམས་ཅད་རྣམ་པར་སྤངས་པའི་མཁྱེན་རབ་ཀྱི་སྤོབས་པས་ཚར་བཅད། བསྟན་བཅོས་རེ་མཐོང་ཞིང་། དེའི་དོན་ལ་རོ་མྱང་པས་ཐམས་ཅད་ངོ་མཚར་སྐྱེས་ནས་བསྟི་སྟངས་དུ་མཛད། རི་མོར་མཛད། བླ་མར་མཛད་པ་ཤ་སྟག་ཡིན་ཞེས་གྲགས། དེ་སྐད་དུ་གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་བྱ་བ་ཐོས་པ་མང་པོའི་གཟུངས་འཛིན་པ་དེ་ཉིད་ཀྱིས་ཀྱང་དང་པོར་དཔྱས་གདགས། བར་དུ་བླ་མ་རོང་པས་མཛད་པའི་ཐེག་པ་


JLAZ013_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ཚུལ་ལ་འཇུག་པའི་པོ་ཏི་གཟིགས་པས་གུས་པ་ཆེན་པོ་སྐྱེས། ཐ་མར་ཟང་ཟིང་མང་པོས་བསྙེན་བསྐུར་ཏེ་མི་འཆབ་པར་བྱས་ནས། རྗེས་སུ་བཟུང་བར་གསོལ་བ་བཏབ། འཇམ་དཔལ་གསང་བའི་རྒྱུད་ལ་སོགས་པའི་ཆོས་མང་དུ་གསན། གསང་རྒྱུད་ཀྱི་སྐབས་ན་མར་པ་པཎྜི་ཏ་ཆེན་པོའི་ཞལ་ནས། འོ་སྐོལ་ལ་ད་ལྟ་རྒྱ་དཔེ་ཡོད་པར་གྱུར་ན་འདི་ལྟར་འགྲོ་བ་ཡིན་ཏེ། རྒྱ་དཔེ་མེད་པས་ད་ལྟ་བཅོས་སུ་མེད་གསུངས་པ་ལ། གོ་རུབ་ལོ་ཙཱ་བས་དེ་བློ་ལ་བཟུངས་ཏེ། ཕྱིས་ཇོ་བོ་ཀྲྀཥྞ་ཞེས་བྱ་བའི་པཎྜི་ཏ་ལས་རྒྱ་དཔེ་བྱུང་ནས་དེ་ལས་མཉན་པས། རོང་པ་དཎྜི་ཏའི་གསུངས་བཞིན་བྱུང་ནས་ཤིན་ཏུ་མོས་པ་ཐོབ་པར་གྱུར་ཏེ། ཀྲྀཥྞ་པ་ལས་བྱུང་བའི་རྒྱ་དཔེ་གཅིག་རོང་པ་ཉིད་ལ་ཕུལ་ནས་སླར་ཡང་གསན་སྐད། དེ་བཞིན་དུ་མར་པ་ཆོས་ཀྱི་དབང་ཕྱུག་ལ་སོགས་པའི་ལོ་ཙཱ་བ་དང་། མཁས་པར་གྲགས་པའི་བློ་རྩལ་ཅན་མང་པོས་ཀྱང་ཞབས་ལ་བཏུད། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཝ་རྨ་དང་། མཉྫུ་ཤྲཱི་ཛྙཱ་ན་དང་། ཨུ་པཱ་ཡ་ཤྲཱི་མི་ཏྲ་དང་། བུདྷ་ཨ་ཀ་ར་བྷ་དྲ་དང་། དེ་པཱ་ཀ་ར་ཙནྡྲ་དང་། པར་མེ་ཤྭ་ར་དང་། ཨ་མོ་གྷ་བཛྲ་ལ་སོགས་པ་པཎྜི་ཏ་མང་པོ་བསྟེན་ནས། དེ་དག་གི་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། གཤིན་རྗེ་དགྲ་རྒྱུད་དང་། འཇམ་དཔལ་སྔགས་དོན་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་


JLAZ013_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དཔེར་འོས། རྒྱ་གར་གྱི་པཎྜི་ཏ་ཀུན་ན་རེ། དྷརྨ་བྷ་དྲ་ཁྱོད་ཆོས་མང་པོ་བརྩམས་ལ་འགྲོ་བ་རྣམས་སྐྱོབས་ཤིག །ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག །སྒྲ་ཚད་ཀྱི་ལུགས་འདིའི་གསུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་རྒྱ་གར་ན་ཆོས་རྩོམ་པ་ཡིན་ན། ཁྱོད་ཅིའི་ཕྱིར་མི་རྩོམ་ཞེས་གསུང་སྐད། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང་། གཅོམ་བསྐྱུངས་པ་དང་། ཁེངས་པ་སྙོལ་བ་ལྷུར་མཛད་པས། རྒྱལ་བ་ཀློང་ཆེན་པས་རྒྱ་འགྲེལ་ལས་མངོན་པར་འཕགས་པ་བརྗོད་པའི་རང་ཉིད་ཀྱི་འགྲེལ་པ་བཟང་པོ་དཀོན་མཆོག་འགྲེལ་ལྟ་བུའི་གཤམ་དུ་ཡང་། མཁས་དང་འཕགས་ཆེན་རྣམས་ཀྱིས་མཛད་པའི་གཞུང་ལའང་། །སྒྲོ་སྐུར་དཔྱ་བར་བྱེད་ན་བདག་གཞུང་ཅིས་མི་སྨོད། །ཅེས་འཕགས་ཆེན་ལག་ན་རྡོ་རྗེས་བསྡུས་པའི་རྒྱུད་ལའང་མུན་པས་སྤྲུལ་པའི་ཤེས་རབ་ཀྱི་གཞུང་བརྟག་བྱེད་པ་ཡོད་ན། བདག་གིས་འགྲེལ་པ་སྨོས་ཅི་འཚལ་ཞེས་སློབ་དཔོན་ཞི་བ་ལྷའི་རྣམ་པར་ཐར་པ་བསྐྱངས་ནས་ངང་གིས་དགེ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཅན་དུ་སྟོན། གྲུབ་པའི་རྣམ་ཐར་ལ་གཞལ་ན། བྲག་ཆེན་གཟར་པོ་མེ་ལོང་ལྟ་བུའི་ངོས་ལའང་རྫུ་འཕྲུལ་གྱི་སྤྱོད་པས་གཤེགས་པ། དང་བྲག་ལ་ཕུར་པ་འདེབས་པ་དང་། ནམ་མཁའ་ལ་འཕུར་བ་དང་། བོད་ཀྱི་ལྷ་འདྲེ་ཕལ་མོ་ཆེའི་གནས་དང་སྤྱོད་པ་ཐུགས་སུ་ཆུད་པའི་མངོན་པར་མཁྱེན་པ་མངའ་བ་སོགས་མང་དུ་ཡོད་མོད་ཀྱི། འདི་ལྟ་བུའི་ལྟ་བ་


JLAZ013_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་གྱུར་ཅིང་སོ་སོ་ཡང་དག་རིག་བཞིའི་ས་ཐོབ་པ་དག་ལ་སྐྱེ་བོ་ཕལ་པ་ཡིད་བརྟན་པར་བྱེད་པའི་མངོན་རྟགས་གྱི་ན་བ་ཡི་གེའི་ལམ་དུ་འདྲེན་པ་ངོ་མཚར་བ་མ་ཡིན་ནོ། །དེ་ལྟར་སྤྲུལ་པའི་སྐུར་རྩོད་པ་མེད་པའི་པཎྜི་ཏ་ཆེན་པོ་དེ་ལ། གནས་སྐབས་དེ་ཙམ་ན་བྱོན་པའི་མཁས་པ་ཐམས་ཅད་ཀྱི་མངོན་པར་བསྟོད་ཅིང་སྤྱི་བོས་བཏུད་པར་གྱུར་ལ། དགུང་ལོ་བརྒྱ་དང་བཅུ་དགུ་བཞུགས་ཏེ་སྐུ་ལ་བསྙུན་པ་མེད་པའི་ངང་ནས་གཤེགས་པར་གྲགས། བོད་གངས་ཅན་གྱི་རྒྱུད་འདིར་འདི་དང་མཉམ་པའི་མཁས་པ་ནི་སུ་ཡང་མ་བྱུང་ཞེས་འགོས་ལོ་ཆེན་པོས་ཀྱང་སྔགས་ཤིང་ཡོངས་སུ་གྲགས་པའོ། །རྗེས་སུ་སློབ་པ་ལ་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ལས་དང་པོ་ནི། སྲས་གཟི་བརྗིད་འབར་དང་། འབུམ་འབར་གཉིས་ལས་སྲས་བརྒྱུད་ཡུན་རིང་པོའི་བར་བྱུང་བ་ཀུན་ཀྱང་རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས་པ་ཤ་སྟག་ཡིན། སློབ་བརྒྱུད་ནི། གོ་རུབ་ལོ་ཙཱ་བ་དང་། མར་པ་དོ་པ། འགོས་ལོ་ལ་སོགས་པའི་ལོ་ཙཱ་བ་ཆེན་པོ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་ལ་སོགས་ཏེ། གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་གཅིག་ཞ་མའི་མིང་པོ་རྗེ་འཁུན་བུ་པ་ལ་སོགས་པ་སྒོམ་ཆེན་རྣལ་འབྱོར་གྱི་དབང་པོ་བརྒྱ་བརྒྱད་བཅུ། ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་། ཡང་ཁྱེར་བླ་མ་ལ་སོགས་པ་གདུགས་ཐོགས་པ་ལྔ་བརྒྱ་ལ་སོགས་


JLAZ013_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལྟར་སྔོན་རབས་པ་རྣམས་ཀྱིས་ཡི་དམ་གྱི་གཙོ་བོ་ཡང་ཕུར་ཁོ་ན་བཟུང་བ་ཡིན་པས་ཡང་དག་གི་སྐོར་དེས་ཤེས་ལ། རྡོ་རྗེ་ཕུར་པ་ཇི་ལྟར་དར་བའི་གཏམ་ཅུང་ཟད་བརྗོད་དེ། དེ་ལ་རིག་འཛིན་གྱི་སློབ་དཔོན་ཨུ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་ཝའི་ཞབས་ལ་བརྒྱུད་དེ། ཕུར་པ་རྒྱལ་པོ་ལུགས་སུ་གྲགས་པ་དང་། ཇོ་མོ་ལུགས་དང་། ལྕམ་ལུགས་དང་། ཡང་སྣ་ནམ་མམ་རོང་ལུགས་དང་། ལྷ་ནག་དང་། ལྷ་ཁྲ་སྟེ་སྐུ་མདོག་ལས་གྲགས་པ་སོགས་རྣམ་གྲངས་ཐ་དད་མོད། དེ་དག་ཀྱང་ངོ་བོ་གཅིག་ལ་མན་ངག་གི་ལྡོག་ཆ་དང་བཀའ་བབས་ཀྱི་ཁྱད་པར་ལས་དེ་དང་དེར་གྲགས་པའོ། །དེ་ལ་དང་པོ་ནི་བསམ་ཡས་འབྱོངས་ནས། སློབ་དཔོན་ཆེན་པོས་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་། ཇོ་མོ་མཁར་ཆེན་བཟའ་སྤྱན་འདྲེན་པ་མི་གསུམ་ལ་གནང་བས་དེ་སྐད་དུ་གྲགས། ཇོ་མོ་ལུགས་ནི། སློབ་དཔོན་གཤེགས་ཁར་ཉུང་ལ་འདུས་པ་ཕུར་པ་རྩ་བའི་དུམ་བུ་སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དམོད་པ་ལམ་ཁྱེར་བཅུད་དུ་དྲིལ་བ་འདི་ཇོ་མོ་མཁར་ཆེན་བཟའ་ལ་གསུངས། དེས་ལྷོ་ཕྱོགས་མོན་ཁ་སྣ་རིང་སེངྒེ་རྫོང་གི་བྲག་ཕུག་ཏུ་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་བསྒྲུབས་པས་ཞག་ཉེར་གཅིག་ན་ཕུར་བུ་ཐམས་ཅད་བཞད་ཅིང་། འོད་འཕྲོ་བ་དང་འཕར་གཡོ་བྱེད་པར་བྱུང་། དེར་ཇོ་མོའི་དགོངས་པ་ལ། ཕུར་པ་གྲུབ་ན་གདབ་ལས་བྱ། ཟེར་བ་


JLAZ013_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ་དངོས་ལ་གདབ་པའི་ཡུལ་དུ་གྱུར་པ་ནི་མེད། འོན་ཀྱང་ཕ་མེས་ཀྱི་ཟ་འདྲེ་ལ་གདབ་བོ་སྙམ་དུ་དགོངས་ནས་བསྙེན་ཕུར་དྲིལ་བས། ཕུར་པ་ནམ་མཁའ་ལ་དེང་ངེ་སོང་། ཕ་ཡུལ་གྱི་ཁང་ལྟག་ན་ཕ་མེས་ཀྱི་ཟ་འདྲེར་གྱུར་པ་ཞིག་གནས་པའི་རྟེན་སྐྱེར་པའི་ཕུང་པོའི་སྟེང་དུ་བབས་ནས་སྐྱེར་ཕུང་ཚིག །ཟ་འདྲེ་མཉམ་པ་ཉིད་ཀྱི་ཀློང་དུ་བསྒྲལ། སླར་ཕུར་པ་དེ་ཇོ་མོའི་དབོན་བརྒྱུད་རྣམས་ཀྱིས་བཅངས། གདེངས་པ་ཙམ་གྱིས་ཆོག་པ་བྱུང་བས། མཁར་ཆེན་བཟའ་འདྲེ་འདུལ་གྱི་བརྒྱུད་པར་གྲགས། ཇོ་མོས་རང་གི་མིང་པོ་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་བཤད་ནས་རིམ་པར་དར་རོ། །ལྕམ་ལུགས་སུ་གྲགས་པ་ནི། ཅོག་རོ་བཟས་སློབ་དཔོན་དངོས་ལ་ཐུག་ཀྱང་། དབང་བླ་མ་ལ་མ་ཞུས་ཡི་དམ་ལ་ཞུས་པས། ཡི་དམ་སློབ་དཔོན་གྱི་ཐུགས་ཀར་བསྡུས་ཏེ་དབང་སྐལ་ཆད། སླར་ཇོ་མོ་མཚོ་རྒྱལ་ལ་རྗེས་སུ་གནང་ནས་ཇོ་མོས་ཅོག་རོ་བཟའ་ལ་གདམས་པ་ལས་བརྒྱུད་པའོ། །ཡང་སྣ་ནམ་ལུགས་སུ་གྲགས་པ་ནི་རོང་ཟོམ་ཆེན་པོ་ལས་བརྒྱུད་པའི་ལུགས་ཁོ་ན་སྟེ་བརྒྱུད་པ་སྔར་བཤད་མ་ཐག་པས་ཤེས་ལ། འདིར་ཁ་ཅིག་ཏུ། རོང་ཟོམ་ཆེན་པོའི་མེས་པོ་རོང་བན་ཡོན་ཏན་རིན་ཆེན་ནམ། དཔལ་གྱི་རིན་ཆེན་དེས་སློབ་དཔོན་ཆེན་པོ་དངོས་ལ་ཐུག །དགུང་ལོ་སུམ་བརྒྱ་འཚོ་ཞེས་ཟེར། དེའི་སྲས་རོང་པ་པཎྜི་ཏའི་ཡབ་


JLAZ013_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཚུལ་ཁྲིམས་ཀྱིས་ཀྱང་། ལོ་ཕྱེད་ཉིས་བརྒྱར་བཞུགས་པ་ལས་བརྒྱུད་པས། རོང་ལུགས་ཞེས་བཤད་པ་ཡིན་པར་ཤེས་སོ། །ཕུར་པ་ལྷ་ནག་ཏུ་གྲགས་པ་ནི། ཨུ་རྒྱན་ཡབ་ཡུམ་ནས་འབྲེ་ཨ་ཙ་ར་ས་ལེ་། ལང་ལབ་བྱང་ཆུབ་རྡོ་རྗེ་ནས་རིམ་པར་ཡར་འབྲོག་པ་གུ་རུ་ཡང་དག་ཅེས་བྱ་བས་ཕུར་པ་མྱ་ངན་ལས་འདས་པའི་རྒྱུད་ལ་བརྟེན་ནས་ལྷ་ཐམས་ཅད་ནག་པོར་མཛད་པས་དེ་ལྟར་གྲགས་ལ། འདི་ལ་འབྲེ་ཨ་ཙ་ར་ས་ལེ་བྱས་ན་ལང་ལབ་ཀྱི་བར་དང་དེ་གཉིས་ཕྱི་ཐག་རིང་བས་བརྒྱུད་པ་ལྟག་མི་འཕྲོད། འབྲེ་ཨ་ཙ་ར་ནུ་རུ་ཞེས་བྱ་བས་ཚེའི་གྲུབ་པ་ཐོབ་པ་ཡིན་ཞེས་ཟེར་བའང་འདུག་སྟེ་མིང་གི་ཁྱད་པར་དུ་བྱས་ཀྱང་འགལ་བ་ནི་ཆུང་མོད། འོན་ཀྱང་བླ་མ་འཕགས་པ་རིན་པོ་ཆེ་ལ་སྨད་ལས་སྒྲོལ་དབང་གི་རྒྱུན་མ་རྙེད་ནས་སྤྲང་པོ་ལ་འདུག་ཀྱང་ཞུའོ་ཞེས་བཙལ་བས། མཚོ་རྒྱལ་གྱི་དངོས་སློབ་ཨ་ཙ་ར་ནུ་རུ་བྱ་བ། ཚེའི་རིག་འཛིན་ཐོབ་པ་ཞིག་བསིལ་བའི་ཚལ་ལ་སོགས་པའི་གནས་ངེས་མེད་དུ་རྒྱུ་བ་ལ་ཡོད་ཟེར་བ་ཐོས། དེར་གློ་བོ་ལོ་ཙཱ་བ་ལ་གསེར་མང་པོ་བསྐུར་ནས་སྒྲོལ་དབང་གི་རྒྱུན་ཐོབ་པ་ཡིན་ཅེས་ཟེར་ཏོ། །ས་ཕུར་དུ་གྲགས་པ་ནི། སློབ་དཔོན་ཆེན་པོ་པདྨའི་ཞབས་ཀྱི་སློབ་མ་འཁོན་ཀླུའི་དབང་པོ་ལས་རིམ་པར་བརྒྱུད་དེ། ཆོས་དང་རིགས་བརྒྱུད་གཉིས་ཀ་ཟམ་མ་ཆད་པ་ས་སྐྱ་པ་རྣམས་ལ་གྲགས་པས་དེ་སྐད་དུ་གྲགས་པའོ། །


JLAZ013_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཕུར་པ་གསང་བའི་རྒྱུད་ལ་བརྟེན་པ་ཕུར་པ་ཕུན་སུམ་ཚོགས་པ་དང་། གསང་བའི་རྒྱུད་དྲུག་དང་། ཀཱི་ལ་ཡ་ཏནྟྲ་བཅུ་གཉིས་ནས་བསྡུས་པ་གཤམ་སྔོན་ཅན་གྱི་སྐོར་གཉགས་ལས་བརྒྱུད་ཚུལ་སྔར་བཤད་ཟིན་ཏོ། །དེ་ལྟ་བུའི་ཡི་དམ་ལས་མངོན་རྟགས་བརྙེས་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བས་ཐམས་ཅད་བསྙད་པར་མི་ནུས་ལ། ཁྱད་པར་དུ་གྱུར་པ་ལང་ལབ་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་དེ་གཞོན་ནུ་ནས་ཕ་མ་དང་བྲལ། ཕ་ཚན་རྣམས་ཀྱིས་རྗེ་བཙུན་མི་ལ་ལ་ཇི་ལྟར་བྱ་བ་བཞིན་དུ་ཤིན་ཏུ་ཉམ་ཐག་པར་བཅོས་པས། འབྲེ་ཨ་ཙ་རས་ཐུགས་ཀྱིས་མ་བཟོད་ནས་ཕུར་པའི་མན་ངག་ལས་གནད་དུ་ཟབ་པའི་སྐོར་བྱིན་ཏེ་སྒྲུབ་པ་བྱས་ནས་ཕ་སྤུན་རྣམས་རྩ་བ་ནས་བཅད། དེ་ལ་གྲགས་པ་ཆེན་པོ་འཕེལ་ནའང་སྔོན་གྱི་སྦྱིན་འབྲས་དབུལ་བས་ཁོང་རང་ལུག་རྫི་བྱེད་ཅིང་ཡོད་ཙ་ན། དགེ་བཤེས་རྭ་ལོ་ཙཱ་བ་དེ་མངའ་ཐང་དང་འབྱོར་པ་ཤིན་ཏུ་རྒྱས། བོད་ཀྱི་བླ་དཔོན་ཆེ་དགུས་དབང་མེད་དུ་འདུད་དགོས་པ་ཡིན། དེ་ལྟར་མ་བགྱིས་ན་ཁོང་གིས་གཤིན་རྗེའི་དྲག་སྔགས་ཀྱིས་སྒྲོལ་བར་གྲགས། དེ་ལ་དུམ་པ་རྒྱ་ཞང་ཁྲོམ་གྱིས་གཤིན་རྗེའི་སྐོར་རྫའི་ཟོམ་གང་གཏེར་ནས་ཕྱུང་སྟེ། ཚེ་བདག་སྡིག་པ་སྙིང་འཛིངས་ལ་སོགས་པ་ཕྱེད་ཙམ་ལས་མ་བཤུས་པ་རྣམས། རྭ་ལོའི་སྔུན་དུ་སོན་པས། རང་ཉིད་ཀྱི་གཤེད་སྐོར་ལ་ལྷན་


JLAZ013_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་བྱས། དེ་ལ་རྒྱ་གར་གྱི་ཁུངས་དང་འགྱུར་བཅོས། དེ་བཞིན་དུ་བུམ་ཐང་གི་གཏེར་ཁ་མང་པོའི་ཁྲོད་ནས་ཀྱང་། མཐུ་གཏད་སེལ་གསུམ་རྣམ་སྲས་ཛམ་ལྷ། ཚོགས་བདག་ལ་སོགས་པ་མན་ངག་ཟབ་དགུ་བྱུང་བས་གསར་འགྱུར་གྱི་གཤིན་རྗེའི་ལས་མཐའ་མང་ལ་མྱུར་བར་སོང་། མར་པའི་སྲས་དར་མ་མདོ་སྡེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཅུ་གསུམ་དང་། གཉན་ལོ་ཙཱ་བ་སོགས་རང་མཉམ་གྱི་ལོ་ཙཱ་བ་བཅུ་གསུམ་བསྒྲལ་བའི་སྔགས་མཁན་དེ། འཁོར་རེའི་སར་ཆོས་འཁོར་ལ་བྱོན་པས་ལང་ལབ་ཀྱིས་ཕྱག་མ་བཙལ། མི་བླུན་པོ་གཅིག་ཡིན་དགོངས་པ་ལ། སླར་ལང་ལབ་ཀྱི་མཚན་ཉིད་ཐོས་ནས། འོ་ན་ཁོ་ལ་དོ་ནུབ་ཀྱི་ཚེ་ལས་མེད་ཀྱི་སྒུར་ཟེར། དྲག་ཤུལ་གྱི་ལས་བརྩམས་པས། དགུག་འདྲེན་གྱི་བདེན་བརྡར་དང་པོའི་ཚེ་ཁོང་དཔོན་སློབ་ལ་རྩངས་ཕུར་གྱི་ཆར་བབས་ནས། ཐོ་ཕྱིའི་གྲྭ་པ་རྣམས་སྨས། བར་པ་ལ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཟ་གསོད་དང་བཅས་པའི་ལྕགས་ཕུར་གྱི་ཆར་བབས། ཐ་མའི་ཚེ་མེ་དཔུང་དང་འུར་སྒྲས་གང་སྟེ་ནམ་མཁའ་ལ་བལྟས་པས། ལྕགས་བསྲེགས་ལྟ་བུའི་རྡོ་རྗེ་གཞོན་ནུ་རི་དོ་ཆད་པ་ཙམ་པ་རྭ་ལོའི་ཐོག་ཏུ་བརྔམས་བརྔམས་འཆའ་འཆའ་ལྟར་འདུག་པས་སྐྲག་པར་གྱུར་ཏེ། བཟོད་གསོལ་བྱས། ཕྱག་དང་འབུལ་བས་བསྙེན་བཀུར། གཤིན་རྗེའི་མཁན་པོ་ཕུར་ལ་རྡུགས་ཟེར་བ་དེ་ནས་བྱུང་། ཕུར་པའི་སྟོད་ལས་


JLAZ013_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དངོས་གྲུབ་བརྙེས་པ་མང་དུ་བྱུང་སྟེ། སྨད་ལས་ལ་རྩལ་ཤུགས་འདི་ལས་ཐོན་པ་མ་བྱུང་བར་གྲགས། དེ་ལ་སློབ་མའི་གཙོ་བོར་གྱུར་པ་སྣ་ནམ་ཤེས་རབ་ཚུལ་ཁྲིམས། མོང་དགུའི་ཀྱི་གྱང་བསྒྱེལ། རོང་གི་སྐྲང་ཕུར་བུ་མགོ། འུ་ཡུག་རོལ་པོའི་ཉང་ནག་གོ །དེ་ལ་ཀྱི་གྱང་བསྒྱེལ་ནི། ཀྱི་བན་བྱང་ཆུབ་རིན་ཆེན་བྱ་བའི་ཁང་ཞིང་དང་ནོར་རྣམས་ཕ་སྤུན་གྱིས་ཕྲོགས། སྐྱོ་བ་ཤིན་ཏུ་འཕེལ་ཏེ་ལང་ལབ་ལ་ཕུར་པ་ཞུས་པས་ཟླ་བ་དགུར་ལྷ་བསྙེན་གྱིས། དེ་ནས་བསེ་ལྕགས་ཤེལ་གསུམ་ལ་ཟླ་བ་གཉིས་སྒྲུབས་ཤིག །དོན་འགྲུབ་བོ་གསུངས། དེ་ལྟར་བྱས་པས་ནུས་པ་ཚད་དུ་ཕྱིན། གྱང་གི་དྲུང་ན་མི་མང་པོ་ཉི་མ་ལྡེ་ཞིང་འདུག་པ་ལ་བལྟས་པས། ཐམས་ཅད་དགྲ་རུ་མ་གྱུར་པ་མི་འདུག་ནས། ཕུར་པ་གྱང་ལ་བསྡིགས་པས་གྱང་འགྱེལ། ཐམས་ཅད་ཕྱི་མའི་ལམ་དུ་བཀོད་པས་ཀྱི་གྱང་བསྒྱེལ་དུ་གྲགས་པས་མཚོན་ནུས་པ་ཅན་ཤ་སྟག་བྱུང་སྟེ་ཡི་གེར་བྲིར་མ་ལང་། ལར་ཕུར་པ་འདི་ནུས་པ་མཆོག་ཏུ་ཆེ་བར་གྲགས་པས། སློབ་དཔོན་ཆེན་པོས་ཙན་དན་གྱི་ནགས་ལ་མེ་ཤོར་བ་ལ་གདེངས་པས་ནགས་སོར་ཆུད། བི་མ་ལས་གངྒཱ་གྱེན་དུ་འཕྱུར་བ་ལ་གདེངས་པས་གངྒཱ་ཡན་མན་དུ་ཆད། བལ་པོ་ཤྲཱི་ལ་མཉྫཱས་བྲག་མཁར་གོང་ཅན་ལ་གདེངས་པས་བྲག་རི་དུམ་བུར་བསྙིལ། ཇོ་མོ་མཁར་ཆེན་བཟས་སྤྱང་ཀིའི་རྗེས་ས་ལ་བཏབ་པས་སྤྱང་ཀི་རྦབ་


JLAZ013_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདྲིལ། མེ་ནུ་རྒྱལ་བའི་སྙིང་པོས་བྱ་རོག་གིས་ཕྲེང་པ་ཁྱེར་བ་ལ་བསྡིགས་པས་བྱ་རོག་ཐང་ལ་ལྷུང་། ལོ་དཔལ་གྱི་བློ་གྲོས་ཀྱིས་དམག་གི་སྦ་ཁྱིམ་ལ་ཐེབས་པས་མོན་དམག་ཆམ་ལ་ཕབ། དེ་ལ་སོགས་ཏེ་དགྲ་བགེགས་གཉིས་ལ་ཐེབས་པས་ཆོ་འཕྲུལ་སྟོབས་པོ་ཆེ་གང་གིས་ཀྱང་རྫི་བར་མ་ནུས་ནང་དུ་ཉོན་མོངས་དུག་ལྔ་ལ་ཐེབས་པས་མཆོག་གི་དངོས་གྲུབ་ཐོབ་པ་དཔག་ཏུ་མེད་པ་བྱུང་ངོ་། །ཡང་གཏེར་མའི་ཕྱོགས་རང་བཟོས་མ་བསླད་པའང་ཤིན་ཏུ་མང་མོད་དེ། མངོན་རྟགས་གསལ་བ་སློབ་དཔོན་ཆེན་པོས་བཙན་པོ་ལ་དབང་རྒྱུད་གདམས་པ་དང་བཅས་གནང་ནས། རྟ་མགྲིན་ཡང་གསང་གི་ཆོས་སྐོར་དང་ལྷན་ཅིག་ཡེར་པ་སེ་བ་ལུང་གི་བྲག་ལ་གཏེར་དུ་གཏམས་པ། གྲུབ་པའི་དབང་ཕྱུག་འདར་ཕྱ་རུ་པས་ཇོ་མོ་ནགས་རྒྱལ་གྱི་ཕུག་པ་གོང་མར་སྒྲུབ་པ་མཛད་པས་སློབ་དཔོན་ཆེན་པོ་དང་དངོས་སུ་མཇལ། ཡེར་པ་ཟླ་བ་ཕུག་ཏུ་སྒྲུབས་ཤིག་གསུངས་པས་དེ་བཞིན་དུ་མཛད། དེར་ནངས་རེ་བཞིན་སློབ་དཔོན་ཆེན་པོ་ཉི་ཟེར་ལ་ཆིབས་ནས་ཕེབས་ཏེ་ཆོས་གསུངས། ནུབ་རེ་བཞིན་སྲིན་པོ་འདུལ་དུ་འགྲོ་ཞེས་ཉི་ཟེར་ལ་བཅིབས་ཏེ་བཞུད། དེའི་ཚེ་ཡེར་པའི་སེ་བ་ལུང་ནས་མཚན་མ་རྫས་ཀྱི་ཕུར་པ་གཏེར་ནས་ཕྱུང་། ལྷ་སའི་འཚོང་འདུས་སུ་ཕེབས་པ་ན། རླུང་འཚུབས་ཆེན་པོས་ཁྲོམ་འཐོར་བ་བྱུང་། དེ་ནས་གཙང་དུ་བྱོན་ཙ་ན། ས་པཎ་སྐྱིད་གྲོང་དུ་བྱོན་པ་དང་


JLAZ013_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཁང་གཅིག་ཏུ་འཛོམ། འདར་ཕྱར་ཞལ་འཆོས་པས་ཨོཾ་བཛྲ་ཀྱི་ལི་ཀྱི་ལཱ་ཡ་ཞེས་བགྲངས་པས། ས་པཎ་གྱིས། དེ་མ་དག །བཛྲ་ཀཱི་ལི་ཀཱི་ལ་ཡ་ཟེར་བ་ཡིན་གསུངས། དེར་འདར་ཕྱར་ཐུགས་ཡུས་ནས། སྔགས་མ་དག་ཀྱང་འདི་བཞིན་བྱེད་པ་ཡིན་གསུངས་ནས་བྲག་ལ་ཕུར་པ་ཐམ་ཐམ་བརྒྱབ་པས་འཇིམ་པ་ལ་བྱས་པ་བཞིན་སོང་། སླར་ཕུར་པ་ཚུར་ལ་གཅུས་ཀྱིན་འཐེན་པས་དཔལ་ནས་ཅུང་ཟད་གས། དེས་ས་པཎ་གྱིས་གྲུབ་ཐོབ་ཏུ་ཤེས་ནས། ང་མུ་སྟེགས་པ་དང་རྩོད་དུ་འགྲོ་བས་དེའི་རིམ་གྲོར་འབྱོན་དགོས་གསུངས། རུང་གསུངས་ནས་ལྷན་ཅིག་ཏུ་བྱོན། སྐྱིད་གྲོང་དུ་ཕེབས་པ་ན། རྒྱ་གར་གྱི་ལུགས་བཞིན་བསྟན་པ་གང་རྒྱལ་བའི་རུ་མཚོན་དུ་བཙུགས། ས་པཎ་དང་འཕྲོག་བྱེད་དགའ་བོ་གཉིས་ཉི་མ་བཅུ་གསུམ་གྱི་བར་རྩོད་པའི་གཡུལ་ངོ་ལ་ཞུགས་པས། མཐར་ས་པཎ་རྩོད་པ་ལས་རྒྱལ་ཡང་། གྲུབ་རྟགས་འགྲན་ཟེར་འཕྲོག་བྱེད་དགའ་བོ་ནང་པའི་བསྟན་པ་ལ་འཇུག་ཏུ་མ་ཉན་དེར་མུ་སྟེགས་དེས་རལ་པ་རྒྱབ་ཏུ་བསྐྱུར། ལག་པ་གཤོག་པ་ལྟར་བརྐྱངས་ཏེ་ནམ་མཁའ་ལ་འཕུར་བས། ས་པཎ་རྡུགས་པ་ལྟར་གྱུར་ཏེ་བཛྲ་ཀྱི་ལི་ཀྱི་ལ་རྒྱུགས་ཤོག་ཅེས་འདར་ཕྱར་བོས། དེར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་མུ་སྟེགས་ཀྱི་གྲིབ་མའི་སྙིང་ཁར། ཨོཾ་བཛྲ་ཀྱི་


JLAZ013_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཀྱི་ལ་ཡ་ཧཱུཾ་ཕཊ། ཅེས་ཕུར་པ་བཏབ་པས། མུ་སྟེགས་པ་བྱ་ལ་རྡོ་བཏགས་པ་བཞིན་དུ་ས་ལ་ལྷུང་། དེ་ནས་ས་པཎ་གྱིས་རྩོད་པ་ལས་རྒྱལ་བའི་དཔའ་རྟགས་སུ་འཕྲོག་བྱེད་དགའ་བོ་རབ་ཏུ་མ་བྱུང་བར་ཁྲིད་བྱོན་པ་ན་སློབ་དཔོན་ཆེན་པོས་བོད་ལ་མུ་སྟེགས་བསྲུང་བར་བཀའ་བསྒོས་པས། བསྟན་མ་བཅུ་གཉིས་ཀྱིས་ཆད་པས་བཅད་དེ་སྐྱིད་གྲོང་དང་བོད་ཀྱི་སོ་མཚམས་སུ་མུ་སྟེགས་དེ་ཁ་ནས་ཁྲག་སྐྱུགས་ནས་ལྔ་པའི་ལམ་དུ་བཏང་། ལར་ཕྱི་རོལ་པའི་གྲུབ་མཐའ་འཛིན་པ་ཙམ་བོད་ལ་བལྟར་མི་མངོན་པར་ལྷཊ་སྲིད་ཀྱི། སངས་རྒྱས་ཀྱི་བསྟན་པ་ལ་དངོས་ཀྱིས་རྒོལ་བ་བྱེད་ནུས་པའི་བློ་སྟོབས་ཅན་མི་འོང་བ་ཡིན། འདིས་མུས་སྲད་དུ་བྱོན་ནས་གཙུག་ལག་ཁང་གི་རྟེན་གཙོར་ཕུར་པ་འདི་བཞག །སླར་རིམ་གྱིས་གྱར་ནས་ད་ལྟ་སེར་ཕུར་མཇལ་ཞེས་ཟེར་བའི་རྒྱུན་དུ་བྱུང་ངོ་། །ད་ནི་གཏེར་ཁ་གོང་འོག་གིས་གཏམ་བཤད་པར་བྱ་སྟེ། རྒྱ་ཆེར་རོལ་པ་ལས། བརྗེད་པ་མེད་པ་དྲན་པའི་གཏེར་དང་། བློ་གྲོས་རབ་ཏུ་འབྱེད་པས་བློ་གྲོས་ཀྱི་གཏེར་དང་། མདོ་སྡེ་ཐམས་ཅད་ཀྱི་དོན་རྣམ་པས་ཁོང་དུ་ཆུད་པས་རྟོགས་པའི་གཏེར་དང་། ཐོས་པ་ཐམས་ཅད་ཀུན་ཏུ་འཛིན་པས་གཟུངས་ཀྱི་གཏེར་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས། སྤོབས་པའི་གཏེར་དང་། དམ་པའི་ཆོས་


JLAZ013_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྲུང་བས་ཆོས་ཀྱི་གཏེར་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་བྱང་ཆུབ་ཀྱི་སེམས་དང་། མི་སྐྱེ་བའི་ཆོས་ལ་གྲུབ་པ་ཐོབ་པས་སྒྲུབ་པའི་གཏེར་ཏེ། གཏེར་ཆེན་པོ་བརྒྱད་ཐོབ་པར་འགྱུར་རོ། །ཞེས་བཤད་པའི་གནས་གང་ཡིན་པ་དེ་གདོད་ནས་སྤྲུལ་པའི་སྐུར་བྱང་ཆུབ་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་དུ་གྱུར་ལ། རྣམ་པ་ཙམ་དུ་ཡང་རང་དོན་དུ་མཆོག་གི་དངོས་གྲུབ་ཆེན་པོའི་གོ་འཕང་ལ་འཛེགས་ཏེ་གསད་གསོ་དང་། རྫུ་འཕྲུལ་གྱི་ཡན་ལག་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་པས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་ས་ལ་བཞུགས་ཤིང་། གཞན་དོན་དུ་བསྟན་པའི་བྱ་བ་བླ་ན་མ་མཆིས་པ་དང་། སེམས་ཅན་གྱི་ཁམས་རྒྱ་མཚོ་ལྟ་བུ་འདུལ་བའི་ཐབས་ལ་མཁས་པར་སྟོན་པ་ནི། སྤྲུལ་པའི་སྐུ་ཆེན་པོ་འདི་དག་ཏུ་ཡིད་ཆེས་སོ། །དེ་ལ་ཁ་ཅིག་གིས་གཏེར་ཟེར་བའི་ཕྱོགས་ཐམས་ཅད་ལ་སྒྲོ་སྐུར་བྱེད་པ་ནི་ལྕེ་ལ་ཐོང་གཤོལ་ལྔ་བརྒྱས་རྨོ་པའི་ལས་ཡིན་ནོ། ། གཏེར་དུ་བཏགས་པ་རྣམ་པ་ཐམས་ཅད་པའི་ཆ་ལ་ནི། ཁོ་བོ་ཅག་གིས་ཀྱང་དགག་བསྒྲུབ་གཉིས་ཀ་བྱ་བ་མ་ཡིན་ཏེ། རྒྱན་ལས། མི་རིག་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་འཚལ། །ཞེས་དང་། རང་ས་ན། དགེ་བ་ཡིན་ན་བཟང་པོ་སྟེ། །སྡིག་པ་


JLAZ013_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའང་སྡིག་བལྟའོ། །ཞེས་དེ་དང་དེའི་འབྲས་བུ་མི་འཆོལ་བའི་ཕྱིར་རོ། །འོན་ཏེ་རྣམ་པ་ཐམས་ཅད་ནས་རྫས་འགལ་བ་མཐོང་བའི་ཆོས་སུ་གཏན་ལ་ཕེབས་པ་བྱུང་ཡང་། དེས་རྙིང་མའི་བསྟན་པ་ཐམས་ཅད་ཉམས་ཉེས་པར་མི་བལྟ་སྟེ། དཔེར་ན་དགེ་སློང་ལྷ་ཆེན་པོ་དང་། སྡེ་སྣོད་འཛིན་པ་གཞོན་ནུ་སྡེ་བདུད་ཀྱིས་ཁེབས་ནས་དེ་བཞིན་གཤེགས་པའི་གསུང་རབ་ཆུད་གསན་པ་ལྟ་བུའོ། །དེས་ན་ཆོས་མ་ཡིན་པ་ཆོས་སུ་བརྫུས་པའམ་གཏེར་མ་ཡིན་པ་གཏེར་མར་བརྫུས་པ་དེ་ཀ་སྡེ་ཚན་གཅིག་ཏུ་འཇོག་པར་འོས་ཀྱི། གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོའི་བརྗོད་བྱ་དང་བརྗོད་དོན་མ་ནོར་ཞིང་། འབྲས་བུ་གྲུབ་པ་ལ་བསླུ་བ་མེད་པ་འདི་དག་ལ་ས་ཆོས་དང་། རྡོ་ཆོས་ཞེས་སྐུར་པ་བྱེད་པ་ནི་བདུད་ཀྱི་ལས་སུ་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་བདག་བསྟོད་གཞན་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་ནི་བདུད་ཀྱིས་ཡོངས་སུ་བསླད་ཅིང་བློ་ཆུང་བར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་སླར་ཡང་རང་གི་མན་ངག་སྤེལ་བའི་སླད་དུ་བྱོན་པ་མངའ་བདག་ཉང་ཉི་མ་འོད་ཟེར་ནི། ཡུལ་ལྷོ་བྲག་གཏམ་ཤུལ་ཞེས་བྱ་བར། ཡབ་ཉང་སྟོན་ཆོས་འཁོར་དང་། ཡུམ་པདྨ་བདེ་རྩལ་གྱི་སྲས་སུ་ཤིང་ཕོ་འབྲུག་གི་ལོ་ལ་བལྟམས། སྐུ་གཞོན་ནུ་ནས་ངོ་མཚར་བསམ་གྱིས་མི་ཁྱབ་ཅིང་། མཁའ་འགྲོ་


JLAZ013_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིགས་བཞི། རྗེ་བཙུན་སྒྲོལ་མ། ཐུགས་རྗེ་ཆེན་པོ། སློབ་དཔོན་པདྨ་ལ་སོགས་པའི་ཞལ་གཟིགས་ཤིང་ཆོས་ལ་བསྐུལ། རང་གི་ཡབ་ལས་གསན་པ་མང་པོ་མཛད། དགུང་ལོ་བཅུ་གསུམ་པ་ལ་ཐུགས་རྗེ་ཆེན་པོ་དང་ཕུར་པ་གྲུབ་སྟེ་འཇོད་ཕུའི་བྲག་ལ་ཕྱག་ཞབས་ཀྱི་རྗེས་དང་། ཟངས་ཀྱི་ཕུར་པས་རྟ་སྐད་མངོན་སུམ་དུ་འཚེར་བ་བྱུང་། ཡེ་ཤེས་ཀྱི་མཁའ་འགྲོ་མས་བྲག་རྡོ་རྗེ་རྩེ་ལྔ་འདྲ་བར་སོང་ཞིག་ཅེས་སྨྲ་བོའི་རི་ལུང་བསྟན། འདུལ་འཛིན་རྒྱལ་སྲས། ཁམས་བུ་ཡང་ལེ། གུ་རུ་ཁྲོ་བོ་སོགས་ལས་གསར་རྙིང་གི་ཆོས་མང་པོ། ཁྱད་པར་གྲུབ་ཐོབ་དངོས་གྲུབ་ལས་སྤྱན་རས་གཟིགས་དང་། བཀའ་བརྒྱད་བཀའ་མའི་དབང་ལུང་ཡོངས་སུ་རྫོགས། སྨྲ་བོའི་རི་ལ་སྒྲུབ་པ་མཛད་ཀྱིན་ཡོད་ཙ་ན་བུ་ལྟོས་ཤིག་བྱ་བའི་སྒྲ་ཞིག་བྱུང་། བལྟས་ཙ་ན་རྣལ་འབྱོར་རུས་པའི་རྒྱན་ཅན་ཞིག་འདུག །ནང་དུ་བོས་ནས་ཚ་བ་དྲངས་པས་དེ་ན་རེ། ང་ནི་ནམ་མཁའི་རྣལ་འབྱོར་པ། །དབང་ཕྱུག་རྡོ་རྗེ་བྱ་བ་ཡིན། །བུ་ཁྱོད་ལས་དང་སྐལ་བ་ལྡན། །པདྨ་དབང་དང་ལུང་གིས་སྐྱོབས། །གསང་སྔགས་ཟབ་མོའི་ཆོས་རྣམས་ཀུན། །ད་ལྟ་མཁའ་འགྲོའི་ལག་ན་ཡོད། །གསོལ་བ་ཐོབ་ལ་མྱུར་དུ་ལོངས། །ཞེས་ཁ་བྱང་ཡང་བྱང་གནད་ཡིག་གསུམ་གཏད་དེ་འཇའ་ལྟར་ཡལ། གྲྭ་པ་མངོན་ཤེས་དང་ར་


JLAZ013_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཤག་གཏེར་སྟོན་གྱིས་ཀྱང་ཁ་བྱང་སྤྲད། ཁྱད་པར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པས་སྟག་སྒྲོམ་ཆོས་གཏེར་གྱིས་གང་བ་གཏད་པས། མཁའ་འགྲོའི་སྒྲུབ་སྐོར་སོགས་མན་ངག་མང་པོ་བྱུང་། ཁོ་མཐིང་གི་གནད་ཡིག་ལྷའི་ཕྱག་མཛུབ་ཆད་པ་ཚོང་པས་ཁྱེར་ཏེ་ཕུལ་པ་ལས། སྒྲོམ་སྐྱ་སྒྲོམ་སྨུག་གཉིས་ནས་བདེ་གཤེགས་འདུས་པ་རྒྱལ་པོའི་བླ་དཔེ་དང་རྟ་མགྲིན་བཀའ་སྲུང་གི་སྐོར་གྱིས་མཚོན་ཏེ་ཆོས་གཏེར་དང་བྱིན་རླབས་ཀྱི་རྟེན་དཔག་ཏུ་མེད་པ་བྱོན། བདེ་གཤེགས་འདུས་པའི་སྨན་སྒྲུབ་མཛད་པས་སྨན་གྱི་ལྷ་མོས་ཨ་རུ་ར་རློན་པ་ཕུལ། ཡེ་ཤེས་མཚོ་རྒྱལ་དང་དངོས་སུ་མཇལ་ནས་དངོས་གྲུབ་ཅི་འདོད་གསུངས་པ་ལ། ཆོས་འདོད་ཞུས་པས་མཁའ་འགྲོ་ལུང་བསྟན་གྱི་སྐོར་དང་ཞུ་ལན་བརྒྱ་རྩའི་དཔེ་གཏད། དུར་ཁྲོད་བསིལ་བའི་ཚལ་དུ་མངོན་པར་ཁྲིད་ནས་དེར་སློབ་དཔོན་ཆེན་པོ་དང་མཇལ། བུ་ཚངས་པ་ལྷའི་མེ་ཏོག་སླེབ་བམ་གསུངས་ནས་ཀེང་རུས་ཀྱི་ཁྲི་ལ་བཞག །སྒྲུབ་ཆེན་དགུས་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་དབང་ཐམས་ཅད་རྫོགས་པར་གནང་། ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པར་གྱུར་ནས་ཆོས་སྐྱོང་བྲན་དུ་ཁོལ། འཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པར་སོང་བས། དུས་དེ་ཙ་ན་གསང་སྔགས་འཆང་བའི་གཟུགས་སུ་གནས་པ་གཉིས་ལམ་དུ་འདྲིས་མེད་པ་ལའང་། ཁྱེད་ཅག་གཏེར་ཁ་གོང་འོག་གང་གི་ལུགས་ཡིན་ཞེས་འདྲི་བ་བྱུང་།


JLAZ013_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་བྱ་བ་དང་རྫུ་འཕྲུལ་གྱི་ནུས་པ་བསམ་གྱིས་མི་ཁྱབ་སྟེ། རྣམ་ཐར་གྲགས་པ་ཆེ་བས་འདི་ཙམ་གྱིས་མཚོན་པར་ནུས། སློབ་མ་ནི། གཉོས་གྲགས་རྒྱལ། ཞིག་པོ་བདུད་རྩི། སྲས་མི་བསྐྱོད་རྡོ་རྗེ། སྨན་འོན་པ། སེ་སྟོན་ཁྲི་མཆོག་སྟེ་བཀའ་བབས་ཀྱི་བུ་ལྔ། སྲས་ཆུང་བ་མངའ་བདག་འགྲོ་མགོན་ནམ་མཁའ་དཔལ་ནི། སྨིན་གྲོལ་ཡོངས་རྫོགས་ཀྱི་བཀའ་བབས་གཏད་པའི་བསྟན་པའི་བདག་པོ་ཡིན། དགུང་ལོ་རེ་དགུ་པ་ཤིང་ཕོ་བྱི་བའི་ལོ་ལ་རྫུ་འཕྲུལ་གྱི་བཀོད་པ་རྒྱ་ཆེན་པོ་དང་། ཁྱད་པར་ཐུགས་ཀ་ནས་ཧྲཱིཿཡིག་དཀར་པོ་ཞིག་བདེ་བ་ཅན་དུ་གཤེགས་པར་བསྟན་ཏེ་སྐུའི་བཀོད་པ་བསྡུས། སླར་སྐུའི་སྤྲུལ་པ་རྒྱ་གར་ཤར་ཕྱོགས་སུ་བཀོད་པ་སྣ་ཚོགས་སྟོན་པའི་རྣལ་འབྱོར་པ་གཅིག །གསུང་གི་སྤྲུལ་པ་གུ་རུ་ཆོས་ཀྱི་དབང་ཕྱུག །ཐུགས་ཀྱི་སྤྲུལ་པ་ཡུལ་ཉེར་བཞི་ལ་སྤྱོད་པའི་རྣལ་འབྱོར་པ་གཅིག་སྟེ། གསུམ་ཅིག་ཅར་དུ་འབྱུང་བ་ལུང་བསྟན། ལོ་ཙཱ་བ་ཆག་གིས་གདུང་བཞུ་བས་མེ་སྦར་བར་མ་ནུས། སླར་སྟོན་པ་མཆོག་གི་སྐུ་གདུང་བཞིན་མེ་རང་བྱུང་དུ་འབར། དེ་ལས་འཇའ་ཚོན་བྱུང་བ་ནུབ་ཕྱོགས་སུ་ཟུག །གདུང་ཁང་ན་ཁྱེའུ་གཞོན་ནུ་རུས་པ་དང་རིན་པོ་ཆེའི་རྒྱན་ཅན་ཧ་རི་ནི་ས་སྒྲོག་པ་འཁའ་འགྲོ་མ་མང་པོའི་འཁོར་དང་བཅས་པ་ཀུན་གྱིས་མཐོང་། ལྷ་སའི་བཅུ་གཅིག་ཞལ་གྱི་ཐུགས་ཀ་དང་གདུང་


JLAZ013_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གཉིས་འཇའ་དཀར་པོས་ཏལ་མར་འབྲེལ་བ་བྱུང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་གྲུབ་པའི་རྟགས་སུ། ཐུགས་ལྗགས་སྤྱན་གསུམ་དང་དབུ་སྐྲ་ལ་ཞུགས་ཀྱིས་ཟ་བར་མ་ནུས་ཤིང་རྟེན་དང་རིང་བསྲེལ་མཐའ་ཡས་པ་བྱོན་ཏོ། །དེ་ནས་སྲས་འགྲོ་མགོན་ཡབ་ཀྱི་དགོངས་པ་རྫོགས་པའི་བྱ་བ་ལ་ཞུགས་ཏེ། སྐུའི་རྟེན་རིགས་གསུམ་སེམས་དཔའ་མི་ཚད་དང་མཉམ་པ་ནཻ་པ་ལའི་ཡུལ་དུ་བསྐྲུན་ནས་སྤྱན་དྲངས། གསུང་གི་རྟེན་དུ་མདོ་མང་དང་རྒྱུད་འབུམ་གསེར་བྲིས་མ། ཐུགས་ཀྱི་རྟེན་དུ་སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས། རབ་ཏུ་གནས་པ་ལ་ཁ་ཆེའི་བསོད་སྙོམས་པ་ཆེན་པོ་མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་སྤྱན་དྲངས་ནས་ཆོས་འཁོར་ཡང་བཙུགས། སྲས་འགྲོ་བའི་མགོན་པོ་ཉིད་ཀྱིས་གཙུག་ཕུད་ཕུལ། འོན་ཀྱང་འཕྲིན་ལས་འདི་ཀ་ཆེ་གསུངས་ནས་རབ་ཏུ་འབྱུང་བར་མ་གནང་། གསེར་ཀ་ཊོ་རར་བླུགས་པའི་འབུལ་བ་དང་ཞབས་ཏོག་གྱ་ནོམ་པས་བསྟི་སྟང་དུ་བྱས། སླར་པཎྜི་ཏ་གཤེགས་ནས་ཀྱང་། ལྷོ་བྲག་དང་མོན་ཡུལ་གྱི་འདུ་བ་མང་པོས་གསེར་གྱི་འབུལ་བ་རྒྱ་ཆེན་པོ་བྱུང་བ་རྣམས་ཁྲོ་ཕུར་འབུལ་དུ་བྱོན་པས། པཎྜི་ཏ་ན་རེ། མཆོད་གནས་རང་གནས་སུ་ལྡོག་ནས་ཀྱང་འབུལ་བ་སླར་བསྐྱེལ་བ་ཇོ་སྲས་མི་བཟང་གསུང་ནས་མཉེས་ཚོར་ཆེན་པོ་མཛད་སྐད། སྲས་འགྲོ་མགོན་ཉིད་སྤྱན་རས་


JLAZ013_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱི་སྤྲུལ་པར་ལུང་བསྟན། རྫུ་འཕྲུལ་ཤིན་ཏུ་ཆེ་བས་དགོངས་རྫོགས་སུ་དམིགས་ནས་ཤམ་པོའི་མདུན་གྱི་རྡོ་རྣམས་ནམ་མཁའ་ལ་ལུག་ཁྱུ་བཞིན་དུ་དེད། གཞན་གྱི་སྣང་ངོར་གང་ནས་བྱུང་ཆ་མེད་པར་སྐྱི་ཆུའི་འགྲམ་དུ་རྡོ་སྐྱ་ཆག་གེ་ཆགས་པ་ལ་ཇོ་བོའི་ཆུ་རགས་མཛད། སྔར་རྡོ་རྣམས་རིགས་མ་ནོར་བ་ཡོད་ཟེར། བལ་རིས་ཀྱི་ཐང་ཀ་ཐོག་ཚད་མ་བརྒྱ་དང་བརྒྱད་ཀྱང་བཞེངས། མཐུ་རྩལ་དང་ནུས་པ་ཤིན་ཏུ་ཆེ་ཞིང་ཆོས་སྐྱོང་བྲན་དུ་འཁོལ་བས། ཐོག་སེར་ལ་སོགས་པས་སྐུ་དགྲར་གྱུར་པ་དག་ཟླ་དུས་ལ་མི་ལྟོས་པར་ཉི་མའི་སྔ་ཕྱི་ལ་བཙན་ཐབས་སུ་བརླག་པར་མཛད་པ་སོགས་ཀྱི་ལོ་རྒྱུས་དུ་མ་ཡོད། ཐུགས་རྗེ་བསམ་གྱིས་མི་ཁྱབ་པས། གུ་རུ་ཆོས་དབང་སོགས་སྤྲུལ་པའི་སྐུའི་སློབ་མ་ཡང་མང་དུ་བྱུང་། འདིའི་སྲས་མངའ་བདག་བློ་ལྡན་འཇམ་དཔལ་གྱི་སྤྲུལ་པ་དང་། དེའི་སྲས་མངའ་བདག་བདུད་འདུལ་ཕྱག་རྡོར་གྱི་སྤྲུལ་པ་སྟེ་ཉང་རིན་པོ་ཆེའི་གདུང་རྒྱུད་ལ་རིགས་གསུམ་མགོན་པོའི་སྤྲུལ་པ་བྱུང་བར་ལུང་བསྟན་པ་ཡིན་ནོ། །ཆོས་ཀྱི་བརྒྱུད་པ་ལའང་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ཀའི་ལུགས་ཡོད་དོ། །གཏེར་ཁ་འོག་མར་གྲགས་པའི་བདག་ཉིད་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གདུང་ནི། བསྟན་པ་སྔ་དར་གྱི་ཚེ་བོན་གཉའ་རེངས་བྱ་བས་བཙན་པོ་ཁྲི་སྲོང་ལ་ཐོག་ཕབ་


JLAZ013_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བཀྲོངས་པར་ཁས་བླངས་པ་ན། སློབ་དཔོན་པདྨ་དང་བི་མ་ལ། བཻ་རོ་གསུམ་ཀའི་སློབ་མར་གྱུར་པ་སྤང་རྗེ་བཙན་ཁྲོམ་བྱ་བའི་སྔགས་པ་ནུས་པ་ཅན་ཞིག་གིས་བོན་པོས་ཐོག་མདའ་ལྔ་དུས་གཅིག་ལ་ཕབ་པ་སྡིགས་མཛུབ་ཀྱིས་བླངས་ཏེ་བོན་པོའི་གྲོང་ལ་རང་གཤེད་དུ་བཏང་ནས་བརླག་པར་བྱས། བཙན་པོས་དེ་ལ་བྱ་དགའ་ཆེན་པོ་མཛད། དེ་ལ་སྲས་སྤང་རིག་འཛིན་སྙིང་པོ་ཞེས་བྱ་བ་ཞིག་བྱུང་སྟེ། དེས་ཡང་འདུལ་གྱི་ལྷ་ཁང་བཞིའི་མཆོད་གཉེར་མཛད། ལོ་སྐོར་རེ་མཆོད་པ་ལ་བྱོན་པ་ལས་ཁོ་མཐིང་དུ་བྱོན་པའི་ཚེ་ལ་གཡག་རྫ་བར་གྱི་དཔོན་ཆེན་སྤྲས་པས་ནོར་གཞིས་མང་དུ་ཕུལ། ཚེ་སྔ་མའི་ཡུལ་ཡིན་གསུངས་ནས་བདག་གིར་མཛད། དེའི་སྲས་ཀུན་མཁྱེན་ཤེས་རབ་རྒྱལ་པོ་ནས་མཁྱེན་ལྡན་ནུས་པ་ཅན་བར་མ་ཆད་དུ་བྱུང་བའི་སྤང་སྟོན་གྲུབ་པའི་སྙིང་པོ་ཞེས་བྱ་བ་དེས་བླ་མ་སངས་རྒྱས་སྙི་སྒོམ་ལ་བདག་ཚངས་པར་སྤྱོད་པར་ཞུས་པས། དགེ་སློང་གི་སྡེ་བརྒྱ་ལས་བྱང་ཆུབ་སེམས་དཔའ་གཅིག་འགྲོ་དོན་ཆེ་བས་བྱང་ཆུབ་སེམས་དཔའི་གདུང་མ་བཅད་གསུངས། དེར་ཁྱིམ་ན་བཞུགས་པའི་ཚེ་མཁའ་འགྲོ་གར་གྱི་དབང་མོ་ལ་ཇོ་མོ་གྱིས་ཤིག་ཟེར་བའི་ལུང་བསྟན་བྱུང་། སླར་ནམ་མཁའ་ལ་གྱ་གྱུར་འགྲོ་བའི་གྲུབ་ཐོབ་ཀྱི་བརྒྱུད་པ་དཀར་བཟའ་མགོན་སྐྱིད་ཡིན་པར་ཤེས་ནས་བདག་གིར་བཟུང་བ་ལས།


JLAZ013_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུམས་སུ་ཞུགས་པའི་ཚེ་ཉི་ཟླ་ཁ་སྦྱོར་སྤྱི་བོར་ཐིམ་པ་དང་ལྷུམས་ནས་སྐྱེ་མེད་ཀྱི་ཡི་གེའི་སྒྲ་ཡང་ཡང་སྒྲོག་པ་དང་། མདའ་དར་གཏད་དེ་ཚིགས་སུ་བཅད་པ་སོགས་རྟགས་ཁྱད་པར་ཅན་བྱུང་། སྤྲེལ་ལོ་དཔྱིད་རའི་བཅོ་ལྔའི་ཉི་ཤར་ལ་བལྟམས། མཚན་བརྗོད་གསེར་མ་ཞིག་བྲིས་པ་ཞིག་ཡོད་པའི་ཚིག་མཚམས་ལ་རྟེན་འབྲེལ་བརྟགས་པས། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། བྱ་བ་དང་ཐུགས་ནས་མཚན་དེར་བཏགས། མིག་མཐོང་མཁན་དག་གིས་ཀྱང་ལྷ་འདྲེས་མཆོད་པར་འདུག་ཅེས་ཟེར། ཡབ་ཀྱིས་འབྲི་གུང་འཇིག་རྟེན་མགོན་པོ་ལ་ཕུར་པ་རྩ་བརྒྱུད་ཉན་པའི་ཚེ། ཁྱོད་ཀྱི་བུ་ཐ་ཆུང་ཞིག་ལ་ཆོས་སློབས་ཤིག །དེས་འཕྲིན་ལས་འབྱུང་ངོ་ཞེས་ཀྱང་གསུངས། དེ་བཞིན་དུ་མ་ལ་ཀ་བ་ཅན་པ་ན་རེ། དགེ་བཤེས་ལྷོ་པ་ཁོ་དེ་མདའ་ལྔ་དང་གཞུ་གཅིག་ཚགས་གྱིས་དང་། དགྲ་བོའི་སྙིང་ལ་ཕོག་པའི་མདའ་གཅིག་འོང་ཞེས་གསུངས། ཞང་རིན་པོ་ཆེས་ཀྱང་དགེ་བཤེས་ལྷོ་ཆུང་བ་ཁྱོད་ཀྱི་བུ་ངས་བྱའམ། ཀུ་རེ་ཡིན་ཁྱོད་ལ་ང་འདྲ་བའི་བུ་གཅིག་འོང་གསུངས་པ་སོགས་ལུང་བསྟན་མང་པོ་ཐོབ། ལོ་བཞི་ནས་ཡབ་ལས་བྲིས་ཀློག་བསླབས། སྨྲ་སྒོ་མཚོན་ཆ། རིག་ཀླག་སྡེ་ལྔ། བི་ཪྟ་ཆེན་མོ་སོགས་སྒྲའི་བསྟན་བཅོས་བཅུ་གསུམ། སྐྱེ་བོ་གསོ་ཐིགས་སོགས་ལུགས་ཀྱི་བསྟན་བཅོས་བཅུ། ནག་


JLAZ013_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་དང་། སྨན་དཔྱད་བཀའ་གཏེར། རྒྱལ་རབས་སྡེ་བདུན། ལྡེ་རྒྱུད་ཆེན་པོའི་སྒྲུང་འབུམ་སོགས་གླུ་གར་གྱི་བསྟན་བཅོས་བརྒྱ་དང་བཞི། བོན་གྱི་གཞུང་ཆེན་བདུན་ཅུ་དོན་ལྔ། མདོས་གཞུང་ཆེན་པོ་བརྒྱ་ཕྲག །གསང་སྔགས་ཕྱི་ནང་གི་ཐིག་རྩ་མང་པོ། ཕུར་པའི་སྐོར་པོད་ཆེན་བཞི་ལ་སོགས་པ་ཐོས་པ་མང་པོ་མཛད། བཅུ་ལ་གསར་མའི་ཕྱག་རྡོར་ལུགས་དྲུག་གསན་ཏེ་བསྒྲུབས་པས་བུམ་ཆུ་ཁོལ། གཤིན་རྗེའི་གཤེད་དང་ཕུར་པ་ལ་བསྙེན་པ་ཚད་དུ་བསྐྱལ། བཅུ་གཅིག་པ་ལ་སྒྱུ་འཕྲུལ་གྱི་དབང་རྒྱུད་མན་ངག་ཐམས་ཅད་རྫོགས། བཅུ་གཉིས་པ་ལ་ཀ་ཀ་ནི་གྲྭ་ལྔ། སྒྲུབ་ཐབས་བརྒྱ་རྩ་སོགས་མཁྱེན་པར་མཛད་ཅིང་ཡིག་བརྒྱའི་སྒྲུབ་པ་མཛད། བཅུ་གསུམ་པ་ལ་ཡང་དག་དང་མ་གཤིན། ཐུགས་རྗེ་ཆེན་པོ་ལུགས་གཉིས་དང་རྟ་མགྲིན་ལ་སོགས་གསར་རྙིང་མང་པོ་གསན་ཅིང་བསྒྲུབས། བཅུ་གསུམ་པའི་དུས་ཉམས་སྣང་ལ་ཇོ་མོ་སྒྲོལ་མས་ཤེལ་མཁར་ཞིག་གི་རྩེར་ཁྲིད་པས་རྡོ་རྗེ་སེམས་དཔའ་དང་མཇལ། དེ་ནས་མཁའ་འགྲོ་མ་གདོང་བཞི་པ་ཞིག་འདུག་པའི་མདུན་ཞལ་དཀར་པོ་ནས། སངས་རྒྱས་བསྟན་པ་ཁྱོད་ཀྱིས་བཟུང་། །གཡས་ཞལ་སེར་པོ་ནས། དམ་ཆོས་དར་བ་ཁྱོད་ཀྱིས་བགྱིས། །རྒྱབ་ཞལ་དམར་པོ་ནས། དགེ་འདུན་དབུ་འཕང་ཁྱོད་ཀྱིས་བསྟོད། །གཡོན་ཞལ་སྔོན་པོ་ནས་


JLAZ013_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ངན་གདུལ་དཀའ་ཁྱོད་ཀྱིས་ཐུལ། །ཟེར་ནས་མདའ་དཀར་པོ་སྒྲོ་ལྔ་པ་གཅིག་གཏད། དགུང་ལོ་བཅུ་བཞི་པར་ཏི་སེ་གྲོ་གྱང་སར་བར། ཚད་མ་དང་། མངོན་པ་ཀུན་ལས་བཏུས། སྤྱོད་འཇུག །དགྱེས་རྡོར་ལ་སོགས་པའི་གཞུང་ཆེན་པོ་དང་། ཕྱག་རྫོགས་ཞི་བྱེད་ཆོས་དྲུག་ལ་སོགས་པའི་མན་ངག་ཉན། མཐའ་བསྐོར་བ་ལས་དབུ་མ་བདེན་ཆུང་། མཚུར་སྟོན་ཡབ་སྲས་ལ་ཨ་ཏིའི་སྐོར་སོགས་མདོ་སྔགས་གསར་རྙིང་གི་བཤད་སྒྲུབ། ཡབ་ལས་ཞི་བྱེད་ཕྱག་རྫོགས་གཅོད་ཡུལ། གདམ་ངག་ངོ་སྤྲོད། བསྟན་སྲུང་དྲག་སྔགས་མཐའ་དག་ཉན་ཅིང་ཉམས་འོག་ཏུ་ཆུད་པར་མཛད། བཅུ་བདུན་པ་ལ་མངའ་བདག་འགྲོ་མགོན་དང་མཇལ་ཏེ་ཉང་རིན་པོ་ཆེ་ཉི་མ་འོད་ཟེར་གྱི་གཏེར་ཆོས་མཐའ་ཡས་པའི་བདག་པོར་གྱུར། བཅོ་བརྒྱད་པའི་ཚེ་ས་པཎ་ལ་གནས་གཞི་དང་སྒང་པོར་སེམས་བསྐྱེད་དང་། གྱང་གསར་དུ་ཆོས་འབྲེལ། ལྷ་ལུང་གི་མཆོད་རྟེན་རྩར་རབ་གནས་ཐོབ། དེ་ནུབ་མནལ་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔར་མེ་ཏོག་ཨུ་དུམ་ཝ་ར་འཚོལ་དུ་ཕྱིན་པས། ཨུཏྤལ་སྔོན་པོའི་སྟེང་ནས་འཕགས་པ་འཇམ་དཔལ་གྱིས། ཛྙཱ་ན་ཀཱ་ཡ་དྷརྨཱ་ཏུ། ཆོས་ཀྱི་དབང་ཕྱུག་ང་ཡིན་ནོ། །ང་ནི་ཁྱོད་ཀྱི་སེམས་རྟོག་གོ །སེམས་རྟོག་ནི་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པའོ། །ཆོས་སྒོ་


JLAZ013_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པའི་དོན་ནི་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་གོ །ཆོས་སྐུ་བརྒྱད་ཁྲི་བཞི་སྟོང་གི་དོན་ཁྱོད་ལ་བཤད་ཟིན་གྱི་དེའི་དོན་ལ་དཔྱོད་ཅིག །ཅེས་གསུངས་པའི་མོད་ལ་མནལ་སད་པས་ཆོས་ཐམས་ཅད་ཐོབ་པའི་ངེས་ཤེས་རྙེད། ཡུལ་གྲ། མངོན་པ་ལ་མཆོག་ཏུ་མཁས་པས། གྲྭ་པ་མངོན་ཤེས་སུ་གྲགས་པའི་སྡེ་སྣོད་འཛིན་པ་ཆེན་པོ་གཏེར་སྟོན་རྣལ་འབྱོར་གྱི་དབང་པོ་དེས་བསམ་ཡས་ནས་བཏོན་པའི་ཁ་བྱང་རིམ་པར་བརྒྱུད་པ་དགུང་ལོ་བཅུ་གསུམ་པའི་ཚེ་ཕྱག་ཏུ་བྱུང་། བར་དེར་ཁ་བྱང་དེ་ལ་བརྟེན་ནས་བླུན་པོ་གཟུ་ལུམས་ཅན་མང་པོས་འདོན་པར་བརྩམས་པ་ལ་ལ་ཤི །ལ་ལ་ཐོག་སེར་གྱིས་བྱེར་དགོས་པ་བྱུང་། ཁ་བྱང་དེ་ནང་དུ་བཞག་ན་ཆོ་འཕྲུལ་གྱིས་མི་ཚུགས། ལམ་ཕྲང་དང་། བཞི་མདོ་དང་། ཆུའི་དཀྱིལ་དང་། ས་འོག་ལ་སོགས་པར་བསྐྱུར་ཀྱང་། འབྱུང་བའི་གནོད་པས་མི་ཤིགས། བཟུང་དུའང་མ་བཏུབ་པས་བརླག་ཤོག་སེར་པོ་ཞེས་མིང་ཐོགས། ཡབ་ན་རེ། ཐམས་ཅད་བརླག་པའི་བརླག་ཤོག་སེར་པོ་དེས་ཅི་ཞིག་བྱ། ཁྱོད་འཆི་བ་ཉོ་བ་ཨེ་ཡིན་གསུངས་ནས་འཕྲོག་སྟེ་ཕྱོགས་གཞན་དུ་སྦས། དེ་སླར་དགུང་ལོ་ཉེར་གཉིས་པ་འདིར་བརྐུས་ནས་རྟོགས་ལྡན་གཅོད་ཡུལ་བ་ཞིག་དང་འགྲོགས། དེ་ལ་བརྟེན་ནས་གནམ་སྐས་ཅན་ནས་ཡང་བྱང་བླངས། རིམ་པར་བླ་རྫོགས་ཐུགས་གསུམ་གྱིས་མཚོན་པའི་གཏེར་ཁ་ཆེན་པོ་བཅོ་བརྒྱད་


JLAZ013_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་བསྒྱུར། དེ་དག་ཀྱང་སྐལ་ལྡན་གྱི་སྐྱེ་བོའི་སྔུན་ན་ངོ་མཚར་ཆེན་པོའི་སྣང་བ་དང་འགྲོགས་ནས་བླངས་པ་དང་། ཕལ་ཆེར་གཏེར་བདག་ལ་ཐ་ཚིག་བསྒྲགས། གཞན་ལས་དང་སྐལ་བ་ལྡན་པ་མངག་གཞུག་ཏུ་བྱས་ནས་རྩོད་པ་མེད་པར་ཕྱུང་བ་འབའ་ཞིག་གོ །དེ་ཡབ་ཀྱིས་ཚོར་ནས་ཁྱོད་ཀྱིས་གཏེར་ཐོན་ཟེར་བ་ཐོན་པ་རང་ཅི་ཞིག་ཐོན་ཁྱེར་ཤོག་གསུངས། ཟངས་སྒྲོམ་གཏད་པ་ན་དཀར་ཆག་ཀློག་དང་གསུངས། བཀླགས་པས་། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་གཅིག་ཤེས་ཀུན་གྲོལ་ལམ་དེ་ཀློག་དང་གསུངས། རྒྱུད་ཀྱི་མགོ་ནས་བཀླགས་པས། ད་གོ་གོ་དེས་ཆོག །ཁྱོད་ལ་སྔར་གྲོས་སྣ་མ་ཐུང་བ་བཏབ་པ་ཡིན། ཕྱིས་གྱོད་ཁ་བསྣན་ཀྱང་ཚིག་རོ་ལས་མི་ཡོང་། ད་གཏེར་དེས་འཕུང་འཚེངས་གང་ཡིན་ཡང་ཟིན། དུས་གསུམ་མཁྱེན་པ་ཨུ་རྒྱན་ཆེན་པོའི་བཀའ་རྩོད་མེད་དུ་འདུག །ཟབ་ཀྱང་ཁྱོད་ཀྱི་ཆོས་ལ་དང་རེ་མ་དགོས། ངའི་འདུན་མ་ལོ་བཞི་བཅུའི་བར་དུ། རུ་བཞིའི་བླ་མ་མཁས་གྲུབ་ཐམས་ཅད་ཀྱི་དགོངས་པ་བླངས། སྤྲོས་པ་ཆོད། འཁོར་འདས་ཀྱི་གཞི་རྩ་སེམས་ཉིད་གཅིག་པུ་འདིའི་སྟེང་དུ་ལ་བཟློས་ཟིན། ད་ཁྱོད་ངའི་ཁ་ལ་ཉན་པར་སོང་ན་བླ་རྫོགས་ཐུགས་གསུམ་འདིའི་མགོ་ཅི་ཐོན་གྱིས། དེ་མིན་པའི་མཐུ་ངན་སྔགས། སྒྱོགས་དང་། དཔག་ཆེན། ཐན་དང་ཆོ་འཕྲུལ།


JLAZ013_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གཟོ་སྣ་ཀྱག་ཀྱོག་རྣམས་ཆོས་འདི་མགོ་མ་ཐོན་པར་ཁའི་ཟུར་ལའང་མ་འདོན། ཤེས་ཤེས་མང་ལ་མཐར་ཐོན་མེད་པ་འདི་མཐར་སྤྲང་པོར་འགྲོ་བ་ཡིན། སྤྱིར་གཏེར་ཆོས་ལ་ང་གནག་པ་ག་ལ་ཡིན། སངས་རྒྱས་ཀྱི་མདོ་རྒྱུད་ཀུན་ནས་གཏེར་ལུང་གསུངས། རིག་འཛིན་གོང་མའི་ཕྱག་ལེན་ཡིན་ཏེ། སྔར་ཡང་གཏེར་སྟོན་བློ་ཆུང་རེས་ཆོས་ལ་དག་མ་ཐོན་པར། ཞོགས་ཁྱེར་དང་ངོ་སོ་བྱས་ནས་འགྲོ་དོན་རླབས་པོ་ཆེ་མ་གྲུབ། རྒྱ་ཞང་ཁྲོམ་གྱིས་ངན་སྔགས་སྔོན་ལ་སྤེལ་བས་འགྲོ་དོན་གྱ་རྡུགས། ཀུ་ཚ་སྨན་པས་སྨན་དཔྱད་བྱས་པས་ཆོས་ཀྱི་འགྲོ་དོན་གཡེལ། ར་ཤག་གཏེར་སྟོན་གྱིས་མདོས་ཆོག་བྱས་པས་ཕྱིས་མདོས་མཁན་དུ་སོང་། བོན་པོ་དྲག་རྩལ་གྱིས་སྔོན་ལ་པེ་ཧར་བསྒྲུབས་པས་མཐུ་མཁན་ལས་མ་བྱུང་། དེ་འདྲ་ལ་ཟད་པ་མེད། རྒྱལ་བ་གོང་མས་གཞན་དོན་ལ་དམིགས་ཀྱང་། གཏེར་སྟོན་ཚོས་རྩ་བའི་ཆོས་ཀྱི་གཞུང་མ་བསྲངས་པར་འཕྲིན་ལས་ཁ་ཁྱེར་དུ་བཏང་བས་གོ་མ་ཆོད་དུ་སོང་། ཆོས་བྱས་ན་ཆོས་སྐྱོང་ཞོར་ལ་ཡོང་། མཐུ་ཡང་མ་བསྒྲུབས་པར་འོང་བ་ཡིན། དེ་ཆོས་སྐྱོང་རང་གི་དམ་བཅའ་ཡིན་པས་སོ། །བློ་རྩབ་རྩུབ་མ་མང་བར་བླ་རྫོགས་ཐུགས་གསུམ་གྱི་ཉམས་ལེན་ལ་འབུངས་ཤིག ། མངའ་བདག་ཉང་ཡབ་སྲས་མིས་འཁུར་བ་འདི་ཁོས་ཐུགས་རྗེ་ཆེན་པོ་བསྒྲུབས་པས་བྱུང་བ་ཡིན། གཏེར་སྟོན་


JLAZ013_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གྱ་མ་རྡུགས་ཙམ་དེ་ཁོ་ཡིན། ངས་ལོ་དྲུག་གི་གོང་ནས་འགྲོ་བྱས་པའི་དུས་ཚོད་དེ་ད་ཟླ་བ་གཉིས་ཙམ་ནས་སླེབས་ཡོང་། མི་ཚོས་གཏེར་རྫུན་ཡིན་ཟེར་ཡོང་སྟེ་རྟོག་པ་དེ་མི་དགོས། ང་ཡན་ཆད་ཀྱི་སྤང་མི་རབས་བཅུ་གསུམ་སོང་སྟེ། ནང་གི་གྲུབ་རྟགས་མ་བྱུང་བ་མེད། ང་ཡང་ཞན་ཤོས་མིན་ཙམ་འོང་གསུང་སྐད། དེར་མངའ་བདག་འགྲོ་མགོན་གྱིས་གཏེར་གྱི་ཉམས་ང་ཆེ་གསུངས་ནས་གཟིགས་པས་མཆོག་ཏུ་མཉེས། ལུང་བསྟན་ལས་ཧོར་དམག་འབྱུང་ཚུལ་ཡོད་པ་སློབ་དཔོན་གྱི་མཐའ་བསྐོར་བས་མཐོང་ནས། ཧོར་ད་ལྟ་ཡུལ་ན་མེད་པ་ལ་ཟེར་སྐུར་པ་བཏབ་པས། ཐུགས་ཆད་ནས་གདམས་པ་སླར་སྦ་བར་སེམས་པ་ན། བུ་མོ་གཉིས་ཀྱིས་རྟ་དཀར་གཤོག་པ་ཅན་ལ་བསྐྱོན་ནས་རྔ་ཡབ་དཔལ་རིར་ཁྲིད། ཨོ་རྒྱན་ཆེན་པོས་གསང་བ་ཡོངས་རྫོགས་ཀྱི་དབང་རྫོགས་པར་བསྐུར་ནས། ལམ་གྱི་ལམ་མཆོག་གཞན་དོན་ཡིན། །འདི་ལ་སྒྱིད་ལུགས་སུ་སྐྱེས་པ། །དེ་ཡི་བྱང་ཆུབ་རྒྱང་ཐག་རིང་། །ཞེས་སོགས་ཞལ་གདམས་བསླབ་བྱས་དབུགས་ཕྱུང་། གནས་འདིར་མ་ཞེན་ཅིག་ཞེན་ན་སྐྱེ་བ་འཕོ་བའི་ཉེན་ཡོད་གསུངས་པའི་མོད་ལ་འོད་ཕུབ་ལྟ་བུས་བཏེག་སྟེ་སྐད་ཅིག་ལ་སླེབས། ཤིང་ཕོ་བྱི་བའི་ལོ་ཧོར་དོར་ཏོག་གི་དམག་གིས་སླེབས་པས་མ་འོངས་པ་མངོན་སུམ་དུ་གཏན་ལ་ཕེབས། བཙན་པོ་ཁྲི་སྲོང་ལྡེ་བཙན་


JLAZ013_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱི་མ་ལྷའི་བུ་འོད་མཐའ་ཡས་སུ་སྐྱེས་པ་ནས་རིམ་པར་མངའ་བདག་ཉང་གི་བར་སྐྱེ་བ་བཅུ་གསུམ་ཐལ་ལེར་དྲན་སློབ་མའི་དམ་པ་བལ་ཡུལ་ཡམ་བུ་པ་བྷ་རོ་གཙུག་འཛིན་ཞེས་བྱ་བ་ཞིག་ཡོད་དེ། དེ་ཉིད་བོད་དུ་གསེར་འཚོལ་བའི་ཕྱིར་འོངས་པ་ལ་མཁའ་འགྲོས་ལུང་བསྟན་ཏེ་གུ་རུ་ཉིད་དང་མཇལ། ཞག་བདུན་གྱི་བར་དུ་བླ་མ་ཨུ་རྒྱན་དངོས་སུ་མཐོང་། གསུང་ཐོས་པ་ཙམ་གྱིས་རྟོགས་པ་ཤར། ནུབ་ཅིག་དབང་མཛད་པའི་ཚེ་ཁྱོད་ཀྱིས་ཅིར་མཐོང་གསུངས། ཡི་དམ་དངོས་སུ་མཐོང་ཞུས་པས། འོ་ན་ཚོགས་གཏོར་གཞན་ན་འབུལ་ས་མེད་གསུངས་ནས་གནའ་བའི་ཤ་བུབས་ཕྱེད་ལ་སོགས་པའི་ཚོགས་རྫས་རྣམས་སྐད་ཅིག་གིས་བཞེས། ཡང་ང་ཅིར་མཐོང་གསུངས། སངས་རྒྱས་དངོས་སུ་གདའ་ལགས་ཞུས་པས། འོ་ན་དབང་བསྐུར་བྱའོ་གསུངས་ནས་མཆོད་རྫས་བསྡུས། དཀྱིལ་འཁོར་བཤིག །ཤུལ་དུ་བྲོ་བརྡུངས། བླང་དོར་མེད་པའི་སྤྱོད་པ་དང་། རྡོ་རྗེའི་དམ་ཚིག་ཆེན་པོའི་གནས་ལ་སྐྲག་པར་མི་འགྱུར་བའི་ལས་ཅན་གྱི་སློབ་མའི་ཁམས་དང་བསམ་པ་མཁྱེན་ནས་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ཆེན་པོ་ནས་རྣམ་པར་སྣང་མཛད་དྲི་ཆེན་གྱི་ལྷ་རྣམས་ཀྱི་སྒོ་ནས་ཕྱུང་སྟེ་དབང་བསྐུར་བས། བྷ་རོ་ལ་ལུས་སྦྲུལ་ཤུན་དོར་བ་ལྟ་བུའི་ཉམས་ཤར། དེ་བཞིན་དུ་རྡོ་རྗེ་གསང་བའི་མྱུར་ལམ་ནས་དྲི་ཆུ་དོན་ཡོད་གྲུབ་པ་ལྕེ་ཐོག་ཏུ་བླུད་པས་ཟག་མེད་བདེ་


JLAZ013_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོའི་ཡེ་ཤེས་ཐོལ་རྒལ་དུ་འབར། སྙིང་ཁར་ཕྱག་མཛུབ་བཙུགས་ནས། ང་བྱ་བ་འདི་ངོས་ཟུང་ཞིག་གསུངས་པས་ཡུལ་གྱི་འཛིན་པ་བུན་ལོང་ངེར་ཞིག །ང་མཐོང་དོན་ལ་མ་ཡེངས་ཤིག །དེ་ལ་སྒོམ་རྒྱུ་སྤུ་ཙམ་མེད་གསུངས་པས་རྫོགས་ཆེན་བྱ་བྲལ་རིས་མེད་ཀྱི་རྟོགས་པ་ལྷག་གེར་ཤར། ངེས་ཤེས་ཁྱད་པར་ཅན་སྐྱེས་ནས་ད་ནི་དུས་གསུམ་སངས་རྒྱས་བྱོན་ཀྱང་དབང་ཞུ་སྙམ་པ་མི་གདའ། རྒྱ་གར་དུ་འགྲོ་བའི་སྤྲོས་པ་ཡང་ཆོད་ཞུས་པས། འཁོར་བ་མི་འཁྱམ་པའི་སངས་རྒྱས་བྱུང་ན་མུ་སྟེགས་པ་ཡིན། ཁྱོད་རྒྱ་གར་དུ་སོང་ལ་བླ་མ་རྙེད་ན་བླ་མ་འཚོལ། སློབ་མ་རྙེད་ན་སློབ་མ་འཚོལ་ཞེས་གསུངས། ཞལ་ཏ་འདི་དོན་ཤིན་ཏུ་བཟང་པོར་སྣང་། ལར་བལ་པོ་བྷ་རོ་འདི་ལས་སད་པའི་གང་ཟག་དད་པ་ཤིན་ཏུ་ཆེ་བས་གུ་རུའི་སྟ་ཟུར་ལ་ཁྲོ་བོའི་སྤྱན་མངའ་བ་དང་། མཁའ་འགྲོ་དང་ཆོས་སྐྱོང་ལ་སོགས་སྣང་བ་དག་པ་འབའ་ཞིག་ཏུ་མཐོང་། ལན་གཅིག་མངོན་སྤྱོད་འདི་དག་ལ་རྟགས་ཐོན་པ་མཆིས་སམ་ཞུས་པས། ལག་ལེན་དོན་ཐོག་ཏུ་ཕེབས་ཏེ་མ་ཎི་འདྲེན་ནས་དེ་སྒྲུབ་མ་ཁོམ་གསུངས། དེར་བལ་པོས་སྒྲོལ་བའི་ནུས་པ་སྟོན་པར་ཞུས་པས། རི་བོང་ཞིག་ཉེ་བའི་སར་འགྲོ་བ་ལ་ས་ལ་རི་བོང་གི་གཟུགས་གཅིག་བྲིས། ཁབ་ལ་སྔགས་ལན་བདུན་བགྲངས་ཏེ་གཟུགས་བརྙན་ལ་བཏབ་པས་རི་བོང་ཐུར་ལ་རིལ་ལི་ལི་འདྲིལ། ད་སྒྲིབ་པ་སྦྱངས་དགོས་


JLAZ013_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ཤོག་གསུངས་ནས་བཏགས་གྲོལ་བཏགས་ཏེ་ཚོགས་གཏོར་དང་བསྔོ་བས་རྗེས་སུ་བཟུང་། དེ་འདྲ་བ་མི་ལ་བྱུང་ན་འཇིགས་ཞུས་པས། མི་དང་འཕྱི་བ་འདྲ་གསུངས་ནས་འཕྱི་བའི་གཟུགས་བརྙན་ལ་སྔར་བཞིན་མཛད་པས་འཕྱི་ཁུང་ནས་རོ་བྱུང་། བྱས་ན་འདི་འདྲ་འོང་སྟེ་སེམས་ཅན་ལ་གནོད་པས་སུ་ལའང་མི་སྟེར། དགྲ་ལའང་འཚང་རྒྱ་བའི་མཐུ་ལས་གཞན་མི་བྱེད། འདི་པ་དུད་འགྲོ་སོང་བས་གནས་སྤར་བ་ཡིན། གཞན་མི་ལུས་ཐོབ་པ་ནི་ཤིན་ཏུ་དཀའ། སྲོག་བཅད་པའི་སྡིག་པ་ནི་མཐའ་ཡས། གཅིག་ཤི་བས་མི་ཆོག་དེའི་ཉེ་འཁོར་ཐམས་ཅད་སྡུག་བསྔལ་བ་ཡིན། དགྲ་ལའང་མཐུ་མི་བྱེད་ཀྱི་སྟེང་དུ་སླར་ལ་སྙིང་རྗེ་བསྐྱེད་དགོས་པ་ཡིན་གསུངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་ཕྱོགས་ལྷག་པར་དང་དུ་ལེན། རང་དོན་དུ་མཐུ་དང་མངོན་སྤྱོད་མི་མཛད་པའི་དམ་བཅའ་ཤིན་ཏུ་བརྟན་པ་ཡིན་ཏེ། ཐུགས་རྗེ་ཡུལ་ལ་འཇུག་པའི་ཆ་ནས་ངན་སོང་གསུམ་ཡང་ཐུགས་རྗེས་བསྒྲལ། ཞེས་པ་སྟེ་གུ་རུ་ཆེན་པོ་འདིས་མངོན་དུ་མཛད་དེ། ལས་ཀྱི་ལུས་དུག་ལྔའི་ཕུང་པོ་ཅན་དེ་བསད། རྣམ་པར་ཤེས་པ་ཆོས་ཉིད་ཀྱི་ཀློང་དུ་གསོས་ནས་འཁོར་བ་མཐའ་ཅན་དུ་མཛད་པས་གསད་གསོའི་ནང་ནས་ཀྱང་ངོ་མཚར་ཆེ་བ་ཞིག་ཡིན། བལ་པོ་བྷ་རོ་ལྡོག་ཁར་གསེར་ཞོ་དྲུག་ཅུ་ཐམ་པ་ཕུལ་ནས་རྒྱ་བལ་དུ་ལྡོག་པ་ལ་བར་ཆད་མེད་པའང་


JLAZ013_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བྱས་པས། གསེར་ཕྱེད་ཕྱེ་དང་བསྲེས་ནས་སྦྱིན་བསྲེག་མཛད། སེར་སྣའི་མདུད་པ་རྩ་བ་ནས་གྲོལ། ལར་འདི་དཀོན་མཆོག་ཡོད་པར་ཡིད་ཆེས་པར་སྟོན་པའི་མཛད་པ་ངོ་མཚར་ཅན་ཡིན་ཏེ། གཏོང་བ་ལ་གོམས་པ་རྣམས་ཀྱིས་ཀྱང་དཀོན་མཆོག་ལ་དམིགས་ནས་རྫས་དངོས་མེད་དུ་གཏོང་བ་ལ་རྣམ་པའི་ཆ་ནས་ཡིད་གཉིས་ཡོད་པ་ལྟར་མི་སྟོན་ཡང་དོན་དངོས་པོར་སྣང་བའི་དགེ་བའི་ཕྱོགས་ལ་དགའ་བར་བྱེད་པ་འདི་ཀ་ཅུང་ཟད་བློ་ལ་འཕྲི་ཆགས་པ་ཡིན། དེར་བྷ་རོ་ལ་སྦྱིན་བསྲེག་གི་ཐལ་བ་ཕངས་སེམས་མ་བྱེད་པར་ཆུ་ལ་སྦྱོངས། ལམ་དུ་ཟས་སྟེར་བ་ཞིག་འོང་། དེ་བདག་གིར་གྱིས་ཤིག་གསུངས་པ་ལྟར་བྱས་པས་བུ་མོ་གཅིག་གིས་ཉུང་མ་ཞིག་བྱིན། དེ་གུ་རུ་ལ་ཕུལ་པས། རས་ཁོབ་ལ་ཚོས་ཤིག་གསུངས། རེ་ཞིག་ན་དེ་ཤར་གྱུར་ནས་རོ་མངར་ལ་ཤུམ་པ་གཅིག་བྱུང་། ད་ཁྱོད་ཀྱིས་དོན་དེས་གྲུབ། ངའི་ཡོན་ཏན་ཐུན་མོང་མ་ཡིན་པ་མཐོང་བ་དེ་གཞན་ལ་མ་ཤོད་ཅིག་གསུངས། སླར་བྷ་རོ་རྒྱ་གར་དུ་འགྲོ་བ་ལ་སྐྱེལ་ཐུང་མཛད་པས་ཡང་གསེར་ཞོ་གསུམ་ཕུལ། དེར་གུ་རུའི་ཞལ་ནས། མེ་ལ་བསྲེག་པས་མཁའ་འགྲོ་མཉེས་ན། ཆུ་ལ་གཏོར་ན་དེ་བས་ཀྱང་དགྱེས་མཆི་གསུངས་ནས་གསེར་དེ་ཆུ་ལ་གཏོར། སྲས་ཀྱི་དམ་པར་གྱུར་པ་པདྨ་དབང་ཆེན་དང་། མངལ་དུ་འཁྲུངས་པའི་ཉི་མ་འོད་ཟེར་ལ་སོགས་


JLAZ013_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བརྒྱད་དང་། སྣོད་ལྡན་གྱི་བུ་དགུ་ལ་སོགས་པ་སྨིན་གྲོལ་དུ་མཛད། ཆུ་ཞལ་མགུར་གསུམ་ལ་སོགས་པའི་བླ་ཆེན་དང་མི་ཆེན་མང་པོས་ཞབས་ལ་གཏུགས། གཙོ་བོར་མ་ཎི་འབའ་ཞིག་གིས་འཕྲིན་ལས་མཛད་དེ་བོད་ཡུལ་ཐམས་ཅད་ལ་ཐར་པའི་ས་བོན་རྒྱ་ཆེན་པོ་བཏབ། ཁྱད་པར་གྲུབ་ཐོབ་མ་ཎི་རིན་ཆེན་ཞེས་བྱ་བ་ལས་ཁམས་སུ་ཐུགས་རྗེ་ཆེན་པོའི་འཕྲིན་ལས་རྒྱ་ཆེར་འཕེལ། བརྒྱ་བྱིན་དང་ཉི་ཟླའི་ལྷའི་བུས་ཀྱང་མཆོད་བསྟོད་བྱས། བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་བླ་མར་བཀུར་ཞིང་། སྙན་གྲགས་ཀྱིས་འཇིག་རྟེན་གཡོགས། འགྲོ་བའི་བསོད་ནམས་གསོག་པའི་ཞིང་དུ། ཚོང་འདུས་འགུར་མོའི་ལྷ་ཁང་དང་། བསམ་འགྲུབ་བདེ་བ་ཆེན་པོའི་ལྷ་ཁང་གཉིས་ཀྱང་མཛད། ལ་ཡག་གུ་རུ་ལྷ་ཁང་དུ་གཙོ་བོར་གདན་ས་མཛད། ལྷ་སའི་ཇོ་ཤཱཀ་དང་མཚུངས་པ་ཙམ་གྱི་བྱིན་བརླབས་ཅན་དུ་གྲགས་པའི་རྟེན་གཙོའི་སྣང་བརྙན་དང་པོར་འཕགས་པ་ཀླུ་སྒྲུབ་ཀྱིས་རི་བཏང་བཟུང་ནས་སྤྱན་དྲངས། བར་དུ་སློབ་དཔོན་ཆེན་པོས་སྣ་བསྟོད་ས་ཟམ་ཡང་དབེན་ནས་ཕྱུང་སྟེ། ཧ་པོའི་གངས་ལ་རྒྱས་བཏབ་པ་འདི་དགུང་ལོ་ང་བདུན་པས་ཕོ་འབྲུག་གི་ལོར་སྤྱན་དྲངས་ཏེ་འགྲོ་བའི་དོན་དུ་བཞུགས་སུ་གསོལ། མ་འོངས་པ་ན་ཀླུ་ཡུལ་དུ་སྤྱན་འདྲེན་པ་བཤད། དེ་ལྟ་བུའི་ཐུགས་རྗེ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པས། འགྲོ་བའི་དོན་མཛད་ནས་མཛད་པ་བརྟུལ་བར་ཉེ་བའི་ཚེ།


JLAZ013_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་བོ་ཆོས་ཀྱི་དབང་ཕྱུག་ལ། །སེམས་ཅན་རྣམ་རྟོག་ཐ་དད་གྱིས། །ལ་ལ་ཆོས་དབང་བདེ་ན་དགའ། །ལ་ལ་ཆོས་དབང་བདེ་ཡི་དོགས། །ཞེས་དང་། ཆོས་དབང་སེམས་ཉིད་རེ་དོགས་བྲལ། །ཆོས་དབང་སེམས་ལ་ཟུག་རྔུ་མེད། །བདེ་ན་དགའ་ཚོ་དགྱེས་པར་མཛོད། །ཆོས་དབང་ཟུག་རྔུ་སྤངས་པ་མེད། །སྡུག་ན་དགའ་ཚོ་དགྱེས་པར་མཛོད། །ཆོས་དབང་སེམས་ལ་སྐྱེ་ཤི་མེད། །ཤི་ཡི་དོགས་ཚོ་དགྱེས་པར་མཛོད། །ཆོས་དབང་སེམས་ཉིད་ཆོས་དབྱིངས་ཤི །མ་ཤི་དོགས་ཚོ་དགྱེས་པར་མཛོད། །ཆོས་དབང་སེམས་ཉིད་འཕོ་འགྱུར་མེད། །རྟག་ཏུ་རེ་ཚོ་དགྱེས་པར་མཛོད། །ཆོས་དབང་སེམས་ལ་རང་བཞིན་མེད། །རྟག་གི་དོགས་ཚོ་དགྱེས་པར་མཛོད། །ཅེས་རེ་དོགས་རྩ་བ་ནས་ཟད་པའི་རྣལ་འབྱོར་གྱི་དབང་པོ་ཆེན་པོར་བཞུགས། རང་གིས་བཞེངས་པའི་ལྷ་ཁང་འབད་པ་དོན་ལྡན་དུ་འགྱུར་བའི་ཕྱིར་ཞབས་ཏོག་དགོས་པར་གདམས་ཤིང་། གཙུག་ལག་ཉམས་རྐྱེན་བུ་ཡིས་བྱས་ཀྱང་ཐོན། །ལྷ་ཁང་ཞབས་ཏོག་སྤྲང་པོས་བྱས་ཀྱང་ཁུར། །ཞེས་དང་། ཀུན་བཟང་བདེ་ཆེན་ཆོས་དབྱིངས་གཞལ་ཡས་སུ། །སྒྱུ་མའི་སྐྱེས་བུ་ཆོས་དབང་ད་ནི་སྡུད། །ཅི་ཕྱིར་ལུས་འདིའི་གདུལ་བྱ་རྫོགས་རྫོགས་འདྲ། །ལས་ངན་ཟད་པའི་རྟགས་ཀྱང་ལུས་ལ་སྨིན། །རྨི་ལམ་མི་གཟུགས་ཆོས་དབང་ཡལ་ནས་འགྲོ། །


JLAZ013_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སློབ་ཀུན་འདུས་ནོར་བུའི་ཚོང་ལེན་རྨིས། །ང་དང་འབྲེལ་ཚད་བདེ་ཆེན་ཐོབ་པའི་རྟགས། །ཞེས་དང་། བདག་གི་ཤ་རུས་སྲན་ཚད་ཡུངས་འབྲུ་རེ། །ལྟོར་སོང་ཐམས་ཅད་ལམ་འགྲོ་བདེ་ཆེན་འགྲོ། །ཞེས་པ་ལ་སོགས་པའི་ཞལ་གྱི་གདམས་པས་དབུགས་དབྱུང་ནས། དགུང་ལོ་ང་དགུ་པ་ལ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་སོ། །ད་ནི་བཀའ་གཏེར་གྱི་བསྟན་པ་ལ་དངོས་སམ་བརྒྱུད་ནས་བཀའ་དྲིན་བསམ་གྱིས་མི་ཁྱབ་ཅིང་སྤངས་པ་དང་རྟོགས་པའི་ཡོན་ཏན་ཟད་མི་ཤེས་པ་མངའ་རིས་པཎ་ཆེན་རིན་པོ་ཆེ་རྗེས་འབྲང་དང་བཅས་པའི་གཏམ་བརྗོད་པར་བྱ་སྟེ། སྐྱེས་བུ་དམ་པ་འདི་ནི་ཡུལ་མངའ་རིས་ཀློ་བོ་མང་ཐང་གི་སའི་ཆར། ཡབ་མར་པ་ལོ་ཙཱའི་སྐྱེ་བ་ལྷ་རིགས་གྲུབ་པའི་དབང་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཞེས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་སོགས་ཏེ་མཁས་གྲུབ་ཀྱི་བླ་མ་མང་པོའི་ཞབས་ལ་ཐུག་ཅིང་། བཀའ་གཏེར་གྱི་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་གྱུར་པ་དེ་དང་། ཡུམ་འཕྲོ་ལྕམ་ཁྲོམ་པ་རྒྱན་གྱི་སྲས་སུ་མེ་མོ་ལུག་གི་ལོ་ལ་སྐུ་བལྟམས། མཚན་པདྨ་དབང་རྒྱལ་དུ་བཏགས། དགུང་ལོ་བརྒྱད་པ་ལ་རྟེན་དགེ་བསྙེན་དུ་མཛད། ཡབ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྡོམ་པས་རྒྱུད་སྦྱངས་ནས་འཇམ་དཔལ་མཚན་བརྗོད། སྒྱུ་འཕྲུལ་ཞི་ཁྲོ།


JLAZ013_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་མེ་དགུ། སེམས་ཕྱོགས་ལ་སོགས་གསན་པ་རྒྱ་ཆེན་པོ་མཛད། བཅུ་གཅིག་པར་རྩ་རྒྱུད་གསང་སྙིང་། སློབ་དཔོན་སྒེག་པའི་རྡོ་རྗེའི་འགྲེལ་པ། གཡུང་ཊཱིཀ་ཁ་དམར་ཅན། སུམ་སྟོན་གྱི་ཊཱིཀྐ་ལ་སོགས་པ་ཕལ་ཆེར་ཞིག་ཟླ་བ་བདུན་གྱིས་ཁོང་དུ་ཆུད། དགོངས་འདུས་ལ་སོགས་པའི་མདོའི་གནས་ཀྱང་བྱང་བར་བྱས། བཅུ་གཉིས་པའི་ཚེ་མཁས་པ་མང་པོའི་དབུས་སུ་གཞུང་དཀྱུས་ཀྱི་བཤད་པ་མཛད། བླ་མ་གསང་འདུས་དང་། སྒྱུ་འཕྲུལ་ཞི་ཁྲོ། རྟ་མགྲིན་ལ་སོགས་པར་བསྙེན་སྒྲུབ་མཐར་ཕྱིན། ལྷ་མོ་དུད་སོལ་མས་ཞལ་ཡང་ཡང་བསྟན། གྲུབ་མཚན་གྱི་ཐོག་མར་ཞིང་ལ་ཤྭ་ལོག་ཆེན་པོ་ཞིག་བྱུང་བ་ལ། ཕུར་པ་གདེངས་པ་ཙམ་གྱིས་ནམ་མཁའ་ལ་ཐོག་སོ་བདུན་ཙམ་འཁྱིལ་ཞིང་བཟློག །དེ་བཞིན་དུ་གཏོར་ཆེན་འཕངས་པའི་ཚེ་ས་སྟེངས་ནས་ཁྲུ་གང་ཙམ་འཕགས་པ་ཡང་བྱུང་། སྨེ་བརྩེགས་ཀྱི་སྒོམ་བཟླས་མཛད་པས་ཨ་ཛི་གྱི་སྒྲ་སྒྲོགས་བཞིན་པར་མཐོང་། དགུང་ལོ་བཅུ་བཞི་ནས་བཀའ་བརྒྱད་དང་མ་གཤིན་ལ་སོགས་པའི་སྒྲུབ་འཕྲིན་མང་དུ་བསླབས་ཤིང་བཟླས་སྒོམ་གྱི་ལ་བཟློས། དེ་ནས་ལོ་བདུན་གྱི་བར་དུ་གཅོད་ཡུལ་དང་རོ་སྙོམས་མཛད། བྱེ་མ་དང་། ཆུ་རྡེལ་མེ་ཏོག་ལ་སོགས་པའི་བཅུད་ལེན་ཁོ་ནས་དཀའ་སྤྱད་ཀྱི་ཕྲང་ལ་བཤར། ཐེམ་སྤངས་


JLAZ013_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམ་བཅའ་ལོ་གསུམ། ངག་བཅད་ཀྱི་དམ་བཅའ་ལོ་གསུམ། ཤ་ཁྲག་གི་ཟས་ལ་ཤིན་ཏུ་སྡང་ཞིང་། སྨྱུང་གནས་དང་། གསོ་སྦྱོང་ལ་སོགས་མང་དུ་མཛད་པས་སྤྱན་རས་གཟིགས་ལན་བདུན་དུ་གཟིགས། ལོ་གཅིག་ཏུ་བླ་མ་གསང་འདུས་ཀྱི་གདམས་ངག་ལ་ནན་ཏན་མཛད། སྤྱིར་བླ་མ་མཁས་གྲུབ་མང་པོ་ལས་མདོ་སྔགས་ཆོས་ཀྱི་བདུད་རྩི་ངོམས་པ་མེད་པར་འཐུངས་ཤིང་། ཁྱད་པར་དུ་ཡབ་ལས་མདོ་དབང་དང་། ཕུར་པ། སྒྲུབ་ཆེན་བཀའ་བརྒྱད་ལ་ནན་ཆགས་ཆེན་པོ་མཛད། གྲུབ་པ་བརྙེས་པའི་རྣམ་ཐར་ཡང་། གསུང་ལས། བྲག་དམར་གྱི་མཚོ་ལ་རོ་སྙོམས་བྱས། །སྨུན་ནགས་ཀྱི་ཆུ་ལ་རྡོག་པས་བརྫིས། །ལྷ་ལུང་གི་བྲག་ལ་མཁའ་ལྟར་ལྡིང་། །བ་གམ་ཅན་བྲག་ལ་བྱི་ལྟར་འཛུལ། །མགོ་བོ་ཅན་བྲག་གི་ལོགས་ལ་རྒྱུགས། །གྲོགས་ཤེར་སེང་དང་ཤེར་དཔལ་རྒྱལ་བཟང་གསུམ། །བྱང་རྒྱལ་དང་བླ་མ་རིན་སེང་བ། །སྐྱེས་ཕོ་མོ་འགའ་གྲུབ་ཐོབ་གྲུབ་ཐོབ་ཟེར། །དེང་གྲུབ་ཐོབ་ཀྱི་གོ་བ་ང་མི་ལེན། །ཆོས་ཉམས་བླངས་ཀྱི་ཉམས་སྣང་ཐོལ་ཙམ་ཡིན། །དོན་འཕོ་འགྱུར་བྲལ་བ་མ་རྟོགས་ན། །ལུས་སྒྱུ་མའི་ཆོ་འཕྲུལ་བྱ་བྱིས་སྟོན། །ཞེས་གྲུབ་རྟགས་ཀྱི་མཐར་ཐུག་རྟོགས་པ་ལ་ངོས་འཛིན། བཅུ་བདུན་གྱི་ལོ་ལ་དམ་བཅའ་བརྒྱད་མཛད་དེ། དགེ་འདུན་ལ་མཐོང་ཕྱག་བྱེད་པ་དང་། ཕ་ཡུལ་དུ་ཞག་བདུན་ལས་མི་བཞུགས་


JLAZ013_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དབེན་པ་འབའ་ཞིག་ལ་བློ་གཏོད་པ་དང་། རྒྱལ་པོའི་སྒོ་ཁང་ལན་གསུམ་ལས་མི་འགྲིམ་པ་དང་། ཚོང་ཁེ་དང་གྲལ་མགོ་མི་འཛིན་པ་དང་། རོ་མཆོག་དང་དབུ་གཙོ་མི་བྱེད་པ་དང་། འཚོ་བ་བསོད་སྙོམས་ལ་བསྟེན་པ་དང་། སྒྲུབ་པ་དང་ཐོས་བསམ་འབའ་ཞིག་བྱེད་པ་རྣམས་སོ། །སློབ་དཔོན་ནོར་བསྟན་བཟང་པོ་ལས་ཡང་ཡང་དུ་བསྙེན་ནས་འདུལ་བ་དང་། མདོ་སྡེའི་སྐོར་དང་། ཇོ་བོ་བཀའ་གདམས། ནཱ་རོ་མཁའ་སྤྱོད་མ། སྙན་བརྒྱུད་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཞུས། སྐྱིད་གྲོང་དུ་འཕགས་པ་ཝ་ཏི་མཇལ་བས་གསུང་བྱོན། སྐུ་ཚེ་སྔ་མའི་སྔོན་གནས་མང་པོ་རྗེས་སུ་དྲན། དགུང་ལོ་བཅུ་དགུ་པར་ཕ་ཡུལ་དུ་ཡིག་དྲུག་གི་འགྲོ་དོན་མཛད། ཉི་ཤུ་ལ་བྱམས་ཆོས་ལྔ། ཕར་ཕྱིན་ཚད་མ། དབུ་མ་རྩ་ཤེ། བཞི་བརྒྱ་པ་དང་། བསླབ་བཏུས། སྤྱོད་འཇུག །དངོས་བརྒྱད་དོན་བདུན་ཅུ་སོགས་གཞུང་ལུགས་ཆེན་པོ་བརྒྱ་ཕྲག་གཅིག་ཁོང་དུ་ཆུད། ཉེར་གཅིག་པ་ལ་འཇམ་དབྱངས་ཆོས་སྐྱོང་དང་། སྡོམ་བརྩོན་ཚུལ་ཁྲིམས་དཔལ་ལ་སོགས་པར་གཤེད་དམར་ལ་སོགས་པའི་དབང་སྒྲུབ་གདམས་པ་གསན་ཞིང་བསྒྲུབས་པས་ཞག་བདུན་ན་གཤེད་དམར་དངོས་སུ་མཐོང་། ཉི་ཤུ་རྩ་གཉིས་པར་ཡབ་ཀྱི་དྲུང་དུ་སྔ་འགྱུར་བཀའ་གཏེར་ལ་ཞུན་ཐར་ལེགས་པར་སྤྱད། བཀའ་བརྒྱད་ཀྱི་


JLAZ013_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་མཛད་པས་བདུད་རྩི་ཁོལ། མར་མེ་ཆུང་ངུ་ཞིག་གིས་ཞག་གསུམ་ཐུབ། དེའི་ཚེ་ཡབ་ཀྱིས་གཟིགས་སྣང་ཉིད་ཀྱིས་ཚིགས་སུ་བཅད་པ། བུ་ཁྱོད་ཚེ་ལ་བར་ཆད་མ་བྱུང་ན། །འཇིག་རྟེན་འདི་ནི་ཆོས་ཀྱི་འཁོར་ལོས་སྒྱུར། །མདང་གསུམ་དཀྱིལ་འཁོར་མཐའ་ལ་ཀུན་བསྐོར་ནས། །བླ་མ་ཟུར་ཆེན་རྔོག་སྟོན་ཆེན་པོ་དང་། །རྗེ་བཙུན་གྲགས་པ་འཕགས་པ་རིན་པོ་ཆེ། །ནམ་མཁའི་སྙིང་པོ་བསོད་ནམས་བླ་མ་དང་། །འགྲོ་མགོན་ཉང་དང་རས་ཆུང་རྡོར་གྲགས་དང་། །རྒྱལ་སྲས་དབང་ཆེན་གློ་བོ་ཡབ་སྲས་དང་། །ཆག་ལོ་ཆོས་དཔལ་ཁྲོ་ཕུག་ལོ་ཙཱ་དང་། །ནག་ཚོ་ལོ་ཙཱ་ཀུན་མཁྱེན་མུས་སྲད་པ། །མཁས་གྲུབ་བསོད་བཟང་གྲུབ་ཆེན་དམར་ཞབས་དང་། །དམ་པ་སངས་རྒྱས་བཻ་རོ་བི་མ་ལ། །ཨོ་རྒྱན་ཡབ་ཡུམ་རྒྱལ་པོ་ཁྲི་སྲོང་དང་། །མ་གཅིག་ལབ་སྒྲོན་ཞང་ལོ་རས་ཆེན་པ། །ཁམས་པ་སྒ་ལོ་རྒྱ་གར་པཎ་ཆེན་རྣམས། །གཅིག་ལ་གཅིག་བལྟ་འཛུམ་ཞིང་བཞད་པ་ལ། །ཀུན་ཀྱང་ང་ནི་པདྨ་དབང་རྒྱལ་ཡིན། །སྨྲ་ཞིང་ཐམས་ཅད་ཁྱོད་ལ་ཐིམ་ནས་སོང་། །ཞེས་པ་ལྟར་ཡིན། ཉེར་གསུམ་པ་ལ་གློ་བོ་ལོ་ཙཱ་བ་ལམ་འབྲས་ཚོགས་བཤད་དང་། སློབ་བཤད་གཉིས། ཉེར་བཞི་པའི་ཚེ་ཡང་ཚར་གཅིག་བསྐྱར། ཉེར་ལྔ་པའི་ཚེ། བསམ་འགྲུབ་གླིང་དུ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་མཁན་པོ།


JLAZ013_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་དཀོན་ཅོག་སྐྱབས་ཀྱིས་སློབ་དཔོན། དེ་བཞིན་དུ་གསང་སྟོན་པ། གྲིབ་ཚོད་པ། གྲོགས་དན་པ། དད་པའི་དགེ་སློང་ཉི་ཤུ་རྩ་ལྔ་དང་བཅས་པའི་དབུས་སུ། བུ་ལུགས་ཀྱི་ལས་ཆོག་གཞིར་བཞག་ལ། ནམ་བསོད་དང་འཕགས་པ་རིན་པོ་ཆེའི་ལས་ཆོག་གི་བཤད་སྦྱར་དང་བཅས་ཚིགས་གསུམ་གྱིས་བསྙེན་པར་རྫོགས་པའི་དངོས་པོར་བསྒྲུབས། མཁན་སློབ་དེ་རྣམས་ལས་ཆོས་ཀྱང་མང་དུ་ཉན། ཉེར་དྲུག་པ་ལ་ཤེལ་གྱི་རི་བོ་འབྲུག་སྒྲ་ལ་སོགས་པའི་དབེན་པར། ཆོས་གོས་གསུམ་དང་། གླེགས་བམ། འཁར་བསིལ། ལྷུང་བཟེད་ལས་གཞན་པའི་ཡོ་བྱད་ཐམས་ཅད་སྤངས་ཏེ་བྱ་བཏང་སྒོ་གཅིག་པའི་བརྟུལ་ཞུགས་བཟུང་། སྟོན་པས་བཅས་པའི་གནང་བཀག་དང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སྒྲ་ཇི་བཞིན་པར་གནས་པ་ནི་སྐྱེས་བུ་ཆེན་པོ་འདི་དང་། ཀོང་པོ་རྒོད་ཚང་བ་སྣ་ཚོགས་རང་གྲོལ་གྱི་རྣམ་པར་ཐར་པ་མཐོང་བའི་ཆོས་ལ་གནས་ངེས་པར་ཤེས། གཞན་དུ་མི་ལ་རས་པ་ལ་སོགས་ཏེ་རྟགས་དང་ཆོ་ག་མ་བྱས་པའང་ཇི་སྙེད་ཅིག་ཡོད་སྲིད་ཀྱི། དེ་དག་ལ་བསྟན་པ་ལ་དགའ་བའི་ལྷ་རྣམས་དང་ལྷན་ཅིག་རྗེས་སུ་ཡི་རང་བར་བྱས་སོ། །སླར་ལྗོངས་རྒྱུ་བའི་བརྟུལ་ཞུགས་ཀྱིས་མངའ་རིས་ཀྱི་གནས་བརྟན་རྣམས་ཀྱང་མཇལ། ཐེག་པ་ཆེན་པོའི་བསླབ་པར་བྱ་བའི་གནས་ལས་འདའ་


JLAZ013_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ཡིན་པས་ཆོས་ཀྱི་སྦྱིན་པའང་ཅི་རིགས་སུ་སྩལ། གློ་བོ་མཁན་ཆེན་ལས། དགྲ་གདོང་། འཇིགས་བྱེད། གཤེད་དམར། གསང་བ་འདུས་པ་ལ་སོགས་པའང་མང་དུ་གསན། མཁན་པོ་དེ་དང་། གུ་གེ་པཎ་ཆེན་རྣམ་རྒྱལ་དཔལ་བཟང་། འཇམ་དབྱངས་བློ་གྲོས་དཔལ་མགོན་རྣམས་ལ་སྒྲ་དང་། ཚད་མ། བརྟག་གཉིས་ཀྱི་བཤད་པ། གསང་སྔགས་ཀྱི་དབང་དང་མན་ངག་ཀྱང་མང་དུ་ཉན། སྤུ་རངས་དང་། ཏི་སེ། འཁོར་ཆགས་ལ་སོགས་པའི་གནས་བརྟན་འཁོར་ནས་སླར་གློ་བོར་བྱོན། དྲང་སྲོང་གཏེར་སྟོན་ཤཱཀྱ་བཟང་པོ་ལས་བྱང་གཏེར་མང་དུ་གསན། མདོར་ན་བདེ་ཀྱེེ་གསང་གསུམ། མ་གཤིན་ཕུར་པ། བཀའ་བརྒྱད་གསང་སྙིང་། ཡང་ཕུར་རྟ་གསུམ། རྡོ་རྗེ་གུར། གསང་འདུས་ཞབས་ལུགས། བདེ་མཆོག་ལྷན་སྐྱེས། ལཱུ་ནག་དྲིལ་གསུམ། བོང་ཞལ་ཅན། དཔལ་མགོན་ཞལ་གསུམ། དུས་འཁོར་འགྲེལ་ཆེན། ཕྱག་རྡོར་བརྒྱད་སྐོར། ཨུ་ཙ་ཡ། རས་ཆུང་སྙན་བརྒྱུད། ཕྱག་ཆེན་སྦྱོར་དྲུག །ཨོ་རྒྱན་བསྙེན་སྒྲུབ། ཡང་དགོན་པའི་རི་ཆོས། ཉང་གཏེར་ཡོངས་རྫོགས། རྡོ་རྗེ་ཕྲེང་བ་ལ་སོགས་ཏེ་གསར་རྙིང་བཀའ་གཏེར་བསྟན་བཅོས། མན་ངག་གི་ཡི་གེ་རྣམ་པ་ཐམས་ཅད་ལ་དཱ་རི་དྲའི་བརྟུལ་ཞུགས་ཁོ་ནས་ཆོས་སྒུགས་སོགས་ཀྱི་ངལ་བ་དང་དུ་བླངས་ཏེ།


JLAZ013_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་རབས་ལས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གིས་བར་དུ་དམ་ཆོས་བཙལ། །ཞེས་པ་ནི་སྐྱེས་བུ་དམ་པ་འདིས་ཕྱག་ལེན་ལ་བཏབ་པ་ཡིན། གསར་རྙིང་གི་རྒྱུད་སྡེ་ཆེན་པོ་དེ་དག་ལའང་བསྙེན་པ་མ་སོང་བ་མེད་པས། དིང་སང་སྔ་འགྱུར་བ་ཚོས་བཀའ་བརྒྱད་དང་། གསར་མ་བ་རྡོ་རྗེ་ཕྲེང་བ་ཙམ་གྱིས་བསྙེན་པ་རྫོགས་པའང་དཀོན་པའི་དངོས་པོར་གྱུར་ན་འདི་ལྟ་བུ་ཨ་ལ་ལ། དམ་པའི་ཆོས་འཚོལ་ཞིང་བྱ་བཏང་སྒོ་གཅིག་པའི་བརྟུལ་ཞུགས་ཀྱིས། བལ་ཡུལ་ཤིང་ཁུན། བྱ་རུང་ཁ་ཤོར། བལ་པོ་ཕམ་མཐིང་། ཡམ་བུའི་ཚལ། ཡང་ལེ་ཤོད་ལ་སོགས་པ་ཐམས་ཅད་དུ་གཤེགས་ཤིང་། དེ་དག་ཏུ་བལ་བོད་ཀྱི་བླ་མ་མང་པོ་བསྟེན། གནས་འབྲེལ་དང་ཐུགས་དམ་འབའ་ཞིག་མཛད། དག་པའི་སྣང་བ་མཐའ་ཀླས་པ་ཤར། ཡི་དམ་དང་ཆོས་སྐྱོང་མང་པོའི་ཞལ་གཟིགས། མཁའ་འགྲོ་མས་སློབ་དཔོན་ཨ་བྷྱ་ཀ་རའི་སྐྱེ་བར་ལུང་བསྟན། ལོ་ཆེན་དཀོན་མཆོག་སྐྱབས་ཀྱི་རྡོ་རྗེ་ཕྲེང་བའི་དབང་ལ་དོགས་ཆ་མཛད་པས། མཚན་ལམ་ན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་གཙོ་བོ། པཎ་ཆེན་པདྨ་དབང་རྒྱལ་གྱིས་མཛད་ཅིང་འདུག་པའི་སྒོ་དྲུང་ནས་མཁའ་འགྲོ་མས་ཁོང་བཀག་ནས་མ་བཏང་བས། སླར་འགྱོད་དེ་གནང་། ཞར་ལ་ལམ་འབྲས་གསར་མའང་ཐོབ། སོ་བརྒྱད་པ་ནས་གསར་རྙིང་


JLAZ013_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རིས་མེད་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། དེ་ནས་དབུས་གཙང་གི་ཕྱོགས་ལ། གསར་རྙིང་གི་ཆོས་བརྒྱུད་ཉམས་པ་དག་གསོ་བའི་ཐུགས་བསྐྱེད་བླ་ན་མེད་པས་ཡབ་དང་གློ་བོའི་སྡེ་བདག་ཀུན་ལ་གནང་བ་ཞུས། རིམ་བཞིན་ཟང་ཟང་བྲག །བཀྲ་བཟང་། བྱང་ངམ་རིམ་རྣམས་བརྒྱུད་དེ་བྱོན། བདེ་གྲོལ་དུ་མེས་སྟོན་ནམ་མཁའ་རྒྱལ་མཚན་དང་། སྔགས་འཆང་ཤཱཀྱ་བཟང་པོ་གཉིས་མཇལ། དེ་ནས་བཅུད་ལེགས་ལྡན་ཀྱང་ལྷན་ཅིག་པས་དབུས་ལ་བྱོན། ཆོས་ཚིགས་སྤྲུལ་པའི་རྡོ་རྗེ་གདན་ལྷ་སའི་གཙུག་ལག་ཁང་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་པའི་རྟེན་བརྟེན་པ་རྣམས་མཇལ། རྔོག་ཆོས་དང་། ཞི་བྱེད་ལ་ཐུགས་འདུན་དྲག་པོ་ཡོད་པས་རྗེ་བཙུན་མ་དང་། དཔལ་ལྷའི་སྤྲུལ་པས་སྐོར་ལམ་དུ་འགྲོགས་ནས་ལུང་བསྟན། གུང་ཐང་དུ་ཕྱག་མཆོད་མཛད། གཞུང་སྦྲེ་ཤིང་དུ་རྔོག་བསོད་ནམས་བསྟན་འཛིན་ལ་རྔོག་དཀྱིལ་རྣམས་ལེགས་པར་ནོད། གྲྭ་ཐང་དུ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ལས་གཤེད་དམར་སྐོར་སོགས་གསན། བསམ་ཡས་སུ་བྱོན་པས། སྔོན་བཙན་པོ་ཁྲི་སྲོང་ལྡེ་བཙན་དུ་གྱུར་པའི་བག་ཆགས་དུ་མ་སད། བར་ཁང་དུ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་བཞེངས་ནས་བསྒྲུབ་མཆོད་དང་སྨོན་ལམ་མཛད། ལྷོ་བྲག་གུ་རུ་ལ་སོགས་པ་ཆོས་ཀྱི་བདུད་རྩི་མང་དུ་བཀྱེ། ཀཿཐོག་པ་ཆོས་རྗེ་


JLAZ013_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་རྒྱལ་མཚན་སོགས་བཤེས་གཉེན་མང་དག་དང་ཆོས་སྐྱེས་འབུལ་རེ་མཛད། ཕྲེང་བ་ཨུ་རྒྱན་ཆོས་རྫོང་དུ་ཀོང་ཆེན་ནམ་མཁའ་དཔལ་ལྡན་ལས་བླ་མ་དགོངས་འདུས་གསན། ཡང་རྫོང་དང་། མཆིམས་ཕུར་ཐུགས་དམ་མཛད་པས་རྩ་བ་གསུམ་གྱི་ལྷ་ཚོགས་མང་པོའི་ཞལ་གཟིགས། ཆོས་དབང་གི་གདུང་རབས་བརྒྱད་པས་ལྷོ་བྲག་ཏུ་སྤྱན་དྲངས་ནས། མཁར་ཆུ། བསམ་འགྲུབ་བདེ་ཆེན། ལྷ་བྲོ་དང་། སྨྲ་བོ་ཅོག །གྲོ་པོ་ལུང་པ་ལ་སོགས་པར་བྱོན། མངའ་བདག་ཉང་ལ་ཨོ་རྒྱན་ཆེན་པོས་ལུང་བསྟན་པ་བཞིན། པཎ་ཆེན་འདིས་ཆོས་བརྒྱུད་ཉམས་པ་གསོ་བར་གསུངས་པའི་བདེན་པའི་རྔ་བོ་ཆེ་སྒྲོག་པའི་དུས་ལ་བབས་ཏེ། ཉང་གི་གདུང་སྒང་ཟུར་སོགས་ལ་རང་ལུགས་ཀྱི་བཤད་ཉན་རྒྱ་ཆེན་པོ་མཛད། སྡིག་ཅན་འབའ་ཞིག་ལ་གནས་སྤོར་མཛད་པས་འཇའ་འོད་ཀྱིས་བར་སྣང་བཀང་། ཞ་སྟོད་དང་བཙན་གྲོ་སོགས་སུ་སྒྲུབ་ཆེན་བདེ་གཤེགས་འདུས་པའི་སྨན་སྒྲུབ་དང་སྐྱེ་བདུན་གྱིས་འགྲོ་དོན་མཛད། །སྤྱིར་སྐྱེས་བུ་ཆེན་པོ་འདི་ཆོས་ལ་གནས་འཇོག་ཤིན་ཏུ་ཆེ་ཞིང་ཁྱད་པར་སྔོན་གྱི་སྨོན་ལམ་ལས་བདེ་གཤེགས་འདུས་པ་དོན་གཉེར་ཆེན་པོ་དང་ལྡན་པས་རང་གི་ཡབ་རྗེ་ལ་སོགས་པར་བཀའ་བརྒྱད་བདེ་གཤེགས་འདུས་པ་ཚར་ཉི་ཤུ་རྩ་ལྔ་གསན་པའི་ཕྱི་མ་ཁུངས་བཙུན་ཞིང་ཡིད་རྟོན་པར་ནུས་


JLAZ013_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལྷོ་བྲག་དགོན་དཀར་ཞེས་པ་འདིར་རི་བྲག་ལ་ཐོགས་པ་མེད་པའི་རྗེ་རིགས་ནམ་མཁའི་རྣལ་འབྱོར་ལས་རྙེད་པས། གསན་ཡིག་ཏུའང་བསྔགས་པ་ཆེན་པོ་མཛད་ཅིང་། དགོངས་པ་མཐར་ཐུག་པ་རྫོགས་པའི་ཐ་ཚིག་ཀྱང་གསལ། སླར་ཞེ་དྲུག་པར་བསམ་ཡས་སུ་བྱོན་ནས་བཀའ་འདུས་ཕྱི་མ་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར་རྣམས་རྣམ་སྣང་གསང་སྒྲོམ་ནས་སྤྱན་དྲངས། སྙེ་མོར་དགོངས་འདུས་ཀྱི་སྒྲུབ་ཆེན་བཙུགས། ཕུང་པོ་རི་བོ་ཆེར་བདེ་འདུས་ལ་འཆད་ཉན་མཛད། ངོར་དང་གསེར་མདོག་ཅན་དུ་དགེ་ཚུལ་སློང་གི་ལས་ཆོག་མང་དུ་མཛད། གཞན་ཡང་ཆོས་འཆད་ཉན་ལ་སོགས་པའི་འགྲོ་ཕན་རྒྱ་ཆེན་པོ་མཛད་དེ་ཆུ་བོ་རི་བརྒྱུད། བྲག་ཆེན་རྡོ་རྗེ་ཞེས་པ་འདིར་ཞག་ཅིག་གཏན་ཆགས་པས་སྐུ་ཚེའི་རྟེན་འབྲེལ་འགྲིག །བྲག་ཆེན་ཕུར་པ་ཞེས་པའི་དཔྱད་ལས་བསྐྱེད་རྫོགས་ཀྱི་བསྟན་པ་ཟིན་པའི་བརྡ་དོན་དགོངས་པ་བཞིན། སྔོན་ཕྲེང་པོ་བ་དར་ཞིང་རྒྱས་པའི་དུས་བདག་ཅག་གི་བསྟན་པའི་ཆུ་མགོ་ཆེན་པོ་ཀུན་གཟིགས་ཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་ཏི་ཤཱིར་བཀུར་ནས། གནས་འདིར་ཡུན་རིང་པོར་དགོན་པར་བཅས་ནས་གཏན་ཆགས། གསུང་རབ་མང་པོའི་སྦྱར་བྱང་དུའང་ཐུབ་བསྟན་རྡོ་རྗེ་བྲག་ཏུ་སྦྱར་བའོ་ཞེས་མིང་གིས་མངའ་གསོལ། འདི་ཉིད་མཛད་པ་བརྟུལ་བར་ཉེ་བའི་ཚེ། པཎ་ཆེན་ཉིད་ཀྱི་དེ་


JLAZ013_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་པའི་སྐྱེ་བ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དབུས་སུ་བྱོན་ནས་དགོན་གནས་འདིར་རྗེ་བཙུན་པྲ་ཛྙཱའི་ཞབས་དང་མཇལ་བར་དགོངས་པ་ལ། པྲཛྙཱའི་ཞབས་འཕྱོང་རྒྱས་སྟག་རྩེར་བཞུགས་པ་དང་འགྲིག །བདག་པོ་ཐུགས་དུངས་པས་དང་པོར་གཟིམ་མལ་མཇལ་བས་ཡུན་དུ་བཞུགས་པའི་རྟེན་འབྲེལ་གཞན་དུ་སོང་། པཎ་ཆེན་རིན་པོ་ཆེའི་དུས་ནས་ཉེ་བར་གནས་པའི་ལྕོག་སྒར་ཆུང་ངུ་ཞིག་ཡོད་པ་བདག་ཆེན་གྱི་དུས་སྟོབས་སུ་གྱུར་ནས་ཨེ་ཝཾ་ལྕོག་སྒར་དུ་གྲགས་པ་འདིར་ཆགས་པ་ལས་ཐུབ་བསྟན་རྡོ་རྗེ་བྲག་ཅེས་པའི་དགེ་འདུན་འདུས་པའི་སྡེ་འཕེལ། སྲས་རིག་འཛིན་ངག་གི་དབང་པོའི་སྤྲུལ་པའི་སྐུ་པདྨ་འཕྲིན་ལས་རིགས་ཀྱི་ཅོད་པཎ་དུ་མཛེས་པ་ལ། གོང་མ་ལྔ་པ་ཆེན་པོའི་བསྟི་བསྟང་གིས་གཟེངས་བསྟོད་པས་བྱང་གཏེར་གཙོ་བོར་གྱུར་པའི་དར་རྒྱས་བླ་ལྷག་ཏུ་འཕེལ། སྤྲུལ་པའི་སྐུ་རིན་པོ་ཆེ་འདི་ཉིད་ཀྱང་སྨན་ལུང་པ་བློ་མཆོག་རྡོ་རྗེ་ལས་བརྒྱུད་དེ་འདུས་པ་མདོ་ལ་གསན་བསམ་མཛད། སེམས་སྡེ་བཅོ་བརྒྱད་ཀྱི་ལྷག་པའི་མདོ་དབང་གི་ཡིག་ཆའང་མཛད་སྣང་ངོ་། །དེ་ནས་པཎ་ཆེན་རིན་པོ་ཆེ་ཉིད་ཕལ་ཆེར་བསམ་ཡས་སུ་དབུ་ཚལ་དུ་གཏད་ཆགས། བྱམས་པ་གླིང་དུ་ཐུ་བཙུན་བསོད་ནམས་རྣམ་རྒྱལ་ལ་སངས་རྒྱས་མཉམ་སྦྱོར་གསན་ཅིང་། ཕར་ཟབ་ཆོས་མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་མ་ལུས་པ་ཕུལ་


JLAZ013_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐུགས་ཡིད་གཅིག་ཏུ་འདྲེས། འོན་སྨོན་ཐང་དུའང་སྐུ་མཆེད་ལྷན་གཅིག་པས་ཡུན་རིང་བར་བཞུགས། གཅུང་རིག་འཛིན་ལེགས་ལྡན་པ་དེ་ལུགས་གཉིས་ཀའི་ཕོ་སྒོ་ཡངས་པས་འབྲི་གུང་པ་རིན་ཆེན་ཕུན་ཚོགས་བསམ་ཡས་སུ་གདན་དྲངས་ནས་དཔོན་སློབ་གསུམ་ཀས་བསམ་ཡས་ཀྱི་རབ་གནས་བསྐྱར་ཏེ། བོད་ཁམས་ཡུན་དུ་བདེ་བའི་རྟེན་འབྲེལ་བསྒྲིགས། འདི་ནས་བཟུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱང་སྲས་ཀྱི་དམ་པར་གྱུར་པས་རྒྱལ་དབང་པདྨའི་རིང་ལུགས་ལ་རྟེན་འབྲེལ་ཆེན་པོར་གྱུར། སྤྱིར་སྐྱེས་བུ་འདི་ཉིད་ནི་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ། མདོ་སྔགས་གསར་རྙིང་རིས་མེད་པའི་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། གཞོན་པ་དང་འཇོལ་བེར་ལ་སོགས་པའི་ཆོས་བརྒྱད་ཡོངས་སུ་སྤངས་པས། ཤཱཀྱ་ཐུབ་པའི་རྗེས་ཞུགས་བསོད་སྙོམས་པ་ཆེན་པོ། ཞེན་ལོག་དང་དཀའ་སྤྱད་ཁུར་དུ་བཟོད་པས་བྱ་བཏང་རྣལ་འབྱོར་གྱི་དབང་པོ་ཆེན་པོ། རིག་པ་དང་གྲོལ་བའི་སྤོབས་པ་བསམ་གྱིས་མི་ཁྱབ་པས་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དེས། དངོས་ཀྱི་ལམ་ནས་བསྟན་པ་དང་སེམས་ཅན་གྱི་དོན་བླ་ན་མེད་པ་མཛད་ཅིང་། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་སྐོར་ཚོ་འབྱེད་པའང་རྣམ་དཔྱོད་འདི་ཁོ་ན་ཆེ་ཞིང་། ལུང་གི་རྒྱུན་ལའང་བཀའ་དྲིན་བསམ་གྱིས་མི་ཁྱབ། ཚིག་ཉུང་ལ་དོན་ཤིན་


JLAZ013_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མང་བ་སྡོམ་པ་གསུམ་གྱི་རྣམ་པར་ངེས་པའི་བསྟན་བཅོས་ལ་སོགས་ཏེ་རྣམ་གྲངས་མཐའ་ཡས་པ་དག་གིས་བརྒྱུད་ནས་བསྟན་འགྲོའི་དོན་བླ་ན་མཐོ་བའི་ཆོ་ག་མཛད་དེ་འོན་སྨོན་ཐང་ནས་ཟངས་མདོག་དཔལ་གྱི་རི་བོར་གཤེགས་སོ། །དེ་ཉིད་ཀྱི་རྗེས་སུ་བསླབ་པ་འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ནི། དབུར་སྟོད་འབྲི་གུང་སྐུ་གཉེར་སྒང་ཞེས་བྱ་བར་རིགས་ཀྱི་མངོན་པར་མཐོ་བ་སྐྱུ་རའི་གདུང་དུ་སྐུ་བལྟམས། དགུང་ལོ་བརྒྱད་ཀྱི་སྟེང་དུ་ཕག་མོ་གྲུར་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་གྲགས་པ་ལས་རབ་ཏུ་བྱུང་། བཅུ་གསུམ་པར་རྩེས་དོང་བསམ་གཏན་གླིང་དུ་བཞུགས་པའི་དུས། དཀར་པོ་ཀུན་གྲགས་པས་ཁྲ་འབྲུག་གིས་ཞིག་གསོ་མཛད་པའི་རབ་གནས་ལ་སྤྱན་དྲངས་པས། མཐོང་ན་མི་མཐུན་པ་མེད་པའི་སྐུའི་བྱིན་གྱིས་སྐྱེ་བོ་ཀུན་གྱི་སྙིང་ལ་ངོམས་པ་མེད་པའི་དད་པ་བྱིན། སྔོ་སངས་ཀྱི་ལམ་ནས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། མདོ་སྔགས་དང་གཞུང་ལུགས་མཐའ་ཡས་པའི་གསན་པ་ཕུལ་དུ་ཕྱིན། ཡངས་པ་ཅན་དང་། ཀླུངས་ཤོད། དབུར་སྟོད་ཀྱི་གཞུ་སྟོད་ཏི་སྒྲོ་ལ་སོགས་པའི་གནས་ངེས་མེད་ཀུན་ཏུ་སྒྲུབ་པ་མཛད། སྣང་སེམས་མཉམ་པ་ཉིད་དུ་འདྲེས་པས་རྡོ་བ་ལ་ཕྱག་མཛུབ་ཀྱི་རྗེས་ཤིན་ཏུ་གསལ་བ་བྱུང་། རེ་ཞིག་ན་ཏི་སྒྲོར་བཞུགས་པའི་ཚེ་རྒྱ་གར་གྱི་པཎྜི་


JLAZ013_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་བཛྲ་ནཱ་ཐ་དཔོན་སློབ་བཅུ་གཅིག་བྱོན་ནས་བྷུ་རླུང་ཛ་བི་རའི་མན་ངག་ཕུལ། ནུབ་གཅིག་མནལ་ལམ་ན་ནམ་མཁའ་ལ་འཕུར་ཏེ་བྱོན་པས། རིན་པོ་ཆེ་སྣ་ཚོགས་བཅལ་དུ་བཀྲམ་པའི་དབུས་ན་རྫིང་བུ་མེ་ཏོག་གི་བཀྲ་བར་སྔགས་པ་སྐྲའི་རྩེ་མོ་ལ་སྤྱན་རས་གཟིཊ། སྐེག་པ་ཐམས་ཅད་རྟ་མགྲིན། རྩ་བ་རྡོ་རྗེ་ཕག་མོའི་རྣམ་པར་འདུག་པ་ཞིག་ཁྲུས་བྱེད་པར་གཟིགས་ནས་དེ་ལ་ངོ་མཚར་སྐྱེས་ཙ་ན། བུད་མེད་མཛེས་ཤིང་ཡིད་དུ་འོང་བ་ཞིག་གིས་འདིའི་སྐྲ་དང་ཁྱོད་ཀྱི་སྐྲ་མཚུངས་པ་ཡིན། ཁྱོད་ཀྱི་རྟག་པར་སྐྲ་བྲེགས་པས་ལྷ་ཚོགས་འདི་རྣམས་སྤངས་པའི་ཉེས་པ་བྱུང་ཞིང་འབྱུང་འཁྲུགས་ཀྱི་ནད་མང་། ད་ལུས་ཀྱང་དཀར་ཆས་སུ་བསྒྱུར་ན་རྟེན་འབྲེལ་ཐམས་ཅད་རང་གིས་ཤེས་ཟེར། དེར་དེ་བཞིན་དུ་མཛད་པས་མར་མེའི་ཀོང་བུ་ཆུང་ངུ་ཞིག་གིས་ཞག་འགར་འཚོ་བ་སོགས་རྟེན་འབྲེལ་ཟབ་མོའི་སྒོ་འཕར་ཕྱེ། རེ་ཞིག་ན་ཡངས་པ་ཅན་དུ་བྱོན་པས་གཏེར་གྱི་ཁ་བྱང་བྱུང་ནས། གུ་རུ་རིན་པོ་ཆེའི་ཐུགས་ཀྱི་ཡང་བཅུད་དམ་ཆོས་དགོངས་པ་ཡང་ཟབ། དུང་ཤོག་དཀར་པོ་དང་། གསེར་ཤོག་སེར་པོ། མཆོང་ཤོག་སྨུག་པོ། གཡུ་ཤོག་ལྗང་སྐྱ། ལྕགས་ཤོག་ནག་པོའི་ཤོག་སེར་ངོ་མཚར་ཅན་གྱི་ཕྱི་མོར་གནས་པ། དཔོན་སློབ་བཞིས་ནམ་གུང་སྟབས་སུ་གཤེགས་ནས་ཏི་སྒྲོའི་ཚོགས་ཁང་


JLAZ013_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་ནས་སྤྱན་དྲངས། གནས་དེ་ཉིད་དུ་བདུན་ཕྲག་གཅིག་ཏུ་སྐུ་མཚམས་ལ་བཞུགས་པ་ན། ཚེས་བཅུའི་ནུབ་བུད་མེད་ལྔ་བྱུང་ནས། དོ་ནུབ་གུ་རུ་རིན་པོ་ཆེ་ཚོགས་ཀྱི་འཁོར་ལོ་མཛད་ཀྱིན་ཡོད་པས་འདེངས་ཟེར་ཟངས་མདོག་དཔལ་རིར་ཁྲིད། སློབ་དཔོན་ཆེན་པོ་གུ་རུ་རྟ་ཕག་ཡབ་ཡུམ་གྱི་རྣམ་པར་བཞེངས་ནས་བཞུགས་པ་གཅིག་མཇལ་བས། འདི་ནི་ཡི་དམ་དུ་འདུག ། སྔོན་དུ་བླ་མ་ལ་ཕྱག་བྱ་དགོས་པས་གུ་རུ་རིན་པོ་ཆེ་གང་ན་བཞུགས་སྙམ་པའི་ཚེ། རྟ་ཕག་གི་ཞལ་ནས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་བྱེད་རྒྱལ་པོ་བླ་མའི་སྐུ། །བླ་མ་དཔལ་ཆེན་ཧེ་རུ་ཀ །ཞེས་གསུངས་ཤིང་སྐུ་ལུས་གར་གྱི་རྣམ་འགྱུར་ཤིག་ཤིག་འདུག །དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་ཀྱང་རྡོ་རྗེའི་གླུ་དང་གར་མཛད་པས་སྣང་བ་གཏད་མེད་དུ་ཧ་ཕྱད་དེ་ལུས། དེར་བུད་མེད་ལྔས་རིན་པོ་ཆེ་ཐ་དད་པ་ལས་གྲུབ་པའི་རིགས་ལྔའི་ཕྱག་རྒྱ་རེ་བྱིན། དེ་གུ་རུ་རིན་པོ་ཆེ་ལ་ཕྱག་རྟེན་དུ་ཕུལ་པ་ན་གུ་རུ་རིན་པོ་ཆེའི་ཞལ་ནས། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱག་རྒྱ་དེ་མི་འབུལ་ལམ་གསུངས་པས། བུ་མོ་ལྔ་པོས། བདག་ཅག་ནི་ལས་དང་སྨོན་ལམ་གྱི་སྟབས་སུ་མཆིས་ལགས་ཏེ། ཁོང་ད་དུང་འཆིང་བ་དམ་པོས་དཀྲིས། རྟེན་འབྲེལ་མ་འགྲིག་པས་འབུལ་རྒྱུ་ཅང་གདའ་འམ་ཞུས་སོ། །མ་ཧཱ་གུ་རུའི་ཞལ་ནས།


JLAZ013_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་པདྨོ་ཞེས་ལན་གསུམ་དུ་གསུངས་པས་སྙིང་གྲང་སྟོང་པ་གཅིག་བྱུང་། དེར་གདན་ཁྲི་དཔག་ཏུ་མེད་པ་ལ་རིག་འཛིན་གྱི་ཚོགས་རྣམས་བཞུཊ་པའི་དབུས་དེར། ཁྲི་རྐང་འབོལ་བརྩེགས་བཅས་པའི་སྟེང་ན། སྣམ་ཕྲུག་མོན་དར་སོགས་ལས་བྱས་པའི་གོས་དང་། རྒྱལ་པོའི་ལ་ཐོད་གཅིག་འདུག་པ་རང་གི་ཡིན་པར་དགོངས་ཏེ་མནབས། དེར་བཞུགས་པ་ན་ཐམས་ཅད་དགྱེས་པར་སྟོན་ཞིང་། ག་ན་ཙ་ཀྲའི་འདུ་བ་རྒྱ་ཆེན་པོ་དང་བཅས་རྩ་བ་གསུམ་གྱི་གཞུང་བསྲངས་ནས་དབང་བསྐུར། མན་ངག་རྗེས་སུ་གདམས་པ་ཐམས་ཅད་སྩལ། དེར་རྒྱལ་པོའི་ཆ་བྱད་དུ་བྱས་པའི་སློབ་དཔོན་ཅིག་བྱོན་ཏེ། དགྱེས་དགྱེས་ལྟར་འདུག །ཁྱེད་སུ་ཡིན་དྲིས་པས། བདག་ནི་སྔོན་བོད་ཡུལ་དུ་ཁྱོད་ཀྱི་ཕ་ཡིན་མོད། ཁྲི་སྲོང་ལྡེའུ་བཙན་ནོ། །སྙིགས་དུས་གདུལ་བྱར་མངའ་རིས་པཎ་ཆེན་དུ་བསྟན་ཀྱང་། ན་ནིང་སློབ་མ་དམ་ཉམས་ཀྱི་གྲིབ་ཕོག་ནས་སྤྲུལ་པ་བསྡུས་ཏེ་ད་ལྟ་མ་ཧཱ་གུ་རུའི་ཞབས་དྲུང་ན་ཡོད་པ་ཡིན་གསུངས་པས། ཕ་དང་བུ་འཕྲད་པའི་དགའ་བ་ཐོད་རྒལ་དུ་སྐྱེས་ནས་རབ་ཏུ་བཏུད་ཞབས་ལ་འཆང་། མཆི་མ་ཕྱུང་ཞིང་གསོལ་བ་བཏབ་པས། བསླབ་བྱ་དང་ཞལ་གདམས་ཤིན་ཏུ་མང་བར་གནང་། གུ་རུའི་དྲུང་དུ་ཁྲིད་ནས་བྱིན་རླབས་ཞུར་བཅུག་པས་ད་ཅིའི་རྟ་ཕག་མ་ཡིན་པར་སངས་རྒྱས་པདྨའི་སྐུ་དངོས་སུ་མཐོང་།


JLAZ013_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཏ་དང་མན་ངག་ཤིན་ཏུ་མང་བར་གསུངས་པའི་མཐར། བཛྲ་རཏྣ་པདྨ་ཀརྨ་བུངྔྷ་ཌཱཀྐི་ཛ༔ ཞེས་གསུངས་པས་སྔོན་གྱི་བུད་མེད་ལྔ་བྱུང་སྟེ་ཕྱག་ནས་ཁྲིད། དེར་འདི་གར་སྡོད་གསུངས་པ་ཞིག་ཡིན་ན་དགའ་བ་ལ་སྙམ། སྐྱོ་བ་ཚད་མེད་པའི་ངང་ནས་ཏི་སྒྲོའི་ཚོགས་ཁང་ཆེན་མོར་ཕེབས། དུས་འདི་ཙམ་ན་གསར་རྙིང་བཀའ་གཏེར་རིས་མེད་པའི་བདག་པོར་གྱུར། ཁྱད་པར་གཏེར་ཁ་གོང་འོག་དང་། བཀའ་བརྒྱད་ལུགས་དགུ། སྙིང་ཏིག་ཡ་བཞི་ལ་རྩལ་དུ་བཏོན་པའི་འཕྲིན་ལས་རྒྱ་ཆེ། མཁའ་འགྲོ་སྙིང་ཏིག་ལ་ཁྲིད་ཡིག་ཀྱང་མཛད། གྲུབ་མཐའི་ཁོག་དབུབ་ཚུལ་ཀྱང་། ཁོ་བོའི་རྡོ་རྗེ་སློབ་དཔོན་མངའ་རིས་པཎ་ཆེན་རིན་པོ་ཆེའི་མཁྱེན་རབ་ལ་མཐའ་མེད། དེའི་བཀའ་ལས་རྙིང་མ་ལུགས་མཐུན་ཞིག་བྱེད་ན་བཀའ་མས་ཁོག་དབུབ། གཏེར་མའི་མན་ངག་གིས་བརྒྱན་པ་ཞིག་དགོས་ཞེས་གསུངས་པ་དེ་སྲས་ཀྱི་དམ་པ་རྗེ་བཙུན་ཤེས་རབ་འོད་ཟེར་ལ་རྗེས་སུ་གདམས། ལར་འབྲི་གུང་འཇིག་རྟེན་མགོན་པོ་ནས་ཕུར་པ་རྩ་རྒྱུད་འཆད་པ་སོགས་གསར་རྙིང་ལ་རིས་སུ་གཅོད་པ་བཀར་མ་བཏགས་ཏེ། སྔ་འགྱུར་གྱི་བཤད་སྲོལ་མེད་པས། དཔྱོད་ལྡན་དུ་གྲགས་པ་དགེ་སློང་སངས་རྒྱས་རྡོ་རྗེར་སྙན་འབུལ་དུ། ཁྱེད་ཨུ་རྒྱན་པདྨའི་རྒྱལ་ཚབ་ཆེན་པོ་ཡིན། ཕྱོགས་ཀྱི་ཆོས་ཞུ་བ་


JLAZ013_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་རྙིང་མ་ཁོ་ན་ལ་གཏད་ནས་ལྷགས་པ་མང་། ཆོས་གསུངས་པའི་ཚེ་ད་དུང་བཀའ་བརྒྱུད་པའི་ཆོས་སྐད་དང་འདྲེས་པར་གདའ་བས། སྔགས་རྙིང་མ་ལ་མདོ་སྒྱུ་སེམས་གསུམ་གྱི་བཤད་སྲོལ་ཐུན་མོང་མ་ཡིན་པར་ཡོད་ཅིང་། དེ་ལ་ཀུན་མཁྱེན་ཀློང་ཆེན་པའི་བཀའ་འབུམ་ཉི་མ་ཤར་བ་ལྟ་བུའི་འགྲེལ་པ་ཡོད་པ། དེ་ཁོ་ནའི་ལུགས་བཞིན་ཐུགས་རྗེ་ཆེ་དགོས་ཞེས་སྙན་འདེགས་ཕུལ་པ་ཐུགས་ལ་ཤིན་ཏུ་བཞུགས་པས་རྒྱལ་བ་ཀློང་ཆེན་པའི་གཞུང་ལ་དགོངས་པ་ལྷག་པར་བདེ། སྤྱིར་སྐྱེས་བུ་དམ་པ་འདི་མཁས་གྲུབ་ཆེན་པོའི་གནས་ལ་བཞུགས་པས། སྤྱོད་འཇུག་ལ་སོགས་རྒྱ་གཞུང་ཆེན་པོ་དག་གི་དགོངས་པ་འཆད་པའི་ཚེའང་བཤད་ཚུལ་གཞན་ལས་ཁྱད་དུ་འཕགས་པས་བློ་གསལ་མང་དུ་ཐོས་པ་དག་གིས་ཀྱང་ཁེངས་པ་བདེ་བླག་ཏུ་དབྲོག་ནུས་པ་ཞིག་ཡིན། འབྲི་གུང་པ་སྲིད་སྡེ་ཆེ་ཞིང་། ཁྱད་པར་འདི་དུས་བོད་ཤིང་སྒོ་ཅན་པའི་རྒྱལ་པོའི་མཆོད་གནས་ཀྱི་དམ་པར་གྱུར་ཏེ་གདན་ས་ཐེལ་གྱི་ཁྲི་མཛད་པའི་སྐབས་ནས་སློབ་མའི་ཚོགས་ནི་དབུས་གཙང་རུ་བཞི། མངའ་རིས་ལ་དྭགས། མདོ་ཁམས། ཧོར་ཡུལ་ལ་སོགས་པར་ཀུན་ཏུ་ཁྱབ་པ་སྨོས་ཀྱི་མི་ལྡང་ལ། ཚོགས་པ་རྒྱ་མཚོའི་དབུས་སུ་དགོངས་གཅིག་ལ་སོགས་པ་གསུངས་པའི་ཚེ། ངའི་རལ་པའི་ཁྲོད་ན་ང་དང་མཉམ་པའི་རྒྱལ་ཚབ་གཅིག་སྦས་ནས་ཡོད་


JLAZ013_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་པ་ནི་བདག་ཅག་གི་རིགས་ཀྱི་བདག་པོར་གདོད་ནས་གྲུབ་པ་རྗེ་བཙུན་པྲཛྙཱའི་ཞབས་ཡིན་ལ། རིགས་ཆོས་གཉིས་ཀའི་སྲས་སུ་གྱུར་པ་རྒྱལ་པོ་གཙུག་ལག་འཛིན་གྱི་སྐྱེ་བ་ཆོས་རྒྱལ་ཕུན་ཚོགས། དེའི་སྲས་སུ་རང་ཉིད་དེ་མ་ཐག་པའི་སྤྲུལ་པའི་སྐུར་བཟུང་བ་ཆོས་ཀྱི་གྲགས་པས་ཀྱང་གོང་མས་སྲོལ་གཏོད་པའི་གྲུབ་པའི་མཐའ་གང་ཡིན་པ་ལྷག་པར་རྒྱས་པར་མཛད་པས་བཀའ་རྒྱུད་རིན་པོ་ཆེའི་ལྗོན་ཤིང་ལ། སྔ་འགྱུར་གྱི་འབྲས་བུ་ཆགས་ནས་ཕ་ཆོས་དགོངས་པ་ཡང་ཟབ་ལ་རྒྱུན་གྱི་རྣལ་འབྱོར་དུ་བྱེད་ཅིང་། བཀའ་བརྒྱད་ཀྱི་སྒྲུབ་དབང་ཆེན་མོའི་སྲོལ་ཁ་ལ་སོགས་པ་ཐམས་ཅད་ད་ལྟའང་མ་ཉམས་པར་དཔལ་དུ་འབར་རོ་ཞེས་ཐོས་སོ། །ད་ནི་སློབ་དཔོན་བཻ་རོ་ཙཱ་ན་སླར་ཡང་རིག་གྲོལ་གྱི་སྤྲུལ་པའི་སྒྱུ་འཕྲུལ་ལ་ཆཊ་པ་ཀུན་མཁྱེན་ཤེས་རབ་འོད་ཟེར་གྱི་གཏམ་བཤད་པར་བྱ་སྟེ། བདག་ཉིད་ཆེན་པོ་འདི་ནི་བྱང་ངམ་ཆེན་གྱི་སའི་ཆར་ཁྲི་བསམ་གཉིས་ཀྱི་ཆོ་འབྲང་ལས་ས་ཕོ་སྟག་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུར་མངལ་གྱི་པདྨོ་ལས་གྲོལ། ལྷུམས་སུ་ཞུགས་པའི་ཚེ་སྐྱེས་བུ་ཤེལ་གྱི་ཁ་དོག་ཅན་རིན་པོ་ཆེའི་དོ་ཤལ་དང་ལྡན་པ་ཞིག་གིས། ཤེལ་བུམ་བདུད་རྩིས་གང་བ་ཡུམ་གྱི་སྤྱི་བོ་ནས་བསྟིམ་པ་རྨིས། ཚེས་བཅུ་བྱུང་རེས་སྦྲ་ཁྱིམ་ལ་འཇའ་ཟུག་པ་དང་། དྲི་ཞིམ་པོའི་ངད་པ་རྒྱུན་དུ་བྱུང་། གཞོན་ནུ་


JLAZ013_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་རྩེད་ཀྱི་ཚེ་ནའང་། བཅོས་མིན་གྱི་ངེས་འབྱུང་དང་། དད་པའི་སྣང་བ་རྒྱ་ཆེན་པོ། མྱུར་ལ་ཟབ་པའི་ཤེས་རབ་ལ་སོགས་ཏེ་བྱང་ཆུབ་སེམས་དཔའི་ངང་ཚུལ་གྱིས་ལྷག་པར་ཕྱུག་པ་ཞིག་སྟེ། འཇམ་དཔལ་དབྱངས་དང་གཤེད་དམར་དང་། གཉན་མགོན་རྣམས་ཀྱིས་ཞལ་བསྟན་པ་བྱུང་བ་འབྲི་གུང་པས་གཡག་སྡེ་པཎ་ཆེན་གྱི་བག་ཆགས་སུ་ངོས་འཛིན་མཛད། ཁྱད་པར་དུ་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་ཇི་ལྟ་བ་ཞིག་གི་ཞལ་ནས། ཁྱོད་ཀྱི་སྙིང་ཁ་ན་ཨ་གཅིག་ཡོད་པ་ད་ལྟ་སྟོན་མ་རན་ཞེས་ཕྱག་མཛུབ་བཙུགས་པས་བརྗོད་མི་ཤེས་པའི་ཉམས་ཤར། རྗེས་སུ་སྐུའི་བཀོད་པ་དེ་ཁོ་ནར་སྣང་ཞེས་གསུངས། རུ་སྐོར་དེ་ལ་ཧོར་གྱི་རྒྱབ་དུས་བུ་ཆུང་འཕྲོག་པར་བརྩམས་ཏེ་ཞགས་པས་བཏབ་པ་ན། ལྷག་པའི་ལྷས་བསྒྲིབས་པར་གཟིགས་ཏེ་བྲོས་པས་ཐར། དེ་ནས་གྲོག་གི་ཕུར་བཞུགས། བྱིས་པའི་དབུས་ན་ཆོས་གསུངས་པ་དང་། མདོ་རྒྱུད་ཀྱི་ཚིག་ཆེན་པོ་ཅལ་ཅོལ་དུ་འདོན་པ་དང་། ལྷག་པར་གཞོན་ནུ་གཤེད་མ་བྱེ་བ་དེས་ཆུ་བན་གང་གྱ་ཅན་ལ་ཁྱེར་ནས་བཟུང་སྟེ་ཇ་ཁང་དུ་བསྐྱལ་བ་དང་། རྒན་པ་དག་གིས་སྒོ་བཅད་ནས་ཕྱིར་ཐོན་པ་ན། སྒོ་མ་ཕྱེ་བར་ཐལ་བྱུང་དུ་ཕྱིར་ཐོན་པ་སོགས་བྱུང་། ཁྱད་པར་ཐེག་པ་ཆེན་པོའི་རིགས་སད་པས་སེམས་ཅན་ཉམས་ཆུང་བ་དག་ལ་བཟོད་དུ་མེད་པའི་སྙིང་རྗེ་དང་། ཞང་པོས་འཐབ་པའི་གལ་


JLAZ013_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཅི་མི་སྙམ་པས་ཀ་ཅ་སྟེར་བ་སོགས་ཕལ་པའི་ཀུན་ཏུ་སྤྱོད་པ་ལས་རྒྱང་རིང་། དགུང་ལོ་བརྒྱད་པའི་ཚེ་ཨེ་ཝཾ་གླིང་སྨད་དང་ཉིན་སྡིངས་གཉིས་ཀའི་སློབ་དཔོན་བརྟན་མཁས་ཀྱི་ཡོན་ཏན་རྫོགས་པ་ཚུལ་ཁྲིམས་འོད་ཟེར་ལས་དགེ་བསྙེན་དུ་མཛད། མཆོད་གྲལ་གྱི་ལྷ་ཕལ་ཆེར་ངོས་འཛིན་མཛད་པས་འདི་ཤེས་རབ་ཐོད་རྒལ་བ་ཞིག་བྱུང་ཞེས་མཚན་ཤེས་རབ་འོད་ཟེར་དུ་བཏགས། གསེར་མདོག་ཅན་པའི་སློབ་མའི་མཆོག་པཎ་ཆེན་རྡོར་རྒྱལ་བ་ལས་རབ་ཏུ་བྱུང་། དེ་ནས་ཀློག་པ་ཐོས་བསམ་གྱི་གྲར་ཞུགས་ནས། དགའ་ལྡན་ཁྲི་པའི་ཞལ་སྔ་ནས་བསྟན་དར་ལ་ཟབ་མོ་ལྟ་བ་དང་། རྒྱ་ཆེན་སྤྱོད་པའི་སེམས་བསྐྱེད་ལུགས་སྲོལ་གཉིས། བསླབ་བཏུས། སྤྱོད་འཇུག །མདོ་སྡེ་ཀུན་ལས་བཏུས། བྱང་ས། སྡོམ་པ་ཉི་ཤུ་པ། ཀླུ་སྒྲུབ་ལུགས་ཀྱི་དོན་དམ་སེམས་བསྐྱེད་སོགས་ཉན་ཞིང་ཀླུ་སྒྲུབ་ཀྱི་གཞུང་ལ་ནན་ཏན་ངོས། མཚན་ཉིད་ཀྱི་གཞུང་ལ་ལོ་དྲུག་གི་བར་དུ་ཉིན་མཚན་མེད་པར་སྦྱངས། སློབ་དཔོན་གཉིས་པོ་ལས། བྱམས་ཆོས་ལྔ། ས་སྡེ་ལྔ། སྡོམ་རྣམ་གཉིས། དབུ་མ་རིགས་ཚོགས། གཏམ་ཚོགས། བསྟོད་ཚོགས། བྱང་ཆུབ་སེམས་འགྲེལ། རིམ་ལྔ་རྣམས་དང་། དགེ་ལྡན་པའི་མདོའི་ལམ་རིམ་གཉིས། སྔགས་རིམ་ཆེན་མོ་


JLAZ013_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཏེ་རྒྱ་བོད་ཀྱི་གཞུང་འགྲེལ་མང་དུ་ཉན། ལམ་གྱི་འགྲོས་ལ་གོ་དོན་ཕུན་སུམ་ཚོགས་པ་སྐྱེས་ཀྱང་འཁོར་བའི་ས་བོན་དྲུངས་ནས་འབྱིན་པ་ལྟ་བ་རྣམ་པར་དག་པ་ཁོ་ན་ཡིན། དེ་ལ་དགག་བཞག་གི་འདོད་པ་མང་པས་ངོ་བོ་མ་འཁྲུལ་པ་གང་ཡིན་ཤེས་དཀའ། སངས་རྒྱས་ཀྱི་ལྟ་བ་ཟབ་མོ་སྟོན་པ་ལ་ཀླུ་སྒྲུབ་ལུང་བསྟན། དེའི་དགོངས་འགྲེལ་ཚད་མ་ཟླ་བ་གྲགས་པ་ཡིན། དེས་ཀྱང་སངས་རྒྱས་བསྐྱངས་ལ་བརྟེན་ནས་རྟོགས་པ་ཡིན་པས། འགྲེལ་པ་བུདྡྷ་པ་ལི་ཏ་ལ་སློབ་གཉེར་གཏིང་ཐུག་པ་ཞིག་བྱས་པས། དེང་སང་ལྟ་བའི་གནས་ཚུལ་གླེང་བ་རྣམས་ལ་ཁོ་བོ་མགུ་པོར་རང་མི་འོང་ཞེས་གསུངས། ས་དགེ་གཉིས་ཆར་ལ་མཁས་པའི་སློབ་དཔོན་ཞིག་ཡོད་པ་ལ་ལུགས་གཉིས་ཀའི་སྦྱངས་པ་མཐར་སོན། ཁྱད་པར་གསང་བ་འདུས་པ་ལ་ཙོང་ཁ་པ་ཆེན་པོའི་ཡིག་ཆའི་སྟེང་ནས་དགོངས་པ་ཇི་བཞིན་དུ་ལོངས། རྡོར་རྒྱལ་བ་ལས་དགྱེས་རྡོར་ལྷ་དགུ། ལམ་འབྲས་ལུགས་ལྔ། རྣམ་འགྲེལ་བཅུ་གཅིག་དང་བཅས་པ། གུར་རྟགས་མ་གསུམ་ལུང་ཊཱིཀ་བཤད་པ་དང་བཅས་པ། དུས་འཁོར་ཡོངས་རྫོགས། ལམ་རིམ་པ་གཉིས་ཀྱི་ཁྲིད། བླ་མ་དམ་པའི་ཊཱིཀྐའི་སྟེང་ནས་གཟབ་བཤད་རྣམས་དོགས་པའི་མཐའ་བཅད་ནས་ཉན་པས། སློབ་དཔོན་དེས། དགེ་བཤེས་ཤེས་རབ་འོད་ཟེར་འདིས་ཆོས་ཀྱི་གནད་ལ་


JLAZ013_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བཀར་ནས་དྲི་ཤེས་པར་འདུག་ཅེས་འཆད་པ་ལ་བསྙེངས་པ་བྲལ་བ་དག་ཀྱང་བློ་གྲོས་ལ་གྲིམས་ཆ་སྟེར་དགོས་པ་བྱུང་། རིན་པོ་ཆེ་རྡོར་རྒྱལ་བ་དེ་ལས་སྤྱིར་མདོ་སྔགས་ཀྱི་གཞུང་འགྲེལ་ད་ལྟ་འཆད་ཉན་ཡོད་པ་མཐའ་དག་དེ་བཞིན་དུ་གསེར་མདོག་ཅན་པ་དང་། ས་སྐྱ་བཀའ་འབུམ་ཡོངས་རྫོགས་ཉན་ནས། ཟིན་ཐུན་བསྐྱར་བའང་མཛད། ལྷག་པར་གསེར་མདོག་ཅན་པའི་ཡིག་ཆ་ལ་མཆོག་ཏུ་འདྲིས་ཤིང་གྲུབ་མཐའང་འཛིན། སྐྱེས་བུ་དམ་པ་འདི་གཡག་སྡེ་པཎ་ཆེན་གྱི་དེ་མ་ཐག་པའི་སྐྱེ་བ་ཡིན་པས་སྐུ་གཞོན་ནུ་ནས་གསལ་སྣང་ཤིན་ཏུ་ཆེ་ཞིང་ཁྱད་པར་པཎ་ཆེན་དེ་ལ་སློབ་དཔོན་ཆེན་པོས་སེང་གདོང་མའི་གདམས་པ། པུ་ཏིར་ལོངས་པ་ཞིག་སྩལ་བར་རང་ཉམས་སུ་བསྟར། གཞན་བློར་མ་ཆུན་དོགས་ནས་མྱ་ངན་ལས་འདའ་ཁར། ཨེ་ཝཾ་རྡོ་སྤྱིལ་དུ་རྒྱས་བཏབ་པ་དུས་འདིར་ཕྱག་ཏུ་སོན་མོད། འབྲུག་པ་རིན་པོ་ཆེ་པདྨ་དཀར་པོའང་གསལ་སྣང་ཞིག་ལ་ཐེ་ཚོམ་སྐྱེས་པས། ཕྱིན་ཆད། དེ་ནི་ཨ་ཁུ་མཚན་ཉིད་པའི་ཁྲོད་དུ་ཕྱིན་པས་ལན་པར་འདུག་ཅེས་གསུངས་པ་བཞིན་རྟེན་འབྲེལ་གཞན་དབང་དུ་སོང་། གྲྭ་ས་དེ་དང་། ཐལ་འགྱུར་གྱི་མགྲིན་རྔ་ལྡིར་བའི་རིགས་གྲྭ་གང་དང་གང་དུ་རྩོད་པའི་གཡུལ་ངོ་ལ་ལྷགས་པ་བློ་གྲོས་བསམ་གྱིས་མི་ཁྱབ་པར་སོང་སྟེ་བོད་འགྲེལ་རྣམས་


JLAZ013_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྒྱ་ཡན་དུ་བཞག །རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་འགྲེལ་ཁོ་ན་ལ་བརྟེན་ནས། བརྒལ་བ་དང་། བརྟག་པ་དང་། རིགས་པ་གསུམ་གྱི་ལྷའི་རྔ་ཆེན་པོ་ཀུན་ནས་ཀུན་ཏུ་ཡོངས་སུ་བརྡུངས་པས། གླིང་སྨད་སློབ་དཔོན་ན་རེ། ཁྱེད་སློབ་གསར་པ་ལྟ་བུ་ཡིན་ཀྱང་འདི་ལྟ་བུའི་རྣམ་དཔྱོད་ཁམ་ཆེ། ཀུན་མཁྱེན་རོང་པོ་ལ་བོ་དོང་བའི་དགེ་བཤེས་ཤིག་གིས། ཅི་མཁྱེན་ཞུས་པས། ཁོ་བོས་ཕར་ཕྱིན་ཤེས་གསུངས། འོ་ན་འདུལ་བ་ལ་ཨེ་གནང་ཞུས་པས། དེ་ལོས་ཤེས་ཕར་ཕྱིན་གྱི་སྤྱོད་པ་ཡིན་གསུངས། ཡང་དབུ་ཚད་ལ་དྲིས་པས། དེ་བཞིན་དུ་དབུ་མ་ལ་ལྟ་བ། ཚད་མ་ལ་རིགས་ལམ་ཡིན་གསུངས་པ་ལྟར། ཁྱེད་ཀྱི་དབུ་ཕར་ལ་བརྟེན་ནས་བསྟན་པའི་སྒྲོམ་འཚོལ་ལུགས། དེ་ལ་རིགས་ལམ་གྱི་གྲུབ་མཐའ་འཆའ་ལུགས་ལ་དཔགས་ན། དགེ་བཤེས་ཟེར་ན་འདི་ལ་ཟེར་ཞེས་ཚོགས་པའི་ཁྲོད་དུ་བསྔགས་པ་བརྗོད་པས་དེ་ཕྱིན་ནས་དགེ་བཤེས་ཤེས་རབ་འོད་ཟེར་ཞེས་གྲགས། རྟོག་གེའི་རིགས་པ་ལ་ཚེར་མ་ལྟ་བུའི་བློ་གྲོས་མངའ་ཡང་། འདི་ལྟར་སྐྱེས་བུ་མཆོག་ཏུ་གྱུར་པ་རྣམས་ནི་དེ་ཙམ་ལ་བརྟེན་ནས་གྲགས་པ་དང་རྙེད་པ་བསྒྲུབ་པའི་སྟ་གོན་རྩོམ་པ་མ་ཡིན་པས། སྐྱོ་ཤས་དང་ངེས་འབྱུང་དྲག་པོས་རྒྱུད་བརླན་ནས་སྒྲུབ་པ་ནན་ཏན་གྱི་འཁོར་ལོ་ཡིད་ལ་སེམས་ཤིང་། དེའི་ངང་ཚུལ་སློབ་དཔོན་ཞི་བ་ལྷ་དང་ཇོ་བོ་རྗེའི་རྣམ་ཐར་ལ་སྙིང་ཐག་པ་ནས་སྨོན་ཞིང་དད་


JLAZ013_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་ཤིག་ན་འབྲི་གུང་པ་རིན་ཆེན་ཕུན་ཚོགས་ལྷོ་རྒྱུད་ལ་ཐེག་པའི་ཨེ་ཝཾ་དང་ཧ་ཅང་མི་རིང་བའི་ས་ཐང་སྐྱར་སྒར་ཕབ་པ་གཟིགས་སུ་བྱོན་པས། སྒར་གྲྭ་ཚང་སུམ་བརྒྱ་ཙམ་ལ་སྤྱི་ཆོས་སུ་སྤྱོད་འཇུག་གསུངས་པ་དང་ཐུག །ཤེར་ལེའི་དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་པ་ནས་ཤོ་ལོ་ཀ་གསུམ་ལ་ཇོ་འགྲེལ་གཙོ་བོར་སྟོན། འགྲེལ་པ་གྲགས་ཆེ་བ་ཁ་ཡར་ན་ཡམས་སུ་བྱས། རིགས་ལམ་གྱི་སྦྱོར་བས་ཀྱང་བརྒྱན། བཀའ་བརྒྱུད་པའི་ཉམས་ལེན་དང་ཡང་བསྟུན་ཀྱིན་བཤད་པ་ཡམས་པ་ཞིག་གསུངས་པ་མཐོང་བས། རྗེ་བཙུན་དམ་པ་འདིའི་ཐུགས་རྗེའི་ཆོས་ཀུན་གྱིས་སྙིང་ལ་བཏབ། ཟང་ཟིང་གི་ཉེ་བར་དཔྱད་པ་སླེ་མོའི་ཁུད་ན་ཤོང་པ་ཙམ་ཞིག་ཡོད་པ་ཁང་ཐོག་ནས་བསྐྱུར། ཆས་པར་བརྩམས་པ་ན། གྲོགས་མཆེད་སྨན་དཔྱད་ཤེས་པ་ཞིག་ཡོད་པས་རེ་ཞིག་བཀག །འདི་དུས་དགུང་ལོ་བཅོ་བརྒྱད་པ་ཡིན། ལར་སྐྱེས་བུ་དམ་པའི་སྙིང་སྟོབས་དང་སྨོན་ལམ་གྱི་མཐུ་ནི་གཞན་དབང་གིས་བརྫི་བར་མི་ནུས་པ་མ་ཡིན་པས་སྲབ་མེད་པའི་སེངྒེ་ནམ་མཁའ་ལ་འཕྱོ་བ་བཞིན་དུ་གྲྭ་སར་བསྐྱུར། གྲོགས་མཆེད་སྤངས། དཀོར་ལ་བརྐམ་ཆགས་བྱེད་པ་བཏང་ནས། ངེས་དོན་སྟོན་པའི་བླ་མ་དང་། དབེན་པ་འབའ་ཞིག་ཡིད་ལ་བསམས་ནས་རི་དྭགས་རྒྱ་ནང་ནས་ཤོར་བ་བཞིན་དུ་བྲོས། འཕན་ཡུལ་དུ་ཕེབས་པ་དང་འབྲི་གུང་


JLAZ013_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རི་བའི་རྟོགས་ལྡན་ཀ་ལ་བ་སོགས་དགེ་འདུན་བཞི་བཅུ་ཙམ་བསོད་སྙོམས་ལ་བྱོན་པ་དང་འགྲོགས། དུས་དེ་ཙ་ན་འབྲི་གུང་པ་ལུགས་གཉིས་ཀ་ནས་རྣམ་དཔྱོད་ཆེ་ཞིང་། ཐེལ་གྱི་ཁྲི་ཐོག་ཏུ་བཞུགས་ནས་སྤྱན་སྔ་ཆོས་ཀྱི་གྲགས་པའི་སྤྱན་ལྟོས་སྒྲིག་སྲོལ་ལེགས་པ་དང་། བླ་དཔོན་གྱི་འཁོར་རྒྱ་མཚོའི་དབུས་ན་ལྷ་སྲས་འབྲི་གུང་པ་རིན་ཆེན་ཕུན་ཚོགས་མཐོང་ན་མི་མཐུན་པ་མེད་པའི་ཞལ་སྐྱིན་ཅན་དེའི་ཕྱག་འབུལ་ལ་ལྷགས་པས། མཚན་ཉིད་པའི་ཧམ་ཐུལ་ཡུལ་བུད། མི་ཕྱེད་པའི་དད་པ་གཏིང་ནས་གཡོས། སྤྱན་ཆབ་ལྷུག་པར་ཤོར། མཚན་ཉིད་པའི་རིགས་ལམ་དགག་སྒྲུབ་ཁོ་ནའི་ཨ་འཐས་སྦྲུལ་གྱི་ཤུན་པ་བཞིན་དུ་དོར། ཚེ་འདི་ཕྱི་ཀུན་གྱི་བློ་གཏད་ཞུ་སྙམ་པ་བྱུང་གསུངས། རེ་ཞིག་ན་ཐོས་བསམ་གྱི་དྲི་སྨེལ་ཞིབ་ཏུ་གནང་། ལར་བཀའ་བརྒྱུད་པ་འདི་ལ་འཇིག་རྟེན་གྱི་དཔལ་འབྱོར་ཡོད་ཀྱང་ཆོས་ཀྱི་འཇུག་སྒོ་འགག་དམ་ཞིང་མིག་ལྟོས་ལེགས་པས། སློབ་གསར་པ་རྣམས་ཅོག་གྲྭའི་སྒྲིག་སྲོལ་དམ་པོར་འཇུག་པ་ལ། རྗེའི་ཞལ་ནས། ཆོས་ཁྲིམས་པར། ཨེ་ཝཾ་པའི་དགེ་བཤེས་འདི་ཡོན་ཏན་ཅན་ཞིག་འདུག །སྒྲིག་ལམ་འཇུར་ཕེབས་ཀྱང་། རང་གི་བསགས་སྦྱངས་ཡིན་དགོངས་ནས་ཟླ་བ་གསུམ་གྱི་བར་དུ་ནན་ཏན་མཛད། འཁོར་ལོ་སྡོམ་པ་དྲིལ་བུ་ལྷ་ལྔའི་དབང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། བཀའ་བརྒྱུད་གསེར་འཕྲེང་དགོངས་གཅིག །


JLAZ013_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལྡན་གྱི་ཁྲིད་རྣམས་གསན། དམ་གཅིག་གིས་གཅོད་ཡུལ་ལ་འདྲིས་པར་བྱས་ཚེ་བློས་བཏང་གི་བྱ་བཏང་ཕྱོགས་བྲལ་བ་ཞིག་བྱེད་དགོངས་ནས་སྙན་དུ་གསོལ་བ་ན། ཁྱེད་གང་དུའང་མ་འབྱོན་པར་འདི་གར་བཞུགས། གཅོད་ལའང་ངེད་འདྲིས་ཆེ་བ་ཡིན་གསུངས་ནས་ཐུགས་ཀྱི་རེ་བ་བཀང་། དཔོན་སློབ་གཉིས་ལན་མང་པོར་མདོ་སྔགས་དང་། ཁྱད་པར་གསར་རྙིང་གི་ལུགས་སོ་སོའི་དགོངས་པ་འགྲེལ་ཚུལ་དོན་ལ་རྟོན་མི་རྟོན་གྱི་འབེལ་གཏམ་དྲི་སྨེད་མང་པོ་མཛད་པས། གཅིག་ལ་གཅིག་ཐུགས་ཆེས། དགེ་བཤེས་ཀྱི་མིང་མ་ནོར་ཞེས་རྣམ་པ་ཀུན་ཏུ་བསྔགས་ཞིང་། བཀུར་མཐོང་ཆེན་པོས་གཟེངས་བསྟོད་ཀྱང་སྙོམས་ཆུང་ཁོ་ན་ལྷུར་ལེན། དེར་འབྲི་གུང་པའི་དགོངས་པར། འདི་འདྲ་བའི་གང་ཟག་མཁྱེན་པ་རླབས་ཆེ་ཞིང་། བྱ་བཏང་བ། ཕྲལ་ཚུགས་ཁ་བཟང་བ་སོགས་གང་ལ་དཔག་ཀྱང་ངོ་མཚར་ཆེ་སྙམ་དུ་དགོངས་པའི་ཚེ། སློབ་དཔོན་ཆེན་པོའི་ལུང་བསྟན་བྱུང་། ལན་ཅིག་ཁྱེད་མདོ་སྔགས་གང་ལ་བརྡ་བསྟན་པ་ཙམ་གྱིས་ཁོང་དུ་ཆུད་པ་དང་བཅས་ཁོ་བོས་འཁྲུལ་སྣང་ལ་ལོ་ཆེན་བཻ་རོ་ཙཱ་ནས་བྱིན་གྱིས་བརླབས་པའི་གང་ཟག་གསང་སྔགས་སྔ་འགྱུར་ལ་ཆོས་ཀྱི་བག་ཆགས་ཆེ་བ་ཞིག་ཏུ་སེམས་པས། ཁྱེད་སློབ་དཔོན་པདྨ་ལ་ཨེ་དད་གསུངས། སློབ་དཔོན་པདྨ་ལ་སངས་རྒྱས་


JLAZ013_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཀྱི་འདུ་ཤེས་བྱིས་པའི་དུས་ནས་ཡོད། གང་ཟག་ཕལ་ལ་རྟོག་པ་ཆུང་ཞིང་དེའི་སྟོབས་ཀྱིས་ཆོས་གང་ལའང་འདྲིས་ཆུང་ཞུས་པས། འོ་ན་གསོལ་བ་ཐོབ་པ་མཛད། སྐུའི་སྣང་བ་དང་ལུང་བསྟན་པ་ཐག་ཆོད་གསུངས། ཡང་རི་སྒར་པའི་ཆོས་ཁྲིམས་མཛད་དུས་བསྟན་པ་ལ་ཕྱག་བཞེས་ཤིན་ཏུ་ཆེ་བས། ལེཊ་པར་གསུངས་པའི་དམ་པའི་ཆོས་འདུལ་བའི་བཅའ་ཁྲིམས་ལ་སུས་ཀྱང་འདའ་བར་མི་ནུས། ལན་གཅིག་རྗེ་འབྲི་གུང་པའི་གསུང་གིས། དགེ་བཤེས་ཀྱིས་སང་ཚོགས་ཁྲོད་དུ་དགོངས་གཅིག་ལ་བཤད་པ་བྱེད་དགོས་གསུངས། སྔར་དེ་འདྲ་བའི་བཤད་སྲོལ་མི་འདུག་ཀྱང་། དགོས་པའི་སླད་ཡིན། བླ་མའི་བཀའ་ལྡོག་ཏུ་མི་རུང་སྙམ་ནས་སང་ཚོགས་དབུས་སུ་ཞབས་དྲུང་ཚོགས་དབུ་ལ་བྱོན། ཐེལ་གྱི་མཁན་སློབ་ཆོས་སྒོ་བ་དང་། རྡོར་འཛིན་སློབ་ཆུང་། ཡང་རི་སྒར་པ་དང་བཅས་པའི་ཚོགས་པ་རྒྱ་མཚོའི་དབུས་སུ། ལྔ་ལྡན་ལ་རྩ་བར་བྱས། རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པ་ཆོས་ཚོམས་སུ་བཅད། དགོངས་གཅིག་ལུགས་གསུམ་གྱི་གྲུབ་མཐའི་རྐང་བཟུང་། མདོ་སྔགས་ཀྱི་ཆོས་འཁོར་བསྟན་པ་ཡོངས་རྫོགས་ཀྱི་ཚུལ་དུ་བཤད། སྐབས་དོན་ཚོར། ས་པཎ་གྱིས་བཀག་པ་རྣམས་རང་སྟོབས་ཀྱིས་སྒྲུབ་བྱེད་རྣམ་པར་དག་པ་དང་བཅས་བཤད་པས་ཐམས་ཅད་སྔ་ན་མེད་པའི་ངོ་མཚར་སྐྱེས། སང་སྐུ་དྲུང་ན་བཅར་བས། དབུ་ལ་ཕྱག་གིས་


JLAZ013_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བྱིལ་ཞིང་། ངས་སྤྱན་སྔ་ཆོས་ཀྱི་གྲགས་པ་དང་། མངའ་རིས་པཎ་ཆེན་གྱི་ལེགས་བཤད་སློབ་མ་ཀུན་ལ་བཤད་པ་ཡིན་ཡང་། ཕལ་ཆེར་བས་དགོངས་གཅིག་འབྲི་གུང་པ་ཁོ་ནའི་ཆོས་སྐད་རང་ཚན་པར་གླེང་བ་སྐད་བྱེད། དེ་འདྲ་བྱས་ན་དོན་གྱིས་སྟོན་པའི་བཀའ་དང་མི་མཐུན་པར་འགྲོ། ཁྱེད་ཀྱི་བཤད་པ་དེས་ལྔ་ལྡན་མདོ་སྔགས་གཉིས་ཀའི་ཉམས་ལེན་གྱི་རྩ་བར་སོང་། དགོངས་གཅིག་དེའི་རྒྱབ་ཆོས་ཡིན་པ་ལ། ས་ལུགས་པའི་ཕྱོགས་སྔ་སྤངས་པའི་དགག་བསྒྲུབ་གནད་ཐོག་ཏུ་འགྲོ་བ་བྱུང་བས་སྙིང་ཚིམ། དེ་བཞིན་རེ་ནས་ཀྱང་བྱས་པ་ཡིན། རེ་བ་ལས་ལྷག་གསུངས། འདི་ལ་ཡིག་ཆ་ཞིག་ཀྱང་མཛད་སྣང་སྟེ་ཁམས་པའི་གྲྭ་པ་ཞིག་གིས་ཟིན་བྲིས་ཁྱེར་བས་རྒྱུན་ཆད། དེར་བཀའ་བརྒྱད་ལུགས་སྲོལ་ཆེན་པོ་དགུ། བདུད་རྩི་སྨན་སྒྲུབ་ཀྱི་ཕྱག་བཞེས། རྙིང་མ་བཀའ་གཏེར་གྱི་གཤིན་རྗེ་རིགས་ལྔ། དགོངས་པ་ཡང་ཟབ། མཁའ་འགྲོ་སྙིང་ཏིག་བརྒྱུད་པ་གཞན་ལས་ཆེས་འཕགས་པ། བྱང་གཏེར་མཛོད་ལྔ། པད་གླིང་ཆོས་སྐོར་རྣམས་དང་། འབྲི་གུང་ཕྱོགས་ཀྱི་བཀའ་བརྒྱུད་བཀའ་འབུམ། ཀརྨ་བཀའ་བརྒྱུད་ཀྱི་བཀའ་འབུམ་ལ་སོགས་པའི་དབང་ཁྲིད་ལུང་གི་བཤད་སྦྱར་མང་པོ་གསན། ཁྱད་པར་སྔ་འགྱུར་གྱི་གྲུབ་མཐའི་གཞུང་བསྲངས་ཚུལ། ཁོ་བོའི་རྡོ་རྗེ་སློབ་དཔོན་མངའ་རིས་པཎ་ཆེན་རིན་པོ་ཆེ། དེའི་མཁྱེན་རབ་ལ་


JLAZ013_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མེད། དེའི་བཀའ་ལས། རྙིང་མ་ལུགས་མཐུན་ཞིག་བྱེད་ན་གསང་སྔགས་སྔ་འགྱུར་རང་གི་བསྟན་པའི་བབས་ལ། བཀའ་གཏེར་ཟུང་གཅིག་ཡིན་པས། བཀའ་མ་ནི། མདོ་སྒྱུ་སེམས་གསུམ་ལ་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞིའི་སྒོ་ནས་བཤད་རྒྱུན་རྣམ་པར་དག་པ་བཞིན་བཤད་པ་ལག་ལེན་དང་བཅས་པ་བཀའ་མ་ལྟར་བྱེད་དགོས། ཆོས་ཀྱི་ཟབ་གནད་རྣམས་བརྒྱུད་པ་དང་ཆོས་ལ་སེལ་མེད་ཅིང་མཁའ་འགྲོའི་ཁ་རླངས་ཆིལ་ལེ་བ་དེ་གཏེར་མ་ཡིན་པས་གཏེར་ཆོས་ཚད་ལྡན་ལྟར་བྱེད་དགོས། དེ་ལྟར་བྱས་ན་རྙིང་མ་ལུགས་དང་མཐུན་པ་ཞིག་ཡོང་ཕེབས་བྱུང་བས། ཁྱེད་རང་ཡང་ཉན་འདོད་ན་ཁོ་བོས་དེ་རྣམས་ཐོས་པས་བཤད་ཆོག །བརྗེད་གསོ་ཙམ་དུའང་འགྲོ་གསུངས་ནས་བསྐྱེད་པ་མ་ཧཱ་ཡོ་ག་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བ་སྒྱུ་འཕྲུལ་གསང་བ་སྙིང་པོ་ལ་འགྲེལ་པ་ཕྱོགས་བཅུ་མུན་སེལ་གྱི་ལུགས་གཙོ་བོར་བཏོན། ལུང་ཨ་ནུ་ཡོ་ག་མདོ་དགོངས་པ་འདུས་པ་མདོ་འགྲེལ་ཆེན་མོའི་དགོངས་པ་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཀུན་བྱེད་རྒྱལ་པོ་ལ་སོགས་པའི་མན་ངག་དངོས་སྟོབས་ཀྱི་འགྲེལ་པས་བཀྲལ་ནས་བཤད། དེ་བཞིན་དུ་གསར་རྙིང་གཉིས་ཀའི་རྒྱུད་འབུམ། རྒྱལ་བ་ཀློང་ཆེན་པའི་ངལ་གསོ་སྐོར་གསུམ། མཛོད་བདུན། སྙིང་ཏིག་ཡ་བཞི། ཟབ་མོ་


JLAZ013_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཏིག །རྒྱུད་བཅུ་བདུན། བི་མ་ལའི་ཊཱིཀྐ་དང་བཅས་པ། མན་ངག་བརྒྱ་བཅུ་དགུ་རྣམས་གསན། ཁྱད་པར་དཔེ་ཁང་དུ་ཆེད་ཀྱི་བཞུགས་ནས་སོ་སོའི་ཡིག་ཆ་ལ་བསམ་བྱུང་གི་ཤེས་རབ་རྣམ་པར་དག་པས་དཔྱད་པ་ན། ཆོས་ཀྱི་ཟབ་གནད་རྣམས་རྙིང་མ་ཁོ་ན་ལ་སྣང་ཞིང་། ཁྱད་པར་སྙིང་ཏིག་ལ་ཡོད་པར་ངེས་ཤེས་གཏིང་ནས་འདྲོངས། དཔོན་སློབ་གཉིས་ཀ་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་ཆེན་པོར་གྱུར་པས་མདོ་ཕྱོགས་དང་གསར་མའི་མཁས་པ་རྣམས་ཀྱི་ཡིག་ཆ་གང་ལེགས་ཀྱི་དཔྱད་པ་ལ་ཞུགས་པ་ན། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་རྡོ་རྗེའི་ཐེག་པ་དང་མཐུན་པའི་ཆོས་འཁོར་ནི་འཁོར་ལོ་གསུམ་པ་ཡིན། དེར་རྒྱུའི་རྒྱུད་བདེ་བར་གཤེགས་པའི་སྙིང་པོར་གྲགས་པ་དེ་གསལ་པོར་བསྟན། དགོངས་པ་དེ་འགྲེལ་པ་ལ། རྗེ་རང་བྱུང་རྡོ་རྗེ། ཀརྨ་པ་ཆོས་གྲགས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་གྲགས་པ། ཀུན་མཁྱེན་ཀློང་ཆེན་པ་རྣམས་ཤིན་ཏུ་མཁས་ཤིང་མཐུན་པས་དེ་ཁོ་ནའི་གྲུབ་མཐའ་ལ་ཡིད་བརྟན་པར་གྱིས་ཤིག་གསུངས། ཀུན་མཁྱེན་བླ་མ་འདི་ཉིད་པཎ་ཆེན་གསེར་མདོག་ཅན་པའི་གྲུབ་མཐའ་ལ་མཆོག་ཏུ་འདྲིས་ཤིང་ངེས་པའི་ཤེས་པ་བརྟན་པས་སྐབས་འདིར་དཔྱད་པ་ཞུགས་པ་ན། ཀུན་མཁྱེན་ངག་གི་དབང་པོ་དང་ཤཱཀ་མཆོག་པ་གཉིས་གྲུབ་མཐའི་ངོས་འཛིན་


JLAZ013_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་གཅིག་ཏུ་མཐུན་པ་ལ་ངེས་པ་གཏིང་ནས་འདྲོངས་པ་ཡིན་ཞེས་གསུངས། དོན་གྱིའང་དེ་ལྟར་ཡིན་པའི་འཐད་པ་ནི། ཀུན་མཁྱེན་ཆེན་པོས་རྫོགས་པ་ཆེན་པོའི་ལྟ་བའི་མཐར་ཐུག་དབུ་མ་ཐལ་འགྱུར་བ་དང་མཚུངས་པར་ཞལ་གྱིས་བཞེས་པ་ཡིན། སེམས་ཕྱོགས་ཀྱི་ལྟ་བ་ཁས་ལེན་དང་བྲལ་བ་ལ་སོགས་པའི་ཆོས་བཞི་པོ་འདི་གསེར་མདོག་ཅན་པས་ཇི་བཞིན་པར་ཁས་ལེན་ཏེ། ཇི་སྐད་དུ། དེང་སང་གངས་ཅན་ན་ལུགས་དེ་ཐོས་ན་སྙིང་འགས་ནས་སྲོག་འདོར་བར་བྱེད་པ་དག་མང་ན། དེ་དག་དང་དགག་སྒྲུབ་ཀྱི་བགྱི་བ་གཟེངས་བསྟོད་ནས་ལྷུར་ལེན་པ་མཛོད་ཅིག །ཁོ་བོ་ཅག་ནི་ཆོས་བཞི་པོ་དེ་ལྟར་དུ་ཁས་ལེན་པ་ལ་སྔོན་ཉིད་ནས་སྤོབས་པར་གྱུར་ཏོ། །དེ་ཡང་ལྟ་སྒོམ་སྤྱོད་འབྲས་གསུམ་པོ་དེ་ནི་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀའི་ཤིང་རྟའི་སྲོལ་མཐར་ཐུག་མཐུན། ཞེས་དང་། དེ་བཞིན་དུ་ཚིག་གིས་བརྗོད་པ་ཙམ་དུ་རང་རང་གི་གྲུབ་པའི་མཐའ་ལ་ལྟ་བ་མཆོག་འཛིན་གྱི་མངོན་རློམ་སྒོམ་པ་ཙམ་ལས་དོན་དེ་དག་གང་ཡང་མི་འདོད་ཁའི་ལྟ་བ་ཡ་མ་ཟུང་གསར་བྱུང་བག་ཡངས་སུ་སྨྲ་བ་དག་གིས་འདོད་པའི་གཏིང་དཔྱིས་ཕྱིན་པ་དགོངས་ནས་འདི་སྐད་དུ། དེང་སང་གངས་ཅན་གྱི་ཀློག་པ་བ་དག་ནི། གསར་མ་ལས་ཀྱང་ཆེས་གསར་མར་གྱུར་པའི་གྲུབ་པའི་མཐའ་དག་གློ་བ་ལ་ཞེན་ཅིང་བྱང་བར་བྱས་ནས། ཚིག་གི་བརྗོད་


JLAZ013_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཁོ་བོ་ཅག་ནི་རྫོགས་པ་ཆེན་པོའམ། ཕྱག་རྒྱ་པའམ་བཀའ་གདམས་པའམ། ས་སྐྱ་པ་ཡིན་ནོ་ཞེས་སྨྲ་བ་དག་མང་བའི་ཕྱིར་རོ། །ཞེས་གསུངས་པས་སོ། །དེ་ནས་སྐྱེས་བུ་དམ་པ་འདི་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱིས་བོད་བཙུན་རྣམས་ཀྱིས་འདུལ་བ་ནས་བཤད་པའི་རབ་ཏུ་བྱུང་བ་དེ་མི་འོང་བར་འདུག །རྗེ་བཙུན་མི་ལ་དེས་རྟགས་དང་ཆོ་ག་བྱས་ན། རབ་ཏུ་བྱུང་བ་མཚན་ཉིད་པ་ཞིག་འོང་བ་འདུག་གསུངས་པ་དེས་ཐུགས་དྲངས། གྲུབ་པའི་མཚན་མ་ཞིག་མ་རྙེད་བར་ལ། འཇིག་རྟེན་ཆོས་བརྒྱད་ལ་དོར། གང་དབེན་གྱི་གཉན་ཁྲོད་དུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་བཞིན་པས་མཆོག་གི་དངོས་གྲུབ་བསྒྲུབ་པར་དགོངས། ཆོས་གོས་གསུམ་དང་ལྷུང་བཟེད། ཞལ་སྐྱོགས་ཙམ་ལས་ཡོ་བྱད་ཅི་ཡང་མ་བཟུང་། འཚོ་བ་བསོད་སྙོམས་ཀྱང་གཡེང་བའི་རྒྱུར་དགོངས་ནས། སྲན་མ་ཁལ་བཞི་ལ་བཟའ་བ་དང་། དེ་བཙོས་པའི་ཁུ་བ་ལས་བཏུང་བར་བྱས་ནས་གྲོག་རི་རིན་ཆེན་སྤུངས་པའི་མགུལ་སློབ་དཔོན་ཆེན་པོའི་སྒྲུབ་ཕུག་ཏུ་རི་མི་འབབ་པའི་དམ་བཅའ་སྔོན་དུ་འགྲོ་བས་མན་ངག་མཁའ་འགྲོ་སྙིང་ཐིག་གི་བསྐྱེད་རྫོགས། རྩ་རླུང་གི་ལམ་འབྲས་བུ་དང་བཅས་པ་ལག་ཁྲིད་དུ་འདེབས་པའི་གདམས་པ་འབྲི་གུང་པས་བླ་མ་ལྔ་ཙམ་ལ་གསན་པས་མན་ངག་ཡོངས་སུ་རྫོགས་པའི་ཆིག་


JLAZ013_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དམ་པ་འདི་ལ་གདམས་པ་གང་གི་མནོག་ཆོས་སུ་མཛད་ནས། ལོ་གསུམ་འདིའི་རིང་སྟན་ཐོག་གཅིག་ཏུ་བསྒྲུབས་པས། མངོན་རྟགས་བསམ་གྱིས་མི་ཁྱབ་པ་ཤར། ཏིང་འཛིན་གྱི་སྒོ་མཐའ་ཡས་པ་བརྙེས། དེ་ནས་དགོན་གནས་ཀྱི་བཀའ་བཀོད་ཇི་ལྟ་བུ་ཕེབས་ཀྱང་། རྣམ་གཡེང་གི་དབང་དུ་གྱུར་དོགས་ནས་རང་རང་སར་དགོངས་པ་སེང་ནས་གནས་གང་དབེན་དང་། དབེན་པ་འབའ་ཞིག་ཏུ་ལོ་བརྒྱད་བཞུགས། དེའི་ཚེ་འདི་ལྟ་བུའི་གང་ཟག་ས་མཐོན་པོ་ལ་བཞུགས་པ་དག་ནི་ཆོས་ཀྱི་གཏེར་ལ་ལོངས་སྤྱོད་པ་མདོ་སྡེ་ཟབ་མོའི་དགོངས་པ་ཡིན་པས་དགུང་ལོ་སུམ་ཅུ་པའི་ཚེ། མཁའ་འགྲོ་མ་མོན་མོའི་ཆ་ལུགས་ཅན་ཞིག་གིས། ཁྱོད་ཀྱི་བསླབས་པས་བཅིངས་པའི་བྱ་བཏང་འདི་ཉམས་རེ་དགའ། འདི་འཐུང་དང་ཟེར་ནས་ཆང་བསེ་ཕོར་གང་བྱིན། རྟེན་འབྲེལ་དེ་ལས་མེ་མོ་ལུག་གི་ལོའི་ཆུ་སྟོད་ཟླ་བའི་ཚེས་བཅུའི་ཉིན་འོད་དཀར་པོ་ཞིག་གིས་རྐྱེན་ལས་ཐིག་ལེ་ཆེན་པོའི་དབུས་སུ་སློབ་དཔོན་ཆེན་པོ་པདྨ་རྒྱལ་པོའི་ཆ་ལུགས་སུ་ཞལ་གཟིགས། རྗེས་སུ་གདམས་པའི་གསུང་གི་དབུཊ་དབྱུང་བས་གྲོག་རི་རིན་ཆེན་སྤུངས་པ་ནས་པདྨའི་ཞལ་གདམས་གྲོལ་ཏིག་དགོངས་པར་རང་གྲོལ་གྱི་གཏེར་ཤོག་ཛམྦུའི་ཆུ་བོའི་ཤིང་ཤུན་ཁ་དོག་ལྗང་སྐྱ་མཚོན་གྱིས་མི་ཤིགས་པ་ཁ་ཤས་དང་། སྐུ་གསུང་ཐུགས་རྟེན་གྱིས་མཚོན་པའི་ཟབ་གཏེར་


JLAZ013_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ལ་མངའ་དབང་བསྒྱུར། ཁྱད་པར་ལྷ་སའི་གཏེར་འབྱིན་པ་ལ་དགོངས་པ་ཞུས་པས། འབྲི་གུང་པའི་སློབ་མ་བླ་མ་གཙང་གནས་དང་བཅས་གྲོགས་སུ་རྫོངས་ད་གནང་། ལྷ་སའི་སྐུ་གཉེར་གྱི་རྙིང་མ་པས་གཏེར་བཏོན་ཡོང་ཞེས་ཟོན་བག་བྱས་ཀྱང་ཐུགས་དམ་གསོལ་འདེབས་ཚུགས་པའི་མོད་ལ་སྐུ་གཉེར་རྣམས་ར་རོ་ཐ་མའི་གནས་སུ་སོང་། ནོར་བུ་སྟག་ཤ་དྷེ་བ། བསམ་ཡས་ཀྱི་མེའི་གནོད་པ་སྲུང་བའི་དུག་ཤོག་གསུམ། དེ་བཞིན་གཤེགས་པའི་རིང་བསྲེལ། མཚོ་རྒྱལ་གྱི་ཚེམས། ལོ་རྒྱུས་ཤོག་སེར། མྱོང་གྲོལ་ཨ་རྒྱ་ཅན། སྣོད་པདྨ་རཱ་གའི་དཔྱད་པ་རྣམས་དང་། ཁྱད་པར་བདུད་རྩི་འཁྱིལ་པའི་ཁུག་ནས་ཆོས་རྒྱལ་གྱི་སྐུ་འདོན་པར་བརྩམས་པ་ན་གཏེར་བདག་མིང་པོ་ཀླུ་རྗེ་ཆུ་སྲིན་གྱི་མགོ་ཅན་ས་འོག་ནས་མངོན་སུམ་དུ་ཐོན། གཉེན་པོའི་རྡོ་རྗེ་ཡོད་པ་མགོ་ཐོག་ཏུ་བཞག་ནས། སློབ་དཔོན་གྱི་དམ་ཚིག་རྗེས་སུ་དྲན་པར་གྱིས་ཤིག །གསུངས་པས་རང་སར་ཐིམ། དེའི་འཇིགས་ཟིལ་གྱིས་གཉིད་དུ་གཡུར་བ་རྣམས་སྐད་ཤོར། བླ་མ་གཙང་གནས་ཀྱིས་དངོས་སུ་མཐོང་། བསྟན་སྐྱོང་མ་ཤིན་ཏུ་འགོ་བས་ལམ་དུ་དྲེའུ་སྐད་དང་ཐུག་ཆོམ་ཡང་ཡང་བྱུང་། དེར་འབྲི་གུང་རིན་པོ་ཆེ་ཡང་དབུ་སྐྲ་བསིལ་ཏེ་སྤྱན་འདྲེན་ལ་ཕེབས། ན་བཟའ་ཕྱག་བྲིས་མ་འདོད་གསོལ་ཅན་དེ་ཕུལ། ཤོག་སེར་


JLAZ013_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དཔོན་སློབ་ལྷན་ཅིག་པས་ཕབ་པ་སོགས་འདི་ལྟ་བུའི་གཏེར་གྱི་རྣམ་གྲངས་དང་། ངེས་ཤེས་འདྲོངས་པ་གཞན་དུ་མ་གྱུར་པ་ལྟ་བུ་ཡིན་ཏེ། གཏེར་བྱུང་ལོ་རྒྱུས་ཀྱིས་ཤེས་སོ། །དེ་ནས་ཟིང་པ་སྟག་མགོར་གཏེར་སྒྲུབ་ལ་བཞུགས་པའི་ཚེ། ནུབ་ཅིག་སྣང་བ་ཐམས་ཅད་སྐྱ་ཏལ་ལེ་བའི་ངང་། བུད་མེད་ཅིག་ན་རེ། དོ་ནུབ་སློབ་དཔོན་ཆེན་པོ་ཚེས་བཅུ་གནང་གི་ཡོད། ཁྱོད་རང་ཆང་འདི་འཐུང་། ཤ་འདི་ནལ་བྱིའི་དུར་ཁྲོད་ན་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་འདུག་པས། ཚོགས་ཤར་བླངས་པ་ཡིན་གསོལ་དང་ནུས་པ་ཚད་མེད། ནམ་མཁའ་ལ་འཕུར་ཡང་ཐུབ་ཟེར། ཆང་དེ་འཐུངས། ཤ་དེ་དམར་ཙར་རེ་འདུག་པས་ཡིད་འཕྲིགས་སེ་བ་ཞིག་གི་ངང་ནས་ཟོས་པས། དེ་ན་རེ། ཁྱེད་རྣལ་འབྱོར་པ་འདྲ་པོ་མིན། ད་སྟེ་སློབ་དཔོན་མཇལ་དུ་འདོང་ཟེར་བའི་མོད་ལ་ཤའི་ནུས་པས་ནམ་མཁའི་ལམ་ལ་གྱ་གྱུར་ཁྲིད་ནས་ཟངས་མདོག་དཔལ་རིའི་བཀོད་པ་སྲིན་པོའི་ཡུལ་གླིང་དང་བཅས་པ་ངོ་མཚར་ཅན་གཟིཊ། སློབ་དཔོན་ཡབ་ཡུམ་གུ་རུ་བདེ་བ་ཆེན་པོའི་རྣམ་པས་དབང་བསྐུར། རྗེས་སུ་གདམས། ཞལ་གདམས་དང་བསླབ་བྱ་མཛད། ཟླ་བ་གཅིག་གི་ཡུན་དུ་བཞུགས་པའི་སྣང་བ་བྱུང་། ད་སྟེ་སྔོན་གྱི་སྨོན་ལམ་གྱི་དབང་ལས་བོད་ཡུལ་གྱི་གདུལ་བྱ་རྣམས་དྲན་པར་གྱིས་ཞེས་མཁའ་འགྲོ་མ་རྣམས་ཀྱིས་བསྐུལ་བས། རྨི་


JLAZ013_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སད་པ་བཞིན་སོང་། སྔར་ཐོས་བསམ་གྱི་དཔྱད་གཞི་བྱས་པའི་གོ་མྱོང་རྟོགས་པའི་ཐོག་ཏུ་འབྱོར་པས་བསྟོད་པ་སྙན་པའི་སྒྲ་དབྱངས་ལྷའི་རོལ་མོར་གྲཊ་པ་འདི་མཛད། དེ་ནས་བྱ་བ་ལས་ཀྱི་འཁོར་ལོ་ལ་ཞུགས་ཏེ། རྗེ་འདི་པ་སྙིང་པོའི་སྒྲུབ་པ་འབའ་ཞིག་ཐུགས་ལ་གཏད་ནའང་ཀུན་མཁྱེན་ཆེན་པོའི་རིང་ལུགས་པ་ཟིང་པ་སྟག་མགོའི་བླ་མར་དམ་ཚིག་ལ་བཀར་ནས་བརྐོ་བཞག་གནང་བས། དེར་ཆོས་ཀྱི་ཆར་ཕབ། རེ་ཞིག་ན་སྒར་མངས་བསམ་ཡས་སུ་ཕྱག་ཕེབས་པ་ལས་ཕྲེང་པོར་དགོངས་འདུས་ཀྱི་ཆོས་བདག་ཉི་མ་རྒྱལ་མཚན་ལས་དཔོན་སློབ་གཉིས་ཀས་དགོངས་འདུས་དང་། གཏེར་ཕྲན་པོད་བཅུ་གཉིས་ཙམ་གསན་ཕྲེང་པོ་བས་ནན་གྱིས་ཞུས་པའི་ངོར་བསམ་ཡས་དང་ཕྲེང་པོ་གཉིས་ཀར། རྒྱལ་ཚབ་ཏུ་མངའ་གསོལ། བར་སྐབས་ནས་ཁྲ་འབྲུག་གི་ཇོ་མོ་སྒྲོལ་མ་ལ་བུད་མེད་ཀྱི་རྒྱན་གསོལ་པས་རབ་གནས་ཉམས། སླར་བསྐྱར་བར་པྲཛྙཱའི་ཞབས་ཆེད་དུ་སྩལ་ཡང་སྡེ་སྲིད་ཀྱིས་བཀག །དེས་རྟེན་འབྲེལ་ལོག་སྟེ་སློབ་དཔོན་ནང་གཤེགས་པའི་ཆིངས་ལ་འབྲི་གུང་པས་གཤེགས་དུས་འཕྱོང་རྒྱས་ཞབས་དྲུང་ཧོར་བསོད་པའང་དད་པ་ཤིན་ཏུ་ཐོབ། རྗེ་འབྲི་གུང་པས་དམ་པ་འདིའི་བསྔགས་པ་བརྗོད་དེ་མཆོད་ཡོན་གྱི་ལུང་བསྟན། དཔག་པར་


JLAZ013_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བའི་ཡོན་ཏན་གྱི་བློ་ཕྲོགས་ནས་དཀར་པོ་བ་བསྟན་འཛིན་ནོར་བུའང་སློབ་མར་གྱུར། དེ་ཉིད་རིང་པོ་མ་ལོན་པ་གཤེགས་སྐབས། བསམ་ཡས་གཙུག་ལག་ཁང་སྡེ་དང་བཅས་པ་རྗེ་བཙུན་འདི་ལ་གཉེར་དུ་གཏད་པས། ལོ་གསུམ་གྱི་བར་གཙུག་ལག་ཁང་གི་ཞབས་ཏོག །བར་སྐོར་ཞིག་གསོས། འབྲས་པའི་གྲུ་ཤན་གསོ་བ་དང་། དཀར་མེའི་འདུ་འགོད་ལ་སོགས་པའང་བདག་གིར་བཞེས། ཆོས་རྗེ་མངའ་བདག་སྐུ་མཆེད་སོགས་འདུས་པ་ཕྱེད་གཉིས་བརྒྱ་ཙམ་ལ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་དང་། རྒྱབ་ཆོས་སུ་མདོ་མཛངས་བླུན། དགོངས་པ་ངེས་འགྲེལ་སོགས་སྩལ། མཆོག་ལྡན་མགོན་པོའི་སྲས་རྒྱལ་སྲས་བསྟན་པའི་འབྱུང་གནས། མེ་ལོང་རྡོ་རྗེའི་གདུང་བརྒྱུད། མདོ་སྔགས་གླིང་པ། ཁྱད་པར་དུ་གསང་ཕུའི་ཆོས་རྗེ་སྟོན་ཚག་པ་ཞེས་དུས་དེ་ཙ་ན་དགེ་བའི་བཤེས་གཉེན་རིག་པ་ཆེ་བར་གྲགས་པ་དེ་རྣམས་ལ་གྲོལ་ཐིག་གི་ཆོས་འཁོར་བསྐོར་བས། དམ་པ་འདི་སྔོན་འགྲོའི་སྐབས་སུ་མདོའི་བཤད་པ། དངོས་གཞིའི་སྐབས་སུ་རྒྱུད་སྡེའི་བཤད་པ། ཁྱད་པར་གཏེར་ཆོས་འདི་གའི་རང་སྐད་རྒྱུད་སྡེ་ཆེན་པོའི་གྲུབ་པའི་མཐའ་ལ་གནས་པ་དེའི་གོ་དོན་བསླངས་ནས་བཤད་པས། སྟོན་ཚག་པ་ཆེན་པོ་ན་རེ། ད་ལྟ་མདོ་སྔགས་ལ་ཁོ་བོ་ལས་སྦྱངས་སྟོབས་ཆེ་བ་མེད་


JLAZ013_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པ་ཡིན་ཏེ། སྐྱེ་བ་བརྒྱུད་ནས་སྦྱངས་པ་དང་མི་འདྲ་བ་འདུག །རྗེ་བཙུན་དམ་པ་པྲཛྙཱ་ར་སྨི་ཁམ་རང་ཆེ་གསུངས། དེ་ཕྱི་ནས་ཏིང་ངེ་འཛིན་ཁོ་ན་ལ་དྲིལ། དེའི་སྙན་པས་ས་སྐྱ་བདག་པོ་མ་ཆེན་པས་ཀྱང་འཆི་མེད་སྐུ་གསུམ་འདུས་པའི་སྐོར་གསན་ཞིང་ཐུགས་ཡིད་འདྲེས། དེ་བཞིན་དུ་བྱ་རྒོད་གཤོངས་སུ་སྡེ་འཁྲུགས་ཆེན་པོ་སུས་ཀྱང་མི་འདུམས་པ་བྱུང་བའང་བླང་དོར་སྟོན་པའི་ལུང་བསྟན་གྱིས་ཞི་བས། པཎ་ཆེན་འབུམ་ཕྲག་གསུམ་པའི་སྤྲུལ་པའི་སྐུར་ཡིད་ཆེས། རྩེ་གདོང་བ་སྐུ་མཆེད་རྣམས་ཀྱིས་ཀྱང་དབང་ཆོས་མང་དུ་གསན། དེ་ནས་རྗེ་འབྲི་གུང་པ་ཟས་ངན་གྱི་སྦྱོར་བས་བསྙུན་པ་ན། དམ་པ་འདི་ལ་ཐུགས་ཤིན་ཏུ་བརྩེ་བས་ཞལ་གདམས་མང་དུ་གནང་དེ་སྐུ་ལ་སྙེ་ཐབས་ཀྱི་ངང་ནས་ཞིང་ཁམས་འཕོས། ཕྱིས་འབྲི་གུང་ཕྱོགས་ཀྱི་གདུང་བརྒྱུད་ནས་གཙོས་བུ་ཆེན་ཐམས་ཅད་འདིར་འདུས། དགོངས་པ་ཡང་ཟབ་མིང་ཙམ་དུ་འགྲོ་ཉེའི་སྲོག་འཐུད། ཐུབ་བསྟན་རྡོ་རྗེ་བྲག་ཏུ་ལོ་གསུམ་གྱི་བཅད་རྒྱར་བཞུགས་དུས། སློབ་དཔོན་ཆེན་པོ་པདྨ་རྒྱལ་པོའི་ཆ་ལུགས་སེངྒེ་ལ་བཅིབས་པ་ཞིག་ཞལ་གཟིགས། དེང་སང་འདི་ན་ལྟ་བ་མ་འཁྲུལ་པའི་ཁྱད་པར་འབྱེད་ཤེས་པ་ཁྱོད་ལས་མེད་པས། དེའི་གནས་གསལ་བར་སྟོན་ཅིག་གསུངས་པས་


JLAZ013_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་གཉིས་གསལ་སྒྲོན་ཞེས་ཚིག་ཉུང་ལ་དོན་ཆེ་བ་དེ་མཛད། འབྲི་གུང་པའི་དགོངས་རྫོགས་སུ། མདོ་སྔགས་ཀྱི་སྨོན་ལམ་ཞེས་བསྟན་པ་ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས་པའི་གསུང་རབ་ཚིག་དོན་བཟང་པོ་དེའང་མཛད། སླར་ཞབས་དྲུང་ཧོར་བསོད་ནམས་དར་རྒྱས་ཀྱིས་འཕྱོངས་རྒྱས་སུ་སྤྱན་དྲངས། ཕ་དང་བུ་འཕྲད་པ་ལྟ་བུའི་དགྱེས་པ་ཆེན་པོས་ཏི་ཤིར་བཀུར། གྲོལ་ཏིག་ལ་སོགས་ཏེ་ཟབ་མོའི་གདམས་པས་རྗེས་སུ་བཟུང་། མི་འགྱུར་ཀུན་དགའ་དཔལ་བཟང་དང་སྤྲུལ་སྐུ་ཟླ་བ། ཞིག་པོ་གར་གྱི་དབང་ཕྱུག་ལ་སོགས་དང་ཡང་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་ཆོས་ཀྱི་སྐྱེས་རྒྱ་ཆེན་པོས་ཕན་ཚུན་ངོམས་རེས་མཛད། བྱང་བདག་པོ་བཀྲ་ཤིས་སྟོབས་རྒྱལ་དང་ཡང་མཇལ་བས་ཐུགས་ཤིན་ཏུ་ཆེས། རེ་ཞིག་ན་ཕྲེང་པོར་སྐུ་བསྙུང་བ་ཞིག་བྱུང་བས་རྐྱེན་བྱས། ཤཱནྟི་པུ་རིའི་ཞིང་ཁམས་ཕྱི་མཆོད་རྟེན་ལ་ནང་གཞལ་མེད་ཁང་། མཁའ་འགྲོའི་གྲོང་ཁྱེར་འབུམ་ཚོ་གསུམ་གྱིས་བསྐོར། གཞལ་ཡས་ཁང་གི་ཁྲི་འཕང་མཐོན་པོ་ལ་དཔའ་བོ་ཆེན་པོ་ཐོད་པའི་དུམ་བུ་རྩལ་ན་ཚོད་བཅོ་ལྔ་པ། སྐུ་མདོག་སྔོ་སངས་ཤངས་ཞུར་དཀར་པོ། དར་དང་རིན་པོ་ཆེས་བརྒྱན་པ། དཔའ་བོ་དང་མཁའ་འགྲོ་དང་། རབ་བྱུང་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པའི་འཁོར་ལ་ཐེག་པ་


JLAZ013_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཀྱི་ཆོས་འཁོར་བསྐོར་བ་གཅིག་གཟིགས་ཤིང་། མ་འོངས་པ་ན་དམ་པ་ཉིད་དེའི་ཐུགས་ཀར་སྤྲུལ་པ་བསྡུ་བ་ལུང་བསྟན་ཐོབ། དེས་སྐྱེ་བའི་མཐའ་ཡང་ཆོད། སྐྱེ་བ་སྔ་ཕྱིའི་གདུལ་བྱའི་གོ་འཐུད་ཆོག་པ་བྱུང་གསུངས། ཀརྨ་པ་དབང་ཕྱུག་རྡོ་རྗེ་ཕྲེང་པོར་ཕེབས་པ་དང་མཇལ། དག་སྣང་མཐའ་ཡས་པ་གཟིགས། འབེལ་གཏམ་མཛད་པས་ཐུགས་ལྷག་པར་ཆེས། དགེ་བཤེས་རིན་པོ་ཆེ་དེ་མཁྱེན་རབ་བསམ་གྱིས་མི་ཁྱབ་ཟེར་བ་དེ་བདེན་པར་འདུག་ཞེས་འཕྲོས་དོན་ལའང་བསྔགས་པ་མཛད། སྤྲུལ་པའི་སྐུ་དཀོན་མཆོག་ཡན་ལག་དང་མཇལ་དུས། དྲུང་རམས་རྫ་མོན་པས་གསར་རྙིང་གི་རྒྱུད་ལ་དོགས་སློང་མང་པོ་མཛད་པ་ལ། ལན་གབ་ལ་དབྱིངས་ཆེ་བ་འབའ་ཞིག་གིས་རྒྱས་བཏབ་པས། ཇ་གྲལ་གྲོལ་ནས་ཞབས་དྲུང་སྤྲུལ་པའི་སྐུའི་གསུང་ནས་དྲུང་རམ་པར་གང་ཟག་ཁྱད་པར་ཅན་དེ་ལ་སོ་སོར་སྐྱེ་བོས་རྒོལ་བ་བྱས་ན་ལྡོན་པ་མི་ནུས་པ་དེ་འདྲ་འོང་ཞེས་གསུང་སྐད། འབྲུག་པ་རིན་པོ་ཆེ་ཆོས་ཀྱི་སྤྱན་ལྡན་པདྨ་དཀར་པོ་དང་སྔ་ཕྱིར་མཇལ། ས་པཎ་གྱི་དགོངས་གཏད་དབུ་མ་རང་རྒྱུད་པར་འདུག་པ་དང་། དགེ་འདུན་པའི་སྒྱུ་ལུས་ཕྱི་ལྡང་ནང་ལྡང་སོགས་ཀྱི་འབེལ་གཏམ་ཞི་བ་རྒྱས་སུ་གནང་། ཐུགས་ཡིད་གཅིག་ཏུ་འདྲེས། ལན་ཅིག་སྤྲུལ་པའི་སྐུ་ཁྱེད་ལྟ་བུ་རྟོག་གེའི་ཆོས་ལ་དགྱེས་པ་མི་འགབ། ད་སྟེ་སྙིང་པོའི་


JLAZ013_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་འཕེལ་རྒྱས་ཁོ་ན་ལ་དགོངས་པ་གཏོད་དགོས་ཚུལ་ཞུས་པས་ཐུགས་ལ་ཤིན་ཏུ་བཞུགས། གྲོལ་ཐིག་གི་ཆོས་ཀྱི་བདག་པོར་གྱུར་ཞིང་ཆོས་སྐོར་ཕལ་ཆེར་གསན་པ་ཡིན། འབྲུག་པ་རིན་པོ་ཆེ་ཉིད་ཀྱི་རྣམ་ཐར་དུའང་། ཕྲེང་པོ་ནས་གཏེར་སྟོན་དགེ་བཤེས་རིན་པོ་ཆེ་དང་མཇལ། ཐུགས་གཤིན་ཏུ་ཉེ་བར་བྱུང་ཞེས་སྣང་། ཕྱི་རེས་ཤིག་གང་གི་སློབ་མ་རིན་པོ་ཆེ་ལྷ་རྩེ་པ་ལ་ལྔ་ལྡན་གྱི་ཁྲིད་སྩལ། ཚེ་རིང་ཕོ་བྲང་དང་སྡིག་སྟེངས་རྣམས་སུ། འཕྱོང་རྒྱས་ཞབས་དྲུང་། བདེ་ཆེན་གླིང་པ། སྤྲུལ་སྐུ་མདོ་སྔགས། རྒྱལ་སྲས་རིན་པོ་ཆེ་རྣམས་ལ་གྲོལ་ཐིག་དང་། མཁའ་འགྲོ་སྙིང་ཏིག །དགོངས་པ་ཡང་ཟབ་རྣམས་ཀྱི་བཤད་སྒྲུབ་མཛད། གྲོལ་དབང་ལ་མི་སྟོང་ཕྲག་བདུན་བདུན་ཚོགས་པ་ཤ་སྟག་དང་། མེ་ཏོག་གི་ཆར་འཇའ་འོད་ལ་སོགས་པའང་བྱུང་། མདོ་མཁར་དུ་སྡེ་པ་སྐྱ་རྒྱལ་བས་འདད་ཀྱི་གྲལ་དབུར་གདན་དྲངས། རཏྣའི་གདུང་བརྒྱུད་ཆོས་རྗེ་ནོར་བུ་པ་ཞལ་ངོ་། ལས་འཕྲོ་གླིང་པའི་སྐུ་སྐྱེས། ལྷོ་མོན་གྱི་མི་ཁྲི་ཚོ་གསུམ་ཙམ་ལ་ཆོས་དང་དམ་རྫས་ཀྱི་འབྲེལ་བ་དང་སངས་རྒྱས་ཀྱི་མཚན་སྒྲོག་པ་སོགས་ཀྱི་འགྲོ་དོན་མཛད། གནས་དེར་དགོན་པ་འདེབས་པར་ཞུས་པ་ཞལ་གྱིས་མ་བཞེས། འཕྱོང་རྒྱས་སུ་དབུས་དྭགས་ཀྱི་དམག་ཚན་པོ་ཆེས་རྒོལ་བར་ལྷགས་པ། གཤིན་རྗེ་ནག་པོ་སུམ་སྒྲིལ་གྱི་དམག་བཟློག་དང་བསམ་ཡས་དཔོན་བློན་བྲན་དུ་བཀོལ་


JLAZ013_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟློག་པར་མཛད། སྡེ་པ་ཡར་རྒྱབ་ནས་སྐུ་འབྲིང་བ་ཉིད་ལོ་ཆེན་བཻ་རོའི་དུས་ཀྱི་ཚ་རོང་རྒྱལ་མོའི་སྐྱེ་བ་ཡིན་པས་མཆོད་ཡོན་དུ་འབྲེལ་ཞིང་། དབང་ཁྲིད་གདམས་པས་རྗེས་སུ་བཟུང་། མི་ཆེན་གྱི་སྦྱིན་བདག་གཅིག་ལ་ཐུགས་ནང་གཙང་། སྤང་ཆུང་དགོན་གསར་མ་ལག་དང་བཅས་པའང་ཕུལ། འདི་དུས་སྒྲོམ་གྲུབ་ཀྱིས་ཕྱོགས་ཕུལ་ནས་དར་རྒྱས་ཆོས་སྡིངས་པ་ལ་བཀའ་སྐྱོན་ཕོག །དགོན་གནས་དམ་པ་འདི་ལ་ཐ་ཚིག་ཏུ་བཀར་ནས་ཕུལ་ནའང་གཞན་ལ་གནོད་པ་རྨི་ལམ་ཙམ་དུའང་ཐུགས་ལ་མི་དགོངས་ཤིང་། རང་དབང་དཔལ་གྱིས་ཆོག་ཤེས་ལ་མཉེས་པས། སྤྲུལ་སྐུ་གསུང་སྤྲུལ་རང་ལ་འཇགས་པ་དགོས་ཞེས་ནན་ཞུ་མཛད་པས་དེ་དག་ཀྱང་དྲིན་དུ་གཟོ་ཞིང་དད་པས་ཡར་བྱོན་ལྷ་ཁང་དུ་འབུལ་བ་དང་བཅས་མཇལ་དུ་བྱོན། བཀའ་དྲིན་ཟླ་མེད་པར་བརྩི། སྣེའུ་གདོང་གོང་མ། མཁར་ཐོག །གྲུབ་རྒྱལ་གླིང་། ཁྲོ་བོ་མཁར། བཀྲ་ཤིས་རྩེ། དཔལ་གྲོང་སོགས་སུའང་གདན་དྲངས་ཤིང་བསྙེན་བཀུར། ཆོས་རྗེ་སྣང་གསལ་སྒང་པ་དང་། མདོ་ཁམས། གོ་འཇོ། ཀ་ཐོག །ཉག་རེ། ཅོང་ཞི། རྒྱལ་མོ་རོང་སོགས་ནས་བྱོན་པའི་བླ་མ་རྣམས་སོ་སོར་སྨིན་གྲོལ་གྱི་གདམས་པས་ཚིམས་པར་མཛད། ལར་སྐྱེས་བུ་ཆེན་པོ་འདི་དབེན་པ་འབའ་ཞིག་ལ་མཉེས་པས། གང་དུ་ཡུན་རིང་བ་ཙམ་


JLAZ013_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཆགས་པ་དེ་དང་དེར་ཡང་སྐུ་མཚམས་གཙོ་བོར་འདོན། རྣམ་པ་ཀུན་ཏུ་སྔ་དགོངས་ཀྱི་ཐུགས་ཁེལ་ཅི་ལྟ་བུས་ཀྱང་གཡོ་བ་མི་ནུས། ཉིན་གུང་གི་ཆ་ལའང་བསྟན་འགྲོར་སྨན་པའི་བྱ་བ་ལས་ཀྱི་འཁོར་ལོ་དེ་དང་དེ་ལྟ་བས་གཅིག་ཏུ་མཛད་དེ་ཐུགས་དམ་ཁོ་ནའི་ངང་དུ་བཞུགས་པ་ལས་གདུལ་བྱའི་སྣང་བ་དག་པ་རྒྱུ་མཚན་དུ་མཛད་པའི་བག་ཡངས་སུ་ལར་མི་བཞུགས། སློབ་མའི་བྱ་བ་ལ་ཐུགས་བསྐྱེད་ཤིན་ཏུ་ཆེ་བས་འོ་བརྒྱལ་ཇི་ལྟ་བུ་བྱུང་ཡང་དེ་དང་དེའི་རེ་བ་འཕྲལ་འཕྲལ་དུ་བསྐོང་བ་ལས། ཞུ་སྣ་མ་འཕྲོད་པ་དང་ཆོས་སྒུགས་ཀྱི་ངང་ལ་གྲྭ་ཚོགས་གསོག་པ་རྒྱལ་སའི་རྣམ་ཐར་མི་སྐྱོང་། ཆེ་གཉན་འདྲའི་ཐད་དུའང་རྟེན་འབྲེལ་སྒྲིག་ཕྱོགས་དང་ལུང་བསྟན་སོགས་ལ་བསྙད་པའི་ངོ་དགའ་དང་ཕྱེ་འཐོར་མཛད་པ་མི་སྲིད། མཁས་པ་དང་གྲུབ་པའི་ངོ་ནས། དཔྱོད་ལྡན་ཐམས་ཅད་ཀྱི་རྗེས་སུ་ཡིད་རང་བར་མངོན་པར་བསྟོད་ཅིང་། བླ་དཔོན་ཆེ་གཉན་མང་པོའི་ཏི་ཤཱིར་གྱུར་ཀྱང་ཁེངས་པ་དང་དྲེགས་པའི་གཟི་བྱིན་རྔོམ་པ་མི་མཛད། འཕྲལ་སྐུ་ལ་བཅར་ཏེ་ཡུན་རིང་དུ་བསྡད་ཀྱང་ཐུགས་ཀྱི་གཏིང་མི་ལོན་ཞིང་གནང་སྤྱོད་ལོག་པའི་ཐེ་ཚོམ་ཙམ་ཡང་མི་མངའ། རྣམ་ཐར་གསོལ་འདེབས་ལས། གྲོལ་བྱེད་རླུང་སེམས་རྩ་དང་ཐིག་ལེའི་གནད། །ཞུགས་གནས་ཐིམ་གསུམ་དབུ་མའི་ལམ་


JLAZ013_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དག་པས། །རོ་རྐྱང་མདུད་གྲོལ་ས་བཅུ་རིམ་གྱིས་བགྲོད། །ཐ་མས་གཙུག་ཏོར་མཆོག་གྲུབ་གསོལ་བ་འདེབས། །ཞེས་རྡོ་རྗེའི་གནས་ཆེན་པོའི་ཉེ་རྒྱུའི་ལམ་གནད་དུ་སོང་བས་སྐུ་ན་མཐོན་པོར་སོང་ནས་ཀྱང་། སྐུ་ལ་གཉེར་བག་དང་སྐྲ་དཀར་མེད་ཅིང་གཞོན་ཤ་ཆགས། ནང་གི་རྩ་མདུད་གྲོལ་བས་ཆོས་ཀྱི་ཚིག་དོན་ཟབ་ཅིང་གཏིང་དཔག་དཀའ་བའི་གནས་འགྲེལ་པ་ལ་སྙེངས་པ་མེད། གཞན་རྒྱུད་ཀྱི་བསམ་པ་མཁྱེན་པས་མ་འོངས་མངོན་སུམ་དུ་ལུང་སྟོན་པ་དང་། འགའ་དང་འགས་ཉམས་སད་པའི་སླད་དུ་བརྟག་པ་ཞུས་པའང་མངོན་སུམ་དུ་གཏན་ལ་ཕེབས་པ་དང་། ཚོགས་པ་འཛོམ་ཆེ་སར། ཁྱེད་རང་རྣམས་ཀྱི་སྐུ་ཚེའི་སྨད་ལ་གློ་བུར་གྱི་རྒྱལ་པོ་སྟོབས་ཅན་ཞིག་གིས་དབུས་གཙང་ཐམས་ཅད་དབང་བསྒྱུར་བ་འོང་། དེ་ནས་རིམ་པར་སེམས་ཅན་གྱི་བདེ་སྐྱིད་དམན་པ་ཡིན། ཞེས་སྡེ་སྲིད་གཙང་པའི་ལས་དོན་རྒྱུག་པ་དང་དེ་བཞིན་དུ་སྡེ་པ་འཕྱོང་རྒྱས་པ་ཉིད་ཀྱི་སྲིད་ལ་ཐལ་བར་འབྱུག་པ་དང་། སོག་པོ་གུ་ཤྲིའི་དམག་གིས་དབུས་གཙང་ཁམས་གསུམ་ཅུ་པ་ལ་སོགས་མི་རབས་མང་པོའི་རྗེས་ཀྱི་གཏེར་ལུང་ཐིག་ཁེགས་པ་ལྔ་པ་ཆེན་པོས་ཀྱང་རྣམ་ཐར་ལ་འདྲེན་པར་མཛད། དེ་བཞིན་དུ་དྲག་པོ་མངོན་སྤྱོད་ཀྱི་ལས་གདེངས་སུ་གྱུར་པས། འཕྱོང་རྒྱས་པའི་གདུང་ལ་དམ་སྲི་རྒྱལ་བུར་བརྫུས་པ་གདོང་ཕྱེད་ལ་


JLAZ013_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་པགས་བྲལ་བ་ཞིག་བྱུང་བ་རང་གཏེར་གཤིན་རྗེའི་སྒྲུབ་པ་མཛད་པས། བདུན་ཕྲག་གཉིས་ལ་རྣམ་ཤེས་དེངས་སུ་བཅུག་པ་སོགས་བརྗོད་ཀྱི་ག་ན་ལྡང་། ལར་འཕྱོང་རྒྱས་ཞབས་དྲུང་ཧོར་བསོད་པ་དེ་ལྷ་སྲས་དཔལ་གྱི་འབྱུང་གནས་ཀྱི་སྐྱེ་བར་ལུང་གིས་ཟིན་ཅིང་དད་སྟོབས་བསམ་གྱིས་མི་ཁྱབ་པས། གསང་སྔགས་རྙིང་མའི་དགེ་འདུན་གྱི་སྡེ་ཞིག་འཛུགས་པར་ནན་གྱིས་བསྐུལ་ཡང་། ལྔ་བརྒྱའི་ཐ་མར་གྱུར་པས་གྲྭ་ས་གྲྭ་ཚང་གི་གནས་དག་ཀྱང་སྦྱོར་བ་ལྷོད་པོར་གྱུར་པའི་ཉེས་དམིགས་གཟིགས་ནས་ཞལ་གྱིས་མ་བཞེས་པའི་ཐོག་ཏུ་གཤེགས། དེའི་སྲས་ཧོར་བསོད་ནམས་སྟོབས་རྒྱས་ཀྱིས་ཡབ་ཀྱི་དགོངས་པ་རྫོགས་སླད་དང་། རང་གི་བཞེད་པ་སྟབས་གཅིག་པས་ནན་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས་འཕྱོང་རྒྱས་དཔལ་རི་ཐེག་པ་ཆེན་པོའི་གླིང་འདི་གསར་དུ་བཏབ། སྤྱི་རྫས་དང་མཆོད་གཞིས་གཙུག་ལག་ཁང་གི་འདུ་འགོད་ཐམས་ཅད་ཞབས་དྲུང་འཕྱོང་རྒྱས་པ་རང་གི་བླ་ནས་སྦྱར། སྡིག་སྟེངས་རིན་པོ་ཆེ་ངག་དབང་འོད་ཟེར་མཁན་པོར་བསྐོས་ནས་དམ་པའི་ཆོས་འདུལ་བ་ལ་ལེགས་པར་གནས་པའི་དཔྱ་ཁྲིམས་དང་། གཞི་གསུམ་གྱི་ཆོ་གའི་ཕྱག་ལེན་ལ་གནས་པས་ཕྱི་རུ་འདུལ་བའི་ཀུན་ཏུ་སྤྱོད་པ་ཉམས་སུ་བསྟར་ཞིང་། ནང་དུ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་རབ་འབྱམས་ལས། གྲུབ་


JLAZ013_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མཐའི་གཞུང་རྒྱལ་བ་ཀློང་ཆེན་པའི་ཤིང་རྟ་ཆེན་མོ་རྩ་འགྲེལ་གྱིས་སློང་ཞིང་། ཉམས་ལེན་གཏེར་ཁ་གོང་འོག་དང་ཡབ་སྲས་གཉིས་ཀྱི་གཏེར་ཆོས། སྙིང་ཐིག་ཡ་བཞི་བླ་མ་དགོངས་འདུས་ལ་སོགས་པས་གཞུང་བསྲང་བར་བསྟན་ནས་རིམ་གྱིས་སྔ་འགྱུར་བཀའ་མའི་རྒྱུད་སྡེའི་ལམ་སྲོལ་ཆེན་པོ་སྟོན་པར་བཞེས་ཀྱང་སྡེ་དཔོན་ཕན་ཚུན་མི་མཛའ་བའི་ཀུན་སློང་གིས་གསོལ་བའི་སྙུང་གཞིས་ལོ་གཅིག་གི་ཁོངས་སུ་ཞི་བར་མནལ་བས། བསྟན་པ་མཐའ་རྒྱས་ཀྱི་རྟེན་འབྲེལ་ལ་ཅུང་ཟད་གཞར། དེ་ལྟ་ནའང་། དོན་གྱི་ཐེག་པ་རིམ་དགུའི་གྲུབ་མཐའི་རྣམ་གཞག་ཏུ་དཔྱིས་ཕྱིན་པ་རྒྱལ་བ་ཀློང་ཆེན་པོའི་གཞུང་གིས་སློང་ཞིང་། རྣལ་འབྱོར་དུ་བྱ་བའི་གནས་ལ་ཡོ་ག་གསུམ་ཀའི་ཟབ་ཅིང་རྒྱ་ཆེ་བའི་ངོ་བོ་མ་འཁྲུལ་ཞིང་། མི་བསླུ་བ་གཏེར་ཁ་གོང་འོག་བླ་མ་དགོངས་འདུས་གྲོལ་བའི་ཐིག་ལེ་ལ་སོགས་པ་དང་། རིག་པ་རང་ཤར་གྱི་རྒྱུད་དོན་ལ་བྱེ་བྲག་ཏུ་འཇུག་པ་དགོངས་པ་ཡང་ཟབ་རྣམས་མདོ་སྒྱུ་སེམས་གསུམ་ཀའི་རྒྱུད་སྡེ་ལ་དོན་གྱིས་རྟོན་པ་སངས་རྒྱས་པདྨའི་རིང་ལུགས་མ་ནོར་བ་ཞེས་བྱའོ། །ཞབས་དྲུང་འཕྱོང་རྒྱས་པས་སེམས་ཉིད་ངལ་གསོ་རྩ་འགྲེལ་པར་གྱི་སྒོ་འཕར་ཕྱེ་བའི་གཏམ་ལའང་། འགྲོ་བ་ལྷ་དང་བཅས་པའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་དེ་ཉིད་ཀྱིས་རང་གིས་བདུད་རྩི་བརྙེས་པའི་གོ་འཕང་ལ་གདུལ་བྱ་རྣམས་དངོས་སམ་བརྒྱུད་


JLAZ013_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཀྲི་བར་བཞེད་པས། རྒྱུ་དང་འབྲས་བུའི་ཐེག་པ་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་ཀྱི་དོན་སྙིང་པོར་དྲིལ་བ་ནི། མདོ་སྔགས་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ལུས་ཡོངས་སུ་རྫོགས་པར་སྟོན་པའི་བསྟན་བཅོས་འདི་ཉིད་ཀུན་མཁྱེན་ངག་གི་དབང་པོས་ཆེད་དུ་སྤེལ་བར་མཛད་པས། སྤྱིར་རྒྱལ་བའི་བསྟན་པ་ལ་ཞུགས་སོ་ཅོག་དང་། ཁྱད་པར་སྔ་འགྱུར་བར་ཁས་འཆེ་བ་རྣམས་ཀྱིས་བསྐྱེད་རིམ་ཚིག་རྐྱང་ཙམ་དང་། རྫོགས་རིམ་སྣ་རེའི་ཉམས་མྱོང་ཅུང་ཟད་ཀྱིས་ཡིད་ཚིམ་པར་བྱས་ན། དེ་དག་ལམ་ལྟར་སྣང་དང་ཡང་དག་པ་ཡིན་མིན་ཀྱང་མི་ཤེས་ཤིང་། རྒྱ་ལ་རང་གི་རྒྱུད་ལ་མྱོང་བ་རྣལ་མ་ཞིག་སྐྱེས་ནའང་ལྐུགས་པའི་རྨི་ལམ་ལྟར། གཞན་ལ་འདོམས་པའི་མཐུ་མེད་པ་དག་གིས་གསར་རྙིང་གི་བསྟན་པ་མཐའ་དག་ཉམས་དམས་པ་ལ་མཁས་ཤིང་གྲུབ་པ་རྣམས་ཀྱིས་འཁུ་ཞིང་གཤུང་བ་དང་། གལ་ཏེ་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་ཆེན་པོ་ལ་སློབ་པ་ནི་སྙིགས་མ་ལྔ་བདོ་བའི་དུས་འདིར་གཤིས་ཀྱིས་དཀའ་བ་ལ་དགོངས་ནས་འདི་ནི་མདོ་རྒྱུད་དང་རྒྱ་གཞུང་རྩོད་པ་དང་བྲལ་བ་རྣམས་ཀྱི་ལུང་ཇི་ལྟར་བཀྲལ་བས། བློ་གྲོས་དང་ལྡན་པ་དག་གིས་རྐང་ཚུགས་པའི་རྟོག་དཔྱོད་ཀྱི་མིག་ཞིབ་མོས་གོ་བའི་གཏིང་ཕྱིན་པར་བལྟས་ཚེ། དཔྱད་པ་ཡོངས་སུ་རྫོགས་པས་ན་ལམ་གྱི་རིམ་པ་འདི་ཉིད་ལ་ངེས་པ་གཏིང་ནས་འདྲོངས་ཤིང་། དེའི་ཚུལ་ལ་གནད་དུ་བསྣུན་ནས་ཉམས་སུ་བླངས་ན། རྒྱལ་


JLAZ013_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྲས་དང་བཅས་པ་དགྱེས་པའི་འཕྱུགས་མེད་ཀྱི་མྱུར་ལམ་ངོ་མཚར་རྨད་དུ་བྱུང་བ་ཡིན་ཞེས། རྗེ་བཙུན་དམ་པ་པྲཛྙཱ་རསྨིའི་གསུང་གི་གསང་བས་ལན་ཅིག་མ་ཡིན་པར་བསྙད་པ་ལ་བརྟེན་ནས། ཆོས་བཞིན་དུ་སྐྱོང་བ་མིའི་དབང་པོ་བསོད་ནམས་སྟོབས་ཀྱི་རྒྱལ་པོས། ཉིད་ཀྱི་ཡབ་རྗེའི་དགོངས་པ་བསྐང་བ་དང་། སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་ཀྱི་ཕྱིར། འཁོར་ལོ་གསུམ་ལ་ལྷུར་བྱེད་པའི་དགེ་འདུན་གྱི་སྡེ་བཙུགས་ཤིང་། དེ་དག་གི་འཚོ་བ་བླ་ནས་སྦྱོར་བ་དང་། སྨིན་གྲོལ་ལམ་གྱི་ཆ་ལག་ཚེས་བཅུ་ཆེན་མོའི་ཕྱག་བཞེས་ཀྱི་སྲོལ། དེ་དག་གི་ཆས་སོགས་གཞན་གྱི་བློས་དཔག་པར་དཀའ་བའི་རྒྱུན་དང་། བསྟན་བཅོས་འདི་ཉིད་ཀྱི་གླེགས་བམ་གྲངས་མེད་དུ་འཆར་བའི་ཕྱིར་པར་དུ་བཞེངས་ཏེ་བསྟན་པའི་བཙས་སུ་བཞག་པ་ཡིན་ལ་ཞེས་སོ། །རྒྱུ་དེས་སེམས་ཉིད་ངལ་གསོ་རྩ་འགྲེལ་དང་། གསང་བའི་སྙིང་པོ། འགྲེལ་པ་ཕྱོགས་བཅུ་མུན་སེལ་སོགས་བློ་ལ་འདོམས་པར་བྱེད་པའི་རྒྱུན་ད་ལྟའི་བར་དུའང་གནས་པ་ཙམ་མོ། །དེ་ལྟར་དགོན་གནས་བསྐྲུན་ཏེ་ཡུན་རིང་མ་སོང་བ་ལ། དེ་བཞིན་གཤེགས་པ་ལ་བདུད་སྡིག་ཏོ་ཅན་གྱིས་བསྐུལ་བ་བཞིན་དུ་སྐུ་མྱ་ངན་ལས་འདའ་བར་བཞེས་ནས་རྗེས་འཇུག་རྣམས་ལ་ཞལ་ཆེམས་སུ། ངེད་ཀྱི་ཕུང་པོ་འདི་ས་འབུམ་ཞིག་ཏུ་བཞག་ན་མཐར་ནོར་བུ་དབྱིག་ཏུ་འགྱུར་ཅིང་། བོད་འབངས་


JLAZ013_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་དང་། མཐའ་དམག་བཟློག་པའི་རྟེན་འབྲེལ་ཡོད་དེ་དུས་དབང་གིས་ཅིར་འགྱུར་ཆ་མེད། དེ་བས་དུམ་བུར་བྱས་ཏེ་ཡར་རྒྱབ་གཙང་པོའི་ཆུ་ལ་སྦྱངས་ན་ཀོང་པོ་རྒྱ་ལ་ཡན་ཆོད་ཀྱི་སེམས་ཅན་ལ་ཕན་ཏེ་མི་ནུས། དུས་ཀྱི་དབང་ལས་བསྟན་པ་འཕེལ་རྒྱས་ཡོང་བ་གཤིས་ཀྱིས་དཀའ། དགེ་འདུན་རྣམས་རང་རང་གི་བསྟན་པ་སྒོ་དྲུང་ནས་མ་ནུབ་པར་གྱིས་ལ་སྒྱེ་བེམ་རེ་གྱོན། གཙོ་བོར་ཐོས་བསམ་སྒོམ་པ་ལ་འབད་འབུངས་ཐོན། ཕྲལ་བྱ་བ་གང་ཐངས་རང་གྱིས། དཀའ་ཐུབ་འདིས་དལ་རྟེན་ཆུད་འཛའ་བས་འཚོ་བ་གྱི་ན་ཙམ་རེ་བསྟེན། སྡོམ་པ་གསུམ་ལ་ཉེས་ལྟུང་གི་དྲི་མས་མ་གོས་པར་བརྩོན་འགྲུས་དྲག་པོའང་འབད། གཉེན་པོས་རྐྱེན་ཐུབ་པ་དང་། དད་པས་ཁམས་གསོས་པ་དང་། འགྲོ་རྣམས་ཕ་མར་ཤེས་པའི་ཉམས་ལེན་ལ་འབུངས། ང་དང་འཕྲད་པར་འདོད་པ་རྣམས་གྲོལ་ཏིག་དགོངས་པར་རང་གྲོལ་དང་། བེའུ་བུམ་གྱི་མན་ངག་རྣམས་ལ་ཉམས་ལེན་མཛོད། ཅེས་གདམས། དག་པའི་གསལ་སྣང་དཔག་ཏུ་མེད་པ་གཟིགས། ཁྱད་པར་ཉིན་གཅིག་དུས་ཀྱི་འཁོར་ལོའི་མངོན་དཀྱིལ་རྫོགས་པར་གནང་ནས་དབང་མཛད་པས། དགེ་སློང་འབྲི་གུང་པ་ན་རེ། ལོ་དུས་ན་གནང་བ་ཨེ་ཡིན་ཞུས་པས། དེ་འདྲ་བྱེད་པ་མེད། ཆོ་ག་བཟུང་ཡང་མ་མྱོང་། དེ་རིང་བྱང་ཤམྦྷ་ལའི་སྣང་བ་མུ་མཐའ་མེད་པར་ཤར་ནས་སྐྱེ་བོའི་ཚོགས་མང་པོས་གསོལ་བ་འདེབས་པ་ལ་དེ་ལྟར་བྱས་


JLAZ013_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། ལར་ཞིང་ཁམས་མང་པོར་དབང་དང་བྱིན་རླབས་བགྲང་ལས་འདས་པ་བྱས་པའི་སྣང་བ་དང་། གསལ་སྣང་འབའ་ཞིག་ལས་སྣང་བ་རང་མཚན་པར་འཆར་གྱི་མི་འདུག །ད་རེས་ཀྱི་ནད་འདིས་སྡིག་སྒྲིབ་དག་པ་འདྲ་གསུངས། ཡང་ཀུན་གྱིས་མཐོང་སར་བྱིས་པ་ཅིག་བྱུང་། ཅི་ལགས་ཞུས་པས། ཆུ་བར་ནས་ང་འཕྲད་པ་ལ་བྱོན་པ་ཡིན། འབྲི་གུང་ཨ་བྱི་དང་། བསྟན་སྐྱོང་མ་སོགས་བོད་ཀྱི་ལྷ་འདྲེ་ཆེ་དགུ་ངོས་འཕྲད་པ་ལ་བྱོན་གྱི་འདུག །ལྷ་འདྲེ་རྣམས་ཕྱི་ཐག་རིང་བས་སྡུག་བསྔལ་ཆེན་པོ་འདུག་གསུངས། དེ་ནས་ཆུ་སྤྲེལ་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན་དགོངས་པ་འཕོ་བར་བཞེད་པ་ལ་གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པར་ལུང་གིས་ཟིན་པ་རྒྱལ་སྲས་ཀརྨ་ཀུན་བཟང་། ཡུམ་སྲས་སོགས་ཀྱིས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས། སངས་རྒྱས་ཀྱི་སྐུ་ཚེའི་འདུ་བྱེད་ནི་བཏང་། འཚོ་བའི་འདུ་བྱེད་ནི་བསྲིངས་པ་བཞིན་དུ་འོ་ན་ཞག་གསུམ་སྡོད་དོ་གསུངས་ནས། ཚེས་བཅུ་གསུམ་གྱིས་སྔ་ཞོགས་ཀུན་གྱིས་མཐོང་བར་ནམ་མཁའི་དབྱིངས་ནས་འཇའ་ཚོན་ཆེན་པོ་སྣ་ལྔའི་དྲྭ་བས་སྦྲེལ། ས་ཆེན་པོ་འདི་ཡང་མྱ་ངན་གྱིས་གདུངས་པའི་ཆོ་ངེའི་སྒྲ་འུར་གྱིས་འདོན། སྐྱེས་བུ་ཆེན་པོ་འཇིག་རྟེན་དུ་མི་བཞུགས་པ་ལ་ཡིད་རབ་ཏུ་སྐྱོ་ནས། འདར་ཞིང་གཡོ་བའི་སྒྲ་ཆེན་པོ་དང་བཅས། དཔལ་རི་པདྨ་འོད་ཀྱི་ནུབ་ཕྱོགས། བདེ་བ་ཆེན་པོ་ཤནྟ་པུ་རིའི་གྲོང་ཁྱེར་ག་ལ་བ་དེར་


JLAZ013_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་ཆེན་པོ་ཐོད་པའི་དུམ་བུ་རྩལ་གྱི་ཐུགས་ཀར་ཐིམ་པར་གྱུར་ཏོ། །དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་པ་རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་མཐའ་གྲུར་ཁྱབ་པའི་རྒྱན་ཞེས་བྱ་བ་ལས། རྡོ་རྗེ་ཐེག་པ་སྔ་འགྱུར་གྱི་ཕྱོགས་ལ་མཁས་པ་དང་། གྲུབ་པ་བརྙེས་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པ་ལས། མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་ལ་བཤད་སྒྲུབ་ཀྱི་སྒོ་ནས་བྱ་བ་མཛད་པ་གྲགས་ཆེ་བ་དག་གཙོ་བོར་སྨོས་པའི་སྐབས་ཏེ་རབ་ཏུ་བྱེད་པ་ལྔ་པའོ།། །།

བསྟན་པ་དེ་དག་གི་ངེས་འབྱེད་གསལ་བའི་འབྲས་བུ།


JLAZ013_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་དྲུག་པ་ཆེད་དུ་བྱ་བ་དམ་པའི་ཆོས་ཀྱི་རྣམ་པར་བཞག་པ་ལ། ཆོས་ཀྱི་སྒྲ་འཇུག་པའི་ཡུལ་སྤྱིར་བཤད་པ་དང་། དེ་ལས་དམ་པའི་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལའང་གཉིས་ལས། སྒྲའི་དོན་གྱི་བཤད་པ་ནི། ལེགས་པར་སྦྱར་བའི་སྐད་དུ་དྷརྨ་ཞེས་བྱུང་སྟེ། དེ་ནི་ཊུདྷྲྀ྅་འཛིན་པ་ལའོ་ཞེས་བྱ་བའི་བྱིངས་ལས་སྐྱེས་པའི་ཕྱིར་འཛིན་བྱེད་ཀྱི་དོན་ལ་འཇུག་གོ །གང་འཛིན་ན་ཤེས་བྱ་ཐམས་ཅད་པའི་རང་དང་སྤྱིའི་མཚན་ཉིད་རྣམས་འཛིན་པས་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་རང་རང་གི་མཚན་ཉིད་གང་ཡིན་པ་དེ་དང་དེར་འཛིན་པར་བྱེད་པ་སྟེ། འདི་ལྟར་གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བར་འཛིན་པར་བྱེད་པ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་ཆོས་ཐམས་


JLAZ013_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མངོན་སུམ་དུ་བྱེད་དོ། །ཞེས་བྱ་བ་ལྟ་བུའི་བར་གྱིས་མཚན་ཉིད་ཐམས་ཅད་འཛིན་པར་བྱེད་དོ། །དེ་བཞིན་དུ་འདུས་བྱས་ཀྱི་མཚན་ཉིད་མི་རྟག་པར་འཛིན་པ་ནས། ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བ། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་བྱ་བ་ལྟ་བུའི་མཚན་ཉིད་ཐམས་ཅད་འཛིན་པར་བྱེད་པས་ན། ཆོས་ཞེས་བྱ་བའི་ངེས་ཚིག་ནི་འཛིན་པར་བྱེད་པའི་དོན་དུ་བཟུང་ངོ་། །གཉིས་པ་དབྱེ་བ་ནི། རྣམ་བཤད་རིགས་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་དེ་ལྟ་བུའི་སྒྲ་འཇུག་པའི་ཡུལ་རྣམ་པ་བཅུར་བསྟན་པའོ། །ཇི་ལྟར་འཇུག་ན་ཤེས་བྱ་ལ་འཇུག་པ་ནི། དཔེར་ན་ཆོས་གང་ལ་འདུས་བྱས་སམ་འདུས་མ་བྱས་ཞེས་བྱ་བ་ལྟ་བུ་སྟེ་ཤེས་བྱའི་ཆོས་སུ་གཏོགས་པ་རྣམ་པ་ཐམས་ཅད་པ་ལ་མཁས་པར་བྱ་བ་ནས་ཆོས་ལུགས་ལ་འཇུག་པ་ལུགས་ཀྱི་ཆོས་ཡུལ་ཆོས་དང་རིགས་ཆོས་ཞེས་བྱ་བ་ལྟ་བུ་གང་ཡིན་པ་དེ་དང་དེའི་རྗེས་སུ་མཐུན་པར་བྱ་བ་ཉིད་ཀྱི་བར་སྔོན་གྱི་མཁས་པ་རྣམས་ཀྱིས་བཀྲལ་བ་བཞིན་ནོ། །གཉིས་པ་དམ་པའི་ཆོས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ། མཚན་ཉིད་དང་། སྒྲ་དོན་དང་། རབ་ཏུ་དབྱེ་བ་གསུམ་མོ། །དང་པོ་མཚན་ཉིད་


JLAZ013_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྣམ་བཤད་རིགས་པའི་བཅུ་པོ་དེ་ལས། བསོད་ནམས་དང་། ལམ་དང་། མྱ་ངན་ལས་འདས་པ་གསུམ་བརྗོད་བྱའི་དོན་ཉིད་དུ་བཟུང་ནས་གསུང་རབ་ནི་བརྗོད་བྱེད་ཀྱི་ཚིག་ཏུ་བྱས་པ་དམ་པའི་ཆོས། གང་ལ་དམིཊ་ནས་སྲིད་པའི་སྡུག་བསྔལ་རྒྱུ་དང་བཅས་པ་མཐར་འབྱིན་པར་བྱེད་པའི་ཐབས་སུ་གྱུར་པ་གང་ཡིན་པའོ། །དེ་ལའང་བརྗོད་བྱ་དང་རྗོད་བྱེད་ཀྱི་མཚན་ཉིད་ལ་ལྟོས་ནས་ལུང་དང་རྟོགས་པའི་དམ་ཆོས་གཉིས་སུ་གནས་པ་སྟེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ནི། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་སོ། །དེ་ལ་ལུང་གི་ཆོས་ནི་རྟོགས་པའི་དོན་ལ་འཇུག་པར་བྱེད་པ་བརྗོད་པ་ཕུན་སུམ་ཚོགས་པའི་དམ་ཆོས་ཏེ། དེ་ལའང་འཇིག་རྟེན་པའི་མངོན་བརྗོད་དང་། འཇིག་རྟེན་ལས་འདས་པའི་མངོན་བརྗོད་མིང་གི་རྣམ་པ་ཐ་དད་དུ་དབྱེ་བའང་བྱུང་སྟེ། སྔ་མ་ནི་བརྟག་པ་བརྒྱད་ལ་སོགས་པའི་གཏམ་སྣ་ཚོགས་པ་སྟེ་འཁོར་བ་དང་ཆོས་མཐུན་པས་དེ་སྐད་ཅེས་བྱ་སྟེ། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་ཡོད། །ཅེས་པ་ལྟར། དངོས་སུ་མངོན་པར་མཐོ་བའི་རྒྱུའི་གཙོ་བོ་ལས་མ་སྨོས་ཀྱང་། བརྒྱུད་ནས་རྟོགས་པའི་ཆོས་ལ་འཇུག་པའི་དབང་གིས་སོ། །ཕྱི་མ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ།


JLAZ013_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་རྟོགས་པར་བྱེད་པའི་རྒྱུ་མཐུན་ནམ། ཆོས་དབྱིངས་རྟོགས་པར་བྱེད་པའི་རྒྱུ་མཐུན་ལས་བྱུང་བས་དེ་སྐད་ཅེས་བྱ་སྟེ། མྱ་ངན་ལས་འདས་པའི་མདོ་ལས། ཆུ་བོ་ཆེན་པོ་རྒྱ་མཚོར་བབ། འབབ། གཞོལ་བ་དེ་བཞིན་དུ། ཆོས་ཐམས་ཅད་མྱ་ངན་ལས་འདས་པར་བབ། འབབ། གཞོལ་ཞེས་གསུངས་སོ། །དེའི་འབྲས་བུ་རྟོགས་པའི་དམ་པའི་ཆོས་དེ་ལའང་། གང་འདོད་ཆགས་དང་བྲལ་བར་གྱུར་པ་དང་། གང་གིས་འདོད་ཆགས་དང་བྲལ་བར་བྱེད་པའི་མཚན་ཉིད་ཀྱི་དབྱེ་བ་རྣམ་པ་གཉིས་སུ་གནས་ཏེ། མགོན་པོ་བྱམས་པས། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་དངོས། །ཆགས་བྲལ་ཉིད་ཀྱི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་འགོག་པའི་བདེན་པའི་དམ་པའི་ཆོས་དང་། ལམ་གྱི་བདེན་པའི་ཆོས་རྣམ་པ་གཉིས་ཕན་ཚུན་འབྲས་བུ་དང་། བྱ་བའི་རང་བཞིན་དུ་གནས་པའོ། །གཉིས་པ་སྒྲ་དོན་སྤྱིར་བཤད་པ་ནི། ལེགས་པར་སྦྱར་བའི་སྐད་དུ་སརྦ་དྷརྨ་ཞེས་འབྱུང་བ་གངས་ཅན་པའི་སྐད་ལ་དམ་པའི་ཆོས་ཞེས་བྱ་སྟེ། དེ་ལ་དམ་པ་ནི། སྟོན་པ་བདེན་པར་གསུངས་པ་ཡིན་ལ། ཆོས་ནི་དེས་གསུངས་པ་ཡིན་པའི་ཕྱིར་དམ་པའི་ཆོས་ཞེས་པའོ། །གཞི་མཐུན་པར་སྨྲ་ན་དམ་པ་ནི་མཆོག་ཏུ་གྱུར་པ་ཡིན་ལ་ཆོས་ཀྱང་དེའི་རང་བཞིན་ཡིན་པས་སོ། །བྱེ་བྲག་ཏུ་བཤད་ན། སུ་


JLAZ013_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་ཥི་ཏ་ཞེས་པ་ལེགས་པར་གསུངས་པ་སྟེ། ཇི་ལྟ་བུས་ལེགས་པར་གསུངས་ན། ཚིག་དང་དོན་ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་མདོ་ལས། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་རང་གི་རིག་པར་བྱའོ། །ཞེས་མྱ་ངན་ལས་འདས་པའི་གོ་འཕང་དམ་པར་སྦྱོར་བས་ཡང་དག་པར་གསུངས་པ། དེའི་དོན་ཇི་བཞིན་པར་མཐོང་བས་ཡང་དག་པར་མཐོང་བ། ཉོན་མོངས་པ་བག་ལ་ཉལ་གྱི་གཉེན་པོར་གྱུར་པས་ནད་མེད་པ། དུས་ཐམས་ཅད་དུ་བྱ་སླ་བའམ། ཡོངས་སུ་ཉམས་པ་མེད་པའི་ཕྱིར་དུས་ཆད་པ་མེད་པ། སྡུག་བསྔལ་གྱི་རྒྱ་མཚོ་ལས་ངེས་པར་འབྱུང་བ་ཉེ་བར་གཏོད་པའི་ཕྱིར་ཉེ་བར་གཏོད་པ། དྲང་སྲོང་ཆེན་པོ་རྒྱས་པ་དང་གྲོག་མཁར་བ་ལ་སོགས་པས་བྱས་པའི་གཞུང་མཐར་ཐུག་སྙིང་པོ་མེད་པ། དེ་དག་དང་ཐུན་མོང་མ་ཡིན་པས་འདི་མཐོང་བ་ལ་དོན་ཡོད་པ། རྟོག་གེས་བརྟག་པར་མི་ནུས་པའི་ཕྱིར། མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱའོ། །དེ་དག་གི་དོན་ཡང་། བདག་ཅག་གི་སྟོན་པའི་ལུགས་ཀྱི་སེམས་ཅན་གྱི་ཁམས་འདོད་ཆགས་བདོ་བ་དང་། ཞེ་སྡང་བདོ་བ་དང་། གཏི་མུག་བདོ་བ་དང་། ང་རྒྱལ་བདོ་བ་དང་། ཕྲག་དོག་བདོ་བ་དང་། ཐམས་ཅད་བདོ་བ་


JLAZ013_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འདུལ་བའི་ཐབས་དང་ཡོན་ཏན་ཡང་དག་པར་བསྟན་པ་ཁོ་ན་ཡིན་ཏེ། ཕྱི་རོལ་པ་དག་གི་འདུལ་བ་ནི་ཉེས་པར་བསྟན་པ་ཉིད་ཀྱིས་ལེགས་པར་གསུངས་པ་མ་ཡིན་པ་དང་། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་མི་འགྱུར་བ་ཉིད་ཀྱིས་ངེས་པར་འབྱུང་བ་མ་ཡིན་པ་དང་། འདུས་པ་དང་མི་ལྡན་པ་ཉིད་ཀྱིས་མཐུན་པ་མ་ཡིན་པ་དང་། སྟོན་པ་དེ་བཞིན་གཤེགས་པ་ལ་སོགས་པ་མ་ཡིན་པ་ཉིད་ཀྱིས་བརྟེན་པ་མེད་པའོ། །དེའི་ཕྱིར། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ལེགས་པར་བསྟན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། རྟེན་པ་ཡོད་པ་ཞེས་ཁྱད་པར་གྱི་ཆོས་བགྲངས་པ་ཡིན་ནོ། །དེ་ལས་གཞན་དུ་གྱུར་པ་དག་གི་ནི་སློབ་དཔོན་དབྱིག་གཉེན་གྱིས། ཚིག་འབྲུ་བཟང་མིན་དོན་བཟང་མིན། །གྲོལ་དང་རིགས་པའི་ཐབས་མ་ཡིན། །སྔ་མ་ཕྱི་མ་འགལ་བ་ཡིན། །དེ་བཞིན་བསྡུ་བ་བཞི་དང་ནི། །བསྟན་པ་བཞི་དག་སྤངས་པ་དང་། །སྟོན་པའང་སྟོན་པའི་མཚན་ཉིད་མེད། །དེ་ལྟར་གཞན་གྱི་བསྟན་བཅོས་དང་། །སློབ་མ་བསྟན་པ་སྐྱོན་ཅན་ཡིན། །ཞེས་པས་གང་གི་སྟོན་པའི་སྟོན་པ་དང་། དེས་བསྟན་པའི་ཆོས་ཀྱི་ཡོན་ཏན་གཞན་ལས་ཁྱད་པར་ཕྱེ་བའོ། །གསུམ་པ་རབ་ཏུ་དབྱེ་བ་ལ་ལྔ་སྟེ། བརྗོད་བྱ་དང་། རྗོད་བྱེད་དང་། གཉེན་པོ་དང་། གདུལ་


JLAZ013_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དང་། བདག་རྐྱེན་གྱི་སྒོ་སོ་སོ་ནས་དབྱེ་བའོ། །དང་པོ་བརྗོད་བྱའི་སྒོ་ནས་དབྱེ་ན། བདེན་པ་གཉིས་ཏེ། རྩ་ཤེ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བསྟན། །ཞེས་སོ། །དེ་ཉིད་ཀྱང་མདོར་བསྡུས་ན། དྲང་ངེས་ཀྱི་ངོ་བོར་གནས་པ་ཡིན་ཏེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པར། ཀུན་རྫོབ་སྒྲུབ་པ་སྟོན་པ་ནི་དྲང་བའི་དོན་ཏོ། །དོན་དམ་སྒྲུབ་པ་སྟོན་པ་ནི་ངེས་པའི་དོན་ཏོ། །ཞེས་སོ། །གཉིས་པ་རྗོད་བྱེད་ཀྱི་སྒོ་ནས་དབྱེ་ན་གསུང་རབ་ཡན་ལག་བཅུ་གཉིས་ཏེ། བརྒྱད་སྟོང་འགྲེལ་པ་སྙིང་པོ་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་པས་མདོའི་སྡེ་ནི་ཚིགས་བཅད་ལྷུག་གི་མདོ་མདོར་སྨོས་ནས། རྣམ་པར་བཞག་སླ་བ་དང་། བཤད་སླ་བ་དང་། གཟུང་སླ་བ་དང་། ཆོས་ལ་གུ་པས་ཚོགས་རྫོགས་པར་བྱེད་པ་དང་། ཆོས་ཉིད་མྱུར་དུ་རྟོགས་པར་འགྱུར་བ་དང་། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང་། འབེལ་གཏམ་གྱིས་གཏན་ལ་འབེབས་


JLAZ013_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་པ་དང་། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའི་ཕན་ཡོན་བཅུ་གཟིགས་ནས་མདོར་གསུངས་པའོ། ། དབྱངས་ཀྱིས་བསྙད་པའི་སྡེ་ནི། བཤད་བྱ་དེ་ཉིད་ཀྱི་བར་དང་མཐའ་མ་དག་ཏུ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པའམ། བརྟག་པར་བྱ་བའི་གནས་གཞན་ད་དུང་ཡོད་པས་དྲང་བའི་དོན་དུ་གསུང་བའི་མདོ་སྡེ་གང་ཡིན་པའོ། །ལུང་དུ་བསྟན་པའི་སྡེ་ནི། འདས་པ་དང་མ་འོངས་པ་ལ་སོགས་པ་བྱུང་དང་འབྱུང་འགྱུར་རྣམས་ལུང་དུ་སྟོན་པ་གཙོ་བོར་སྨོས་པའམ། དགོངས་པ་རྣམ་པར་ཕྱེ་ནས་ལུང་སྟོན་པར་བྱེད་པ་ངེས་པའི་དོན་དུ་གསུང་བ་གང་ཡིན་པ་རྣམས་སོ། །ཚིགས་སུ་བཅད་པའི་སྡེ་ནི། གང་ཞིག་རྐང་པ་གཉིས་པའམ་གསུམ་པ་ལ་སོཊ་ཏེ་རྐང་པ་དྲུག་པའི་བར་དུ་ཚིགས་སུ་བཅད་པར་བསྡེབས་ནས་གསུངས་པ་གང་ཡིན་པ་རྣམས་སོ། །ཆེད་དུ་བརྗོད་པའི་སྡེ་ནི། གཞན་གྱིས་ཞུ་བ་ལ་མ་ལྟོས་པར་བསྟན་པ་གནས་པ་འབའ་ཞིག་གི་ཕྱིར་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ། དགེ་སློང་གི་དགེ་འདུན་རྣམས་ལ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་པ་ལྟ་བུའོ། །གླེང་གཞིའི་སྡེ་ནི། འགའ་དང་འགའ་ལ་ཆེད་དུ་གསུངས་པའམ། གཞི་འདི་དང་། སྐབས་འདི་དང་། བྱུང་བ་འདིའི་


JLAZ013_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བསླབ་པ་འདི་ལྟར་བཅས་པ་ལྟ་བུ་ལ་བྱ་སྟེ་སྒྲ་སྦྱོར་བམ་པོ་གཉིས་པ་ལས། མདོ་སྡེ་དང་འདུལ་བ་ལ་སོགས་པ་ཐོག་མ་ཅི་ལས་བྱུང་གླེང་སྟེ་བཤད་པ་དང་། ཞེས་པ་ལ་སོགས་པས་མཚོན་ཏོ། །རྟོགས་པ་བརྗོད་པའི་སྡེ་ནི། ཉན་པ་པོས་དོན་དཔྱིས་ཕྱིན་པར་གོ་ཞིང་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་སྔོན་རབས་ཀྱི་གཏམ་རྒྱུད་གཞན་ལ་བརྩམས་པའི་དཔེས་ཆོས་ཀྱི་དོན་གསལ་བར་སྟོན་པ་རྣམས་སོ། །སྐྱེས་པ་རབས་ཀྱི་སྡེ་ནི། བཅོམ་ལྡན་འདས་ཀྱི་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལ་ཞུགས་པའི་ཚེ། གང་དང་གང་དུ་སྐྱེ་བའི་མྱུ་གུ་བཟུང་བ་དང་། དཀའ་ཐུབ་ཀྱི་སྤྱོད་པ་ཅི་དང་ཅི་མཛད་པ་སྟོན་པ་རྣམས་སོ། །ཤིན་ཏུ་རྒྱས་པའི་སྡེ་ནི། སྐྱེས་བུ་ཆེན་པོའི་ལམ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཤིན་ཏུ་རྒྱ་ཆེ་བ་དང་། ཟབ་པའི་རྣམ་པར་སྟོན་པ་རྣམས་སོ། །རྨད་དུ་བྱུང་བའི་སྡེ་ནི། གང་ལས་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། རྫོགས་པའི་སངས་རྒྱས་རྣམས་ཀྱི་མཁྱེན་པ་དང་རྫུ་འཕྲུལ་དང་། བྱིན་རླབས་ལ་སོགས་པ་ངོ་མཚར་རྨད་དུ་བྱུང་བ་སྟོན་པའི་ཆོས་རྣམས་སོ། ། གཏན་ལ་དབབ་པའི་སྡེ་ནི། ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་ཀྱིས་གཏན་ལ་འབེབས་པའི་སྒོ་ནས་མདོ་སྡེ་ལ་སོགས་པའི་དོན་ཡང་དག་པར་བསྟན་པ་རྣམས་སོ། །གསུམ་པ་གཉེན་པོའི་སྒོ་ནས་


JLAZ013_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ན་སྡེ་སྣོད་གསུམ་སྟེ། སྤྱིའི་ངེས་ཚིག་དང་། སོ་སོའི་རང་བཞིན་དང་། སྡེ་སྣོད་གསུམ་དུ་འཇོག་པའི་རྒྱུ་མཚན་ནོ། །དང་པོ་ནི། ལེགས་སྦྱར་གྱི་སྐད་དུ་པི་ཊ་ཀ་ཞེས་འབྱུང་ངོ་། །དེ་ཉིད་བསྒྱུར་ན་གོང་བུའམ། བསྡུས་པའི་དོན་ལ་འཇུག་སྟེ། ཤེས་པར་བྱ་བའི་ཆོས་སམ། བསླབ་པར་བྱ་བའི་ཆོས་ཐམས་ཅད་བརྗོད་བྱ་འདི་ཉིད་དུ་བསྡུས་པའི་ཕྱིར་སྡེ་སྣོད་དེ། དཔེར་ན་གྲོང་ཁྱེར་མ་ག་དྷཱའི་བྲེ་བོ་ཆེའི་ནང་དུ། བྲེའུ་ཆུང་མང་པོ་འདུས་པའམ། ཆུད་པའི་དོན་གྱིས་སྣོད་དུ་མིང་གིས་འགྲུབ་པ་ལྟར། སྡེ་སྣོད་གསུམ་པོ་འདིར་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་དང་ཚིག་གི་ཚོགས་མ་འདུས་པ་མེད་པས་སྡེ་སྣོད་ཅེས་བྱའོ། །དེ་སྐད་དུ་རྟེན་དང་བརྟེན་པ་ལ་སྦྱར་ན། སློབ་དཔོན་ཐོགས་མེད་ཀྱིས། ཡང་ན་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་ཆོས་ནས་སྐུ་དང་ཡེ་ཤེས་ལ་སོགས་པའི་བར་གྱི་ཤེས་པར་བྱ་བའི་དོན་ཐམས་ཅད་འདུས་པས་དེའི་ཕྱིར་སྡེ་སྣོད་ཅེས་བྱའོ། །ཞེས་གསུངས་སོ། །ཇི་ལྟར་བསྡུ་ན། དང་པོ་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དང་། བར་བ་གསུམ་ཉན་ཐོས་ཀྱི་འདུལ་བ་སྟེ། དེའི་ཡང་གླེང་གཞིའི་སྡེ་ནི་ལྟུང་བ་བསླབ་བྱ་དང་བཅས་པ་སྟོན་པའི་ཕྱིར་ན་གཙོ་བོའི་ཚུལ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་ནི་དེའི་གྲོགས་སུ་གྱུར་པ་ཡིན་པས་འཁོར་གྱི་ཚུལ་དུ་འདོད་པའོ། །ཐ་མ་བཞི་


JLAZ013_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སྐྱེས་པ་རབས་ཀྱི་སྡེས་བྱང་ཆུབ་སེམས་དཔའི་འདུལ་བའི་སྡེ་སྣོད་ཀྱི་འཁོར་དང་། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་གཉིས་ཀྱི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དང་། གཏན་ལ་དབབ་པའི་སྡེ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉིས་ཀའི་ཐུན་མོང་དུ་གྱུར་པ་ཆོས་མངོན་པའི་སྡེ་སྣོད་དུ་བཞག་པ་ཡིན་ལ། རང་སངས་རྒྱས་ལ་ནི་སྡེ་སྣོད་ལོགས་སུ་གྱུར་པ་མེད་དེ། ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་པ་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་ལ། མཚན་ཉིད་དང་། མཚན་གཞི་དང་། ངེས་པའི་ཚིག་གསུམ་ལས་དང་པོ་མདོ་སྡེའི་སྡེ་སྣོད་ཀྱི་མཚན་ཉིད་ནི། ལྷག་པ་སེམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་གྱུར་པའི་གསུང་རབ་ཀྱི་རིགས་སུ་གཏོཊ་པའོ། །གཉིས་པ་མཚན་གཞི་ནི། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་སོགས་པ་རྣམས་སོ། །གསུམ་པ་ངེས་ཚིག་ནི། ལེགས་པར་སྦྱར་བའི་སྐད་དུ་སཱུ་ཏྲ་ཞེས་བོད་སྐད་དུ་མདོར་སྨོས་པ་སྟེ། མདོ་སྡེ་རྒྱན་ལས། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨྲོས་ཕྱིར་མདོ་ཡིན་ནོ། །ཞེས་པ་ལྟར། ས་ཡུལ་གང་དུ་བཤད་པ་དང་། །གང་གིས་བཤད་པ་དང་། གང་གི་ཕྱིར་གསུངས་པ་དང་། སྨོས་པའི་ཕྱིར་གནས་དང་། བདེན་པ་གཉིས་ཀྱི་མཚན་ཉིད་སྨོས་པའི་ཕྱིར་མཚན་ཉིད་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་


JLAZ013_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལ་སོགས་པ་སྨོས་པའི་ཕྱིར་ཆོས་དང་། དེ་རྣམས་ཀྱི་དགོངས་པའི་དོན་སྨོས་པའི་ཕྱིར་དོན་ཏེ་ཐམས་ཅད་ཚོགས་པའི་ཚུལ་དུ་གསུངས་པའི་ཕྱིར་མདོ་ཞེས་བྱ་བ་ལ། དེ་དག་སྟོན་པར་བྱེད་པའི་གསུང་རབ་ཀྱི་ཚོགས་སུ་གྱུར་པའི་ཕྱིར་སྡེ་ཞེས་བྱ་བ་ཡིན་ནོ། །གཉིས་པ་མངོན་པའི་སྡེ་སྣོད་ལའང་གསུམ། དང་པོ་མཚན་ཉིད་ནི། ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྨོས་པའི་རིགས་སུ་གཏོགས་པའོ། །གཉིས་པ་མཚན་གཞི་ནི། མངོན་པ་སྡེ་བདུན་ལ་སོགས་པ་རྣམས་སོ། །གསུམ་པ་ངེས་ཚིག་ནི། ལེགས་པར་སྦྱར་བའི་སྐད་དུ་ཨ་བྷི་ཞེས་འབྱུང་སྟེ། ཨ་བྷི་མུ་ཁྱ་ཞེས་མངོན་དུ་ཕྱོགས་པ་དང་། ཨ་བྷི་ཀྵ་ཎ་ཞེས་པ་ཡང་ཡང་དང་། ཨ་བྷི་བྷུ་ཞེས་པ་ཟིལ་གནོན་དང་། ཨ་བྷི་ས་མ་ཡ་ཞེས་པ་རྟོགས་པ་སྟེ། རྒྱན་ལས། མངོན་དུ་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པས་ཞི་བ་དམ་པ་མྱང་འདས་ལ་མངོན་དུ་ཕྱོགས་པའི་ཆོས་བྱང་ཕྱོགས་དང་མཐུན་པ་དང་། རྣམ་པར་ཐར་པའི་སྒོ་ལ་སོགས་པ་སྟོན་པས་མངོན་དུ་བ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རེ་རེ་ལའང་། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་ལ་སོགས་པའི་བྱེ་བྲག་མང་པོ་ཡང་དང་ཡང་དུ་སྟོན་པའི་ཕྱིར་ཡང་ཡང་དང་། རྩོད་པ་དང་རྩོད་བྱའི་གཞི་


JLAZ013_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་སྨྲ་བ་ལ་རྣམ་པར་ངེས་པས་ཕལ་རྒོལ་ཟིལ་གྱིས་གནོན་པའི་ཕྱིར་ཟིལ་གནོན་དང་། ཇི་སྙེད་པའི་མདོ་སྡེའི་ཤེས་བྱའི་དོན་ནོར་བ་མེད་པར་རྟོགས་པའི་རྒྱུར་འགྱུར་བའི་ཕྱིར་རྟོགས་པ་སྡེ་རྣམ་པ་བཞི་པོ་དེ་དག་གི་དོན་ལ་འཇུག་པས་མངོན་པའི་སྡེ་སྣོད་ཡིན་ནོ། །གསུམ་པ་འདུལ་བའི་སྡེ་སྣོད་ལའང་དང་པོ་མཚན་ཉིད་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་གྱུར་པའི་གསུང་རབ་ཀྱི་རིགས་སུ་གཏོཊ་པའོ། །གཉིས་པ་མཚན་གཞི་ནི་ལུང་སྡེ་བཞི་ལ་སོགས་པའོ། །གསུམ་པ་ངེས་ཚིག་ནི་འདུལ་བ་ལ་ལེགས་པར་སྦྱར་བའི་སྐད་དུ་བི་ན་ཡ་ཞེས་པ་འབྱུང་གིས། བི་བརྟི་རྣམ་པར་ལྟུང་བ་དང་། བི་ནི་ཤྩ་ཡ་རྣམ་པར་ངེས་པ་སྟེ། རྒྱན་ལས། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་བ་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་ལྟུང་བ་ཕས་ཕམ་པ་དང་། དགེ་འདུན་ལྷག་མ་དང་། ཉེས་པ་སྦོམ་པོ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པ་སྟེ་ལྟུང་བ་རིགས་ལྔའོ། །དེ་དག་གང་ལས་འབྱུང་བའི་རྒྱུ་ནི། ཐོགས་མེད་ཀྱིས་ལྟུང་བ་འབྱུང་སའི་སྒོ་ནི་མི་ཤེས་པ་ལ་སོགས་པ་བཞིར་བཤད་དོ། །ལྟུང་བ་ལས་ལྡང་བའི་ཐབས་ནི། ཕྱིན་ཆད་མི་བྱ་བའི་སྡོམ་སེམས་ཀྱི་ལྡང་བའོ། །ལྟུང་བ་ལས་ངེས་པར་འབྱུང་བའི་ཐབས་ནི། སོ་སོར་བཤགས་པ་ལ་སོགས་དེའི་གཉེན་པོ་བདུན་


JLAZ013_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པས་ངེས་པར་འབྱུང་བ་སྟེ། ཆོས་རྣམ་པ་བཞི་སྟོན་པས་འདུལ་བ་ཡིན་ལ། གཞན་ཡང་གང་ལ་བརྟེན་ནས་བསླབ་པའི་ཚིག་བཅའ་བའི་གང་ཟག་དང་། གང་ཟག་གི་ཉེས་པ་གསོལ་ནས་སྟོན་པས་དགེ་འདུན་ལ་བསླབ་པ་བཅས་པ་དང་། དེ་མདོར་བསྟན་པ་ལས་རབ་ཏུ་དབྱེ་བ་དང་། ལྟུང་བ་དང་ལྟུང་བ་མ་ཡིན་པ་རྣམ་པར་ངེས་པ་སྟེ་རྣམ་གྲངས་བཞིར་འབྱུང་བའི་ཕྱིར་ཡང་འདུལ་བ་ཡིན་ནོ། །གསུམ་པ་སྡེ་སྣོད་གསུམ་དུ་འཇོག་པའི་རྒྱུ་མཚན་ནི། རྒྱུ་རྣམ་པ་དགུ་སྟེ། འདི་ལྟར་སྤང་བྱ་གསུམ་ཡིན་པ་དང་། བསླབ་བྱ་གསུམ་ཡིན་པ་དང་། ཤེས་བྱ་གསུམ་ཡིན་པའོ། །དང་པོ་སྤང་བྱ་ཉོན་མོངས་པ་གསུམ་གྱི་གཉེན་པོར་སྡེ་སྣོད་གསུམ་དུ་བཞག་པ་ནི། འདི་ལྟར་ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་སྙིང་པོར་མདོ་སྡེའི་སྡེ་སྣོད་རྣམ་པར་བཞག་སྟེ། མདོ་སྡེ་གང་ལས་ཕུང་ཁམས་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་འབྱུང་དང་། ས་དང་ཕ་རོལ་ཏུ་ཕྱིན་པའི་དོན་གང་ལ་ཡིད་གཉིས་སུ་གྱུར་པ་དེ་ལ་གདོན་མི་ཟ་བར་བྱ་བའི་ཆེད་དུ་བཤད་དོ། ། འདོད་པ་བསོད་སྙོམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་གཉིས་ལ་སྦྱོར་བའི་གཉེན་པོར་འདུལ་བའི་སྡེ་སྣོད་རྣམ་པར་བཞག་སྟེ། ཚེགས་དང་རྩོལ་བས་བྱས་ཤིང་། སྲེད་པས་ཀུན་ནས་སླངས་པའི་གསོག་འཇོག་ཁ་ན་མ་ཐོ་བ་བཀག་པ་འདོད་པའི་བསོད་སྙོམས་ཀྱི་མཐའ་སྤོང་བ་དང་།


JLAZ013_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡང་དག་པ་དང་ལྡན་པའི་དགེ་སློང་གིས་ཁ་ན་མ་ཐོ་བ་མ་ཡིན་པའི་ཡོངས་སུ་སྤྱད་པ་ལྷག་པར་རྙེད་ནས་ཁ་ཟས་རོ་བརྒྱ་པ་དང་། ཁང་བརྩེགས་མིག་ལྔ་བརྒྱ་པའང་ཞེན་མེད་དུ་སྤྱོད་པར་གནང་བ་ངལ་ཞིང་དུབ་པའི་མཐའ་སྤོང་བར་སྟོན་པ་སྟེ། བཅོམ་ལྡན་འདས་ཀྱི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དང་། ཡོན་ཏན་དང་ལྡན་པ་ལ་ནི་ངས་ཁ་ཟས་རོ་བརྒྱ་དང་ལྡན་པ་དང་། གོས་འབུམ་རི་བ་ཡང་གནང་ངོ་ཞེས་པས་སོ། །རང་གི་ལྟ་བ་ལ་མཆོག་ཏུ་འཛིན་པའི་གཉེན་པོར་མངོན་པའི་སྡེ་སྣོད་རྣམ་པར་བཞག་སྟེ། ཆོས་ཐམས་ཅད་ཀྱི་མ་མོ་གང་གིས་ཤེས་བྱ་མ་ལུས་པའི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་ནས་རྒྱ་ཆེར་སྟོན་པའི་ཕྱིར་རོ། །གཉིས་པ་བསླབ་པར་བྱ་བ་རྣམ་པར་བྱང་བའི་ལམ་གསུམ་གྱི་དབང་གིས་སྡེ་སྣོད་གསུམ་དུ་རྣམ་པར་བཞག་སྟེ། འདི་ལྟར་རྗོད་བྱེད་གསུམ་པོ་དེ་དག་གིས་བརྗོད་བྱ་བསླབ་པ་གསུམ་ཅི་རིགས་པར་བསྟན་པ་ནི། མདོ་སྡེའི་སྡེ་སྣོད་ཀྱིས་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་བསླབ་པ་གསུམ་གྱི་གནས་རྒྱས་པར་དབྱེ་བའི་སྒོ་ནས་གདུལ་བྱ་རྣམས་དོན་དེ་ལ་ཡང་དག་པར་སྦྱོར་རོ། །འདུལ་བའི་སྡེ་སྣོད་ཀྱིས་ནི་སོ་སོར་ཐར་པའི་སྡོམ་པའི་བསླབ་བྱ་ལ་སློབ་པའི་ཚུལ་རྒྱ་ཆེར་བསྟན་པའི་སྒོ་ནས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕུང་པོས་ཡོངས་སུ་འདོམས་པར་བྱེད་པ་དང་། དེ་ལས་འདའ་བ་མ་ཡིན་པས་


JLAZ013_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

འགྱོད་པ་དང་བྲལ་བ་ལ་སོགས་པ་རིམ་གྱིས་སེམས་རྩེ་གཅིག་པ་ཐོབ་པའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་ལ་ཡང་དག་པར་སྦྱོར་བར་བྱེད་དོ། །ཆོས་མངོན་པའི་སྡེ་སྣོད་ཀྱིས་ནི་གང་བརྗོད་པར་བྱ་བའི་མཚན་ཉིད་མ་འཁྲུལ་པར་རྒྱ་ཆེར་བསྟན་པའི་སྒོ་ནས་ཆོས་རབ་ཏུ་འབྱེད་པར་བྱེད་པའི་བློ་གྲོས་དྲི་མ་སྤངས་པ་སྒྲུབ་པའི་ཕྱིར། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་ཡང་དག་པར་སྦྱོར་བར་བྱེད་དོ། །མདོར་བསྡུ་ན། དབྱིག་གཉེན་གྱིས། མདོ་སྡེས་ནི་བསླབ་པ་གསུམ་བཤད་དོ། །འདུལ་བས་ནི་ལྷག་པ་ཚུལ་ཁྲིམས་དང་ལྷག་པའི་སེམས་བསྒྲུབ་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་འཐོབ་པའི་ཕྱིར་རོ། །ཆོས་མངོན་པས་ལྷག་པའི་ཤེས་རབ་བསྒྲུབ་པ་ཡིན་ཏེ། དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །ཞེས་བཤད་དོ། །གསུམ་པ་ཤེས་པར་བྱ་བ་གསུམ་ནི། ཆོས་དོན་བཤད་པ་དང་། ཆོས་དོན་སྒྲུབ་པ་དང་། ཆོས་དོན་འབེལ་གཏམ་གྱིས་གཏན་ལ་འབེབས་པའི་དབང་གིས་སྡེ་སྣོད་གསུམ་དུ་རྣམ་པར་བཞག་པ་སྟེ། འདི་ལྟར་མདོ་སྡེའི་སྡེ་སྣོད་ཀྱིས་ནི་རྗོད་བྱེད་མིང་ཚིག་ཡི་གེའི་མཚན་ཉིད་ཀྱི་ཆོས་དང་། བརྗོད་བྱ་ཕུང་པོ་དང་ཁམས་ལ་སོགས་པའི་མཚན་ཉིད་ཀྱི་དོན་ནམ། མཐོ་རིས་འགྲུབ་བྱེད་ཀྱི་རྒྱུ་དགེ་བ་བཅུའི་


JLAZ013_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་སོགས་པའི་ཆོས་དང་། མྱ་ངན་ལས་འདས་པ་འགྲུབ་པར་བྱེད་པའི་རྒྱུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་དོན་བརྗོད་པའི་སྒོ་ནས་ཚིག་དོན་ལ་བློ་བྱང་བར་བྱེད་དོ། །འདུལ་བའི་སྡེ་སྣོད་ཀྱིས་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ལ་མི་སྡུག་པའི་འདུ་ཤེས་དགུ་སྒོམ་པ་ལ་སོགས་པའི་སྒོ་ནས་ཉོན་མོངས་པ་འདུལ་བ་ལ་མཆོག་ཏུ་སྤྲོ་བས་ན། གང་དུ་ཚོགས་པའི་ཆོས་ཀྱི་རྗོད་བྱེད་དང་དེ་དག་གི་བརྗོད་དོན་མངོན་སུམ་དུ་བྱེད་པའོ། །མངོན་པའི་སྡེ་སྣོད་ཀྱིས་ནི་ཆོས་རྣམས་ཀྱི་མཚན་ཉིད་ཤིན་ཏུ་དཔྱད་བཟོད་པར་བསྒྲུབས་ནས་ཆོས་དང་དོན་རྣམས་གཞན་དུ་མི་འཁྲུལ་པ་ཉིད་དུ་ལེགས་པར་འདོམས་པར་བྱེད་དོ། །དེ་སྐད་དུའང་ཐོས་པ་མང་པོ་དབྱིག་གཉེན་གྱིས། མདོ་སྡེས་ནི་ཆོས་དང་དོན་བཤད་དོ། །འདུལ་བས་ནི་ཆོས་དང་དོན་བསྒྲུབ་པ་སྟེ། ཉོན་མོངས་པ་འདུལ་བ་ལ་རབ་ཏུ་བརྩོན་པས་དེ་གཉིས་རྟོགས་པའི་ཕྱིར་རོ། །ཆོས་མངོན་པས་ནི། འབེལ་བའི་གཏམ་རྣམ་པར་གཏན་ལ་དབབ་པ་ལ་མཁས་པ་ཞེས་བཤད་དོ། །དེ་ལྟ་བུའི་སྡེ་སྣོད་གསུམ་གྱི་ཆོས་དེ་དག་ལས་བྱུང་བའི་ཤེས་རབ་ཀྱིས་རྣམ་པར་གྲོལ་བར་བྱེད་དོ། །ཇི་ལྟར་གྲོལ་ན། ཐོས་པའི་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་དག་མཉམ་ཆེན་པོ་ལ་རྒྱུ་མཐུན་གྱི་བག་ཆགས་འཇོག །བསམ་པའི་ཤེས་རབ་ཀྱིས་དེ་དང་དེའི་དོན་སྤྱིའི་ཚུལ་དུ་རྟོགས་པར་བྱེད། སྒོམ་པའི་


JLAZ013_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱིས་ཐོས་བསམ་ཀྱིས་དོན་རྩེ་གཅིག་ཏུ་ཡིད་ལ་སྦྱོར་བས་ལྷག་མཐོང་གི་རྒྱུ་ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེད་པར་བྱེད། དེས་སེམས་ཀྱི་ཉོན་མོངས་པ་ཞི་བར་བྱེད་ཅིང་། ལྷག་མཐོང་གི་ཆོས་ཉིད་དོན་དམ་པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ནས་རྣམ་པར་གྲོལ་བར་བྱེད་དེ། མདོ་སྡེའི་རྒྱན་ལས། མདོ་དང་ཆོས་མངོན་འདུལ་བ་དག །མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ན། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ། །ཅེས་སོ། །བཞི་པ་གདུལ་བྱའི་སྒོ་ནས་དབྱེ་བ་ནི། སྡེ་སྣོད་བཞིར་སྤྲོ་བ་དང་། གཉིས་སུ་བསྡུ་བའང་ཡོད་པས་མཐའ་གཅིག་ཏུ་མི་གནས་ཏེ། དང་པོའི་དབང་གིས་སྡེ་སྣོད་བཞིར་བྱེད་ན། མཚན་གཞི་ནི་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་ཅེས་བྱའོ། །དེ་ལ་སློབ་དཔོན་ཨ་བྷ་ཡཱ་ཀ་རས་ནི། བསླབ་པ་གསུམ་ཀ་སྟོན་པས་སྡེ་སྣོད་གསུམ་ཀའོ་ཞེས་དང་། སློབ་དཔོན་ཤཱནྟི་པས་ཟབ་མོའི་དོན་བསྡུས་ནས་སྟོན་པས་མདོ་སྡེའི་སྡེ་སྣོད་ཡིན་ནོ་ཞེས་གསུངས་ལ། རྡོ་རྗེ་རྣམ་པར་འཇོམས་པ་དང་། མདོ་དགོངས་པ་འདུས་པའི་མཚན་གཞིའི་དབང་དུ་བྱས་ཀྱང་དངོས་བསྟན་ཉིད་དུ་གྲུབ་མོད། འདིར་སློབ་དཔོན་ཨཱརྱ་དེ་ཝས་རིག་པ་འཛིན་པའི་སྡེ་སྣོད་དོ་ཞེས་ལོགས་སུ་བྱ་བ་སྡེ་སྣོད་བཞི་པར་ཕྱེ་བའི་རྗེས་སུ་འབྲངས་པ་ཡིན་ཏེ། དག་པའི་གདུལ་བྱ་ལ་གསུངས་པའི་དོན་གྱིས་དང་། ཐབས་མང་བ་


JLAZ013_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དཀའ་བ་ཉུང་བ་དང་། དབང་པོ་རྣོན་པོའི་སླད་དུ་གསུངས་པའི་ཕྱིར་རོ། །དེ་སྐད་དུ་ལུང་གང་གིས་སྟོན་ན། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། །འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་དང་། རྒྱུ་ལ་མོས་དང་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ན། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཅེས་བསྟན་པའི་ཕྱིར་རོ། །ཡང་གཉིས་སུ་བསྡུ་བའི་དབང་དུ་བྱས་ན། རྒྱན་ལས། གཉིས་ཀྱང་རུང་ཞེས་པས་གདུལ་བྱའི་གང་ཟག་ལ་ལྟོས་ནས་སྡེ་སྣོད་གཉིས་སུ་བཞག་པ་སྟེ། ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །དེ་ལ་ཉན་ཐོས་ཀྱི་སྡེ་སྣོད་ནི། གདུལ་བྱ་བློ་དམན་པ། ལམ་རྒྱ་ཆུང་ངུ་ལ་མོས་པའི་དོན་དུའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི། གང་ཟག་བློ་མཆོག་ཏུ་གྱུར་པ་ལམ་རྒྱ་ཆེན་པོ་ལ་མོས་པའི་དོན་དུའོ། །དེ་གཉིས་ཀྱི་ཁྱད་པར་ཡང་། སྡེ་སྣོད་ཀྱི་དབང་དུ་བྱས་ན། ཐེག་པ་དམན་པའི་ལུགས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་དང་། བསྟན་བཅོས་མངོན་པ་སྡེ་བདུན་ལ་སོགས་པ་ཉན་ཐོས་ཀྱི་སྡེ་སྣོད་ཡིན་ལ། དེ་དག་ལ་མ་གྲགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕལ་


JLAZ013_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་ལ་སོགས་པ་རྒྱས་པའི་སྡེ་སྣོད་རྣམས་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ། ཕྱི་མའི་ཁྱད་པར་གྱི་ཆོས་ནི་ལངྐར་གཤེགས་པ་ལས། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་སོ། །ཡང་ལམ་དང་འབྲས་བུའི་དབང་དུ་བྱས་ན། མགོན་པོ་བྱམས་པས། དམིགས་པ་ཆེ་བ་ཉིད་དག་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་སོ། །དེ་ལྟ་བུའི་ཁྱད་པར་གྱིས་འཕགས་པའི་ཐེག་པ་ཆེན་པོ་དེ་ལ་དབྱེ་ན། གདུལ་བྱ་དབང་པོ་རྟུལ་པོ་རྒྱུ་ལམ་དུ་བྱེད་པ་ལ་མོས་པའི་ངོར་རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་། དབང་པོ་རྣོན་པོ་འབྲས་བུ་ལམ་དུ་བྱེད་པ་ལ་མོས་པའི་ངོར་གསང་སྔགས་རྡོ་རྗེའི་ཐེག་པ་གཉིས་སུ་གསུངས་པ་སྟེ། མདོ་དགོངས་པ་འདུས་པ་ལས། འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པས་བླང་དོར་མེད་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་མཆོག་དཔག་ཏུ་མི་ལང་བ། །ངེས་པའི་ཐེག་པ་ཡོང་མ་


JLAZ013_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ཞེས་སོ། །དེ་དག་ལས་འདིར་གསང་སྔགས་རྡོ་རྗེའི་ཐེག་པ་བྱེ་བྲག་ཏུ་བཤད་པ་ལ་དོན་གཉིས་ཏེ། རྒྱུའི་ཐེག་པ་ལས་གང་གི་འཕགས་པ་དང་། ཁྱད་པར་ཅན་གྱི་གསང་སྔགས་ཉིད་བསྟན་པའོ། །དང་པོ་ལ་གཉིས་ཏེ། གྲུབ་མཐའ་སྨྲ་བ་སྤྱིའི་འདོད་པས་མདོར་བསྟན་པ་དང་། རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའི་བཞེད་པས་རྒྱས་པར་བཤད་པའོ། །དང་པོ་ནི། ཐེག་པ་དམན་པ་ལས་མཆོག་ཏུ་གྱུར་པའི་ཐེག་པ་ཆེན་པོའི་ནང་ནས་གཞི་མི་སྤོང་བར་ལམ་དུ་བྱེད་པའི་ཐབས་ཀྱི་ཁྱད་པར་འཕགས་པ། དཀའ་བ་མེད་པར་གཞན་དོན་དུ་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་འགྲུབ་པའི་ཐབས་སུ་གྱུར་པ་གང་ཡིན་པ་སྟེ། ཚུལ་གསུམ་པའི་སྒྲོན་མེའི་ལུང་ཡོངས་སུ་གྲགས་པས་མ་སྨོས་སོ། །གཉིས་པ་ནི། མཚན་ཉིད་དུ་ལྟ་བ་སྟོང་ཉིད་སྤྲོས་བྲལ་བརྗོད་པའི་ལམ་དུ་ཚིག་གི་མཚོན་པ་ཙམ་སྟེ། གདོད་མ་ནས་བདེན་གཉིས་དབྱེར་མེད་ལྷ་དང་སྔགས་ཀྱི་རང་བཞིན་དུ་མ་རྟོགས་ལ། སྔགས་སུ་ཀུན་རྫོབ་ཀྱང་མེད་ལ་སྣང་བ་སྤྲུལ་པ་ཙམ་དུ་ལྷར་དག་པར་སྦྱོར་ཞིང་། དོན་དམ་དབྱིངས་དང་ཡེ་ཤེས་གདོད་ནས་ལྷུན་གྲུབ་ངོ་བོ་ཉིད་མེད་པའི་ངང་དུ་རྟོགས་པ་སྟེ། སྒྱུ་འཕྲུལ་ལམ་རིམ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་པར། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །ཞེས་སོ། །སྤྱོད་པའང་མཚན་ཉིད་ནི་བླང་དོར་དང་བཅས་པ་སྟེ། སྔགས་སུ་སྣང་སྟོང་སྒྱུ་མའི་


JLAZ013_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ལྷ་དང་གཞལ་ཡས་ཁང་གི་ངང་ལས། ཚོགས་ཀྱི་འདུ་བས་ལྷ་མཆོད་པ་དང་། ཆོས་ཉིད་མཐུན་པ་དང་། ཉོན་མོངས་པ་དག་པ་ལ་སོགས་པས་འཕགས་སོ། ། ཏིང་ངེ་འཛིན་ལའང་མཚན་ཉིད་དུ་ཞི་གནས་ལ་འཇོག་པ་དང་། ལྷག་མཐོང་ལ་དཔྱད་པ་སོགས་སེམས་འཛིན་གྱི་དཀའ་བས་འབད་དགོས་པ་ཉིད་སྔགས་སུ་མཚན་བཅས་བསྐྱེད་པའི་རིམ་པས་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་སྤྲོས་པ་ཞི་ནས། མཚན་མེད་རྫོགས་པའི་རིམ་པས་ཡེ་ཤེས་ཀྱི་ཚོགས་ལ་སྤྱོད་ཅིང་རྩ་རླུང་གི་གནད་གཅུན་པ་ཙམ་གྱིས་ཆོས་ཉིད་མ་འཁྲུལ་པ་མྱུར་དུ་སྟོན་པས་འཕགས་སོ། །རྒྱུའང་མཚན་ཉིད་དུ་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཀུན་རྫོབ་ལ་ལྟོས་ཏེ། སྔགས་སུ་དག་བྱ་རང་གནས་ཀྱི་ཡེ་ཤེས་བླང་དོར་མེད་པར་བཙན་ཐབས་སུ་ངོ་སྤྲད་ནས་བསྒོམས་པས་དོན་དམ་རྟོགས་པའི་གནད་ཀྱིས་འཕགས་སོ། །ལམ་ཡང་མཚན་ཉིད་དུ། ཚོགས་གཉིས་ལ་མཉམ་རྗེས་རེས་འཇོག་ཏུ་གྱུར་པས་བསྐལ་པའི་གྲངས་ཀྱིས་བགྲོད་བྱ་ཉིད། སྔགས་སུ་རང་བཞིན་དབྱེར་མེད་ཡེ་ཤེས་མ་འཁྲུལ་པའི་ལམ་ལ་ཞུགས་ནས་མྱུར་དུ་བགྲོད་པས་འཕགས་སོ། །འབྲས་བུའང་མཚན་ཉིད་དུ་ཕྱི་དུས་སུ་གདེང་འཆའ། སྔགས་ལ་ད་ལྟ་ལྷུན་གྲུབ་རང་གནས་སུ་འདོད་པས་འཕགས་སོ། །དེ་བཞིན་དུ་མཚན་ཉིད་ན་སྤང་གཉེན་རིམ་པ་ཅན་གྱིས་བཅུ་གཅིག །སྔགས་སུ་


JLAZ013_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་རྣམ་དག་ཆེན་པོ་གསུམ། དུས་ལ་དགོངས་པ་ལུང་སྟོན་ལས། ཤིན་ཏུ་གྲངས་མེད་བསྐལ་པ་རུ། །སངས་རྒྱས་རྣམས་ཀྱི་གང་མཁྱེན་པ། །སྔགས་པ་རྣམས་ཀྱིས་དུས་གཅིག་ཏུ། །ཚེ་གཅིག་རྫོགས་པའི་བྱང་ཆུབ་ཐོབ། །ཅེས་སོ། །ལོངས་སྤྱོད་ལ་མཚན་ཉིད་དུ་དཀའ་ཐུབ་སྤྱོད་ལ། སྔགས་ནི་རྡོ་རྗེ་བཀོད་པར། ལོངས་སྤྱོད་འདོད་ཡོན་རྣམ་པ་ལྔ། །ཐབས་ལྡན་སྔགས་ལ་གྲོགས་ཀྱི་མཆོག །ཅེས་སོ། །རྣལ་འབྱོར་ལའང་། མཚན་ཉིད་དུ། མཉམ་བཞག་ནམ་མཁའ་དང་། རྗེས་ཐོབ་སྒྱུ་མར་ལམ་བྱེད་དམིགས་པ་དང་བཅས་ཏེ། སྔགས་ལ་བསམ་འདས་ལྷུན་གྲུབ་ཆེན་པོར་ལམ་དུ་བྱེད་པ་དང་། རང་གཞན་གྱི་དོན་བྱ་བ་ལའང་། མཚན་ཉིད་དུ་ཐབས་བསམ་གྱིས་མི་ཁྱབ་པའི་སྒོ་ཉུང་ལ། སྔགས་ལས་ཆར་དབབ་པས་མུ་གེ་གཅོད་པ་དང་། རྣལ་འབྱོར་གྲུབ་པས་ཟས་སྐོམ་ནོར་བུ་ལ་སོགས་པའི་ཆར་འབེབས་པ་དང་། དབང་དུ་བྱེད་པ་དང་། ནད་འཁྲུག་ཞི་བ་ལ་སོགས་པས་ཡུལ་འཁོར་དང་གྲོང་ཁྱེར་ཙམ་བཀྲ་ཤིས་པར་བྱེད་པའོ། །དགོས་པའང་། མཚན་ཉིད་དུ་རྒྱུ་ལས་འབྲས་བུ་བསྐྱེད་པ་ཙམ་ལས་མེད་ལ། སྔགས་སུ་ཐུགས་ཀྱི་གསང་བ་ལམ་དུ་བྱེད་པ་དང་། དེ་བཞིན་དུ་གསུང་དང་སྐུ་ཡང་ལམ་དུ་བྱེད་པས་དང་། བྱ་དཀའ་བ་མེད་པ་སྟེ། སྔ་འགྱུར་རྟ་མཆོག་དྲེགས་པ་དབང་འདུས་ཀྱི་རྒྱུད་


JLAZ013_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ལས། འབྲས་བུའི་ཐེག་ཆེན་གསང་སྔགས་འདི། །ཁྱད་པར་གྱུར་ཕྱིར་ཁྱད་པར་ཆེ། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་མཆོག་གྱུར་དང་། །དོན་གཅིག་ཕྱིར་ནའང་མ་རྨོངས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །འབྲས་བུ་ཉིད་དུ་ལམ་ཤེས་པས། །ཚེ་ལུས་གཅིག་ལ་རྫོགས་སངས་རྒྱས། །ཞེས་སོ། །ཚོགས་གསོག་གི་ཁྱད་པར་ལའང་། མཚན་ཉིད་དུ་ཕར་ཕྱིན་དྲུག་ལ་སོགས་སྤྱོད་པ་དག་པ་ཙམ་སྟེ། སྔགས་སུ་སྣང་སྲིད་སངས་རྒྱས་ཀྱི་ཞིང་དུ་དག་པ་དང་། ཉོན་མོངས་པ་དང་། འདོད་ཡོན་གྱི་ཚོགས་མཆོད་པའི་ཕྱག་རྒྱར་ཤེས་པ་ལ་སོགས་ཏེ་ཁྱད་པར་རྣམ་པ་བཅོ་ལྔས་འཕགས་པའི་ཚུལ་མགོན་པོ་རྡོ་རྗེ་འཆང་གིས། ཉན་ཐོས་ལ་སོགས་ཐེག་ཆུང་ལ། །མན་ངག་ཡོད་པ་མ་ཡིན་ཏེ། །ལྟ་བ་སྤྱོད་པ་སེམས་བཟུང་དང་། །རྒྱུ་དང་ལམ་དང་འབྲས་བུ་ས། །དུས་དང་ལོངས་སྤྱོད་རྣལ་འབྱོར་དང་། །བདག་གཞན་དོན་དང་དགོས་པ་དང་། །ངལ་དུབ་མཐའ་སྤངས་ཚེགས་ཆུང་དང་། །ཚོགས་བསགས་པ་ཡི་ཁྱད་པར་དང་། །ཁྱད་པར་རྣམ་པ་བཅོ་ལྔ་ཡིས། །རིག་འཛིན་ཐེག་པ་ཁྱད་པར་འཕགས། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། རྒྱུ་ཡི་ཐེག་པ་ཆེན་པོ་ལས། །སྐུ་གསུང་ཐུགས་ཀྱི་ལམ་རྣམས་ཀྱི། །གསང་བ་ཆེ་ལས་གསང་སྔགས་མཆོག །རབ་ཏུ་འཕགས་


JLAZ013_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པར་བྱ། །ཞེས་པ་ནི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་བླ་ན་མེད་པས་འཕགས་པ་ཉིད་ཀྱི་ཆིངས་ཆེན་པོ་བསྟན་པ་ཡིན་ནོ། །གཉིས་པ་གསང་སྔགས་ཀྱི་རྣམ་པར་བཞག་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་གསང་སྔགས་ཀྱི་སྤྱིའི་རང་བཞིན་ལ་བཞི། མཚན་གཞི། མཚན་ཉིད། སྒྲ་དོན། མིང་གི་རྣམ་གྲངས་སོ། །དང་པོ་ནི། གདོད་ནས་རང་བཞིན་གྱི་འོད་དུ་གསལ་བའི་བདག་ཉིད་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཆོས་ཉིད་ལ། ལམ་གྱི་བྱ་བས་སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་བཞིར་གནས་ཏེ། དབྱིངས་བདེ་གཤེགས་སྙིང་པོ་འོད་དུ་གསལ་བའི་ཆོས་ཉིད་ནི་སྦྱང་གཞི་ཡིན་ལ། གློ་བུར་གྱི་སྒྲིབ་པ་ལས་དང་ཉོན་མོངས་པ་འཁོར་བའི་ཆོས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ནི་སྦྱང་བྱ་སྟེ། དེའང་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ནི་འཁོར་བའི་རྩ་བ་ཡིན་པས་ལྡོག་ལ། བཞུགས་ཚུལ་གཤིས་ཀྱི་ཀུན་གཞི་ནི་ངོ་བོ་མི་ལྡོག་ཀྱང་། ཐ་སྙད་དུ་བཏགས་པའི་ཀུན་གཞིའི་མིང་གིས་ཆ་དེ་ལོག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བར་གནས་འགྱུར་བའོ། །དེ་བཞིན་དུ་རྣམ་ཤེས་གཞན་རྣམས་ལྡོག་པའི་ཆ་ལས་མེ་ལོང་ཡེ་ཤེས་ལ་སོགས་པའི་ལྷག་མ་བཞི་འཆར་བ་ཡིན་ནོ། །སྨིན་གྲོལ་གྱི་ལམ་རྒྱ་མཚོ་ལྟ་བུས་ཡེ་ཤེས་ཀྱི་ཡོན་ཏན་གསར་དུ་


JLAZ013_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་པ་ནི་སྦྱོང་བྱེད་ཀྱི་ཆོས་སོ། །དེ་ལྟར་སྦྱངས་པས། དབྱིངས་ལ་སྒྲིབ་བྱེད་ཀྱི་རྣམ་པ་ཐམས་ཅད་དག་ནས་ཁམས་བྱང་ཆུབ་ཏུ་གྱུར་ཏེ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་མངོན་དུ་གསལ་ནས་དོན་གཉིས་མཐར་ཕྱིན་པ་ནི་སྦྱངས་པའི་འབྲས་བུ་ཡིན་ནོ། །དེ་སྐད་དུ་གསང་བ་གྲུབ་པ་ལས། དབྱིངས་ལ་བྲལ་བ་དག་ཐོབ་འབྲས། །གསང་སྔགས་རྣམ་པ་བཞིར་བཤད་དོ། །ཞེས་སོ། །གཉིས་པ་ནི། དབྱིངས་རང་བཞིན་གྱིས་དག་ཅིང་མ་འགགས་པ་རྗོད་བྱེད་ཐུགས་རྡོ་རྗེའི་གསང་བ་ཆེན་པོ་སྟེ། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་སོ། །གསུམ་པ་ལ་གཉིས། སྒྲ་དོན་སྤྱིར་བཤད་པ་དང་། རྒྱུད་ཀྱི་ངེས་ཚིག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ལེགས་སྦྱར་གྱི་སྐད་དུ་མནྟྲ་ཞེས་འབྱུང་བས་གསང་སྔགས་སམ་སྔགས་ཞེས་བྱ་སྟེ། དེའང་ཡི་གེ་བསྣན་དགོས་ཀྱི་སྒྲ་ལས་དྲངས་ན་མ་ན་ཡིད་དང་། ཏྲ་ཡ་སྐྱོབ་པའོ། །ཡིད་དང་ཉོན་མོངས་པའི་ཕྱོགས་ཡེ་ཤེས་སུ་བསྒྱུར་བས་བདག་ཏུ་ལྟ་བ་ལ་སོགས་ཏེ་མི་མཐུན་པའི་ཕྱོགས་ལས་སྐྱོབ་ཅིང་རྒྱལ་བར་བྱེད་པའི་དོན་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་


JLAZ013_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་སྤྱོད་ལས་རྣམ་གྲོལ་བ། །ཞེས་སོ། །གཉིས་པ་ནི། སྐད་བྱེ་བྲག་ཏུ་རྟོགས་པར་བྱེད་པ་འབྲིང་པོ་ལས། ཏནྟྲ་པྲ་ནནྡྷ་ཁྱཱར་ཞེས་པས་རྒྱུན་ཆགས་པའི་མིང་དུ་བཤད་དེ་རྡོ་རྗེ་རྩེ་མོ་ལས་ཀྱང་། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་སྟེ། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་པས་བརྗོད་བྱ་དོན་གྱི་དབང་དུ་རྒྱུ་དང་། ཐབས་དང་། འབྲས་བུའི་གནས་སྐབས་ཐམས་ཅད་དུ་འབྲེལ་ཞིང་རྒྱུན་ཆགས་པ་གཉིས་སུ་མེད་པའི་ཡེ་ཤེས་སོ། །བཞི་པ་ནི། རིག་པ་འཛིན་པའི་སྡེ་སྣོད་དམ་གསང་སྔགས་ཀྱི་ཐེག་པ། རྡོ་རྗེའི་ཐེག་པ། འབྲས་བུའི་ཐེག་པ་ཞེས་མཚན་གྱི་རྣམ་གྲངས་སུ་ངེས་པ་སྟེ། ཉོན་མོངས་པ་ལ་སོགས་སྤང་བྱ་གནས་སུ་དག་པ་དང་། བསྒྲུབ་བྱ་ཐོབ་པའི་ཐབས་ལ་ཆེད་དུ་བསྔགས་པ་སྟེ། རིག་པ་མཆོག་ལས། དག་ཐོབ་ཡང་དག་སྦྱོར་བ་ལ། །མཆོག་ཏུ་བསྔགས་པས་སྔགས་ཞེས་བརྗོད། །ཅེས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས། ཕྱི་འགྱུར་གསར་མའི་རྣམ་བཞག་དང་། སྔ་འགྱུར་རྙིང་མའི་རྣམ་བཞག་གོ །དང་པོ་ནི། གཞན་དུ་རྒྱ་ཆེར་བཀྲལ་བས་འདིར་དངོས་ཀྱིས་མ་བཤད་ལ། འོན་ཀྱང་ཕྱི་མའི་ཤུགས་ལས་རྟོགས་པར་འགྱུར་རོ། །གཉིས་པ་གསང་སྔགས་རྙིང་མའི་རྣམ་པར་བཞག་པ་ལ། རྣམ་དབྱེ་སྤྱིར་བསྟན་པ་དང་། གསང་སྔགས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི།


JLAZ013_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་རིམ་པ་དང་སྦྱར་ན་དགུ་སྟེ། སྒྱུ་འཕྲུལ་རྩ་རྒྱུད་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་བསྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། ཅེས་རྒྱུའི་ཐེག་པ་གསུམ་དང་། འབྲས་བུའི་ཐེག་པ་དྲུག་ཏུ་སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཅོག་ཐམས་ཅད་བསྡུས་ཏེ་བསྟན་པ་ཡིན་ནོ། །དེ་ཡང་ཞིབ་བརྩེགས་ཀྱི་དབང་དུ་ན་སྒྲ་ཐལ་འགྱུར་ལས། གསུངས་ཚུལ་དགོངས་པ་གསུམ་དང་བཅས། །གཉེན་པོ་བསྡུ་དང་དབང་པོའི་དོན། །ཚིག་རྣམས་བསྡུས་ཏེ་སྣང་བར་བྱས། །དེ་མ་ཡིན་པ་བརྗོད་པའི་ཚིག །དུས་གསུམ་རྒྱལ་བས་གསུངས་པ་མེད། །ཅེས་པས་གཉེན་པོ་ལ་དགོངས་ཏེ་གསུངས་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི། བསྡུ་བ་ལ་དགོངས་ཏེ་གསུངས་པ་ཟབ་ཅིང་རྒྱ་ཆེ་བ་རྡོ་རྗེ་ཐེག་པ། དབང་པོ་ལ་དགོངས་ཏེ་གསུངས་པ་འཇིག་རྟེན་པའི་ཐེག་པ་གཉིས་དང་། འདས་པའི་གསུམ་སྟེ་དེ་དག་གི་མདོ་དོན་འཁོར་འདས་མ་ལུས་པ་ཐེག་པ་ཉིད་ཀྱི་རིམ་པའི་ཁང་པ་ལ་དཀྲི་བའི་རྣམ་པར་བཞག་པ་མཐའ་ཡས་པ་ཡོད་དེ་རེ་ཞིག་ཡི་གེ་ཉུང་ངུའི་ཕྲག་པ་ལ་འདྲེན་པར་མ་བཟོད་དོ། །གཉིས་པ་གསང་སྔགས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་གཉིས། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །དང་པོ་ནི། གཙང་སྦྲ་ལ་གནས་ཤིང་སྒོ་གསུམ་གྱི་བྱ་བ་དང་བྱེད་པ་


JLAZ013_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་འདོན་པས་སྤྲུལ་སྐུའི་ཐེག་པ་ཆུང་ངུ་གསུམ་དང་ཆོས་མཐུན་པའི་ཕྱིར། ཕྱི་ཐུབ་པ་ཞེས་བསྟན་ལ། གསང་སྔགས་ཀྱི་ཁོངས་སུ་གཏོགས་པའི་ཆོས་ཆེན་པོར་གྱུར་པ་གཞི་དང་། ལམ་དང་འབྲས་བུའི་རྣམ་གཞག་ཟམ་མ་ཆད་པས་རྒྱུད་དུ་བཞག་པ་ཡིན་ནོ། །དབྱེ་ན་གསུམ། ཀྲི་ཡ། ཨུ་པ། ཡོ་གའོ། །དང་པོ་ལའང་སྒྲ་དོན། གྲུབ་མཐའ། ལམ། འབྲས་བུ་དང་བཅས་པ་བཞིས་སྟོན་པ་ལས། དང་པོ་སྒྲ་དོན་ནི། ཀྲྀ་ཡ་སྟེ་ལུས་ངག་གི་བྱ་བ་གཙོ་བོར་བྱེད་པའི་དོན་ལ་ཏནྟྲ་སྟེ་རྒྱུད་སྡེ་འབྲེལ་བ་ཅན་དུ་བྱུང་བའི་དོན་ཏོ། །གཉིས་པ་གྲུབ་མཐའ་ནི། ཀུན་རྫོབ་འཁྲུལ་པར་སྣང་བ་འདི་དག་ནི་སྦྱང་བྱའི་དྲི་མ། དོན་དམ་མ་འཁྲུལ་པའི་དབྱིངས་ཀྱི་རང་བཞིན་སྦྱང་གཞི་བདེན་པ་དབྱེར་མེད་ལ་འཇུག་པའི་ངོ་བོ་རྟོགས་བྱའི་གཞིར་བྱས་ནས་དབྱིངས་རང་བཞིན་གྱིས་དག་པའི་ལྷ་ཁས་ལེན་ཏོ། །གསུམ་པ་ལམ་ལ། སྣང་ཆ་ཀུན་རྫོབ་པ་ཐམས་ཅད་ལྷ་དྲུག་གི་རང་བཞིན་དུ་ཤེས་པས། ཡི་དམ་གྱི་ལྷ་ཡེ་ཤེས་སེམས་དཔའ་རྗེ་དང་། བདག་དམ་ཚིག་སེམས་དཔའ་ཁོལ་གྱི་ཚུལ་དུ་བསྒྲུབ་ཅིང་། དོན་དམ་པར་མ་སྐྱེས་པའི་ཆོས་ཉིད་འོད་གསལ་བ་ལ་འཇུག་གོ །ལྷ་དྲུག་ནི་སྣང་ཙམ་ལྷའི་སྐུ་སྒྱུ་མར་གསལ་བས། གཅིག་དང་དུ་མའི་མཐའ་ལ་མི་གནས། གསུང་ཡིག་འབྲུ་ལྷའི་སྒྲར་གསལ་བས་གྲག་སྟོང་བཟླས་པའི་འཁོར་ལོ། ཐུགས་ཕྱག་


JLAZ013_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ལ་དམིགས་པས་དྲན་བསམ་ཏིང་ངེ་འཛིན་གྱི་ལྷར་གསལ། འཕྲོ་འདུ་སྐུ་མདོག་ཏུ་གསལ་བས་འོད་ཀྱི་ལྷར་གྲོལ། གསལ་བ་བཞུགས་ཚུལ་གྱི་ལྷ་གདན་ཁྲི་ཆ་ལུགས་སུ་གསལ་བས་གཞལ་ཡས་ཁང་དུ་གྲོལ། གྲོལ་བ་ཡེ་ཤེས་ཀྱི་ལྷ་སྣང་སྲིད་ཆོས་སྐུར་གསལ་བས་སྤང་བྱ་ཡེ་ཤེས་སུ་གྲོལ། མདོར་ན་ཡུལ་དྲུག་ལ་མངོན་པར་ཞེན་པ་དྲུག་སྦྱོང་ཞིང་། སྣང་བ་གཟུགས་ཀྱི་ལྷ་ལ་སོགས་པ་དྲུག་ཏུ་ཤེས་པས་ཉོན་མོངས་པ་སྦྱོང་བར་བྱེད་དོ། །བཞི་པ་འབྲས་བུ་ནི། གནས་སྐབས་སུ་ལྟ་བ་དང་ཏིང་ངེ་འཛིན་གྱི་ཡོན་ཏན་གོང་ནས་གོང་དུ་འགྲོ་ལ། མཐར་ཐུག་མི་ཚེ་བཅུ་དྲུག་ན་ལྷ་དང་གཉིས་སུ་མེད་པར་སངས་རྒྱས་པར་འདོད་དེ། རྡོ་རྗེ་ལྷུན་པོ་ལས། གང་དག་སྔགས་པ་བསྐལ་བཟང་ཆེ། །གཙང་སྦྲ་དག་པས་དག་བརྩོན་པ། །དེ་ཚེ་བཅུ་དྲུག་སྐྱེ་བ་ན། །རྣམ་གྲོལ་ཡེ་ཤེས་མཆོག་ལ་རེག །ཅེས་སོ། །དེའང་ལུས་ཀྱི་བྱ་བ་ཁྲུས་ཆེན་པོ་གསུམ། ཕྲ་མོའི་ཁྲུས་དང་བཅས་པ་དང་། གོས་གསུམ་བརྗེ་བ་དང་། ཟས་གསུམ་ཟ་བ་དང་། སྨྱུང་བར་གནས་པ་དང་། གཙང་སྦྲ་དང་། དཀའ་ཐུབ་དང་། འདུག་སྟངས་ཀྱི་ཁྱད་པར་དང་། ཕྱག་རྒྱ་འཆིང་བ་ལ་སོགས་པའི་སྒོ་ནས། ངག་གི་བྱ་བ་བཟླས་བརྗོད་གཙོ་བོར་བྱ་བ་དང་། སེམས་ཀྱི་གནད་བདག་བྲན་དང་། ལྷ་རྗེ་དཔོན་དུ་བལྟ་བའི་སྒོ་ནས་བསྒྲུབ་པའོ། །དེ་དག་གི་རྒྱུད་སྡེའི་རྣམ་གྲངས་ཀྱང་།


JLAZ013_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་སྔ་དར་གྱི་ཚེ་པཎྜི་ཏ་མཁན་པོ་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་ལ་སོགས་པ་དང་། ལོ་ཙཱ་བ་བཻ་རོ་ཙཱ་ན་དང་། གཉགས་ཛྙཱ་ན་ཀུ་མཱ་ར་དང་། རྨ་རིན་ཆེན་མཆོག་དང་། ཨཱ་ཙརྱ་ཡེ་ཤེས་དབྱངས་ལ་སོགས་པས་ཕྱི་ནང་གི་རྒྱུད་སྡེ་མང་དུ་བསྒྱུར་བ་ལ། དང་པོ་བྱ་རྒྱུད་ཀྲྀ་ཡའི་རྒྱུད་དྲུག་ལ། རིག་སྔགས་ཐམས་ཅད་ཀྱི་ཁོག་འབུབས་པ་དཔུང་པ་བཟང་པོའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དབང་བསྐུར་བ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་གསང་བ་བསྟན་པ་རིག་པ་མཆོག་གི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་འདུལ་བ་བསྟན་པ་སུ་སི་ཏི་ཀ་ར་ལེགས་པར་གྲུབ་པའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་འཕྲིན་ལས་བསྟན་པ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དགོངས་པ་སྟོན་པ་བསམ་གཏན་ཕྱི་མའི་རྒྱུད་དོ། །བྱེ་བྲག་གི་རྒྱུད་ལ་རིགས་གསུམ་གྱི་སྤྱན་རས་གཟིགས་ཀྱི་སྐོར་ལ། པདྨ་རྩེ་མོ་སྔགས་ཀྱི་རྒྱུད། པདྨ་ཅོད་པན་གྱི་རྒྱུད། ཆོ་ག་སྔགས་ཀྱི་རྒྱུད། ཡིད་བཞིན་ནོར་བུའི་རྒྱུད། ཨ་མོ་གྷ་པཱ་ཤའི་རྒྱུད། གནོད་སྦྱིན་གར་མཁན་གྱི་རྒྱུད། ཁ་འབར་མ་དབུགས་དབྱུང་བའི་རྒྱུད། ནམ་མཁའ་མཛོད་ཀྱི་རྒྱུད་ལ་སོགས་པའོ། །འཇམ་དཔལ་གྱི་སྐོར་ལ། འཇམ་དཔལ་ཡེ་ཤེས་སེམས་


JLAZ013_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དྲི་མ་མེད་པའི་རྒྱུད། འཇམ་དཔལ་རྣོན་པོ་སྒྲིབ་པ་མེད་པའི་རྒྱུད། འཇམ་དཔལ་དྲྭ་བ་སྤྱོད་པའི་རྒྱུད། བསྟོད་པ་གླུར་བླངས་པའི་རྒྱུད་ལ་སོགས་པའོ། །ཕྱག་ན་རྡོ་རྗེའི་སྐོར་ལ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། རྡོ་རྗེ་ས་འོག་གི་རྒྱུད། དྲག་པོ་གསུམ་འདུལ་གྱི་རྒྱུད། རྡོ་རྗེ་བེ་ཅོན་གྱི་རྒྱུད། རྡོ་རྗེ་རྣོན་པོའི་རྒྱུད་ལ་སོགས་པའོ། །ལས་ཕྲན་ཚེགས་ཀྱི་རྒྱུད་ལ་གཟུངས་གྲྭ་ལྔ་དང་། འོད་ཟེར་ཅན་མ་དང་། རྣམ་པར་རྒྱལ་མ་དང་། མཛོད་སྤུ་ནོར་བུ་ལ་སོགས་པའི་གཟུངས་ཕྲན་དཔག་ཏུ་མེད་པའོ། །གཉིས་པ་སྤྱོད་པའི་རྒྱུད་ནི་ཨུ་པ་ཡ་ཏནྟྲ་ཞེས་སྒྲ་དོན་གྲུབ་སྟེ། སྤྱོད་པ་ཀྲི་ཡ་ལྟར་གཙང་སྦྲ་དག་པར་སྤྱོད་ཅིང་། རྣལ་དུ་འབྱོར་པ་ཡོ་གའི་ལུགས་སུ་སྤྱོད་པས་མ་ནིང་གི་ཐེག་པ་ཞེས་ཀྱང་བྱ་སྟེ། གཞི་ལམ་འབྲས་བུའི་གྲུབ་པའི་མཐའ་རྣལ་འབྱོར་རྒྱུད་དུ་རིགས་གཅིག་པར་སྟོན་ཏོ། །སྒོམ་པ་ལྷའི་རྣལ་འབྱོར་ནི་རང་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་སེམས་དཔའ་སྤུན་ནམ་གྲོགས་ལྟར་བསྒོམས་པས་སྐྱེ་བ་བདུན་ཚུན་ཆད་དུ་དངོས་གྲུབ་ཐོབ་པའོ། །རྒྱུད་སྡེའི་ངེས་འབྱེད་ལ། རྣམ་སྣང་མངོན་བྱང་། མེ་ཀློང་འབར་བ། དབང་བསྐུར་བའི་རྒྱུད། རྣམ་པར་མི་རྟོག་པའི་རྒྱུད་ལ་སོགས་པའོ། །གསུམ་པ་རྣལ་འབྱོར་གྱི་རྒྱུད་ནི། ཡོ་ག་ཏནྟྲ་ཞེས་སྒྲ་དོན་གྲུབ་སྟེ། སྤྱིར་ལུས་ངག་གི་བྱ་བ་གཙོ་བོར་མི་སྟོན་ལ་།


JLAZ013_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་བྱ་བ་གཙོ་བོར་སྟོན་པ་སྟེ། དེའང་ཀུན་རྫོབ་ཏུ་ལྷའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའམ། དཔལ་མཆོག་གཅིག་པུ་ཉིད་ལ། རང་ཉིད་དམ་ཚིག་སེམས་དཔའ་ལ་ལྷ་ཡེ་ཤེས་སེམས་དཔའ་འོག་མིན་ནམ་རང་བཞིན་གྱི་གནས་ནས་སྤྱན་དྲངས་པ་བསྟིམ་སྟེ། འཕྲོ་འདུ་འོད་ཀྱི་དྲ་བ་ལ་སེམས་བཟུང་ནས། རྗེས་ལ་ཡེ་ཤེས་པ་གཤེགས་པར་བྱེད་དོ། །བརྟུལ་ཞུགས་དེས་མི་ཚེ་གསུམ་ན་གྲོལ་བའོ། །དབྱེ་ན་མངོན་བྱང་ལྔ་ལ་བརྟེན་ནས་ཏིང་ངེ་འཛིན་གཙོ་བོར་བྱེད་པ་དང་། ཆོ་ག་ཞིབ་མོ་དང་ཐོར་བུའི་ལས་གཙོ་བོར་བྱེད་པའི་ལུགས་གཉིས་སོ། །རྒྱུད་སྡེའི་ངེས་འབྱེད་ལ། རྡོ་རྗེ་དབྱིངས་རྩ་བའི་རྒྱུད་སྟོང་ཕྲག་ལྔ་པ་ལེ་ལག་དང་བཅས་པ། པ་ཤ་ཀཱ་ར་རྡོ་རྗེ་རྩེ་མོའི་རྒྱུད། པདྨ་ཀཱ་ར་དཔལ་མཆོག་དང་པོའི་རྒྱུད། ས་མུཙྪ་རྟོགས་པ་བསྡུས་པའི་རྒྱུད་དེ་གཞུང་ཆེན་པོ་བཞི། མུ་ལ་ཏནྟྲ་ངན་སོང་སྦྱོང་བ། དཔལ་མཆོག་བསྡུས་པ་ལ་སོགས་པའོ། །ཕྱི་རྒྱུད་སྡེ་གསུམ་ནི་དབང་པོ་འབྲིང་པོ་ཚེ་རབས་ཀྱི་གྲོལ་བ་བསྒྲུབ་པའོ། །གཉིས་པ་ནང་པ་ཐབས་ཀྱི་རྒྱུད་གསུམ་ནི། གསང་བ་འདུས་པ་ལས། དཀའ་ཐུབ་སྡོམ་པ་མི་ཟད་པ། །བསྒྲུབ་ཀྱང་གྲུབ་པར་མི་འགྱུར་ཏེ། །འདོད་པའི་ཡོན་ཏན་ཐམས་ཅད་ལ། །བརྟེན་ནས་དངོས་གྲུབ་ཐོབ་པར་འགྱུར། །ཅེས་པ་ལྟར། དབང་ཕྱུག་བརྒྱད་ལྡན་གྱི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། ཕྱི་པས་སྤང་བྱར་བྱས་པ་ཐམས་ཅད་ནང་པས་བླང་དོར་མེད་པར་སྤྱོད་ནུས་པའི་ཕྱིར་ཐབས་ཀྱི་ཐེག་པ་


JLAZ013_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ། འཁོར་ལོ་སྡོམ་པ་ལས། ཕྲ་ཞིང་པ་ལ་ཕྲ་བར་ནུས་པ་དང་། །སྤྱོད་པ་ནུས་དང་བདག་ཉིད་ཆེན་པོ་དང་། །དགའ་མགུར་བྱེད་དང་ཐམས་ཅད་དབང་དུ་འགྱུར། །ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཞེས་པས་སྤྱིར་བསྟན་ལ། བྱེ་བྲག་གི་ངེས་འབྱེད་རང་རང་གི་ཐད་ཀར་ཡོད་དོ། །དེའང་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བ་ལ་སྣང་བ་ཐབས་ཀྱི་རང་བཞིན་ཕའི་རྒྱུད་མ་ཧཱ་ཡོ་ག་བསྟན་ལ། འདོད་ཆགས་ཤས་ཆེ་ཞིང་རྟོག་པ་ཉུང་བ་ལ་སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མའི་རྒྱུད་ཨ་ནུ་ཡོ་ག་བཤད་ཅིང་། གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ཅན་ལ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་ཡོ་ག་གསུངས་པའོ། །ནང་རྒྱུད་དེ་གསུམ་ནི་སྤྱི་ཚན་དུ་ཆོས་རྣམས་མ་ལུས་པའི་གཞི་དང་ལམ་དང་འབྲས་བུའི་བདག་ཉིད་དུ་གནས་པ་སྟེ། སེངྒེ་རྩལ་རྫོགས་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །ལུང་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་སོ། །དེ་ལ་དང་པོ་མ་ཧཱ་ཡོ་ག་ལ་གསུམ། ངོ་བོ། དབྱེ་བ། རྒྱུད་ཀྱི་ངེས་འབྱེད་དོ། །དང་པོ་ནི། མ་ཧཱ་ཡོ་ག་ཏནྟྲ་སྟེ་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་དུ་གྲགས་སོ། །ཇི་ལྟར་ན་སྣང་ཞིང་སྲིད་པས་བསྡུས་སོ་ཅོག་ཐམས་ཅད་ལྷའི་


JLAZ013_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་བརྟེན་པར་གསལ་ཞིང་། ཕུང་ཁམས་སྐྱེ་མཆེད་ལྷའི་རང་བཞིན་དུ་དག་པས། རླུང་ལྔའི་ཁམས་བདེ་གསལ་མི་རྟོག་པའི་ཡེ་ཤེས་གཉིས་མེད་ལམ་དུ་བྱས་པས་ཚེ་འདིར་གྲོལ་བར་འདོད་པའོ། །དབྱེ་ན་གསུམ། གཞི་ལམ་འབྲས་བུ་གཙོ་བོར་འདོད་པ་དང་། །ཐབས་ལམ་སྒྲུབ་པ་གཙོ་བོར་འདོད་པ་དང་། །སྣ་ཚོགས་ལམ་གྱུར་གཙོ་བོར་འདོད་པའོ། །དང་པོ་ནི། རང་བཞིན་གཞིའི་རྒྱུད་སེམས་ཉིད་འོད་གསལ་བ་དེ་མཚོན་བྱེད་མིང་ཚིག་ཡི་གེར་སྣང་བས་རྟོགས་པར་བྱས་ནས། སྨིན་གྲོལ་ལམ་གྱི་བསྐྱེད་རྫོགས་ལས་གཅིག་ཏུ་མི་གཡོ་བའི་དྲོད་ཀྱིས་ཡོན་ཏན་གོང་ནས་གོང་མར་སྦྱར་ཏེ་འབྲས་བུ་རང་བྱུང་གི་ཡེ་ཤེས་བསྒྲུབ་པའོ། །གཉིས་པ་ནི། དཀྱིལ་འཁོར་ལྔ་གང་རུང་གི་སྒྲུབ་པ་ལ་བརྟེན་ནས་རྟོགས་པ་དང་ཏིང་ངེ་འཛིན་རྗེས་ལ་སྐྱེ་བའི་ཕྱིར་བསྒྲུབས་པ་ལས་དངོས་གྲུབ་འདོད་དེ། སྒྱུ་འཕྲུལ་དྲྭ་བ་སྐུའི་དཀྱིལ་འཁོར་ལམ་དུ་བྱེད་པ་དང་། པདྨ་སྒྱུ་འཕྲུལ་དྲྭ་བ་གསུང་། ཐུགས་ཁྲག་འཐུང་། ཡོན་ཏན་རིན་པོ་ཆེ། འཕྲིན་ལས་ཀྱི་དཀྱིལ་འཁོར་སྒྱུ་འཕྲུལ་དྲྭ་བ་བསྒྲུབ་པ་ལམ་དུ་བྱེད་པ་སྟེ། ལམ་བསྒྲུབས་པས་འབྲས་བུ་ཞོར་ལ་འདོད་པའོ། །གསུམ་པ་ནི། རྒྱུད་དང་། སྒྲུབ་པ་གཉིས་ལས། རྒྱུད་ལ་བསྐྱེད་རྫོགས་རིམ་ཅན་དང་། ཅིག་ཅར་དུ་འདོད་པ་གཉིས་ཀྱི་འབྲས་བུ་བསྒྲུབས་ནས་གཞི་ལམ་ཞོར་ལ་འདོད་པའོ། །སྒྲུབ་


JLAZ013_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གཉིས་ལས། སོ་ཏ་ནོ་པི་ཀ་སེམས་ཀྱི་རོལ་པར་ཐམས་ཅད་ཤེས་ནས་བསྒྲུབ་པ་དང་། མཎྜལ་ནོ་པི་ཀ་དཀྱིལ་འཁོར་དུ་འཇུག་པ་ཚོགས་གཙོ་བོར་བྱས་ཏེ་བསྒྲུབ་པའོ། །གསུམ་པ་རྒྱུད་ཀྱི་ངེས་འབྱེད་ནི། རྩ་བའི་རྒྱུད་དཔལ་གསང་བ་འདུས་པ་ནམ་མཁའ་དང་མཉམ་པའི་རྒྱུད། རི་རབ་ཟོམ་རྒྱ་མཚོ་དང་མཉམ་པའི་རྒྱུད། ཡེ་ཤེས་རྒྱས་པ་ས་གཞི་དང་མཉམ་པའི་རྒྱུད་དོ། །མན་ངག་གི་རྒྱུད་ལ། བར་ཆད་སྲུང་བ་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། རྔོམ་བྱེད་མེ་ལྟར་འབར་བའི་རྒྱུད། ཟ་བྱེད་རོལ་པ་སྦྱིན་སྲེག་གི་རྒྱུད། སྟོབས་པོ་ཆེ་ཡོངས་སུ་སྒྲོལ་བའི་རྒྱུད། ཟླ་གསང་ནག་པོའི་རྒྱུད། ཞི་བ་ལྷ་རྒྱུད་ལ་སོགས་པའོ། །གཉིས་པ་ལུང་ཨ་ནུ་ཡོ་ག་ལ་གསུམ། ངོ་བོ། དབྱེ་བ། ངེས་འབྱེད་དོ། །དང་པོ་ནི། ཨ་ནུ་ཡོ་ག་ཏནྟྲ་སྟེ་དབྱིངས་བདེ་ཆེན་རྣལ་འབྱོར་གྱི་རྒྱུད་ཆེན་པོར་གྲགས་སོ། །དེ་ལ་སྣོད་བཅུད་ལྷའི་རང་བཞིན་དུ་དབྱིངས་ནས་སངས་རྒྱས་པར་སྟོན་པས་བསྐྱེད་པ་ཐབས་ཀྱི་ཆ་ཤས་ཆུང་ཞིང་། རྫོགས་པ་རྩ་ཐིག་རླུང་གི་ལམ་ལ་རྣལ་དུ་འབྱོར་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ལམ་དུ་བྱེད་པས་ཚེ་འདིར་གྲོལ་བར་འདོད་དོ། །གཉིས་པ་ནི་ལུང་དང་མདོ་གཉིས་ལས། ལུང་ལ་བསྟན་པའི་ལུང་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་དང་།


JLAZ013_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འོད་དུ་གསལ་བའི་བདག་ཉིད་དོ། །བརྗོད་པའི་ལུང་ཚིག་གི་ཚོགས་དང་ཐ་སྙད་ལས་ངེས་པར་བྱེད་པའོ། །མདོ་ལ་གཞི་ལམ་གྱི་གྲུབ་མཐའ་དབྱིངས་སུ་སྨྲ་བ་དང་། དེ་ལ་བདེ་སྟོང་དབྱིངས་དང་ཡེ་ཤེས་ཀྱི་རིམ་པ་ཅིག་ཅར་དུ་འདོད་པ་དང་། རིམ་གྱིས་འདོད་པ་དང་། ཐོད་རྒལ་དུ་འདོད་པ་དང་། མཐར་ཆགས་སུ་འདོད་པ་ལ་སོགས་པས་མཚན་ཉིད་དོན་གྱི་ངེས་པ་ཐམས་ཅད་གཅིག་ཏུ་ཚོགས་པར་སྟོན་པའི་ཕྱིར་མདོ་ཡིན་ནོ། །གསུམ་པ་ངེས་འབྱེད་ནི། སྒྱུ་འཕྲུལ་གཞི་ལམ་གྱི་ངོ་བོ་ཡེ་ཤེས་རྔམ་གློག །ཕུར་བུ་ཐལ་འབྱིན་གྱིས་དོན་གྱི་ངེས་པ་མཚོན་པ། དུར་ཁྲོད་ཁུ་བྱུག་རོལ་པས་ཡེ་ཤེས་ཐོད་རྒལ་དུ་སྨྲ་བ། ཕྱག་རྒྱ་དབྱེར་མེད་དུ་སྨྲ་བ་ཀུན་འདུས་རིག་པ། མངོན་རྟོཊ་རང་གསལ་དུ་སྨྲ་བ་དབྱིངས་དང་ཡེ་ཤེས་ལྷུན་མཉམ་དུ་འདོད་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ། སེམས་དང་ཡེ་ཤེས་འབྱེད་པ་ཡི་གེ་རྣམ་བཞག་སྟེ་སྔགས་ཀྱི་མདོ་དྲུག་དང་། རྩ་བའི་རྒྱུད་ལ་ཐིག་ལེ་འདུས་པའི་རྒྱུད། སྒྱུ་མ་ཆེན་པོའི་རྒྱུད། ཟླ་གསང་ཐིག་ལེའི་རྒྱུད། རྡོ་རྗེ་གདན་བཞིའི་རྒྱུད་དོ། །གདམས་པ་མན་ངག་གི་རྒྱུད་ལ། སྐུ་ཡི་རྒྱུད་མེ་ལྟར་འབར་བ། གསུང་གི་རྒྱུད་དབང་ཆེན་འདུས་པ། ཐུགས་ཀྱི་རྒྱུད་པུཎྜི་རི་ཀ །ཡོན་ཏན་གྱི་རྒྱུད་ལྷ་མོ་གསང་བ། ཕྲིན་ལས་ཀྱི་རྒྱུད་རིག་འཛིན་འདུས་པ།


JLAZ013_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་སྤྱིའི་རྒྱུད་སྒྲུབ་པ་ཧེ་རུ་ཀའི་ཏནྟྲ། བྱེ་བྲག་གི་སྒྲུབ་པ་ལ། འཇམ་དཔལ་སྐུའི་རྒྱུད་ཟླ་གསང་ནག་པོ། པདྨ་གསུང་གི་རྒྱུད་རྟ་མཆོག་རོལ་པ། ཡང་དག་ཐུགས་ཀྱི་རྒྱུད་ཧེ་རུ་ཀ་གལ་པོ་ཆེ། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ཀྱི་བྱི་ཏོ་མ་ལ་འབུམ་སྟེ། བདུད་རྩི་ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པ་ཆེ་ཆུང་། མ་མོ་རྦོད་གཏོང་གི་རྒྱུད་མ་མོ་ཀུན་འདུས་སོ། །སྒྲུབ་པ་སྡེ་དྲུག་ལས་ཁ་ཚར་གྱི་རྒྱུད་ལ། ཕྲིན་ལས་ཁ་སྐོང་བ་ཆོས་ཉིད་གཏོར་མའི་རྒྱུད། ལས་རྒྱ་མཚོ་ཇི་ལྟར་བྱ་བ་ཀརྨ་མཱ་ལེ་ཕྲིན་ལས་ཀྱི་རྒྱུད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པ་ཚོགས་ཀྱི་རྒྱུད་ཆེ་ཆུང་། མཆོད་པ་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབས་པ་ནམ་མཁའ་མཛོད་ཀྱི་རྒྱུད། སྒྲོལ་བ་གནས་སུ་དག་པ་སྟོབས་པོ་ཆེ་ཡོངས་སུ་སྒྲོལ་བའི་རྒྱུད། སྦྱོར་བ་གནས་སུ་དག་པ་ཐིག་ལེ་ཀློང་གི་རྒྱུད། བརྟུལ་ཞུཊ་དྲག་པོས་ཀུན་ཏུ་སྤྱོད་པ་གླང་པོ་ཆེ་རབ་འབོག་གི་རྒྱུད། ལས་བཞི་མཐར་ཕྱིན་པ་ཟ་བྱེད་རོལ་པ་སྦྱིན་སྲེག་གི་རྒྱུད། ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་གཏོར་རྒྱུད་ཆེ་ཆུང་བཀའི་འཁོར་ལྷག་མས་བསྐངས་ནས་ལས་ལ་བསྐུལ་བ་དཔལ་འབར་ཁྲོ་མོའི་རྒྱུད། གདུག་པ་ཅན་གཟིར་མནན་གྱིས་ཚར་བཅད་པ་ཞིང་བཅུར་རོལ་པའི་རྒྱུད་ལ་སོགས་པའོ། །འདི་དག་གཙོ་ཆེ་ཆུང་གི་སྒོ་


JLAZ013_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐབས་འདིར་བཞག་པ་ལས། རང་བཞིན་དུ་བསྐྱེད་རྫོགས་གཉིས་ཀར་རྟོགས་པའི་མན་ངག་གིས་རྒྱུད་དུ་བདག་ཅག་གི་བླ་མ་དམ་པ་པདྨ་ལས་གྲོལ་བཞེད་དོ། །གསུམ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་གཉིས། འོག་མ་ལས་ཁྱད་པར་འཕགས་ཚུལ་དང་། གྲུབ་པའི་མཐའ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་ལྷུན་པོའི་རྩེ་ནས་རི་ཕྲན་མཐོང་བ་བཞིན་དུ་འོག་མ་ཐམས་ཅད་ཟིལ་གྱིས་གནོན་པའི་ཐེག་པ་ཡིན་ཏེ། གདོད་ནས་རང་བཞིན་རྣམ་པར་དག་པའི་ཡེ་ཤེས་ཆེན་པོའི་ངོ་བོའི་བཞུགས་ཚུལ་ལ་བཅོས་བསྒྱུར་གྱི་གྲུབ་མཐས་མ་བསླད་པས་རྟེན་དང་བརྟེན་བཤད་མི་འགལ་བ་དང་། འོག་མ་རྣམས་སུ་རྣལ་མའི་དོན་ལ་བཅོལ་མེད་རྩོལ་སྒྲུབ་ཀྱིས་བླང་དོར་བྱས་པས་རང་བཞིན་གྱི་འོད་གསལ་བའམ། རང་བཞིན་གྱི་རྣམ་པར་དག་པ་ཞེས་སངས་རྒྱས་ཀྱི་གསུང་རབ་རྒྱ་མཚོར་བཞག་པ་དེ་རང་བཞིན་གྱི་ངོ་བོ་ལས་གནས་འགྱུར་ཏེ། རྒྱ་མཚོ་ཆེན་པོ་རང་ས་ན་ཞི་ཞི་མལ་མལ་དུ་གྲོལ་ནས་ཡོད་པ། གནས་སྐབས་ལས་བྱུང་བའི་དུས་ཀྱི་ཆད་པས་འཁྱགས་རུམ་དུ་བསྡམས་པ་ལྟ་བུ་སྟེ། རྟོག་དཔྱོད་ཀྱི་རྐྱེན་གྱིས་དྲི་མ་མ་འགྱུར་ལ་ཡེ་ཤེས་འགྱུར་བས་ཆུའི་བྱེད་ལས་སུ་མི་བཏུབ་པ་ལྟ་བུས་འོག་མ་རྣམས་ཀྱི་གྲུབ་མཐའ་ལ་གནོད་བྱེད་འཇུག་སྟེ། རྡོ་རྗེའི་གནས་ཆེན་པོ་འདི་ནི་གཤིས་ཀྱི་བཞུགས་ཚུལ་ལམ་དུ་བྱེད་པའི་ཕྱིར་རོ། །


JLAZ013_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཁ་ཅིག་དེ་ལྟ་ན་ཁམས་ཀྱི་དྲི་མ་བླང་དོར་གྱིས་སྦྱངས་ནས་སངས་རྒྱས་མི་འདོད་པས་ཐ་མལ་དང་ཁྱད་པར་ཅི་ཡོད། དེས་ནི་ཐབས་དང་སོ་སོར་རྟོག་པའི་ཤེས་རབ་གཉིས་ཀའང་སྤངས་པ་ཞིག་གོ་སྙམ་ན། ཐབས་ལ་སྐུར་པ་བཏབ་པ་མེད་དེ། རྡོ་ལ་གསེར་ཞུན་དུ། ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། ཞེས་དང་། རྟོག་དཔྱོད་ཀྱི་ཡེ་ཤེས་ལ་རེ་བའང་མ་ཡིན་པས། འདི་ལྟར་རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོ་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པས་སྐུ་གསུམ་རང་ཆས་སུ་གནས་པ་ལོགས་ན་བཙལ་མི་དགོས་ཏེ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་སུ་མེད། །དེས་ན་སངས་རྒྱས་སེམས་ལས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ལོངས་སྤྱོད་སྐུ། །སེམས་ལས་བྱུང་བའི་གཟུགས་རྣམས་ལ། །ལོངས་སྤྱོད་རྫོགས་ལ་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལས། །འགྲོ་དོན་མཛད་པ་གཞན་ན་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དེ། །


JLAZ013_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་བླང་དོར་གྱི་གནས་བཅོས་མའི་ཆོས་སུ་བསྟན་ལ། མ་བཅོས་པ་ཉིད་ངོ་བོའི་དོན་མཐར་ཐུག་ལ་མ་ནོར་བ་ཡིན་པའི་ཚུལ། དེ་ཉིད་ལས། སེམས་ནི་ཇི་བཞིན་པ་ཡི་དངོས་པོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་འགྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག །བཙལ་ན་རྒྱལ་བས་དབྱིངས་ལ་རྙེད་མི་འགྱུར། །ཅེས་སོ། །དེའི་ཕྱིར་རྟོག་དཔྱོད་ཀྱི་ཏིང་ངེ་འཛིན་ལ་ཤེས་རབ་ཀྱིས་དཔྱད་བཟོད་པའི་འཐད་པ་བཟང་བཟང་མོ་འབྱུང་སྲིད་ནའང་། དེ་ཉིད་བརྗོད་བྱའི་ངོ་བོར་མི་གནས་ཏེ། དོན་དམ་པའི་བདེན་པ་ནི་རྗོད་བྱེད་ཀྱི་ཕྱོགས་ཙམ་ལས་མི་མཚོན་པའི་ཕྱིར་རོ། །དེ་སྐད་དུ་ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་ལས། རྟོགས་པ་མེད་པའི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །རྟོགས་པ་ཡེ་ནས་ཆེ་བ་ཡིན། །དོན་འདི་སྟོན་པས་འདི་ཡིན་ནོ། །མཁས་པ་མི་གཙོ་རྟོགས་པ་གཙོ། །མཁས་པའི་ཚིག་ནི་ཐན་པ་ཡིན། །རྟོགས་པ་ཆོས་ཉིད་ཀློང་ན་འཕྱོ། །བཤད་པ་མི་གཙོ་སྒོམ་པ་གཙོ། །བཤད་པའི་ཚིག་ནི་བཤད་ར་མཁན། །སྒོམ་པ་ལྷ་དང་གཉིས་སུ་མེད། །སྒྲུབ་པ་བས་ཀྱང་རྟོགས་པ་རིང་། །རྟོགས་པ་གདེངས་སུ་མ་ཆུད་ན། །སྒྲུབ་པས་རྟོགས་པའི་རྒྱུན་ལ་བསྒྲུབ། །ཅེས་བཤད་དོ། །གཉིས་པ་གྲུབ་པའི་


JLAZ013_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ལ་དབྱེ་ན་གསུམ་སྟེ་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ། ། ཞེས་པས་འདིར་སྤང་བྱའི་མཐའ་ལས་གྲོལ་བས་སྟོང་པ་ཉིད། སྟོང་པ་ཉིད་དུ་སྟོན་པ་སེམས་ཀྱི་སྡེ། གཉེན་པོའི་མཐའ་ལས་གྲོལ་བས་འདུས་མ་བྱས་སྟོང་པ་ཉིད་དུ་སྟོན་པ་ཀློང་གི་སྡེ། གཉིས་ཀའི་མཐའ་ལས་གྲོལ་བས་རང་གི་མཚན་ཉིད་སྟོང་པ་ཉིད་དུ་སྟོན་པ་མན་ངག་གི་སྡེ་སྟེ། འགག་རྣམ་པ་གསུམ་དུ་དྲིལ་ཤེས་ལ། དེ་ལྟ་ནའང་གཙོ་ཆེ་ཆུང་གི་སྨོས་པ་ལས་ངོ་བོའི་ཆ་ལ་སེམས་སྡེས་གསལ་བ་མ་སྤངས། ཀློང་སྡེས་སྟོང་པ་མ་སྤངས། མན་ངག་སྡེ་ལྷུན་གྲུབ་རང་གསལ་ཆེན་པོ་སྟེ། གྲུབ་མཐའི་འཆའ་ལུགས་འདི་ངོས་ཟིན་ན་སེམས་སྡེས་འཁོར་འདས་རྒྱས་འདེབས་པ་དང་། ཀློང་སྡེས་འཁོར་འདས་ངང་ལ་རྫོགས་པ་དང་། མན་ངག་སྡེས་ཡིན་ཚུལ་གནད་ཐོག་ཏུ་སྤྲོད་པ་གསུམ་གྱིས་དོན་གཏན་ལ་ཕེབས་པ་ཡིན་ཏེ། བརྗོད་བྱའི་སྒོ་ནས་སེམས་ཀྱི་སྡེ་ལ་རྗོད་བྱེད་ཀྱི་རྒྱུད་ཤླཽ་ཀ་འབུམ་ཕྲག་ཉི་ཤུ་རྩ་གཉིས་གསུངས་པ་རྣམས། ཆོས་ཉིད་ལ་བརྗོད་དུ་མེད་པའི་ཀློང་། ལྟ་བ་ལ་ཡིན་པ་མེད་པའི་ཀློང་། སྤྱོད་པ་ལ་མིན་པ་མེད་པའི་ཀློང་སྟེ་རྣམ་པ་གསུམ་དུ་བསྡུ་ལ། དེའང་བམ་པོ་སྟོང་ཕྲག་དྲུག་དང་སུམ་བརྒྱར་


JLAZ013_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཉིད། གནས་པ་གཞི་ཐོག་ཏུ་ཕེབས་པའི་འཕྱོང་དང་། སྣང་བ་རང་སར་གྲོལ་བའི་འཕྱོང་དང་། ངོ་མཉམ་ཐ་དད་མེད་པའི་འཕྱོང་དང་གསུམ་དུ་བསྡུ་སྟེ། ཆོས་ཉིད་ལ་འཕྱུགས་པ་མེད་པའི་གཟེར་བུ་ལྔ་བཅུ། ཡུལ་སེམས་ལ་ལྟ་བའི་གནད་ལྔ་བརྒྱ་དང་བཅུ་གཅིག །སྣང་སེམས་ཅིག་ཅར་དུ་ཤན་འབྱེད་པའི་གནད་ཁྲི་ཕྲག་གཉིས། ལྟ་བ་ཐོད་རྒལ་དུ་ལ་བཟླ་བ་ཁྲི་ཕྲག་ལྔ། སྒོམ་ཡོད་རྟོག་པ་གཅོད་པའི་གནད་སྟོང་ཕྲག་གཅིག་ཏུ་དབྱེ་བ་རྣམས་མིང་ཐོགས་ཀྱི་རྒྱུད་སྟོང་ཕྲག་གཅིག་དང་གསུམ་གྱི་གྲངས་སུ་བཞུགས་པ་ལ། སེམས་ཀྱི་ཕྱོགས་འཛིན་པ། སེམས་ཀྱི་གནད་འཛིན་པ། སེམས་ཀྱི་གདེངས་འཛིན་པ་གསུམ་དུ་འདུ་བ་ཡིན་ནོ། །དེ་བཞིན་དུ་ཀློང་གི་སྡེ་རྣམས་བསྡུ་ན་དགུར་འདུ་སྟེ། ལྟ་བ་ལ་འཕོ་འགྱུར་མེད་པའི་ཀློང་། སྒོམ་པ་ལ་ཡིན་མིན་མེད་པའི་ཀློང་། འབྲས་བུ་རེ་དོགས་མེད་པའི་ཀློང་། ངོ་བོ་ལ་གྲུབ་བསལ་མེད་པའི་ཀློང་། རང་བཞིན་ལ་འགག་པ་མེད་པའི་ཀློང་། མཚན་ཉིད་ལ་སྣང་སེམས་གྲོལ་བའི་ཀློང་། དབྱིངས་ལ་འཕོ་འགྱུར་མེད་པའི་ཀློང་། རོལ་པ་ལ་རང་ཤར་ཆེན་པོའི་ཀློང་། ལྷུན་མཉམ་ལ་ཡེ་གྲོལ་ཅོག་གཞག་གི་ཀློང་ངོ་། །དེ་དག་ཀྱང་བསྡུ་ན་གསུམ་དུ་འདུ་སྟེ་ལྷུན་གྲུབ་ཡངས་པ་ཆེན་པོའི་ཀློང་། རང་གསལ་བྱ་རྩོལ་མེད་པའི་ཀློང་། མ་བྱས་


JLAZ013_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་གྲུབ་པའི་ཀློང་སྟེ། དེ་དག་གི་ཚུལ་རྒྱས་པར་སྟོན་པའི་རྒྱུད་སྟོང་ཕྲག་གསུམ་གྱི་མིང་གིས་བསྡུས་པ་རྣམས་པ་ལ། ལེའུ་ཁྲི་ཕྲག་གཅིག་དང་ཆིག་སྟོང་། ཤླཽ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད་པ་རྣམས་ལ་བཟླ་བ་ཁྲི་ཕྲག་བརྒྱད་དུ་འདུས་ལ། དེའང་ཤན་འབྱེད་ཁྲི་ཕྲག་གཉིས་སུ་འདུས། དེའང་གགས་དགུ་བརྒྱར་འདུས་ཏེ་གནད་སྟོང་ཕྲག་གཉིས། གཟེར་བུ་ལྔ་བཅུ་དང་བཅས་པ་ཐམས་ཅད་བྱས་གྲོལ། བཞག་གྲོལ། ཅེར་གྲོལ་གྱི་ཕྱོགས་གསུམ་དུ་འདུས་པའོ། །སྙིང་པོའི་མཐར་ཐུག་རྫོགས་པ་ཆེན་པོ་མན་ངག་གི་སྡེ་སྐོར་ནི་ཕྱི་ནང་གསང་བ་བླ་མེད་བཞིའི་ངོ་བོར་གནས་པ་ལ། རྗོད་བྱེད་ཀྱི་རྒྱུད་མཚན་སོ་སོ་བ་ཁྲི་ཕྲག་གཉིས་དང་བཅུ་གཉིས། ལེའུ་སྟོང་ཕྲག་སུམ་ཅུ་རྩ་ལྔ། ཤླཽ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། གནད་སྟོང་ཕྲག་ལྔ། འཕྱོང་ཆེན་པོ་བརྒྱད། གཟེར་བུ་བརྒྱ་དང་བརྒྱད་ཅུ། གགས་སྟོང་ཕྲག་དགུ་བརྒྱ། ཤན་འབྱེད་ཁྲི་ཕྲག་བདུན་ལ་བཟླ་བ་འབུམ་ཕྲག་ཕྱེད་དང་གཉིས་ཏེ་བརྗོད་བྱ་ནམ་མཁའི་མཐའ་དང་མཉམ་པར་བཀའ་སྩལ་པ་ནི་མཐར་ཕྱིན་མན་ངག་གི་སྡེའོ། །དེ་ལྟར་མན་ངག་གི་སྡེ་གསུམ་པོའང་ཀློང་གསུམ་དུ་འདུས་ཏེ། རོལ་པ་འགག་པ་མེད་པའི་ཀློང་། བློ་ལ་མ་གྲོལ་བ་མེད་པའི་ཀློང་། ངོ་བོ་ལ་བཟང་ངན་མེད་པའི་ཀློང་ངོ་། །དེ་དག་ཀྱང་མན་ངག་གི་སྙིང་


JLAZ013_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གནད་བཀྲོལ་བ་དང་། འགགས་བསྡམས་པ་དང་། ངོ་སྤྲད་པ་དང་། མངོན་སུམ་རང་གནད་ལ་དབབ་པ་དང་བཞིར་འདུས་པ་ཡིན་ནོ། །ད་ནི་དེ་དག་ལས་བོད་དུ་འགྱུར་བའི་གྲགས་ཆེ་བ་ཆེ་ལོང་ཙམ་ཞིག་སྡེ་ཚན་གྱི་རྣམ་པས་སྨོས་ཏེ། དང་པོ་སེམས་སྡེའི་རྒྱུད་ལ་སེམས་མདོ་བཅོ་བརྒྱད་དུ་གྲགས་པའི་སྔ་འགྱུར་ལྔ་ནི། རིག་པའི་ཁུ་བྱུག །རྩལ་ཆེན་སྤྲུགས་པ། ཁྲུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན། མི་ནུབ་པའི་རྒྱལ་མཚན་ལྔ་པོ་བཻ་རོ་ཙཱ་ནས་བསྒྱུར་བའོ། །ཕྱི་འགྱུར་བཅུ་གསུམ་ནི། རྩེ་མོ་བྱུང་རྒྱལ། ནམ་མཁའི་རྒྱལ་པོ། བདེ་བ་འཕྲུལ་བཀོད། རྫོགས་པ་སྤྱི་ཆིངས། བྱང་ཆུབ་སེམས་ཏིག །བདེ་བ་རབ་འབྱམས། སྲོག་གི་འཁོར་ལོ། ཐིག་ལེ་དྲུག་པ། རྫོགས་པ་སྤྱི་སྤྱོད། ཡིད་བཞིན་ནོར་བུ། ཀུན་འདུས་རིག་པ། རྗེ་བཙན་དམ་པ། སྒོམ་པ་དོན་གྲུབ་སྟེ་བཅུ་གསུམ་པ་བི་མ་ལ་དང་། ཀུ་མཱ་ར། གཡུ་སྒྲ་གསུམ་གྱིས་བསྒྱུར་བས་སེམས་མདོ་བཅོ་བརྒྱད་དུ་གྲགས། དེ་དག་གི་སྟེང་དུ་བཻ་རོས་སྔར་བསྒྱུར་བའི་ཀུན་བྱེད་རྒྱལ་པོ། རྨད་བྱུང་། མདོ་བཅུ་གསུམ་པ་རྣམས་བསྡོམས་པས་སེམས་སྡེ་ཉེར་གཅིག་གོ། ། ལུང་བམ་པོ་བཅོ་བརྒྱད་རྣམས་མིང་གི་རྣམ་གྲངས་ལ་འདྲ་ཡང་། ལ་ལ་སྔ་ཕྱི་དང་སྒྱུར་བྱེད་མི་འདྲའོ། །ཀློང་སྡེའི་རྒྱུད་ལ། འཁོར་བ་དོང་སྤྲུགས་ རིན་ཆེན་གསང་བའི་རྒྱུད། བྱ་རྩོལ་མེད་པའི་རྒྱུད། ནམ་མཁའ་ཀློང་ཡངས་


JLAZ013_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་ལ་སོགས་པ་འབུམ་ཕྲག་གཅིག་གོ །མན་ངག་གི་རྒྱུད་ནི། པདྨ་ཀློང་གསལ། པདྨ་དབང་རྒྱལ། ཡིད་བཞིན་ཏོག་གི་རྒྱུད་ལ་སོགས་པ་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གཅིག །ཁྱད་པར་དུ་སངས་རྒྱས་མཉམ་སྦྱོར། ཐིག་ལེ་སྐོར་གྱི་སྙིང་པོའི་རྒྱུད་ལྔ་སྟོང་སུམ་བརྒྱ། སྒྲ་ཐལ་འགྱུར་ལ་སོགས་ཏེ་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན། ཁྲོས་མ་དང་བཅས་པ་བཅོ་བརྒྱད། གསང་བ་སྤྱོད་པས་བོན་གྱི་རྒྱུད་ལས་འཕྲོས་ཏེ་བྱོན་པ་རྣམས་སོ། །གསུམ་ཀའི་ཐུན་མོང་དུ་གྱུར་པ་རྫོགས་པ་ཆེན་པོ་སྤྱིའི་རྒྱུད་ནི། སེམས་ཉིད་བྱ་རྩོལ་ལས་འདས་པ་ནམ་མཁའ་ཆེའི་རྒྱུད་དང་། དེ་ཉིད་ཉམས་སུ་བླང་བ་ནམ་མཁའ་ཆེ་ཕྱི་མའི་རྒྱུད། དེ་ཉིད་ཡོངས་སུ་རྫོགས་པའི་འབྲས་བུ་ནམ་མཁའ་ཆེ་ཕྱི་མ་ཕྱི་མའི་རྒྱུད་ཡོངས་སུ་འགྲོ་བ། སེམས་ཉིད་འཕོ་འགྱུར་མེད་པ་ཆོས་ཉིད་རྒྱལ་པོའི་རྒྱུད། སེམས་ཉིད་ཐིག་ལེ་ཉག་གཅིག་ཏུ་སྟོན་པ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྒྱུད། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ཡེ་ཤེས་ཐིག་ལེའི་རྒྱུད། སེམས་ཉིད་ཐམས་ཅད་ཀྱི་རྩ་བར་བསྟན་པ་མན་ངག་ཕྲེང་བའི་རྒྱུད། སེམས་ཉིད་ཀུན་ཁྱབ་ཆེན་པོར་བསྟན་པ་གསང་བ་རྒྱལ་པོའི་རྒྱུད། སེམས་ཉིད་རང་རིག་ཏུ་བསྟན་པ་ཡེ་ཤེས་དམ་པའི་རྒྱུད། སེམས་ཉིད་ཀུན་ཏུ་བཟང་


JLAZ013_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རོལ་པར་སྟོན་པ་ནམ་མཁའ་དབྱིངས་རྣམ་དག་གི་རྒྱུད། སེམས་ཉིད་ཀུན་གྱི་སྙིང་པོ་སྟོན་པ་མན་ངག་སྙིང་པོའི་རྒྱུད། སེམས་ཉིད་རང་རིག་ཏུ་ཡིད་ཆེས་པ་སྙིང་པོ་གསང་བའི་རྒྱུད། སེམས་ཉིད་ཀུན་གྱི་རྩ་བ་ནམ་མཁའ་ཆེ་རྩ་བ་ཅན་གྱི་རྒྱུད། སེམས་ཉིད་གཅིག་ཏུ་འདུས་པ་ཉག་གཅིག་དགོངས་པའི་རྒྱུད། སེམས་ཉིད་ཇི་བཞིན་པར་གཞག་པ་བསམ་གཏན་ཆེན་པོའི་རྒྱུད། སེམས་ཉིད་རྒྱུན་ཆགས་སུ་གོམས་པ་བསམ་གཏན་རྒྱུན་ཆགས་ཀྱི་རྒྱུད། སེམས་ཉིད་ཐམས་ཅད་དུ་གསུངས་པ་སྒོ་མང་མདོའི་རྒྱུད། སེམས་ཉིད་དབང་དང་སྦྱར་བ་ནམ་མཁའ་ཆེ་དབང་གི་རྒྱུད། སེམས་ཉིད་སྒྲ་ཚིག་ལས་འདས་པ་ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད། སེམས་ཉིད་གདོད་མའི་གནས་སུ་བསྟན་པ་ནམ་མཁའ་ཆེ་གཞིའི་རྒྱུད། སེམས་ཉིད་འོད་གསལ་དུ་བསྟན་པ་རིན་ཆེན་འབར་བའི་རྒྱུད། སེམས་ཉིད་ཡོན་ཏན་ལྷུན་གྲུབ་ཏུ་བསྟན་པ་རིན་ཆེན་ཕྲེང་བའི་རྒྱུད། སེམས་ཉིད་ཁམས་གསུམ་ལ་གསལ་བ་ཁམས་གསུམ་སྒྲོན་མའི་རྒྱུད། སེམས་ཉིད་སྤང་བླང་ལས་འདས་པར་སྟོན་པ་ངེས་པ་སྙིང་པོའི་རྒྱུད། སེམས་ཉིད་འཕོ་འགྱུར་མེད་པར་སྟོན་པ་རྡོ་རྗེ་གསང་བའི་རྒྱུད། སེམས་ཉིད་ཡེ་ནས་སངས་རྒྱས་པར་སྟོན་པ་ཡེ་སངས་རྒྱས་པའི་རྒྱུད་སྡེ་ཉི་ཤུ་རྩ་ལྔ་དང་། ལུང་བམ་པོ་བཅོ་བརྒྱད་ལ། ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་


JLAZ013_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་ཁུ་བྱུག ། རྩོལ་སྒྲུབ་ཟིལ་གྱིས་གནོན་པ་རྩལ་ཆེན་སྤྲུགས་པ། སེམས་ཉིད་དབྱིངས་སུ་རྫོགས་པ་ཁྱུང་ཆེན་རྫོགས་པ། ཆོས་ཉིད་ཡེ་གནས་ཀྱི་སྒོམ་པ་རྡོ་ལ་གསེར་ཞུན། སེམས་ཉིད་ལྷུན་གྲུབ་ཀྱི་ལྟ་བ་མི་ནུབ་རྒྱལ་མཚན། སེམས་ཉིད་ཡེ་ནས་སྟོང་པ་རྨད་བྱུང་རྒྱལ་པོ། སེམས་ཉིད་ཆོས་སྐུར་བསྟན་པ་ཡེ་ཤེས་དམ་པ། སེམས་ཉིད་ཐིག་ལེར་བསྟན་པ་ཡང་ཏིག་རྒྱལ་པོ། སེམས་ཉིད་སྐྱེ་ཤི་མེད་པར་སྟོན་པ་སྲོག་གི་འཁོར་ལོ། སེམས་ཉིད་འདོད་དགུ་འབྱུང་བར་སྟོན་པ་ཡིད་བཞིན་ནོར་བུ། སེམས་ཉིད་མཉམ་རྫོགས་ཆེན་པོར་སྟོན་པ་ཐིག་ལེ་ཀུན་འདུས། སེམས་ཉིད་ཐེག་པ་ཀུན་རྫོགས་སུ་སྟོན་པ་ནམ་མཁའ་ཆེ་རྒྱལ་པོ། སེམས་ཉིད་ཀུན་གྱི་ཡང་རྩེར་སྟོན་པ་རྩེ་མོ་བྱུང་རྒྱལ། སེམས་ཉིད་ཡེ་བདེ་སྤྲོས་བྲལ་དུ་སྟོན་པ་བདེ་བ་རབ་འབྱམས། སེམས་ཉིད་ཉོན་མོངས་མེད་ཅིང་ཟག་མེད་དུ་སྟོན་པ་བདེ་བ་ཕྲ་བཀོད། སེམས་ཉིད་འཁོར་འདས་ཀྱི་གཞི་འདུས་པར་བསྟན་པ་གཏེར་ཆེན་ཡོངས་རྫོགས། སེམས་ཉིད་ཐེག་པ་ཀུན་གྱི་སྤྱི་ཆིངས་སུ་བསྟན་པ་ལྷུན་རྫོགས་སྤྱི་ཆིངས། སེམས་ཉིད་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་སྟོན་པ། ནམ་མཁའ་མཐའ་དབུས་ཀྱི་རྒྱུད་རྣམས་སོ། །དེ་ཙམ་ནི་རྒྱུད་ཀྱི་སྡེ་ཚན་ངོས་ཟིན་པའི་སླད་དུ་སྟེ། རང་བཞིན་དུ་ན་དེ་བཞིན་གཤེགས་པའི་གསུང་


JLAZ013_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྣམ་པ་ཐམས་ཅད་པ་ཟབ་ཅིང་གཏིང་དཔག་དཀའ་བ་ཡིན་པས་ཐོགས་པ་མེད་པའི་བློ་གྲོས་དང་སྐལ་བ་མཆོག་ཏུ་གྱུར་པ་རྣམས་ཀྱི་ཚིག་དང་དོན་གྱི་འབྲེལ་བཀོད་ནས་སྡེ་ཚན་དེ་དང་དེར་སྣང་བའོ། །ཡན་མན་གཉིས་ཀར་རྟོགས་པའམ། དཔལ་བསམ་ཡས་པས། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སྙིང་ཐིག་གི་ལུགས་སུ་བཀྲལ་བ་བཞིན་གཞུང་དོན་རྒྱ་ཆེན་པོ་ཡང་མན་ངག་འབའ་ཞིག་ཏུ་འཆར་ཞིང་། མན་ངག་ཟབ་མོའང་གཞུང་ལུགས་ཀྱི་ས་བོན་དུ་འཆར་བའང་ཡོད་དེ། སྐྱེས་བུའི་བློ་སྟོབས་ཀྱི་ཁྱད་པར་དང་། སངས་རྒྱས་རྣམས་ཀྱི་གསུང་གི་གསང་བ་བླ་ན་མེད་པའི་ཡོན་ཏན་ཡིན་པར་བལྟའོ། ། དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་པ་རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་མཐའ་གྲུར་ཁྱབ་པའི་རྒྱན་ཞེས་བྱ་བ་ལས། མཚན་ཉིད་ངེས་པའི་སླད་དུ། བསྟན་བྱ་དམ་པའི་ཆོས་ཀྱི་རྣམ་པ་སྤྱི་དང་བྱེ་བྲག་པ་མདོ་ཙམ་སྨོས་པའི་རབ་ཏུ་བྱེད་པ་སྟེ་སྐབས་དྲུག་པའོ།། །།

བྱ་བ་ལས་ཀྱི་འཁོར་ལོས་ཞབས་ཏོག་ཇི་ལྟར་བྱས་པ།


JLAZ013_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་བདུན་པ། བསྟན་པ་གནས་པའི་ཆེད་དུ་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་ཡི་གེའི་སྲོག་ཏུ་ཇི་ལྟར་བཙའ་བར་བྱས་པའི་གཏམ་བརྗོད་པ་ལ་གཉིས། གང་ལས་འབྱུང་བ་རིག་པའི་ཡོན་ཏན་ལ་ལྟོས་པའི་རྣམ་པར་གཞག་པ་དང་།


JLAZ013_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོར་གྱུར་པའི་རྐྱེན་གང་ལས་བྱ་བ་ལས་ཀྱི་འཁོར་ལོ་ཇི་ལྟར་འདུ་བྱས་པའོ། །དང་པོ་ནི། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་པའི་དམ་པ་ཐམས་ཅད་མཁྱེན་པ་ག་ལ་ཐོབ། །ཅེས་པ་ལྟར། རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་ལ་སྦྱོར་བ་ལྷག་པར་འཇུག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་བྱ་བའི་གནས་དམ་པར་གྱུར་པ་ནི། རིག་པའི་གནས་ཆེན་པོ་རྣམ་པ་ལྔའམ། བཅུར་གྲགས་པ་ཡིན་ཏེ། འདི་ལྟར་ནང་རིག་པ་དང་། རྒྱུ་རིག་པ་དང་། སྒྲ་རིག་པ་དང་། གསོ་བ་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པའོ། །དེའི་ངོས་འཛིན་ནི་རྒྱན་གྱི་འགྲེལ་པར། དེ་ལ་དེ་བཞིན་གཤེཊ་པའི་གསུང་རབ་ཡན་ལག་བཅུ་གཉིས་ལ་མཁས་པ་ནི་ནང་རིག་པ་ཞེས་བྱའོ། །མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་ཟིན་པའི་ཏརྐའི་གཞུང་ལ་མཁས་པ་ནི་རྒྱུ་རིག་པ་ཞེས་བྱའོ། །སྒྲའི་གཙུག་ལག་བྱཱ་ཀ་ར་ལ་མཁས་པ་ནི་སྒྲ་རིག་པ་ཞེས་བྱའོ། །རླུང་དང་བད་ཀན་ལ་སོགས་པ་ནད་གསོ་བའི་གཙུག་ལག་ལ་མཁས་པ་ནི་གསོ་བ་རིག་པ་ཞེས་བྱའོ། །གླུ་དང་གར་དང་སྤོས་ལ་སོགས་པའི་གཙུག་ལག་ལ་མཁས་པ་ནི་བཟོའི་ལས་ཀྱི་གནས་རིག་པ་ཞེས་བྱའོ། །ཞེས་བཤད་པའི་ཁོང་དུ་རིག་པའི་


JLAZ013_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཆུང་བ་ལྔ་དང་། མདོ་ལས་རིག་པའི་གནས་བཅོ་བརྒྱད་དུ་གསུངས་པའང་འདུ་བ་ཡིན་ནོ། །དེ་ལ་ནང་རིག་པ་ནི། བདག་ཉིད་འཕགས་པའི་ལམ་གྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་གང་ཡིན་པ་ཕྱིན་ཅི་མ་ལོག་པར་ཤེས་པར་བྱེད་དོ། །རྒྱུ་རིག་པ་དང་། སྒྲ་རིག་པས་ནི་གཙུག་ལག་དེ་གཉིས་ཤེས་པར་རློམ་པའི་མུ་སྟེགས་བྱེད་དག་ཚར་གཅོད་པར་བྱེད་དོ། །གསོ་བ་རིག་པས་ནི་ནད་ཀྱིས་བཏབ་པའི་འགྲོ་བ་གང་ཞིག་བདེ་བར་གནས་པའི་ས་ལ་དབུགས་འབྱིན་སྟེར་བར་བྱེད་དོ། །བཟོའི་ལས་ཀྱི་གནས་རིག་པས་ནི་ལོངས་སྤྱོད་འདོད་པ་རྣམས་ནི་རྗེས་སུ་བཟུང་ཞིང་ཕན་གདགས་པར་བྱེད་དོ། །རང་བཞིན་བྱེ་བྲག་ཏུ་བཤད་ན། སྔ་མའི་འཕྲོར། དེ་བས་གཞན་རྣམས་ཚར་བཅད་རྗེས་སུ་བཟུང་ཕྱིར་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་ཕས་ཀྱི་རྒོལ་བ་ངན་པ་ཚར་གཅོད་པའི་གཙུག་ལག་གཉིས། གཞན་རྗེས་སུ་བཟུང་བའི་གཙུག་ལག་གཉིས། རང་ཉིད་ཀྱིས་ཀུན་ཏུ་ཤེས་པར་བྱ་བའི་གཙུག་ལག་གཅིག་སྟེ་ལྔ་ལས། འདིར་བར་པ་གཉིས་ཀྱི་སྡེ་ཚན་བཟོ་རིག་པའི་བྱེ་བྲག་གི་ཡོན་ཏན་སྐབས་བཙལ་ནས་བཤད་པར་འོས་ཏེ། འདི་ལྟར་གནས་སྐབས་སུ་བསྟན་པ་དང་སེམས་ཅན་གྱི་ཕན་བདེའི་རྩ་ལག་ཆེན་པོར་འགྱུར་ཞིང་། བརྒྱུད་ནས་རྣམ་པ་ཐམས་ཅད་མཁྱེན་པའི་


JLAZ013_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་སྐུ། མཚན་དང་དཔེ་བྱད་ཀྱི་བདག་ཉིད་དམ་པའི་གོ་འཕང་གི་རྒྱུར་འགྲོ་ལ། སྐབས་དེ་དང་དེར་ཡང་རིག་པ་དེའི་སྒྱུ་རྩལ་ལ་བྱང་ཆུབ་པས་མཁས་པའི་གོ་ས་ལ་དབང་བ་དང་། ཤ་ཐང་བ་མེད་པའི་ལོངས་སྤྱོད་ཀྱི་འབྱོར་པ་དང་། འཇིག་རྟེན་ལ་མདུན་འཇོག་གྱ་ནོམ་པའི་ཡུལ་དུ་བསྔགས་པ་དང་། ལོངས་སྤྱོད་ཀྱི་སྒོ་ནས་གཞན་ལ་ཕན་གདགས་པར་བྱ་བ་དང་། དེ་ཉིད་མངོན་དུ་གྱུར་ནས་དེ་བཞིན་གཤེགས་པའི་གཟུགས་དང་གཟུགས་བརྙན་ནས་སྤྲུལ་པ་ཐ་མ་པའི་བར་གྱི་རྣམ་པས་འགྲོ་བ་རྒྱ་མཚོའི་ཉེར་འཚོར་འགྱུར་བའི་དགོས་པ་དང་བཅས་པས་ཡིད་དྲངས་ཏེ་ཚུལ་འདི་ལ་འཇུག་པར་བྱ་སྟེ། དེ་སྐད་དུ་རྒྱན་གྱི་འགྲེལ་པ་ལས། བཟོའི་གནས་ཀྱི་རིག་པ་བྱང་ཆུབ་སེམས་དཔའ་འཚོལ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཚེགས་ཆུང་ངུས་ཤ་ཐང་བ་མེད་པར་ལོངས་སྤྱོད་བསྒྲུབ་པར་བྱ་བ་དང་། ལོངས་སྤྱོད་དང་ལྡན་ཞིང་བཟོའི་གནས་ལ་མཁས་པས་འཇིག་རྟེན་པ་རྣམས་ཀྱིས་བཀུར་བར་བྱ་བ་དང་། ལོངས་སྤྱོད་ཀྱི་སྒོ་ནས་འཇིག་རྟེན་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར་འཚོལ་བར་བྱེད་དོ་ཞེས་དང་། བསོད་ནམས་ཀྱི་སྟོབས་ཀྱི་རྟོགས་པ་བརྗོད་པ་ལས། དེ་བས་ན་བཟོ་འབའ་ཞིག་མི་རྣམས་ཀྱིས་ཉམས་སུ་སྨན་པ་ཡིན་ཏེ། བཟོ་བོ་ནི་རིགས་དམན་པར་སྐྱེས་སུ་ཟིན་ཡང་རྒྱལ་པོ་རྣམས་དང་།


JLAZ013_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོ་རྣམས་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་གདོན་མི་ཟ་བར་བཀུར་ཏོ། །སྣ་ཚོགས་ལས་ཅན་ལྷ་རྣམས་དང་། །མི་རྣམས་ཀྱིས་ཀྱང་ལེགས་པར་བཀུར། །དེ་བཞིན་མ་རབས་བཟོ་ཡི་ཕྱིར། །མི་དང་ལྷ་རྣམས་ཀྱིས་ཀྱང་བཀུར། །ཞེས་ལྷའི་བཟོ་བོ་བི་ཤྭ་ཀརྨ་ལྷའི་དབང་པོ་ལ་སོགས་པ་འཇིག་རྟེན་ན་ཆེ་བར་རློམ་པ་དག་གིས་ཀྱང་བཀུར་ཞིང་། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། ཨཱརྱ་པཱ་ལོའི་གླིང་དུ་སྤྲུལ་པའི་བཟོ་བོ་ལ་བྱ་དགའི་སྟ་གོན་རྒྱ་ཆེན་པོ་བཤམས་པ་ལྟ་བུ་སྟེ། རིག་པ་དེས་འཇིག་རྟེན་ན་ཕན་པ་རྒྱ་ཆེན་པོ་གྲུབ་པའི་ཕྱིར་རྒྱལ་སྲས་རྣམས་ཀྱིས་བསླབ་པར་བྱ་བའི་གནས་སུའང་བསྟན་པ་ཡིན་ནོ། །འདི་ལ་དབྱེ་ན་གཙོ་བོ་དང་། ཕལ་པ་གཉིས་ལས། དང་པོ་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་མོ། ། དང་པོ་སྐུ་གཟུགས་ལའང་དེ་བཞིན་གཤེགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པའི་ཚད་བཤད་པ་དང་། དེའི་རྣམ་པ་བཤད་པའོ། །དང་པོ་ཚད་ནི། དུས་ཀྱི་འཁོར་ལོ་དང་། སྡོམ་འབྱུང་དང་། བསླབ་བཏུས་ལ་སོགས་པ་མདོ་རྒྱུད་བསྟན་བཅོས་དུ་མ་ལས། རྒྱལ་བའི་སྐུ་གཟུགས་ཐལ་མོ་བཅུ་པ་དང་། །རྒྱལ་སྲས་རྣམས་ཀྱི་མཐོ་བཅུ་ཞན་པ་དང་། ། རྒྱལ་ཡུམ་སོགས་ཀྱི་ཞལ་ཚད་དགུ་པ་དང་། །བདེ་གཤེགས་ཁྲོས་པ་རྣམས་གདོང་


JLAZ013_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་དང་། །མིའུ་ཐུང་གི་ལུས་ཚད་མཐོ་དྲུག་པ་ལ་སོགས་པའོ། །དེ་དག་ཀྱང་ཆུ་ཞེང་གབ་པའི་སླད་དུ་བཟོ་བོའི་བློ་གྲོས་ལ་ཚད་ཀྱི་མཐུ་བྱིན་པ་ཡིན་ཏེ། དེ་ལས་གཞན་དུ་སྤྲུལ་པའི་བཟོ་བོས་བྱས་པ་སོགས་ལ་ངེས་པ་དེ་ལྟར་ཁོ་ན་གནས་པའི་ཤེས་བྱེད་མེད་དེ། ཆ་ཚད་ནི་བཟོ་ཉེས་འགོག་པའི་སླད་དུ་གསུངས་པའི་ཕྱིར་རོ། །གཉིས་པ་རྣམ་པ་ནི། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་དང་། ཁྲོ་བོར་གྱུར་པ་རྣམས་ལ། ཧེ་རུ་ཀ་གལ་པོར། སྒེག་པ་དཔའ་བ་འཇིགས་སུ་རུང་། །ཞེས་སྐུའི་རྣམ་འགྱུར་གསུམ་བཤད་པ་ལ་སོགས་པས་མཚོན་ནོ། །གཉིས་པ་གསུང་གི་རྟེན་ནི། ལུང་གི་ཆོས་ཀྱི་ཕུང་པོ་སྟེ། དེ་ལའང་ཆོས་ཀྱི་ཕུང་པོའི་ཚད་དང་། དེ་ཉིད་གང་ལས་གྲུབ་པའི་རྒྱུ་བསྟན་པའོ། །དང་པོ་ནི། གསུང་སྒྲ་ཚིག་རང་མཚན་པ་ལས་འདས་པ་གདུལ་བྱའི་བློ་ལ་བྱིན་རླབས་ཀྱི་ཚིག་ཏུ་སྣང་བ་ལ་མུ་དང་མཐའ་ཡོད་པར་མི་འཚལ་ཏེ། གདུལ་བྱ་སོ་སོའི་དབང་པོའི་རིམ་པ་དང་འཚམས་པར་བཟུང་བའི་འདོད་པ་ཐ་དད་པར་ཡོད་དེ། འདི་ལྟར་ཁ་ཆེ་ཡེ་ཤེས་རྡོ་རྗེ་ལ་སོགས་པས་ཤླཽ་ཀ་སྟོང་ཕྲག་གཅིག་ལ་ཆོས་ཀྱི་ཕུང་པོར་བྱེད་དེ།


JLAZ013_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྡེ་ལས། གནས་བརྟན་ཀུན་དགའ་བོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གང་དང་གང་བཟུང་བ་རྣམས་ནི། སྡེ་སྣོད་གསུམ་པོ་འདི་དག་ཡིན་ཏེ། ཆོས་ཀྱི་ཕུང་པོ་གཅིག་གི་ཚད་ཇི་ཙམ་ཡིན་ཞེ་ན། གྲངས་བརྒྱ་ཕྲག་བཅུ་ནི་ཆོས་ཀྱི་ཕུང་པོ་གཅིག་སྟེ་ཞེས་འདོད་ལ། མངོན་པ་སྡེ་བདུན་གྱི་ཡ་གྱལ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཤཱ་རིའི་བུས་བསྡུས་པར་འདོད་པའི་གཞུང་གང་ལ་ཤླཽ་ཀ་སྟོང་ཕྲག་དྲུག་ཏུ་ལོངས་པ་དེ་ཉིད་ཆོས་ཀྱི་ཕུང་པོའི་ཚད་དུ་བྱས་པ་དང་། དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས། དེ་ལ་ཆོས་ཕུང་གཅིག་གི་ཚད་ཇི་ཙམ་ཞེ་ན། དེ་གཅིག་ལ་ཚིག་ལེའུར་བྱས་པ་སྟོང་ཉིད་དོ། །ཚིགས་སུ་བཅད་པ་རེ་རེ་ལའང་ཡིག་འབྲུ་སུམ་ཅུ་རྩ་གཉིས་ཉིད་དོ། །ཞེས་འདོད་པ་དང་། ནཱ་ག་བྷོ་དྷི་ལ་སོགས་པ་ནི། ཆོས་གང་ཞིག་གི་མིང་ཚིག་ལྷའི་གོས་ལྟར་སྲབ་པའི་གྲོ་གའམ་ཏ་ལ་ལར། སྐྲའི་རྩེ་མོའི་ཆ་ཤས་ཀྱི་མཐའ་རྒྱགས་མེད་པར་བྲིས་པ་གླང་པོ་ཆེ་དར་མའི་ཁུར་དུ་བཟོད་པའམ། ཐེག་པ་ཆེན་པོ་ཁ་ཅིག་གི་འདོད་པས་གླང་པོ་ཆེ་རབ་བརྟན་ཞེས་བྱ་བ་མཐའ་སྐོར་ལ་དཔག་ཚད་བདུན་ཡོད་པའི་ལུས་ཚད་ཀྱི་ཁུར་དུ་བཀལ་བར་འོས་པའི་བར་སྣག་ཚས་བྲིས་པ་དེ་ཙམ་ལ་ཆོས་ཀྱི་ཕུང་པོར་འདོད་པ་སོགས་ཡོད་དེ། མཛོད་ལས། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་


JLAZ013_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་རེའང་ཡིན། །ཞེས་པས། དེ་དག་ཀྱང་ཉོན་མོངས་པ་རེ་རེའི་གཉེན་པོར་རེ་རེ་སྟོན་པ་ལ་མང་ཉུང་གི་དབང་གིས་བཞག་པའི་ཚད་ཡིན་གྱིས། གྲངས་དེར་འཆད་པའི་ཚད་མ་ཡིན་པས། གཉེན་པོར་རྫོགས་པའི་དབང་གིས་བཞག་པ་ཉིད་ལེགས་པར་བཟུང་གིས། སྔ་མའི་འཕྲོར། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་པས་སོ། །རྒྱུད་སྡེའི་ཚད་ནི། རྟོག་པའི་རྒྱུད་དང་། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། གཉིས་ཀའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་རྣམས་ཀྱི་མིང་ལ་རིམ་པ་བཞིན་དུ་སྟོང་ཕྲག་བཞི་དང་། བཞི་དང་། བརྒྱད་དང་། དྲུག་དང་། སྟོང་ཕྲག་བཅུ་གཉིས་རྣམས་ཏེ་སུམ་ཁྲི་བཞི་སྟོང་དུ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་བཤད་ཅིང་རྣལ་འབྱོར་མའི་རྒྱུད་ཀྱི་གྲངས་ནི་དེར་མ་གསུངས་སོ། །ཡང་སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲངས། །དེ་བཞིན་ཕ་རོལ་ཕྱིན་པའི་གྲངས། །ས་ཡ་དང་ནི་དུང་ཕྱུར་ལྔ། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །ཞེས་ཚིགས་སུ་བཅད་པའི་ངེས་བརྗོད་ཙམ་མ་ཡིན་པར་མདོ་རྒྱུད་ཐ་དད་པའི་མིང་གི་རྣམ་གྲངས་ཁོ་ན་ཡིན་པས་བསམ་གྱིས་མི་ཁྱབ་བོ། །དེ་ལྟ་བུའི་ལུང་


JLAZ013_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆོས་དེ་དག་མིང་དང་ཚིག་ཏུ་ཚོགས་ནས་གླེགས་བམ་དུ་བྱས་པ་ལ་ལེགས་པར་སྦྱར་བའི་སྐད་དུ་པུ་སྟི་ཀ་ཞེས་བྱ་ལ། རྒྱུད་ཀྱི་དབང་དུ་བྱས་ན་འོག་མིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་རྗོད་བྱེད་སྒྲའི་རྒྱུད་མཚན་ཉིད་པ་གང་། འདིར་བློ་ལ་གནས་པའི་འབྲས་བུའམ། དེ་ཉིད་རྒྱུད་ལ་བསྐྱེད་པའི་གྲོགས་སུ་དེ་བཞིན་གཤེགས་པས་ལེགས་པར་གསུངས་པ་ནས་བརྩམས་ཏེ་གླེགས་བམ་དུ་བྲིས་པའི་བར་ནི་མཚན་རྟགས་ཀྱི་སྒྲ་རྒྱུད་ཉིད་དུ་བཟུང་སྟེ། གཞན་དུ་མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་སམ་འདུ་བྱེད་དག་ཏུ་འདུས། །ཞེས་བཤད་དོ། །གཉིས་པ་དེ་ཉིད་གང་ལ་བརྟེན་ནས་གྲུབ་པའི་རྒྱུ་ནི་ཡི་གེ་སྟེ། དེ་ལ་ཡི་གེའི་ངོ་བོ་དང་། ངེས་ཚིག་དང་། དབྱིབས་སམ་རྣམ་པ་གསུམ་ལས། དང་པོ་ནི་སློབ་དཔོན་ཙནྡྲ་གོ་མིས་ཡི་གེའི་མདོར། གནས་དང་། བྱེད་པ་དང་། རྩོལ་བ་རྣམས་ལས་ཡི་གེ་རྣམས་སྐྱེའོ། །ཞེས་པ་ལྟར། ཡིད་ལས་བརྗོད་པར་འདོད་པའི་རླུང་གཡོས་པས་དེའི་སྐྱེ་བའི་གནས་དང་བྱེད་པ་ལྷན་ཅིག་ཏུ་འཕྲད་པ་ལས་ཡི་གེ་གདངས་འགའ་ཞིག་འབྱུང་སྟེ། རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པ་སྒྲ་སྐྱེའོ། །ཞེས་སོ། །གཉིས་


JLAZ013_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ལེགས་པར་སྦྱར་བའི་སྐད་དུ་ཨ་ཀྵ་ར་ཞེས་འབྱུང་བ་ནི་མི་འགྱུར་བའི་དོན་ཏེ་ཡུལ་གྱི་བྱེ་བྲག་ཐ་དད་པར་གྱུར་ཀྱང་དབྱངས་དང་གསལ་བྱེད་རྣམས་ནི་དེ་ལས་གཞན་དུ་མི་འགྱུར་རོ། །ཡང་བྱཉྫ་ན་ཞེས་པ་ནི་གསལ་བྱེད་དེ། ཡི་གེ་འདུས་ནས་བརྗོད་བྱའི་དོན་གང་ཡིན་པ་དེ་གསལ་བར་བྱེད་པས་སོ། །གསུམ་པ་ནི། རྒྱ་ཆེར་རོལ་པ་ལས། ཚངས་པའི་ཡི་གེ་དང་། ཨ་རོཥྚའི་ཡི་གེ་དང་། པདྨ་སྙིང་པོའི་ཡི་གེ་དང་། ཨངྒའི་ཡི་གེ་དང་། མངྒའི་ཡི་གེ་དང་། ཡུལ་མ་ག་དྷཱའི་ཡི་གེ་དང་། བཀྲ་ཤིས་པའི་ཡི་གེ་དང་། སོར་མོ་བའི་ཡི་གེ་དང་། ཤ་ཀ་ནའི་ཡི་གེ་དང་། ཡ་བ་ནའི་ཡི་གེ་དང་། བག་ལེ་བའི་ཡི་གེ་དང་། པ་རུ་ཤའི་ཡི་གེ་དང་། འགྲོ་ལྡིང་བའི་ཡི་གེ་དང་། ཀིར་ཏའི་ཡི་གེ་དང་། ལྷོ་ཕྱོགས་པའི་ཡི་གེ་དང་། དྲག་ཤུལ་ཅན་གྱི་ཡི་གེ་དང་། གྲངས་ཀྱི་ཡི་གེ་དང་། སྤྱིའུ་ཚུགས་པའི་ཡི་གེ་དང་། རྗེས་སུ་མཐུན་པའི་ཡི་གེ་དང་། བྲུ་ཤའི་ཡི་གེ་དང་། ཀ་ཤའི་ཡི་གེ་དང་། རྒྱའི་ཡི་གེ་དང་། ཕུ་ནའི་ཡི་གེ་དང་། ཧུ་ནའི་ཡི་གེ་དང་། ཡི་གེ་འབྲིང་དང་། རྒྱས་པར་བྲིས་པའི་ཡི་གེ་དང་། རྒྱལ་གྱི་ཡི་གེ་དང་། ལྷའི་ཡི་གེ་དང་། ཀླུའི་ཡི་གེ་དང་། གནོད་སྦྱིན་གྱི་ཡི་གེ་དང་། དྲི་ཟའི་ཡི་གེ་དང་། མིའམ་ཅིའི་ཡི་གེ་དང་། ལྟོ་འཕྱེ་ཆེན་པོའི་ཡི་གེ་དང་། ལྷ་མ་ཡིན་གྱི་ཡི་གེ་དང་། ནམ་མཁའ་


JLAZ013_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིང་གི་ཡི་གེ་དང་། རི་དྭགས་ཀྱི་འཁོར་ལོའི་བའི་ཡི་གེ་དང་། ཁྭ་སྐད་ཤེས་པའི་ཡི་གེ་དང་། ས་བླའི་ལྷའི་ཡི་གེ་དང་། བར་སྣང་གི་ལྷའི་ཡི་གེ་དང་། ནུབ་ཀྱི་བ་གླང་སྤྱོད་ཀྱི་ཡི་གེ་དང་། བྱང་གི་སྒྲ་མི་སྙན་གྱི་ཡི་གེ་དང་། ཤར་གྱི་ལུས་འཕགས་པོའི་ཡི་གེ་དང་། གདེག་པའི་ཡི་གེ་དང་། གཞག་པའི་ཡི་གེ་དང་། བསྣན་པའི་ཡི་གེ་དང་། རྒྱ་མཚོའི་ཡི་གེ་དང་། རྡོ་རྗེའི་ཡི་གེ་དང་། སྤྲིང་ཡིག་དང་། ལན་གྱི་ཡི་གེ་དང་། རྣམ་འཐོར་གྱི་ཡི་གེ་དང་། རིངས་མེད་ཀྱི་ཡི་གེ་དང་། བསྟན་བཅོས་བསྐོར་བའི་ཡི་གེ་དང་། རྩིས་བསྐོར་བའི་ཡི་གེ་དང་། གདེག་པ་བསྐོར་བའི་ཡི་གེ་དང་། གཞག་པ་བསྐོར་བའི་ཡི་གེ་དང་། རྐང་པས་བྲིས་པའི་ཡི་གེ་དང་། ཚིག་ལན་གཉིས་སུ་གདབ་པའི་ཚིག་གི་མཚམས་ཀྱི་ཡི་གེ་དང་། ཚིག་གི་མཚམས་བཅུར་བརྒྱུད་པའི་ཡི་གེ་དང་། བླ་ཐབས་སུ་བསྣན་པའི་ཡི་གེ་དང་། སྒྲ་ཐམས་ཅད་ཀུན་ཏུ་སྡུད་པའི་ཡི་གེ་དང་། རིག་པ་དང་མཐུན་པའི་ཡི་གེ་དང་། རྣམ་པར་འདྲེས་པའི་ཡི་གེ་དང་། དྲང་སྲོང་གི་དཀའ་ཐུབ་སྤྱོད་པའི་ཡི་གེ་དང་། ལྷའི་ངེས་པའི་ཡི་གེ་དང་། ས་བལྟ་བའི་ཡི་གེ་དང་། ནམ་མཁའ་བལྟ་བའི་ཡི་གེ་དང་། སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པའི་ཡི་གེ་དང་། སྙིང་པོ་ཐམས་ཅད་ཀུན་ཏུ་སྡུད་པའི་ཡི་གེ་དང་། འབྱུང་པོ་ཐམས་ཅད་ཀྱི་སྒྲ་སྡུད་པའི་ཡི་གེ་སྟེ། ཞེས་ཡི་


JLAZ013_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་རིགས་ཀྱི་བྱེ་བྲག་དྲུག་ཅུ་རྩ་བཞིའོ། །བརྗོད་པ་ནི་འགྲེལ་ཆེན་དྲི་མ་མེད་པའི་འོད་མདོར་བསྡུས་བཞི་པ་ལས། སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ་དེ་བཞིན་གཤེགས་པའི་ངེས་པས་སྡེ་སྣོད་གསུམ་མ་ག་དྷཱའི་སྐད་ཀྱིས་བྲིས་སོ། །མདོ་སྡེ་ནི་སིན་དྷཱའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་། སྔགས་ཀྱི་ཚུལ་ནི་ལེགས་པར་སྦྱར་བའི་སྐད་ཀྱིས་སོ། །རྒྱུད་དང་རྒྱུད་གཞན་དག་ནི་ལེགས་པར་སྦྱར་བའི་སྐད་དང་། ཐ་མལ་བའི་སྐད་དང་། ཟུར་ཆག་གི་སྐད་དང་། ལེགས་པར་སྦྱར་བ་མ་ཡིན་པར་རི་ཁྲོད་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་ཏེ། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་རྣམས་སྡུད་པར་བྱེད་པ་པོ་དག་གིས་བྲིས་སོ། །དེ་བཞིན་དུ་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། རྒྱ་ནག་ཏུ་རྒྱ་ནག་གི་སྐད་ཀྱིས་སོ། །རྒྱ་ནག་ཆེན་པོར་རྒྱ་ནག་ཆེན་པོའི་སྐད་ཀྱིས་སོ། །པར་སི་ཀའི་ཡུལ་དུ་པར་སི་ཀའི་སྐད་ཀྱིས་སོ། །ཆུ་བོ་སི་ཏའི་བྱང་དུ་ཙམ་པ་ཀའི་ཡུལ་གྱི་སྐད་དང་། སྤྲེའུའི་ཡུལ་གྱི་སྐད་དང་། གསེར་ཞེས་བྱ་བའི་ཡུལ་གྱི་སྐད་ཀྱིས་སོ། །ཞེས་བཤད་དོ། །དོན་འདིས་གསང་བ་སྔགས་ཀྱི་གཞུང་ལ་ལེགས་སྦྱར་གྱི་སྐད་ཁོ་ནས་གཏན་ཚིགས་དང་། ངེས་པར་འཆོལ་བའི་རྣམ་ཤེས་ཕྱོགས་གཅིག་པ་བ་རྣམས་ཀྱི་འདོད་པའང་གཞན་དུ་བྱས་སོ། །


JLAZ013_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཞུང་འདིས་རྟོག་དཔྱོད་ཅན་དག་ལ་ཡིད་གཉིས་མང་པོ་བྱིན་ནས། བོད་ཀྱི་ཡུལ་དུ་བསྟན་པ་མེད་ཀྱི་གོང་ནས་བསྡུ་བ་བྱས་པའི་གཏན་ཚིགས་རྗེས་སུ་དཔག་སྟེ། གང་དུ་བསྡུ་བ་བྱེད་པའི་དུས་ཙམ་ནས་བོད་ལ་ཡི་གེ་ཡོད་པར་དོགས་པ་དང་ཡང་སྡུད་པ་པོ་རྣམས་ཀྱིས་ཐེག་པ་གསུམ་བོད་སྐད་ཀྱིས་བྲི་བར་ལུང་བསྟན་པ་ཡིན་ཞེས་རྗོད་བྱེད་ད་ལྟ་བ་ཕྱི་མའི་ལུང་སྟོན་དུ་སྒྲུབ་དགོས་པ་ཡང་བྱུང་ན། སྔ་འགྱུར་གྱི་རྒྱུད་ལ་སྤྲུལ་པའི་ལོ་པཎ་ཆེན་པོ་དག་གིས་དོན་འགྱུར་གཙོ་བོར་སྨོས་ནས་ཡུལ་དུས་ཀྱི་སྐད་དང་ལུགས་ཀྱི་རྗེས་སུ་མཐུན་པར་བཀྲལ་བ་ལ་ཀླན་ཀ་བྱ་བའི་སྐབས་ཀྱང་བྱེ་མའི་ཆངས་བུ་བཞིན་དུ་ཞིག་པར་གྱུར་ཏེ། དཔེར་ན་བོད་ཀྱི་སྔོན་ནས་རྒྱ་ནག་ཏུ་བསྟན་པ་བྱུང་ཞིང་། རྒྱའི་པཎྜི་ཏ་ཧ་ཤང་མ་ཧཱ་ཡཱ་ན་ལ་སོགས་པས་སྐབས་དེར་བོད་དུ་ཆོས་སྔོན་ལ་བསྒྱུར་བ་དང་རྗེས་སུ་མཐུན་པར། སྐད་གཉིས་ཤན་སྦྱར་གྱི་དུས་ཧ་ཤང་འབར་བའི་སྐད་དུ། ཞེས་པ་ལྟ་བུའང་སྐད་ཉམས་འགྱུར་གྱི་བྱེ་བྲག་ཏུ་མཛད་པ་ཤེས་དགོས་ལ། དེ་བཞིན་དུ་འགྱུར་བ་མེད་པའི་དོན་ལ་རྡོ་རྗེའམ། གཡུང་དྲུང་གཉིས་ཀ་མི་འགལ་བ་ཉིད་དུ་བལྟས་ནས། དུས་སྐབས་དེར་རིང་ལུགས་སྔོན་ནས་དར་བ་གང་ལ་ཞེན་པའི་བརྡ་སྐད་དེས་སྦྱོང་སླ་བ་དང་། གདུལ་སླ་བའི་སླད་དུ་ཆོས་སྐད་དེ་དང་མཐུན་པར་བྱས་པ་དག་ཀྱང་ཡོད་ན། བོན་གྱི་གཞུང་


JLAZ013_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་འབྱུང་བ་དེ། སྡང་ཞེན་གྱི་ཡུལ་དུ་གློ་བ་ལ་ཞེན་ནས་གཡུང་དྲུང་གི་མིང་ཙམ་སྨོས་པར་དེ་དང་དེའི་ལུགས་སུ་ཡིད་གཉིས་བྱེད་པ་སོགས་ནི། གསུང་རབ་ཀྱི་དགོངས་པའི་དོན་ལ་རྟོན་མི་རྟོན་གྱི་ཁྱད་པར་མ་བསམས་པས་ནོངས་པ་ཡིན་ནོ། །འདི་ལྟར་བློ་མཆོག་རྣམས་ཀྱི་དཔྱད་བཟོད་ན། སངས་རྒྱས་ཀྱི་བྱིན་རླབས་ལས་འགྲོ་བ་སོ་སོའི་སྐད་དུ་གསུང་དབྱངས་ཡན་ལག་དྲུག་ཅུ་ལྟར་སྣང་བས་དོན་མཛད་ཀྱང་། དོན་ལ་སྒྲ་ཚིག་རང་མཚན་པ་མ་ཡིན་ཏེ། གདུལ་བྱའི་མོས་པ་དང་། སངས་རྒྱས་ཀྱི་བྱིན་རླབས་དང་། དུས་སུ་ཚོགས་པའི་རྐྱེན་གསུམ་འཛོམ་པ་ལས། དུས་སྔ་ཕྱི་མེད་པ་ཉིད་དུ་གདུལ་བྱའི་རིགས་ཁམས་དང་མཐུན་པར་ཆོས་ཀྱང་ཐ་དད་པར་སྟོན་པ་ཡིན་ཏེ། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། འཇིག་རྟེན་ཕན་པ་ཁྱོད་ཀྱིས་གསུང་གཅིག་ལས། །མོས་པ་ཐ་དད་བཞིན་དུ་སྒྲ་འབྱུང་སྟེ། །རྒྱལ་བས་བདག་ལ་སྟོན་ཉམས་སོ་སོར་སེམས། ། གང་གི་སླད་དུ་ཁྱོད་ཀྱིས་འཛུམ་མཛད་སྟོན། །ཞེས་པའི་གནས་བསམ་གྱིས་མི་ཁྱབ་པ་འདི་ཁོང་དུ་ཆུད་པ་ནི་དོན་ལ་མཁས་པ་ཞེས་བྱའོ། །དེའི་ཕྱིར་བཀའ་ལུང་འགྲེལ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བློ་གྲོས་ཀྱི་མཐུ་བསམ་གྱིས་མི་ཁྱབ་ཅིང་། སྒྱུར་བྱེད་ཀྱི་ལོ་པཎ་སྤྲུལ་པའི་སྐུ་རྣམས་ཀྱང་སངས་རྒྱས་ཀྱི་བྱིན་རླབས་


JLAZ013_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྤོབས་པའི་གཏེར་མཛོད་གྲོལ་བ་འབའ་ཞིག་ཡིན་པས། འཇིག་རྟེན་ན་རྒྱལ་པོའི་ངག་བགྲོས་བློན་པོས་བསྐྱར་བ་ལ་མཁས་པ་ཙམ་མམ། ཡི་གེ་ལས་འདུ་བྱེད་པ་དག་གིས་བཤུས་ནས་བཀབ་པ་ལྟ་བུའི་རྣམ་པར་རྟོག་པས་ཆོས་ཀྱི་ཚིག་དོན་ཡོད་དོ་ཅོག་གི་ཆ་ལ་རིག་པ་བསྒྲེ་བ་གཅིག་པུའི་མཐར་ཡང་མ་ལྷུང་བར་བྱའོ། །དེ་ལྟར་བརྗོད་བྱ་དེ་རྣམས་ཀྱི་སྲོག་གཟུགས་སམ་ངོ་བོས་བསྟན་པ་ནི། བཟོ་རིག་པའི་ཡན་ལག་ཡི་གེའི་འདུ་བྱེད་འདི་ཡིན་ཏེ། འདི་ལྟར་འཕགས་པའི་ཡུལ་གྱི་ཡི་གེའི་རྒྱུན་མང་པོ་དག་བོད་དུ་མཆེད་པ་ཙམ་ཡོད་མོད་ཀྱི། མཐའ་འཁོབ་ཀྱི་སྐད་ལ་སྒྲ་ཇི་བཞིན་དུ་བྲི་བར་ནུས་པ་མ་ཡིན་པས་མཁན་པོ་ཐོན་མི་སམྦྷོ་ཊའི་བློ་གྲོས་ཀྱིས་རྒྱ་ཡིག་ལྔ་བཅུ་ཐམ་པ། བོད་ཡིག་སུམ་ཅུའི་སྡེར་གཏན་ལ་ཕབ་ཅིང་། དེ་དང་མཐུན་པའི་གཟུགས་བརྙན་གྱི་ཡི་གེའང་གསལ་བར་མཛད་པས། བོད་དང་བོད་ཆེན་པོར་གཏོགས་པའི་ཡུལ་དང་། ལྗོངས་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། གཙུག་ལག་ཁང་དང་། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ལ་སོགས་པར་དར་རྒྱས་སུ་གྱུར་པའི་ཡི་གེ་རྫབ་ཆེན་པོ་དང་། རྫབ་ཆུང་དང་། འབྲུ་ཆེན་དང་། འབྲུ་ཆུང་དང་། གཤར་མ་དང་། དཀྱུས་ཡིག་ལ་སོགས་པ་ཡོངས་སུ་གྲགས་པ་དག་དང་། འཕགས་པའི་ཡུལ་གྱི་ཡི་གེ་ལ་དཔེ་བྱས་པའམ་མིན་ཡང་རུང་སྟེ། བོད་


JLAZ013_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རང་གི་བློ་གྲོས་ཀྱིས་གཟུགས་བརྙན་དུ་བཅོས་པ་དག་ཀྱང་མཐའ་མི་འཚལ་བ་ཞིག་བྱུང་ཡང་། གསུང་རབ་དགོངས་འགྲེལ་དང་བཅས་པའི་སྲོག་བསྟན་པར་ནུས་ཤིང་། གཟུགས་ཀྱི་རྣམ་པ་ཁོ་ན་ལའང་བྱིན་རླབས་ཀྱི་ཁྱད་པར་རང་བཞིན་གྱིས་ཞུགས་པ་ནི་རྫབ་ཆེན་འདི་ཁོ་ན་སྟེ། དེ་ལའང་ལི་ལུགས་དང་། ལྡན་ལུགས་སོགས་སྲོལ་ཐ་དད་པ་ལས། བཟོའི་གནས་ཀྱི་རིག་པ་འདི་ལ་ཉེ་བར་མཁོ་བའི་མཚན་ཉིད་བཟད་མགོ་ལ་འདོན་པ་ལ་སོགས་གདོན་པ་བཅུ། སྣག་ལམ་ཟླུམ་ལ་སྒྲོས་ཆགས་པ་ལ་སོགས་ཏེ་གཅེས་སོ་བརྒྱད་དེ་བཅོ་བརྒྱད། དེ་བཞིན་དུ་ཐག་ཟླུམ་གྲིས་བཅད་འདྲ་བའི་མགོ་དང་། ཐུགས་ཀར་རྡོར་འཛིན་གྱི་དཔུང་པ་དང་། གསེགས་སྦྱོར་ཐུང་རྣོ་ཟགས་མཆུ་དང་། རྒྱ་ཁབ་བསླངས་འདྲའི་ཡར་འཐེན་དང་། སྒོ་ལྕགས་རྐང་འདྲའི་མར་འཐེན་དང་ཉ་མིག་འདྲ་བའི་མིག་བུ་སྟེ། དེ་བཞིན་དུ་རེ་རེ་ལ་རབ་དང་། འབྲིང་དང་། ཐ་མ་སྟེ་གསུམ་གསུམ་དུ་ཕྱེ་བའི་ཆོས་ཉི་ཤུ་རྩ་གཅིག་དང་། མཐོ་དམན་མེད་པ་ལ་སོགས་པ་རྣ་རུའི་ཆོས་གསུམ། སྟོད་སྨད་ཕྱེད་པ་ལ་སོགས་ཏེ་འགྲེང་བུའི་ཆོས་གཉིས། ཟླུམ་འགྲིལ་འཁྱུག་པ་སྟེ་གི་གུའི་ཆོས་གསུམ། གསུམ་འགྲེལ་ལྡན་པ་སྟེ་ཞབས་ཀྱུའི་ཆོས་གསུམ། རྟ་སྦྲེལ་བ་སོགས་ར་བཏགས་


JLAZ013_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་གཉིས། འཁྱུག་སྙོམས་སོགས་ཡ་བཏགས་ཀྱི་ཆོས་གསུམ་སྟེ་བུ་ཆོས་བཅུ་དྲུག་དང་། གཟུགས་དཀྱུས་སུ་མ་གོལ་བ། དཀྱུས་ཚང་ནས་མ་ཡར་བ། དེ་ཉིད་ཤན་ཕྱེད་པ་སྟེ། སྤྱིའི་ཆོས་གསུམ་སྦོ་དང་བཅས་པ་སྟེ་རགས་པ་ཆོས་བཞི་བཅུའི་མཚན་ཉིད་དང་། ཞིབ་པར་སོ་སོའི་ཐིག་གིས་ཆ་དབྱེ་བ་དང་བཅས་པ་སྟེ། དེ་དག་གི་སྲོལ་འབྱེད་ཆེན་པོ་ཐོན་མི་སམ་བྷོ་ཊའི་ཡི་གེའི་རྒྱུན་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་སྐ་བ་དཔལ་བརྩེགས་ཀྱི་ལུགས། ཁྱུང་པོ་གཡུ་ཁྲིས་ཐིག་རིས་སུ་བཏབ་པ་ལ་མཁས་པ་རོང་པོས་ལྷན་ཐབས་ཀྱིས་དག་པ་སྦྱར་བའང་ཡོད་དེ། དེ་དག་ལ་བཟོ་གནས་འཛིན་པ་ཕལ་ཆེར་རྣམ་དབྱེ་འབྱེད་པའི་བློ་གྲོས་གསལ་བ་ཉུང་ནའང་། རགས་པ་ཙམ་དུ་ཕྱིའི་ཤ་དང་ནང་གི་དཀར་ཞེས་གཟུགས་ཀྱི་མཚན་ཉིད་འོལ་སྤྱི་ཙམ་འཛིན་པ་ལ་གཅིག་ཏུ་རྟོག་པ་གསལ་བས་ཡི་གེའི་གཟུགས་བརྙན་དང་། བྲིས་སྐུ་གཉིས་པོ་གནའ་བོའི་དུས་ལས་ཀྱང་བར་སྐབས་ཙམ་དུ་ཉམས་འགྱུར་གསལ་ཞིང་། ལྷག་པར་ཡི་གེའི་བཟོ་གནས་ནི་ཐོད་རྒལ་བ་རེ་རེ་ཙམ་ད་ལྟའང་འབྱུང་བཞིན་པ་བོད་འདིར་བསྟན་པ་གནས་པ་ཁོ་ནའི་བྱིན་རླབས་སུ་ངེས་སོ། །གསུམ་པ་ཐུགས་ཀྱི་རྟེན་ནི། སྤྱིར་འཕགས་པའི་བདེན་པ་གཟིགས་པ་རྣམས་ཀྱི་ངོ་ན་ཁམས་གསུམ་པོ་འདི་དག་ཀྱང་དེ་བཞིན་གཤེགས་པའི་


JLAZ013_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་པའི་མཆོད་རྟེན་དུ་བཞག་པ་ཡོད་དེ། རྡོ་རྗེ་བཀོད་པ་ལས། འདོད་ཁམས་དབང་གི་རི་བོ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་ཅན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །སྐུ་གདུང་ཆེན་པོ་རྒྱུན་དུ་གནས། །ཞེས་དང་། འདིར་ཚད་དང་རྣམ་པ་ལྟར་གཞག་པ་ལ་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའི་མཆོད་རྟེན་གསུམ་དུ་གྲགས་པ་སྟེ། དེའང་ཉན་ཐོས་ཀྱི་མཆོད་རྟེན་ཆོས་གོས་བཞི་བལྟབ་ཀྱི་སྟེང་དུ་ལྷུང་བཟེད་ཁ་སྦུབ་པ་ལ་འཁར་གསིལ་བཙུགས་པ་ལྟ་བུའོ། །རང་སངས་རྒྱས་ཀྱི་མཆོད་རྟེན་ནི་རྨང་གྲུ་བཞིའི་སྟེང་དུ་ངོས་གྲུ་བཞི་ཟླུམ་པོ་བང་རིམ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པའི་རྣམ་པ་ཅན་ནོ། །ཐེག་པ་ཆེན་པོའི་མཆོད་རྟེན་ནི་ལྷུང་བཟེད་ཁ་སྦུབ་པ་ལྟ་བུ་བིམྤའི་ཟླུམ་པོ་དང་། ཁང་བུ་ལྟ་བུ་དང་། རྒྱལ་མཚན་ལྟ་བུའི་མཆོད་རྟེན་བརྒྱད་ལ་སོགས་པར་ཀླུ་སྒྲུབ་ཞབས་ཀྱིས་བཤད་ཅིང་། དེ་ལྟར་སྟོན་པའི་ཁུངས་འདུལ་བ་ལུང་ལས། ཤཱ་རིའི་བུའི་གདུང་གིས་གླེང་གཞི་བྱས་ནས་ཉན་རང་སངས་རྒྱས་གསུམ་གྱི་མཆོད་རྟེན་ལ་འབྲས་བུའི་གྲངས་ཀྱི་གདུགས་ཐ་དད་པར་བཞག་པ་དང་། དེ་བཞིན་དུ་དུས་ཀྱི་འཁོར་ལོ་ནས་མགུལ་པ་ཐུང་བ་དང་། འགྲེལ་པ་དྲི་མེད་ནས་མགྲིན་རིང་སྟེ་རྣམ་པ་གཞན་དུ་བཤད་པ་དང་།


JLAZ013_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་མཆོག་ནས་སྔགས་རྒྱུད་ཀྱི་གླེང་གཞི་དང་མཐུན་པར་བཞུགས་པའི་གནས་ཀྱི་བྱེ་བྲག་དང་། སྤྱིར་བསོད་ནམས་དམ་པའི་ཉེར་འཚོར། པདྨ་སྤུངས་པ་ནས་རིམ་པར་དེ་བཞིན་གཤེགས་པའི་མཆོད་རྟེན་བརྒྱད་ཀྱི་མཚན་ཉིད་བསྟན་པ་གྲགས་ཆེ་ཞིང་ངེས་པའི་དོན་དུ་བདེ་བར་གཤེགས་པའི་རྣམ་པ་ཐམས་ཅད་པའི་མཆོད་རྟེན་ལ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་མ་ལུས་པའི་དག་པ་སྦྱོར་བས་ན་ཐུགས་ཀྱི་རྟེན་དུ་འཇོག་པ་ཡིན་ནོ། །གཉིས་པ་བཟོ་གནས་ཕལ་པ་ནི། བོད་ཆོ་རིགས་མི་བཙུན་པས་སྐྱེ་བོ་ཕལ་ཆེར་གྱི་ཉམས་སུ་བསྟར་བ་སྟེ། ངོ་མཚར་མ་ཡིན་ཡང་མདོ་སྡེ་ལས་བཟོ་གནས་བཅོ་བརྒྱད་དུ་ཕྱེ་བས། འདི་ལྟར་ཚོང་པ་དང་། རྫ་མཁན་དང་། ཕྲེང་བ་མཁན་དང་། ཆང་འཚོང་དང་། ཕྱུགས་བཙོང་བ་དང་། འདྲེག་མཁན་དང་། འབྲུ་མར་འཚིར་བ་དང་། མགར་བ་དང་། ཤིང་མཁན་དང་། ཕྱྭ་མཁན་དང་། ཐག་པ་དང་། ཀོ་པགས་མཁན་དང་། རྐྱལ་ཆེན་པ་དང་། བཙོ་བླག་མཁན་དང་། སྨྱིག་མ་མཁན་དང་། སྲོག་ལས་པ་དང་། གདོལ་པ་མཁན་དང་། ཤིང་རྟ་མཁན་ཏེ་རྣམ་གྲངས་བཅོ་བརྒྱད། གཞན་ཡང་རིན་པོ་ཆེ་བརྟག་པ། ས་གཞི་བརྟག་པ། གོས་བརྟག་པ། ལྗོན་ཤིང་བརྟག་པ། རྟ་བརྟག་པ། གླང་པོ་ཆེ་བརྟག་པ། སྐྱེས་པ་བརྟག་པ། བུད་མེད་བརྟག་པ་སྟེ་བརྟག་པ་བརྒྱད། དེ་


JLAZ013_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྒྱུ་རྩལ་གྱི་གནས་དྲུག་ཅུ་རྩ་བཞི་ནི། ཇི་སྐད་དུ། རོལ་མོའི་མཚན་ཉིད་སྒྱུ་མ་དང་། །འགྱེད་སྟོབས་དང་ནི་མེ་ཏོག་ལས། །དམག་རྣམས་ཀྱིས་ནི་བདག་ཉིད་ཤེས། །གཡོས་སུ་བྱ་བར་རྣམ་པར་ངེས། །ཚོང་དང་ནོར་ནི་བསྒྱུར་བ་དང་། །རྒྱན་དང་ལག་རྩིས་བཅུད་ཀྱི་ལེན། །འཁྲུལ་འཁོར་སྦྱོར་དང་དྲི་བ་དང་། །འཕོངས་དཔྱད་དང་ནི་ཚོམ་སྦྱོར་སྒྲ། །ཡི་གེ་དང་ནི་ཁྭ་སྐད་དང་། །རང་རང་བཟོ་དང་མཚོན་རྣམས་བརྟག །གཅོད་ཐབས་དང་ནི་སོག་ལེ་དང་། །ཕུབ་རྣམས་བསྐོར་བར་བྱེད་པ་དང་། །སོང་དང་འོང་བ་ཤེས་པ་དང་། །གཞི་ཡི་མཚན་ཉིད་ཤེས་པ་དང་། །མདུང་དང་རྡོ་རྗེ་བརྟག་པ་དང་། །ཐབས་ཀྱི་ཚོར་བའི་མཚན་ཉིད་དང་། །ཟུག་རྔུ་འབྱིན་དང་མིག་འཕྲུལ་དང་། །བྷ་ར་ཏ་ཡི་བསྟན་བཅོས་ཤེས། །བཅིང་དང་ཁང་པ་བརྩེགས་མ་དང་། །དེ་བཞིན་གོས་ཀྱི་འཕང་བ་དང་། །ཡན་ལག་མཉེ་དང་མོ་འདེབས་དང་། །དེ་བཞིན་ཆུ་ཡི་ཀུན་འཛིན་དང་། །དུང་གི་སྒྲ་དང་སྡེབ་སྦྱོར་དང་། །གྲོང་རྡལ་དག་ནི་གློག་འདྲ་དང་། །མཚན་མོ་ཆོམ་རྐུན་ཤེས་པ་དང་། །སྒྲ་དང་ས་རྟོག་བྱེད་པ་དང་། །སྐྱེས་པ་བུད་མེད་རྟ་དང་ནི། །གླང་པོའི་མཚན་ཉིད་གར་སློབ་དང་། །འབྱུང་པོ་དག་ནི་གསོ་བ་དང་། །ཟངས་མ་འཁར་བ་གསེར་དག་དང་། །ཤིང་དང་དུང་དང་ཤེས་པ་དང་། །རི་མོ་མཚོན་དང་གོས་དག་གི། །


JLAZ013_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམས་དེ་དག་གོ་རིམ་བཞིན། །སྐར་མའི་གཏན་ཚིགས་ཤེས་པ་དང་། །མཚན་མོ་ཤེས་པ་ཉིད་དང་ཡང་། །ངེས་པའི་ཚིག་གི་གཞུང་རྣམས་ཀྱིས། །སྒྱུ་རྩལ་དྲུག་ཅུ་རྩ་བཞིར་དྲན། །ཞེས་དང་། དེའི་ཁྱད་པར་གཞན་པ་སྙན་དངགས་མེ་ལོང་ལས་བཟོར་གཏོགས་པ་སུམ་ཅུ། རོལ་མོའི་བྱེ་བྲག་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གར་གྱི་ཉམས་དགུ་སྟེ་དྲུག་ཅུ་རྩ་བཞིར་བྱེད་པ་ལས་བཟོར་གཏོགས་པ་སུམ་ཅུ་ནི། སྒྱུ་རྩལ། ཡི་གེ། ལག་རྩིས། གྲངས་ཅན། རྩིས། འཛིན་སྟངས། ཐོར་ཚུགས། གོམ་སྟབས། ལྕགས་ཀྱུས་བསྒྱུར་ཐབས། རལ་གྲིའི་ཐབས། ཞགས་པ་གདབ་པ། མདའ་བོ་ཆེ་འཕེན་ཐབས། འཕོང་གི་སློབ་དཔོན། མདུན་དུ་བསྣུར་བ། ཕྱིར་བསྣུར་བ། བཅད་པ། དྲལ་བ། དབུག་པ། རྒྱང་ནས་འཕོག་པ། སྒྲ་གྲག་པར་འཕོག་པ། གནད་དུ་འཕོག་པ། མི་འཆོར་བར་འཕོག་པ། ཚབས་ཆེ་བ་སྟེ་གནས་ལྔ་དང་། མཆོངས་པ། གྱད་ཀྱི་འཛིན་སྟངས། བང་། རྐྱལ། རྒལ་བ། གླང་པོ་ཆེའི་གཉར་ཞོན་པ། རྟ་ལ་ཞོན་པ། ཤིང་རྟའི་ཐབས། མདའ་གཞུ་འགྱེད་སྟབས་སོ། །རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། གར་མཁན་ནམ་བྲོ་མཁན། གར་རམ་བྲོ། རྔ་བོ་ཆེ། རྫ་རྔ། རྔ། རྫ་རྔ་ཆེན་པོ། འཁར་རྔ། པི་ཝང་རྒྱུད་གཅིག་པ། རྫ་རྔ་ཁ་གཅིག་པ། ལྕགས་ཀྱི་


JLAZ013_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སིལ་ཁྲོལ། ཁར་དཀྲོལ། པི་ཝང་། རྒྱུད་གསུམ་པ། རྔ་མུ་ཀུནྡ། སིལ་སྙན། གླུ་དབྱངས། ཕེག་རྡོབ་པ། རོལ་མོའི་སྒྲ། པི་ཝང་། གླིང་བུའོ། །གླུ་དབྱངས་ཀྱི་ངེས་པ་བདུན་ནི། ཇི་སྐད་དུ། འཁོར་ཉན་ཁྱུ་མཆོག་དྲི་འཛིན་དང་། །དྲུག་སྐྱེས་བར་མ་བློ་གསལ་ཏེ། །ལྔ་པ་ཞེས་བྱ་དབྱངས་བདུན་ནོ། །ཞེས་དང་པོ་ནས་རིམ་བཞིན། གླང་པོའི་སྒྲ་ལྟ་བུ་དང་། ཁྱུ་མཆོག་བ་གླང་ལྟ་བུ་དང་། ར་སྐད་ལྟ་བུ་དང་། ཟླ་བ་སྒྲ་གཅན་ལྟ་བུ་དང་། ཁྲུང་ཁྲུང་སྒྲོག་པ་ལྟ་བུ་དང་། རྟ་སྐད་ལྟ་བུ་དང་། མེ་ཏོག་དུས་ཀྱི་རྨ་བྱ་སྒྲོག་པ་བཞིན་ནོ། །གར་སྟབས་དགུ་ནི། སྒེག་པ་དང་། དཔའ་བ་དང་། མི་སྡུག་པ་དང་། དྲག་ཤུལ་ཅན་དང་། བཞད་གད་དང་། འཇིགས་སུ་རུང་བ་དང་། སྙིང་རྗེ་བ་དང་། རྔམ་པ་དང་། ཞི་བ་སྟེ་དགུ་རྣམས་སོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོ་བསྡུས་རྒྱུད་ལས། གཡུལ་དུ་ཕམ་པའི་དགྲ་བོ་དག་ནི་གལ་ཏེ་འཕྲ་ལ་རྫོང་གི་ནང་དུ་ཞུགས་པར་གྱུར་པ་ན། །ཕྱི་རོལ་དུ་ནི་འཁྲུལ་འཁོར་བྱ་སྟེ་རྒྱུན་ཆད་མེད་པར་རྡོ་དང་མེ་མདའ་རབ་ཏུ་འབེབས་པ་དང་། །རལ་གྲི་ལ་སོགས་གཅོད་པའི་འཁྲུལ་འཁོར་དག་དང་ས་གཞིའི་གནས་ལ་གུར་དང་གོ་ནི་དབྱེ་བ་ཡིས། །དེ་ཡི་ཡི་རྫོང་ནི་ཕྱེ་མར་བྱས་ཏེ་ཉིན་ཞག་ཅུང་ཟད་དག་གིས་


JLAZ013_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་དེ་ནི་བསྒྲུབ་པར་བྱ། །ཞེས་འཁྲུལ་འཁོར་གྱི་བཟོ་གནས། ཐང་རྫོང་གཞིག་པ་རྡོའི་འཁྲུལ་འཁོར། ཆུ་རྫོང་འཇོམས་པ་གྲུའི་འཁྲུལ་འཁོར། རི་རྫོང་འཇོམས་པ་མེའི་འཁྲུལ་འཁོར། རལ་གྲི་འཁོར་བ་གྲི་གུག་གི་འཁྲུལ་འཁོར། རྩེ་མོ་འབྱེད་པ་རླུང་གི་འཁྲུལ་འཁོར། རྩིག་པ་འཇིག་པ་གུར་གྱི་འཁྲུལ་འཁོར། གོ་ཆ་འཇིག་པ་ལྕགས་མདའི་འཁྲུལ་འཁོར་རྣམས་དང་། རང་ཕྱོགས་བསྲུང་བ་རལ་གྲིའི་འཁྲུལ་འཁོར། རྒྱལ་རིགས་འཐབ་པ་ཤིང་རྟའི་ཚད། ལྟད་མོ་ལ་འགྲོ་བའི་དོན་དུ་ཁང་བཟང་གི་མཚན་ཉིད། དགའ་སྟོན་གྱི་དོན་དུ་ཕྱོགས་ཀྱི་མཚན་ཉིད། ལྡུམ་ར་གསོ་བའི་དོན་དུ་ཆུ་འདྲེན་པའི་འཁྲུལ་འཁོར་ལ་སོགས་པས་ཕས་རྒོལ་ཆམ་ལ་འབེབས་པའི་གནད་དེ། མདོར་ན་ལུས་ཀྱི་བཟོ་དང་། ངག་གི་བཟོ་དང་། ཡིད་ཀྱི་བཟོ་སྟེ་རྣམ་པ་གསུམ་གྱི་ཁོང་དུ་མི་འདུ་བ་ནི་གང་ཡང་མེད་དོ། །གཉིས་པ། གཅིག་ཏུ་རྣམ་པར་དཀར་བའི་བྱ་བ་ལས་ཀྱི་འཁོར་ལོ་ཇི་ལྟར་བརྩམས་པ་ནི། མདོ་སྡེ་ས་བཅུ་པ་ལས། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཕལ་ཆེར་འཛམ་བུའི་གླིང་གི་དབང་པོར་གྱུར་ཅིང་། དབང་ཕྱུག་ཆེན་པོ་ལ་དབང་རབ་ཏུ་ཐོབ་པ་དང་། ཆོས་རྗེས་སུ་སྲུང་བ་དང་། གཏོང་བ་ཆེན་པོས་སེམས་ཅན་རྣམས་སྡུད་པའི་གཙོ་བོར་གྱུར་ཅིང་། སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་བཟློག་


JLAZ013_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མཁས་པ་ཡིན། གཏོང་བ་ཆེན་པོ་རྩོམ་པ་ལ་ཡོངས་སུ་དུབ་པར་མི་འགྱུར་བ་ཡིན་ནོ། །སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པས་ལས་གང་ཅི་རྩོམ་ཡང་རུང་སྟེ་དེ་ཐམས་ཅད་སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ཏེ། ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར། ཕུལ་དུ་འགྱུར་རོ་ཞེས་པ་ལྟར། སྔོན་གྱི་ཚེ་འཕགས་པའི་ཡུལ་དུ་རྒྱལ་པོ་མྱ་ངན་མེད་ཀྱི་རྒྱལ་སྲིད་དགེ་འདུན་ལ་བྱིན་པ་ལ་སོགས་ཏེ་བསྟན་པའི་སླད་དུ་སྲི་ཞུ་ཇི་ལྟར་བྱས་པ་དང་། གངས་རིའི་ཁྲོད་འདིར་རྒྱལ་སྲས་རིགས་གསུམ་མགོན་པོའི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་སོགས་བསླད་པ་མེད་པའི་རིགས་དང་། ཡན་ལག་མཆོག་གི་གཟུགས་དང་། ལང་ཚོ་གསལ་བའི་དཔལ་དང་། དཔའ་བ་དང་། དེས་པ་དང་། བརྟུལ་ཕོད་པ་དང་། བརྫི་བ་མེད་པའི་སྟོབས་དང་། གཞོམ་དུ་མེད་པའི་དཔུང་པ་དང་། བྲི་བ་མེད་པའི་མངའ་ཐང་དང་། ནོར་གྱི་རྣམ་པ་མཐའ་ཡས་པ་དང་། བཞོན་པ་དང་།


JLAZ013_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་བྲན་དང་། སྐྱེ་དགུ་མང་པོའི་སྤྱི་བོ་ན་རྐང་བཏེགས་འཆའ་བ་དང་། ཡུལ་དང་། ལྗོངས་དང་། གྲོང་རྡལ་དང་། གྲོང་ཁྱེར་ཆེན་པོའི་ཁོ་ར་ཁོར་ཡུག་དང་། རྫོང་ཆེན་པོ་དང་། ཁང་བུ་བརྩེགས་པའི་ཕོ་བྲང་མིག་སྟོང་པ་ལ་དབང་བྱེད་པའི་བདག་པོར་གྱུར་ཀྱང་། འདི་སྐད་དུ། ཀླུ་སྒྲུབ་ཞབས་ཀྱིས། གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །གཟི་བརྗིད་ཆེ་ཡང་བཟོད་ཅིང་དེས་པའི་ངང་། །ཇེ་མཐོར་ཕྱིན་ཡང་ང་རྒྱལ་དྲེགས་པ་མེད། །ཅེས་དང་། བཤེས་སྤྲིང་དུ། སེར་སྣ་གཡོ་སྒྱུ་ཆགས་དང་སྙོམས་ལས་དང་། །མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང་། །རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང་། །དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། །ཞེས་པ་ལྟར། ཁྱིམ་ན་གནས་པའི་ལྟར་སྣང་གི་བདེ་བ་ནི་བཟང་པོ་མ་ཡིན་པ། ཐར་པ་མེད་པ། སྐྱེ་འཆིའི་བར་ལག་ཅན། འབྱོར་རྒུད་རེ་མོས་པ། འཁོར་བ་དང་ངན་སོང་གི་རྒྱུ་ལ་བརྟེན་ཅིང་འབྲས་བུ་ལ་ལོངས་སྤྱོད་པའི་རང་བཞིན་དུ། བཅོམ་ལྡན་འདས་ཀྱིས་ཡང་ནས་ཡང་དུ་གསུངས་པའི་ཉེས་དམིགས་མང་པོ་བསྟན་པ་རྗེས་སུ་དྲན་པའི་ངེས་འབྱུང་གི་ཐུར་མ་རྣོན་པོས། བསོད་ནམས་མ་ཡིན་པ་ལ་ཞེན་ཅིང་རྒྱུ་འབྲས་ཀྱི་མཚན་ཉིད་ལ་ལྡོངས་པར་གྱུར་པའི་འཆིང་བ་དམ་


JLAZ013_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡོངས་སུ་འདྲལ་བར་བྱེད་པའི་སྤྲོ་བ་ལ་ཞུགས་པ་ཤ་སྟག་གོ །ཇི་ལྟར་ཞུགས་ན། མཛའ་བཤེས་ལ་སྤྲིངས་པར། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུང་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱི་དམ་པ་ལ། །བསྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ཅེས་གསུངས་པ་ལྟར། ཐར་པ་དང་རྣམ་མཁྱེན་གྱི་རྒྱུ་འབྲས་དེ་ཡང་སྐྱེས་བུ་དམ་པ་དགེ་བའི་བཤེས་གཉེན་འབའ་ཞིག་གིས་བདག་པོའི་རྐྱེན་ལ་ལྟོས་ཤིང་རག་ལས་པར་མཁྱེན་ནས། རྒྱ་གར་ཆོས་ཀྱི་འབྱུང་གནས་ཆེན་པོ་ནས་པཎྜི་ཏ་སྤྲུལ་པའི་སྐུ་མཆོག་ཐོས་པ་མང་པོའི་ཕ་རོལ་ཏུ་སོན་ཞིང་། མདོ་སྔགས་རིག་པའི་གནས་གང་ལའང་མ་རྨོངས་པ་བསམ་གྱིས་མི་ཁྱབ་པ་ཞིག་སྤྱན་དྲངས། སྲོག་དང་ནོར་གྱི་དངོས་པོ་ཅི་ཡང་མི་སེམས་པའི་གནས་སུ་ཉེ་བར་བསྡོགས་ནས་དཀའ་བས་བཙལ་ཞིང་། དཀོན་པས་བསྒྲུབས་པའི་རྒྱལ་བསྟན་ཡིད་བཞིན་ནོར་བུ་རིན་པོ་ཆེའི་རྩ་ལག་གཅིག་ཏུ་གྱུར་པའི་མདོ་དང་སྔཊ་ཀྱི་དམ་པའི་ཆོས་དཔག་ཏུ་མེད་པར་བསྒྱུར་བའང་། ཇི་སྐད་དུ། སྒྲ་སྦྱོར་བམ་པོ་གཉིས་པར་གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུའང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་པར་གནང་གིས་ཀྱང་། ལྡེམ་པོའི་ངག་ཏུ་བཤད་པ་མ་ཁྲོལ་ནས། སྒྲ་


JLAZ013_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང་། སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་འབྱུང་ཞེས་བདས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་བླ་ནས་བཀའ་སྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས་པ། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་འཐུ་ཞིང་བསྒྱུར་དུ་མི་སྣང་ངོ་། །ཞེས་ཐེག་པ་ཆེན་པོ་གསང་སྔགས་ནི་གདུལ་བྱ་ཐུན་མོང་བའི་སྤྱོད་ཡུལ་དུ་མ་ཡིན་པས། བཙན་པོ་ཁྲི་སྲོང་ཉིད་ཀྱི་དུས་ནས་གསང་བ་ཆེན་པོའི་སྦུབས་སུ་བསྐྱིལ་བ་ཉིད། སླར་ཡང་རྟའི་ལོ་ལ་ལྷ་སྲས་ཁྲི་ལྡེ་སྲོང་བཙན་འོན་ཅང་དོ་ན་བཞུགས་ཏེ། སྡེ་སྣོད་གསུམ་ལ་སོགས་པའི་གསུང་རབ་སྔོན་འགྱུར་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་ཚེའང་སྔགས་རྒྱུད་རྣམས་གསང་བ་བསྲུང་བའི་དམ་ཚིག་ཏུ་བཀས་བཅད་པས་གླེགས་བམ་དུ་མར་མ་འཕེལ་ལ། སྔར་ཡབ་མེས་ཀྱི་དུས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏཊ་པ་དག །བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་པ་དང་། མཇལ་དཀའ་བ་རྣམས་ཚིག་གིས་སོ་སོར་མ་ཕྲལ་བ་དག་སྒྲའི་ལུགས་བཙན་པར་བགྱིས་པ་དང་། དོན་གྱི་ལུཊ་བཙན་པར་བགྱིས་པའི་དག་ཐེར་གྱིས་ཀྱང་མ་ཕོག་པས། ལེགས་སྦྱར་ཁོ་ནའི་སྐད་ཀྱིས་དབང་དུ་འཇུག་པ་དང་། མི་འཇུག་པའང་ཅི་རིགས་སུ་ཡོད་ཅིང་། བཀའ་དང་དགོངས་འགྲེལ་ཕྱོགས་སུ་བསྒྲིགས་པ་ལ་སྔ་བ་དཀར་ཆག་


JLAZ013_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ཐང་མ་དང་། ལྡན་དཀར་མ་གཉིས་སུ་གསང་སྔགས་ནང་གི་རྒྱུད་རྣམས་ཆེས་ཆེར་གཉན་པས་རེ་ཞིག་འདིར་འགོད་པར་མ་ནུས་ཞེས་ཡོ་ག་གསུམ་གྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱས་སོ། །རྒྱུ་དེ་རྣམས་ཀྱིས་ཆོས་ལ་ཞུད་པ་དང་གཡེལ་བའི་སྐབས་སུ་མ་བྱུང་བས་བྱིན་རླབས་མ་ཉམས་ཤིང་། གང་དང་གང་གིས་ཚུལ་བཞིན་ཉམས་སུ་བླངས་པ་ཐམས་ཅད་གྲུབ་ཐོབ་ཀྱི་དངོས་པོ་འབའ་ཞིག་ཏུ་བསྒྲུབ་ནུས་པ་བྱུང་བ་ནི་སྔར་གྱི་གཏན་ཚིགས་རྣམས་ཀྱིས་ཤེས་པར་འགྱུར་ལ། ཕྱི་མཐའི་དུས་ན་ཆོས་ལ་མི་རྟོན་བདག་པོ་ལ་རྟོན་པ་དག་གིས་སྔ་འགྱུར་རྩོད་པ་ཅན་དུ་བྱེད་བཞིན་དུ། ཡང་ཕུར་ངོ་མཚར་ཅན་དུ་སྒོམ་པའི་རྣམ་པར་རྟོག་པ་མཉམ་པ་ཉིད་ཀྱི་ངང་དུ་བཞག་ནས། རྙིང་རྒྱུད་ཚང་མ་འདྲིལ་བར་མ་ནུས་པས་ཕྱོགས་རེའི་ཁུར་གྱི་དུཿཁ་ལྷོད་པོར་བཀྲོལ་བ་ཚལ་པ་བཀའ་འགྱུར་ལས་ཡོ་ག་གསུམ་ཀའི་རྒྱུད་གཙོ་བསྡུས་ཏེ་ངེས་པ་འདྲེན་པའི་སླད་དུ་བཀོད་མོད། དེ་ལས་གཞན་དུ་སྡེ་ཚན་ལོགས་སུ་བཞུགས་བཞིན་པའང་དུས་ཀྱི་རྒུད་པ་དང་ཀླ་ཀློ་ཏུ་རུཥྐའི་སྤུན་ཟླར་གྱུར་པ་དག་གིས་རྒྱལ་བའི་བསྟན་པ་ཕྱོགས་བྲལ་ཆེན་པོ་རིས་སུ་གཅོད་པའི་དོ་ཟླར་ལྷགས་ནས། ཉམས་ཉེས་པར་བྱས་པས་གླེགས་བམ་གྱི་རྒྱུན་ཉུང་ངུར་གྱུར་པ་དེས། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུལ་བ་ཚད་མེད་པའི་


JLAZ013_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཆུད་གསན་ཅིང་། སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དང་། ལོ་པཎ་སྤྲུལ་པའི་སྐུ་མཆོག་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་ཐུགས་བསྐྱེད་དང་། ཕྱག་རྗེས་ཀྱི་རིམ་པ་ལ་ཟུག་རྔུའི་རྨ་ཕྱུང་བ་དེ་བློ་ལ་གདུང་བར་ལྕི་ནས་བགྱི་བ་འདི་བརྩམས་པ་ཡིན་ནོ། །དེ་ལ་བདག་ཅག་ནི་རིགས་དང་། གཟུགས་དང་། ཐོས་པ་དང་། ལང་ཚོས་དྲེགས་པ་མ་ཡིན་པ། འབྱོར་པ་ཉུང་བ། མཐུ་ཆུང་བ། བགྱི་བ་མང་པོ་ལྷུར་མི་ལེན་པ། ནགས་ཁྲོད་དབེན་པ་ན་གནས་པ། ཚོང་དང་། སོ་ནམ་དང་། གཞན་ངོ་སྲུང་བ་ལ་སོགས་པའི་འདུ་འགོད་རྒྱ་ཆེན་པོ་རྨི་ལམ་དུའང་མི་སེམས་པར། ནམ་སྒྱུ་མའི་ལུས་རྟེན་ཕུང་པོའི་འདུ་བྱེད་དང་བཅས་པ་འཇིག་རྟེན་ཕ་རོལ་པའི་གནས་སུ་འཁྲིད་པར་འགྱུར་བའི་ངེས་པར་འབྱུང་བ་ཁོ་ན་ཡིད་ལ་རྒྱུན་ཆགས་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། ཡིད་མཉམ་པ་ཉིད་ཀྱི་ཀློང་ན་རེ་བ་དང་དོགས་པའི་གནས་ལ་ཆ་མི་འཚལ་བར་གནས་པ་ཞིག་ལ། ལ་ལ་ཞིག་གིས་བདོག་པའི་རྣམ་པ་དབྱིག་གི་དངོས་པོའམ། འབྲུའི་ཆ་ཤས་སམ། བཟའ་བ་དང་བཅའ་བའམ། བགོ་བ་དང་། རྒྱུན་གྱི་བྱེ་བྲག་གམ། ཐ་ན་ཁབ་དང་སྲད་བུའི་རྣམ་པ་ཙམ་འབྱོར་པར་གྱུར་ནའང་། དེ་ལ་རང་གི་ཕྱོགས་སྲུང་བ་དང་། དཔལ་དང་འབྱོར་པའི་འདུ་འགོད་རྩོམ་པ་དང་། འགའ་དང་འགའ་ལ་དོ་ཟླའི་


JLAZ013_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་ལྟ་བ་ལ་སོགས་པའི་རྣམ་པར་རྟོག་པ་ཡིད་ཀྱི་ཡུལ་དུའང་འཇུག་པ་མ་ཡིན་པས། རྔ་བོ་ཆེའི་མདོར། ནོར་ནི་དགྲ་དང་ཆོམ་རྐུན་སོགས་མང་དང་། །རྒྱལ་པོ་མེ་དང་ཆུ་དང་མཛའ་བཤེས་དང་། །ཉེ་དུ་མི་མཛའ་བགོ་སྐལ་སྤྱོད་མང་གིས། །སྡིག་པར་སྤྱོད་པ་ཡིས་ནི་འཛད་པར་འགྱུར། །ཞེས་གསུངས་པའི་ཚུལ་དེ་ལ་སེམས་ཤིང་། ཇི་ལྟར་ནུས་པའི་སྒོ་ནས། འདི་ནི་དཀོན་མཆོག་གི་ཕྱོགས་སུ་མཆོད་པ་ཕུལ་པའམ། བཀྲེན་པ་དང་། ཕོངས་པ་དང་། ཉམ་ཐག་པ་དང་། མགོན་མེད་པ་དང་། ནད་པ་དང་། སྲོག་གི་འཇིགས་པས་སྐྲག་པ་ལ་སོགས་པའི་སྙིང་རྗེའི་ཡུལ་དུ་གྱུར་པ་དག་གི་ཉེར་འཚོར་བྱས་ན་རུང་གི། རེ་ཞིག་བྱ་བ་དེ་དང་དེའི་རྒྱུ་རྐྱེན་ཚོགས་པར་མ་གྱུར་པ། དེ་སྲིད་དུ་བདག་ནི་འདིའི་གཉེར་དུ་བསྐོས་པ་ཙམ་ཡིན་གྱིས། དངོས་པོ་འདིའི་བདག་པོར་གྱུར་པ་ནི་ཁོ་བོ་ཅག་ནམ་དུའང་མ་ཡིན་ནོ་སྙམ་དུ་ཡིད་ལ་ལྷན་སྐྱེས་སུ་འཆར་བས་དཀོར་གྱི་ནུས་པ་སླར་ལ་འཕེལ་བའི་བརྟུལ་ཞུགས་ཀྱང་ཉམས་དམས་པར་འགྱུར་རོ་སྙམ་དུ་སེམས་ལ། འདུན་པ་དེའི་རྒྱུ་དང་། འབྱོར་པ་ཉུང་ངུར་གྱུར་པའི་བདག་པོའི་རྐྱེན་ལས་ཀྱང་། བོད་ཀྱི་རྡོ་རྗེའི་གདན་ཆེན་པོར་གྱུར་པའི་གཙུག་ལག་ཁང་དག་ལ། སྟོང་མཆོད་ཀྱི་རིམ་པ་ལན་བཅུ་ཕྲག་ཙམ་དང་། གསེར་སིལ་མའི་མེ་ཏོག་གཏོར་བ་དང་། ཞལ་གསེར་གྱིས་བྱུག་པས་བསྐུ་བ་དང་། རྒྱལ་བའི་


JLAZ013_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འགྱུར་རོ་ཅོག་གི་གསུང་སྒྲོགས་དང་། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཀྱི་རིམ་པ་ཅུང་ཟད་དང་། འགྲོ་བ་མང་པོའི་སྲོག་བསླུ་བའི་དམ་བཅའ་རྒྱུན་མི་འཆད་པར་བཟུང་བ་དང་། སྒྲུབ་གནས་རྣམས་སུ་མེ་མཆོད་དང་ཚོགས་སྐོང་ལ་སོགས་པ་ཡང་ནས་ཡང་དུ་བགྱིད་པ་ལ་སོགས་པ་ཐར་པ་ཆ་མཐུན་གྱི་དགེ་བར་འགྱུར་བ་ཡང་རྗེས་ལ་ཐོབ་པའི་ཡེ་ཤེས་དང་འབྲེལ་བར་སྤྱད་ལ། ཁྱད་པར་ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏོང་བ་ནི་རྣམ་པ་གསུམ་སྟེ། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །དེ་ལ་གཏོང་བ་གང་ཞེ་ན། བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། མར་མེ་དང་། སྤོས་དང་། རྒྱན་ལ་སོགས་པ་གང་སེམས་ཅན་ལ་ཕན་པར་འགྱུར་བ་མ་གཏོགས་པ་མི་སྦྱིན་པ་གང་ཡིན་པ་དེ་ནི་གཏོང་བའོ། ། གཏོང་བ་ཆེན་པོ་ནི། འདི་ལྟ་སྟེ། ཆུང་མ་དང་། བུ་དང་། བུ་མོ་དང་། ཡིད་དུ་འོང་བའི་བྲན་དང་། ཁྱིམ་དང་། རྒྱལ་སྲིད་རྣམས་ཡོངས་སུ་གཏོང་བ་ནི་གཏོང་བ་ཆེན་པོའོ། །ཤིན་ཏུ་གཏོང་བ་གང་ཞེ་ན། ལག་པ་དང་། རྐང་པ་དང་། རྣ་བ་དང་། སྣ་དང་། ཤ་དང་། རུས་པ་དང་། པགས་པ་དང་། མིག་དང་། ལྕེ་དང་། མགོ་རུས་དང་། རྐང་ལ་སོགས་པ་གཏོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ཤིན་ཏུ་གཏོང་བ་ཞེས་བྱའོ། །


JLAZ013_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལས། འདིར་ཕྱི་མ་གཉིས་སྨོན་པའི་ཡུལ་དུ་བྱས་ཏེ། དང་པོའི་གནས་ལ་སྦྱིན་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་ཅུ་རྩ་བདུན་སྦྱིན་པར་བྱིན་ནོ། །སུམ་ཅུ་རྩ་བདུན་གང་ཞེ་ན། སེར་སྣ་རྣམ་པར་སྤངས་པའི་ཕྱིར་དད་པས་སྦྱིན་པ་བྱིན་ནོ། །དུས་སུ་སྦྱིན་པ་བྱིན་ནོ། །དེ་བཞིན་གཤེགས་པས་གནང་བའི་རུང་བའི་དངོས་པོ་གསུམ་ཡོངས་སུ་དག་པས་སྦྱིན་པ་བྱིན་ནོ། །སེམས་ཀྱི་འཁྲུག་པའི་སྐྱོན་ཐམས་ཅད་སྤང་བའི་ཕྱིར་བསྟི་སྟང་དུ་བྱས་ནས་སྦྱིན་པ་བྱིན་ནོ། །སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བའི་ཕྱིར་རང་གི་ལག་ནས་སྦྱིན་པ་བྱིན་ནོ། །ཞེས་པ་ལ་སོགས་པས་རྒྱ་ཆེར་བསྟན་པ་བཞིན། འཕྲལ་གྱི་བཟའ་བ་དང་། བཏུང་བའི་ཉེ་བར་སྤྱད་པ་ཚུན་ཆད་གཅིག་ཏུ་རྣམ་པར་དཀར་བའི་བགྱི་བ་འདིའི་ཕྱོགས་སུ་ཉེ་བར་བསྡོགས་པའི་དམ་བཅའ་བཟང་པོ་ཡིད་ཀྱི་ཆོ་གར་ཡང་དག་པ་ཉིད་དུ་བཅས་སོ། །དེ་ལས་ཇི་ལྟར་བསྒྲུབས་པའི་ཡུལ་ནི། ལྷ་གཅིག་དི་བཾ་ཀཱ་རའི་དོན་གྱི་རྟོགས་པ་བརྗོད་པའི་གླེགས་བམ་ལས་མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེའི་མགུར། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུ་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །གངས་


JLAZ013_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །ཚོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་བསྔགས་པ་བཞིན། རི་ཁ་བ་ཅན་ན་སྟོད་ལ་མངའ་རིས་སྐོར་གསུམ། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་ཡོད་པའི་ནང་ཚན་ལས། གངས་རིའི་ཁྲོད་ཀྱི་རྡོ་རྗེ་གདན་ཆེན་པོ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོ་ནས་མཐར་བྱེད་ཀྱི་ཕྱོགས་སུ་གདུགས་གསུམ་གྱིས་བདེ་བར་ཕྱིན་པའི་ས། དགེ་བཅུའི་དཔལ་གྱིས་མངོན་པར་ཕྱུག་པའི་ཡུལ་ཡར་མོ་ཀླུང་གི་ཆུ་ལྷའི་ཕྱོགས་ཀྱི་ཡན་ལག །གཡོ་རུའི་ཁྲ་འབྲུག་གི་གཙུག་ལག་ཁང་དང་ཧ་ཅང་རིང་བ་མ་ཡིན་པ། བཀྲ་ཤིས་སྲོང་བཙན་བང་སོའི་དབང་པོའི་ཕྱོགས། སྐྱེ་བོ་རྣམས་ཆོས་ཀྱི་སྣང་བ་ཤས་ཉུང་ཞིང་། ཞོ་ཤས་འཚོ་བ། འབྱོར་པ་མ་ཡིན་པ། ཕྱོགས་དང་ཕྱོགས་མཚམས་གྲོང་ཁྱེར་སྟོངས་པས་གང་ཞིང་དགེ་བ་བསྒྲུབ་པ་ལ་ཕན་པ་དང་གནོད་པའི་ཕྱོགས་གཉིས་ཀ་སྤངས་པའི་མཐའ་འཁོབ་ཁོལ་བུ་པར་ཡང་། དབེན་པ་འབའ་ཞིག་གི་ཡོན་ཏན་བསམས་ཏེ། འཕྲ་བཟུང་ནས་བྱང་ཆུབ་ཤིང་གི་ནགས་ཁྲོད་ཚེ་རིང་ལྗོངས་ཞེས་བྱ་བའི་བས་མཐའ་ཆེན་པོ། ཁོ་བོ་ཅག་ཡོན་


JLAZ013_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཀྱིས་རེ་ཞིག་གཅིག་ལ་རྟེན་དང་བརྟེན་པའི་གནས། མིག་འཕྲུལ་ལྟ་བུར་རྣམ་པར་འདུ་བྱས་པའི་དྲི་གཙང་ཁང་མཐོང་ན་མི་མཐུན་པ་མེད་པའི་རྟེན་གྱི་གཟི་བྱིན་དང་འགྲོགས་པ་པདྨ་འོད་གླིང་ཐར་པ་ཆེན་པོའི་གྲོང་ཁྱེར་ཞེས་བྱ་བ་རྣ་ལུང་དུ་དཔྱངས་ནས། ཕྱོགས་དང་ཕྱོཊ་བྲལ་ནས་འབྲེལ་བ་ཅན་དག་ཆོས་ཀྱི་འདུ་བ་ལ་ལྷགས་ཤིང་། རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་སྒྲ་ཡང་ཅུང་ཟད་སྒྲོགས་པ། དེ་ལས་གཞན་དུ་སྐྱེ་བོ་ཕལ་པ་རྣམས་ཀྱིས་བལྟར་མི་མངོན་ཞིང་། སྙིང་ཐག་པ་ནས་འཁོར་བ་ལ་ངེས་པར་འབྱུང་བའི་ཡིད་ཀྱིས་ཤིང་རྟས་བསམ་གཏན་གྱི་ཁང་བུའི་ནང་དུ་ལང་ཚོའི་འདུ་བྱེད་རྣམ་པར་དྲངས་ནས་འགྱུ་བའི་ལམ་གྱི་སྒོ་ཡང་རྩིག་པའི་ར་བ་དང་འཇིམ་པའི་ཞལ་ཞལ་གྱིས་འཐས་པར་བྱས་པའི་དྲང་སྲོང་དུ་མས་བསྟེན་པའི་གནས་ཤིག་ཡོད་དོ། །དེ་ནི་སྲིད་པ་འདིར་སྐྱེ་བའི་མྱུ་གུ་བཟུང་མ་ཐག་པ་ནས་སངས་རྒྱས་ཀྱི་བསྟན་པའི་ལམ་སྲོལ་ལ་ཡང་དག་པར་ཞུགས་ཤིང་། ཐོས་པ་མང་པོ་དང་། བློ་གྲོས་རྒྱ་ཆེན་པོའི་གནས་སུ་འཇུག་པར་རྩོམ་པ་མ་ཡིན་ཡང་། དད་པ་དང་། བརྩོན་འགྲུས་དང་། སྙིང་རྗེ་དང་། སྐྱོ་ཤས་དང་། ངེས་པར་འབྱུང་བས་ཡིད་དྲངས་ཏེ་སྒྲུབ་པ་འབའ་ཞིག་ལྷུར་བྱེད་པའི་གནས་ལ་རང་བཞིན་གྱིས་བག་ཆགས་གསལ་བའི་རིག་པ་འཛིན་པ་མཁྱེན་བརྩེའི་འོད་ཟེར་རམ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས། རང་བྱུང་རྡོ་


JLAZ013_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཇིགས་མེད་གླིང་པར་མིང་གི་ཅོད་པཎ་དཔྱངས་ཤིང་། གཞན་དུ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་དེས་ཀྱང་བོད་པ་དེ་ཉིད་ཀྱི་རྣམ་པར་རྟོག་པ་ལ་སྔོན་གྱི་ཚེ་རང་ཉིད་ཀྱི་ཡབ་ཏུ་གྱུར་པ་རྒྱལ་པོ་ཀྲྀ་ཀྲིའི་རྨི་ལྟས་ཀྱི་མཚན་ཉིད་བཅུ་ཐམ་པའི་དོན་ལ་རྟོག་པ་ཤར་ཏེ། འདི་སྐད་དུ། སངས་རྒྱས་འོད་སྲུང་ཆེན་པོས། རྒྱལ་པོ་ཆེན་པོ་མ་འཇིགས་ཤིག །རྒྱུ་འདི་ལས་ཁྱོད་རྒྱལ་སྲིད་ལས་ཉམས་པ་དང་། སྲོག་གི་བར་ཆད་དུ་མི་འགྱུར་གྱི་མ་འཇིགས་ཤིག །དེ་ཅིའི་ཕྱིར་ན། རྒྱལ་པོ་ཆེན་པོ། གང་ཁྱོད་ཀྱིས་གླང་པོ་ཆེ་སྐར་ཁུང་ནས་བྱུང་བ་ལས་མཇུག་མ་ཐོགས་པ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། མ་འོངས་པ་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པའི་དུས་ན། ཤཱཀྱ་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བར་འགྱུར་ཏེ་དེའི་ཉན་ཐོས་དག་རང་གི་སྐྱེ་བོ་གཉེན་བཤེས་རྒྱ་ཆེན་པོ་སྤངས་ནས་རབ་ཏུ་བྱུང་སྟེ། དེ་ལྟར་རབ་ཏུ་བྱུང་ནས་གཙུག་ལག་ཁང་ལ་ཁྱིམ་གྱི་འདུ་ཤེས་སྐྱེ་བར་འགྱུར་ཅིང་། དེ་ནས་སེར་སྣ་ཀུན་ཏུ་བརྟེན་ཅིང་ལན་མང་དུ་བྱས་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་རྣམས་སུ་ལྟུང་ཞིང་སྐྱེ་བར་འགྱུར་བ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྐོམ་པ་མ་ཡིན་པ་རྣམས་ཀྱི་ཕྱི་བཞིན་དུ་ཁྲོན་པ་གདའ་བ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེ་ཡི་ཉན་ཐོས་


JLAZ013_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ཆོས་སྟོན་པ་དེ་དག་ཉན་པར་མི་འདོད་ཅིང་གནས་པར་འགྱུར་བ་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་བརྗེ་བ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་ཕྱེ་ཚོལ་བའི་ཕྱིར་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་རིན་པོ་ཆེ་ཡང་དག་པར་གསལ་བར་བྱེད་དེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཙན་དན་ཤིང་ཐ་མལ་པར་འཚོང་བ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་དག་ལུས་མ་བསྒོམས་པ་འབྱུང་བར་འགྱུར་ཅིང་། ཚུལ་ཁྲིམས་མ་བསྒོམས་པ་དང་། སེམས་མ་བསྒོམས་པ་དང་། ཤེས་རབ་མ་བསྒོམས་པ་དག་འབྱུང་བར་འགྱུར་ལ། ལུས་མ་བསྒོམས་པ་དང་། ཚུལ་ཁྲིམས་མ་བསྒོམས་པ་དང་། སེམས་མ་བསྒོམས་པ་དང་། ཤེས་རབ་མ་བསྒོམས་པས་མུ་སྟེགས་ཀྱི་བསྟན་པ་འཛིན་ཅིང་སངས་རྒྱས་ཀྱི་གསུང་རབ་དང་མཉམ་པར་བྱེད་པར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཀུན་དགའ་ར་བ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དག་མ་བྱིན་པར་ལེན་པས་ཕྲོགས་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་ཁྱིམ་ལ་བརྟེན་ཏེ་དགེ་འདུན་གྱིས་མེ་ཏོག་དང་འབྲས་བུ་བཙོངས་ཤིང་། བཙོངས་ཏེ་བཟུང་


JLAZ013_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཚོ་བའི་ཕྱིར་སེམས་པ་དག་འབྱུང་བར་འགྱུར་ཏེ། དེ་ནི་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་གླང་པོ་ཆུང་ངུས་སྤོས་ཀྱི་གླང་པོ་ཆེན་པོ་སྐྲག་པར་བྱེད་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན་དག་འབྱུང་བར་འགྱུར་ཏེ། དེས་གང་དག་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་ཤིང་དགེ་བ་དེ་དག་བསྐྲད་ནས་གནས་གཞན་གནས་པར་འགྱུར་ཏེ། དེ་ནི་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་མི་གཙང་བས་འབགས་པ་གཞན་ལ་བསྐུས་པ་རྨིས་པ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་སྡིག་པའི་ཆོས་ཅན་ཚུལ་ཁྲིམས་འཆལ་བ་དེ་དག་གིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་ཤིང་དགེ་བའི་ཆོས་ཅན་དག་ལ་མི་བདེན་པའི་སྐྱོན་འགེལ་བར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་རྒྱལ་པོར་དབང་བསྐུར་བ་རྨིས་པ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་དུས་ན་མ་ནིང་ཡང་རྒྱལ་པོ་བྱེད་པར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྣམ་བུ་གཅིག་མི་བཅོ་བརྒྱད་ཀྱིས་བགོས་ལ་སྣམ་བུ་ཡང་དེ་བཞིན་དུ་གནས་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་བསྟན་པ་ཁག་བཅོ་བརྒྱད་དུ་གྱེས་པར་གྱུར་ལ་རྣམ་པར་གྲོལ་བའི་སྣམ་བུ་ནི་རལ་བར་མི་འགྱུར་ཏེ། དེའི་སྔ་


JLAZ013_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུས་ཤིང་ཚིག་ངན་བརྗོད་དེ་ཆད་པ་དང་། གནོད་པ་བྱེད་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་བསྟན་པ་ལོ་སྟོང་དུ་གནས་ཤིང་ངན་པར་སྨྲ་བ་དང་། ཆད་པ་བྱེད་པས་ནུབ་པར་འགྱུར་ཏེ་ཞེས་པ་དེས་ཡིད་ལ་གདུང་བ་ལྷག་པར་སྐྱེས་ནས། དེ་བཞིན་གཤེགས་པའི་བསྟན་པ་ལ་དཀོན་པའི་འདུ་ཤེས་བླ་ལྷག་ཏུ་བསྐྱེད་ཅིང་། གང་ན་ཆོས་ཀྱི་སྣང་བ་ཉུང་བ་དང་། གང་ཞིག་ཆོས་ཀྱི་རྣམ་གྲངས་དཀོན་པ་དེ་དག་ལ་འདི་ལྟ་བུ་ནི་བསྟན་པའི་ཁུར་དང་། མངའ་རིས་དང་། ལོངས་སྤྱོད་ཆེན་པོའི་གནས་ལ་རང་དབང་དུ་བྱེད་པ་དག་གིས་ཀྱང་ཅི་མི་སྙམ་ན། བདག་ཅག་ནི་མཐུ་ཆུང་ངུར་གྱུར་པས་སེམས་ལ་བརྣག་པའི་ཁུར་དུ་བསྐུར་བར་འོས་པ་མ་ཡིན་ནོ་སྙམ་པའི་ཞུམ་པ་ལྷག་པར་སྤངས་ཏེ། བློ་གྲོས་དང་བརྟུན་པ་ཆུང་ངུར་གྱུར་པ་དག་གིས་བརྫི་བར་མི་ནུས་པའི་དམ་བཅའི་རི་མོ་བསུབ་ཏུ་མེད་པ་བྲིས་ནས་བགྱི་བ་འདི་བརྩམས་པ་ཡིན་ནོ། །དེ་ལ་དུས་ཀྱི་ངེས་པ་ནི། བདག་ཅག་གི་སྟོན་པ་ཤིང་མོ་གླང་ལ་སྐུ་བལྟམས་པའི་གཏན་ཚིགས་ཇོ་བོ་དྲཱི་པཾ་ཀཱ་རའི་ལུགས་སུ་བྱེད་པ་ནི། འགོས་ལོ་གཞོན་ནུས་སྟོད་ལུང་པ་ཇོ་བོ་ཚུལ་ཁྲིམས་ཀྱི་འདོད་པར་འཇོག་པ་དང་། ཀསྨི་རའི་པཎྜི་ཏ་ཤཱཀྱ་ཤྲཱི་ལ་སོགས་པ་རྒྱ་བལ་ཁ་ཆེ་བ་མང་པོ་དག །མེ་མོ་སྦྲུལ་གྱི་ལོ་ལ་སྐུ་བལྟམས་པར་བྱེད་པ་


JLAZ013_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཉན་ཐོས་སེནྡྷ་པ་རྣམས་ཀྱི་སྟོན་པའི་འདས་ལོ་ནུབ་རེ་བཞིན་བརྩི་བའི་རྒྱུན་མ་ག་དྷཱའི་བྱང་ཆུབ་ཆེན་པོའི་སྐུ་གཟུགས་ཙནྡན་གྱི་ལྡེ་གུ་ལས་རང་བྱུང་དུ་འཁྲུངས་པའི་དུས་ལ་འཁྲུལ་པར་འཇོག་པ་དང་། འདོད་པ་གཞན་དུ་ས་འབྲུག་གི་ལོ་ལ་སྐུ་བལྟམས་པར་བྱེད་པ་སོཊ་རྣམ་པ་ཤིན་ཏུ་མང་པོར་གྱུར་པ་དག་ལས། འདིར་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་གྱི་གནས་ལ་བློ་མཐུ་ཆེ་ཞིང་། དུས་ཚིགས་རྟག་པའི་འགྲོས་ཅན་དང་གསུང་རབ་ཀྱི་ལུང་དོན་རྒྱ་མཚོར་འགལ་བ་མ་ཡིན་པར་སྤྱོད་པ་པད་དཀར་ཞལ་ལུང་གི་རྗེས་འབྲང་ལེགས་པར་བཤད་པ་བཻ་ཌཱུར་དཀར་པོའི་བསྟན་བཅོས་ཀྱི་གཞུང་ལམ་ལ་གཞོན་ནུའི་དུས་ན་གོམ་པ་ལེགས་པར་དོར་བའི་རྗེས་སུ་དཔགས་ཏེ། བདག་ཅག་གི་སྟོན་པ་དྲག་པོ་ལྕགས་སྤྲེའུ་ས་ག་ཟླ་བའི་བཟང་པོ་གཉིས་པར་གྱུར་པ་ཚེས་བདུན་གྱི་ཟླ་སྐར་རྒྱལ་ལ་བབས་པའི་ཉིན་སྐུ་བལྟམས་ནས་ཝཪྵ་སྟེ་རང་སྐྱོབ་བམ་ལོ་གྲངས་ཉིས་སྟོང་བདུན་བརྒྱ་སུམ་ཅུ་སོ་གཅིག །ཤིང་ཕོ་སྤྲེའུར་འོད་མཚན་སྟོང་འབར་ཆུ་སྐྱེས་གཞོན་ནུ་མ་མས་བརྟེན་པ་སངས་རྒྱས་གཉིས་པ། མཚོ་སྐྱེས་རྡོ་རྗེའི་གྲགས་པར་གསལ་ནས་ཉིས་སྟོང་དྲུག་བརྒྱ་བཞི་བཅུ་ཞེ་བདུན། ཕུར་བུ་ས་སྤྲེའུ་གསང་བའི་བདག་པོས་རི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར། རིགས་ཅན་ལྔ་ལ་གསང་བ་མཆོག་གི་ཆོས་འཁོར་བསྐོར་ཞིང་ཟ་ཧོར་རྒྱལ་པོ་


JLAZ013_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་རྡོ་རྗེའི་ཕོ་བྲང་རྩེ་ན་ཏནྟྲ་བཅོ་བརྒྱད་ཆར་དུ་བབས་ནས་ཉིས་སྟོང་དྲུག་བརྒྱ་ཉི་ཤུ་རྩ་གསུམ། ཁྲོ་བོ་ཤིང་གླང་རྡོ་རྗེ་སེམས་དཔའ་གཞོན་ནུའི་ངང་ཚུལ་འཛམ་བུའི་གླིང་ན་དགྱེས་བཞིན་རྩེན་པ་དགའ་རབ་རྡོ་རྗེ་འཁྲུངས་ནས་ཉིས་སྟོང་སུམ་བརྒྱ་དང་བདུན། རྣམ་གནོན་ལྕགས་འབྲུག་རྡོ་རྗེའི་སྐུ་བརྙེས་འཇམ་པའི་གཞོན་ནུའི་སྤུན་ཟླར་གྱུར་པ། པཎྜི་ཏ་ཆེན་པོ་དྲི་མེད་བཤེས་གཉེན་འཁྲུངས་ནས་ཆིག་སྟོང་བདུན་བརྒྱ་ལྔ་བཅུ་རྩ་གཅིག །ལྕགས་ཕོ་སྟག་ལ་བསམ་ཡས་བཞེངས་ནས། ཆིག་སྟོང་ཉི་ཤུ་རྩ་གཅིག་རྣམས་སྔོན་དུ་འདས་ཤིང་། རང་ཉིད་ཀྱི་སོ་བཞི་པ་ཆུ་ཕོ་རྟའི་ལོ་ལ་པདྨ་འོད་གླིང་བྱང་ཆུབ་ཤིང་གི་ནགས་ཁྲོད་བསྟེན་ནས་འདོར་བྱེད་བཅུ་པའི་ལོར། དེ་བཞིན་གཤེགས་པའི་བསྟན་པའི་གནས་ཚད་ལས། འདོད་པ་གཞན་ས་ཕོ་འབྲུག་ལ་སྐུ་བལྟམས། མེ་མོ་ཕག་ལ་མྱ་ངན་ལས་འདས་པའི་དབང་གིས་ན། འབྲས་བུའི་དུས་གསུམ་དང་། སྒྲུབ་པའི་དུས་གསུམ་སྟེ་སྟོང་དང་། ལུང་གི་དུས་གསུམ་ལས་མངོན་པའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་ནི་འདས། མདོ་སྡེའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་ལས་ཀྱང་བཞི་བརྒྱ་དང་བཞི་སྟེ། བསྡོམས་པས་སུམ་སྟོང་དགུ་བརྒྱ་བཞིར་འདས་ལ། དེའི་ལྷག་མར་གྱུར་པ་བརྒྱ་ཕྲག་གཅིག་དང་དྲུག །འདུལ་བའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་དང་། རྟགས་


JLAZ013_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་འཛིན་པའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་སྟེ། ཕྱི་མ་ནི་བསྟན་པར་མི་ཐེབས། ཕྱིན་ཆད་བསྟན་པ་རྣལ་མའི་ལྷག་མ་ལྔ་བརྒྱ་དང་དགུ་བཅུ་གོ་དྲུག་ཡོད་པ་རབ་བྱུང་བཅུ་གསུམ་པའི་ནང་ཚན་ལྕགས་མོ་ཡོས་ཀྱི་ལོར་སྟ་གོན་མ་ཚང་བ་མེད་པ་དང་ཤོག་ལས་ཀྱི་རིམ་པ་ཉམས་སུ་བསྟར། དེའི་ཚེ་གཙང་ཉང་སྟོད་སའི་ཐིག་ལེ་རྒྱལ་མཁར་རྩེའི་ཉེ་འདབས་ནས་མཐུ་སྟོབས་ཀྱི་དབང་པོ་རྭ་ལོའི་གདུང་དུ་གྱུར་པ་ཡ་རབས་དྲ་མའི་ངང་ཚུལ་དང་ལྡན་ཞིང་། རང་བཞིན་བཟང་བ། བློ་གྲོས་གྱ་ནོམ་པ། བདག་ཅག་ལའང་རིང་མོ་ཉིད་ནས། གུས་པ་དང་། དད་པ་འབའ་ཞིག་ལྷུར་བྱེད་ཅིང་ཟབ་མོའི་ཆོས་ཀྱི་ལམ་ནས་ཡང་དག་པར་འབྲེལ་བ་ཞབས་དྲུང་ཡང་སྟེངས་པ་དྲང་སྲོང་རྒན་པོའི་ངང་ཚུལ་ཅན་དེས། རང་གི་ཞབས་འབྲིང་དུ་གྱུར་པ་དངོས་ལའང་། ཆོས་ཀྱི་བདུད་རྩི་མང་དུ་འཐུང་ཞིང་མོས་པའི་ཤིང་རྟ་དགེ་བའི་དྲུང་ཡིག་བློ་གསལ་དབང་པོ་དེ་བསྒོ་བ་གང་ཡང་མེད་པར་འདེགས་འཇོག་གི་རྐང་པའི་ཁྱོགས་ལ་བརྟེན་ནས་ཕྱོགས་འདིར་ལྷགས་སུ་བཅུག་པས། དཀོན་མཆོག་གསུམ་གྱི་ཐུགས་རྗེའི་གནས་ལ་སྒྲིབ་པ་མེད་ཅིང་། རྡོ་རྗེ་ཆོས་སྐྱོང་རྣམས་ཀྱིས་གཡེལ་བ་མེད་པའི་ཕྲིན་ལས་ལ་ཆགས་ཐོགས་སྤངས་པ་ཉིད་དུ་ངེས་ཤེས་ལྷག་པར་རྙེད་ཅིང་གཟབ་བྲིས་རྣམས་འབྲི་བའི་དབུ་བརྩམས་སོ། །དེ་ལ་འདི་ལྟ་སྟེ། བྱ་དཀའ་བ་


JLAZ013_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྒྱུ་འགྲོ་མོད་པ་དང་། དུས་བུལ་བ་ལ་བློ་འཚོབ་པ་ནི་བྱ་བའི་ལས་དེ་ཕུན་སུམ་ཚོགས་པ་མ་ཡིན་པར་འཆོས་པའི་གདོན་ཆེན་པོ་བལྟར་མི་མངོན་པ་ཞིག་སྟེ། དེའི་ཕྱིར་བྱ་བ་དང་བྱ་བ་མ་ཡིན་པའི་གནས་ལ་བློ་གྲོས་ཀྱི་མཐུ་སད་པར་བྱེད་པའི་གྲོགས་སུ་གྱུར་པ་ནི་འཇིག་རྟེན་ནའང་ཤིན་ཏུ་དཀོན་པ་ཉིད་ན་དངོས་ཅག་ཁོ་ན་ལ་ལྟ་ཅི་སྨོས་ཏེ། བསྟན་པའི་སླད་དུ་རང་གི་སྒོ་གསུམ་རྡུལ་ཕྲན་བཞིན་དུ་བརླག་པ་ལའང་ཅང་མི་སེམས་པའི་སྐྱོ་ངལ་ཁུར་དུ་བཟོད་པར་བྱས་ཏེ། ལས་ཀྱི་འདུ་འགོད་དང་ཞུ་དག་གི་དཔང་པོ་དང་། བཟོ་གནས་ཀྱི་ཁ་ཏ་ལ་སོགས་ཏེ་ཐམས་ཅད་རང་ཉིད་ཁོ་ནའི་ཕང་པ་ན་བཟུང་དགོས་པ་ཉིད་ལས། དང་པོར་གཟབ་བྲིས་རྣམས་དབུ་ཤོག་གཅིག་པ་ནས་ལྔ་པ་ལ་སོཊ་པའི་བར་དུ་གསེར་དང་། དངུལ་དང་། ཟངས་དང་། གཡུ་སྦྱངས་བསྲེས་པའི་མཐིང་དང་། མཚལ་ཏེ་རིན་པོ་ཆེ་སྣ་ལྔའི་བྲི་གཞི་ཨིནྡྲ་ནཱི་ལ་ལྟར་བསྔོ་བ་དང་། བུང་བ་བཞིན་དུ་གནག་པ་དང་། པདྨ་རཱ་ག་ལྟར་དམར་བ་དང་། མ་རྒད་ལྟར་ལྗང་བ་དང་། གསེར་བཙོ་མའི་ཁ་དོག་ཏུ་རྔོམ་པའི་ཤོག་བུ་རྣམས་ལ་བྱ་བ་ཐ་དད་པ་མང་པོ་བསོགས་ཤིང་། དེ་དག་རྒྱུ་རྐྱེན་མ་ཚོགས་པའམ། ཐལ་བར་གྱུར་པ་ལས་ཡང་ནས་ཡང་དུ་ཆུད་གསོན་པར་གྱུར་པ་ལ། སྤྲོ་བ་ཞན་པ་མེད་པའི་ནན་ཏན་གྱིས་མཐར་སོན་པར་བྱས་ཏེ། གཟབ་བྲིས་རྣམས་ལོ་འདི་


JLAZ013_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ལ་ཚགས་སུ་ཚུད་པར་བྱས་སོ། །རེ་ཞིག་ན་སྟོན་གྱི་རྒྱལ་མོ་ཡང་བལྟར་མི་མངོན་པར་ཕྱོགས་པའི་ཚེ་དཔལ་གྱི་རི་བོ་དམ་པ་ནས་དགེ་འདུན་འདུས་པའི་ཚོགས་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་གཙོ་བོར་གྱུར་པའི་དགེ་འདུན་ཉི་ཤུ་རྩ་ལྔ་སྐོར་དང་། འདི་ཁའི་གྲྭ་རིགས་སློབ་མར་གྱུར་པ་གཙོ་ཆེ་བ་དག་འདུས་པ་ལ་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་མོ་ཆེ་བསྐུར་བའི་རྗེས་ཐོག་ཏུ། སྔ་དྲོའི་ཆར་ཚོམ་བུ་ཡོངས་རྫོགས་འདུས་པའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་། བདག་འཇུག་བླང་བ་དང་། ཚོགས་ཀྱི་འཁོར་ལོས་དགྱེས་པ་བསྐྱེད་ནས་ལྷག་པའི་ལྷ་དང་མཁའ་འགྲོའི་ཚོགས་ལ་རྒྱུད་ཆེན་ཟབ་མོ་ཤིན་ཏུ་བཀའ་གཉན་པ་དག་བྲི་བ་ལ་སྐབས་དབྱེ་བའི་གནང་བ་ཡང་དག་པར་ཞུས། ཕྱི་དྲོའི་ཆ་ལ་བབ་པ་ན་རྡོ་རྗེའི་ཆོས་སྐྱོང་རྣམས་ལ་མཆོད་པའི་སྤྲིན་རྒྱ་ཆེན་པོ་བཤམས་ཏེ། ཉིན་ཞག་བདུན་གྱི་བར་དུ་དཔོན་སློབ་ཚང་མས་གྱེར་དང་། འགྱུར། ཁུགས། སྦོམ། ཕྲ། འདེགས། འཇོག་སྟེ་ཡོན་ཏན་དྲུག་ཚང་བའི་དབྱངས་དང་། དྲག་དལ་སྐབས་ཕྱེད་པའི་རྔའི་ཆིངས་དང་། སྙན་འགྱུར་རྫོགས་པའི་རོལ་མོའི་བྱེ་བྲག་དང་། མཁའ་འགྲོ་འབོད་པའི་རྐང་གླིང་དང་། དུང་དང་། དུང་ཆེན་པོ་དང་། རྒྱ་གླིང་དང་། གླིང་བུ་དང་། རྒྱུད་མངས་ལ་སོགས་པའི་སྤྲོས་པ་ལ་བརྟེན་ནས་བསྐང་གསོའི་ཆོ་ག་ཤིན་ཏུ་རྒྱས་པར་བསྟར་


JLAZ013_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཐུགས་དམ་བསྐོངས་ཤིང་། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང་། །ཞེས་པ་ལྟར། རང་གི་སེམས་དགེ་བའི་རྒྱུན་ལ་ངང་གིས་གནས་པས་འདོད་པའི་དོན་བསྒྲུབ་པ་ལ་དགྲ་ཟླར་ཆས་པའི་བསླུ་བྱེད་ཀྱི་མདའ་རྣོན་པོ་མེ་ཏོག་གི་མདེའུ་ཅན། རྣམ་པ་ཤིན་ཏུ་རྩུབ་མོ་མ་ཡིན་ཡང་ནུས་པ་ཤིན་ཏུ་རྩུབ་མོར་གྱུར་པ་དེས་ཐབས་དུ་མའི་སྒོ་ནས་གླགས་བལྟ་བའི་འཇུག་པ་རྩོམ་པ་དེ་བསླུ་བྲིད་ཀྱི་གོམ་པ་གྱ་གྱུར་འདོར་བཞིན་དུ་འོང་བའི་སྐབས་གཅོད་པར་གཉེར་དུ་གཏད་ཅིང་། བཀའ་བསྒོས་པས་དེ་དེ་བཞིན་དུ་སྒྲུབ་པའི་དགེ་མཚན་གྱི་རུ་མཚོན་རྣོན་པོ་ཕྱོགས་དང་ཕྱོཊ་བྲལ་དུ་འཕྱར་བའི་ལྟད་མོའང་འདྲེན་བྱེད་ཀྱི་ལམ་དུ་བྱིན་པར་གྱུར་ཏོ། །དེ་ནས་གཅིག་ཏུ་རྣམ་པར་དཀར་བའི་ལས་ཀྱི་དངོས་གཞི་རྩོམ་པ་ལ་གཞོན་ནུར་གྱུར་པའི་གསར་བུའི་ལོ་ཡང་ཆས་པར་གྱུར་ཏེ། འདི་ལྟར་འཕགས་པའི་ཡུལ་དུ་སྐད་རིགས་རྣམ་པ་བཞི་ལས་སཾ་སྐྲྀ་ཏའི་སྐད་དུ་ནནྟ། སྟོད་འགྲེལ་ལས་བོད་སྐད་དུ་དགའ་བའི་སྒྲ་བཟང་པོ་དང་ལྡན་པ། ཤར་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་མ་ཧཱ་ཙི་ནའི་ཁབ་ཏུ་ཞིང་ཤིན། འབྱུང་བ་དང་ཁམས་ཀྱི་བྱེ་བྲག་ལས་བྱུང་བའི་ངེས་བརྗོད་མ་སྨོས། ལྗོངས་འདིར་དབང་ཐང་དང་བསྟུན་པས། ཆུ་ཕོ་འབྲུག་གི་ལོར་འབོད་པའི་རེས་ལ་འཁོར་བའི་དྲང་སྲོང་ཆེན་པོ་དང་། ཆུ་ཚོད་ལ་སྤྱོད་


JLAZ013_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་སྐར་གྱི་ལྷ་མོ་སྟེ། དེ་གཉིས་ཕྲད་པའི་འཕྲོད་དང་སྦྱོར་བ་བྱེད་པ་སྟེ། ཡན་ལག་ལྔས་བསྡུས་པ་ལ། ལེགས་ལྡན་གཟའ་ལྔའི་གདོང་ཚུགས་དང་། དུ་བ་དང་། སོལ་བ་དང་། འཁྱུད་པའི་དཔྱད་མ་ཡིན་པ་ལ་སོགས་པ། ཆོ་ག་ཞིབ་མོས་ཀུན་རྫོབ་ཙམ་དུ་བརྟགས་ནས། དགེ་བ་དང་ལེགས་པའི་ཕྱོགས་འབའ་ཞིག་ལ་དཔལ་དུ་སྟེར་བའི་མཐུ་དང་འགྲོཊ་པ། སྔོན་བདག་ཅག་གི་སྟོན་པས་དཔལ་ལྡན་འབྲས་སྤུངས་སུ་གཉིས་མེད་རྒྱུད་ཀྱི་རྒྱལ་པོ་གསུངས་པའི་དུས་ཀྱི་རྒྱལ་པོས་བསུ་བར་ཉེ་ཞིང་། མཛད་བཅུ་རྒྱ་གཞུང་མའི་འདོད་པས་སྐུ་བལྟམས་པའི་དུས་ཚོད་ཀྱི་བསྐྱེལ་མར་བྱས་པ་ནག་པ་ཟླ་བའི་དགའ་བ་དང་པོའི་ཉིན། བཟོའི་གནས་ཀྱི་རིག་པ་ལ་གོམས་པའི་སྐྱེས་བུ་བཅུ་ཕྲག་གཉིས་སུ་ལྡང་བ་དག་མདུན་དུ་བདར་ནས། རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་དག་ནི་སོ་སོའི་སྐྱེ་བོ་ཐ་མལ་པའི་རྣམ་ཤེས་ཅན་ལ་ཡེ་གསང་ཆེན་པོའི་བདག་ཉིད་དུ་བཞུགས་ནའང་། གསང་སྒྲོག་གིས་ཉེས་པ་རྣམ་པ་ཙམ་དུ་འགོག་པའི་སླད་དུ་སངས་རྒྱས་ཐམས་ཅད་ཀྱི་གསུང་གིས་གསང་བ་འཛིན་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའི་རིག་པ་གཏད་པས་སྔོན་བསུས། བཟོ་བོ་དང་ལག་ཆར་གྱུར་པ་ཐམས་ཅད་བསྐྱེད་རྫོགས་ཀྱི་རྣམ་པ་དང་འབྲེལ་བའི་རིག་སྔགས་ཟབ་མོས་བྱིན་གྱིས་བརླབས། གཙང་འུག་བྱ་ལུང་ནས་ཀུན་སྤངས་


JLAZ013_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གྲཊ་རྒྱལ་གྱིས་བཞེངས་པའི་རྒྱུད་འབུམ་རགས་རིམ། གོང་ལོ་གཞན་ཕན་རྡོ་རྗེས་བཞེངས་པ་གཙང་སོག་གིས་དུས་ཀོང་པོར་བཤུགས་ཏེ་ཐང་འབྲོག་ན་བཞུགས་པ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་དཔེ་ལུང་གཉིས་ཀའི་རྒྱུན་ལ་གཅིག་ཏུ་བཀའ་དྲིན་ལྡན་པ་རཏྣ་གླིང་པ་ཡབ་སྲས་ཀྱིས་བཞེངས་པའི་ལྷུན་གྲུབ་ཕོ་བྲང་གི་རྒྱུད་འབུམ་རྣམས་དཔེ་ལུང་གཉི་གའི་རྩ་བར་གྱུར་ལ། སྤྱིར་ལྷུན་གྲུབ་ཕོ་བྲང་པ་ལ་སོགས་ཏེ་བླ་མ་གོང་མ་དག་གིས་གསན་ཡིག་སོགས་ལས་གཏེར་རྒྱུད་མང་པོས་ཁ་བསྐངས་པས་པོད་ཆུང་བཞི་བཅུར་ཐལ་བ་སོགས་ཀྱི་ཀ་ཐ་སྣང་ཡང་། བཀའ་དགོངས་ལ་སོགས་པའི་རྒྱུད་མང་པོ་ནི། ཆོས་སྡེ་དཔེའི་སྡེ་ཚན་དུ་དཔེ་ལུང་གཉིས་ཀའི་རྒྱུན་ཟམ་མ་ཆད་པར་འབྱུང་བས་ཕྱོགས་འདིར་འདྲི་བའི་དགོས་པ་ལྷག་པོའང་མི་སྣང་། འདིར་ནི་ལྡང་མ་ལྷུན་རྒྱལ་དང་། གཏེར་ཁ་གོང་འོག་གི་ཆོས་སྡེ་ནས་སྤྱི་ཏི་ལ་སོགས་པའི་ཆོས་ཀྱི་བཞུགས་ཚུལ་ལ་ངེས་པར་གཅེས་ཤིང་གཞུང་དོན་རྨད་དུ་བྱུང་བ་འགའ་ཞིག་མ་གཏོགས། གཙོ་བོར་བཀའ་ནས་བཀར་བརྒྱུད་པ་རྣམས་ཕྱོགས་གཅིག་ཏུ་བཞུགས་པའི་སྡེ་ཚན་གཙོ་བོར་འདུ་བྱེད་པ་ལས་རྒྱལ་དབང་ལྔ་པའི་གསན་ཡིག་དང་། སྨིན་གླིང་གི་རྒྱུད་འབུམ་ཕྱོགས་མཐུན་པ་བྱུང་བས་ཆོས་ཀྱི་བཞུགས་ཚུལ་དེ་བཞིན་དུ་བྱས། རྒྱུད་སོ་སོའི་ཕྱོགས་


JLAZ013_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་ཀྱི་ངོས་འཛིན་ལ་ཡོ་ག་གསུམ་ཀའི་སྐབས་བཞེད་ཚུལ་མི་འདྲ་བ་མང་དུ་བྱུང་བ་ནི། གཞུང་གི་ངོ་བོས་གསལ་བར་སྟོན་པ་དག་གང་ཟག་གི་བློ་མཐུས་ཉམས་ཉེས་པ་མ་ཡིན་པའི་ཕྱིར་ན། རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའི་གྲུབ་མཐའ་མཛོད་ཀྱི་དགོངས་པ་མ་འཁྲུལ་ཞིང་མ་འཛིངས་པ་སྔོན་དུ་བཤད་ནས་འཕྲོས་དོན་ལ་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པ་ཡིན་པའི་རྒྱུ་མཚན་གོང་དུ་བཀོད་པ་བཞིན། ཡིན་མིན་གཉིས་ཀར་རྟོགས་པའི་རྒྱུད་ཀྱང་ཡོད་པས་དོན་ལ་མི་འགལ་མོད། ཆོས་འབྱུང་རྙིང་པ་ཁ་ཅིག་དང་། མངའ་རིས་པཎ་ཆེན་ལ་སོགས་པའི་གསན་ཡིག་ལ་དཔྱད་ན་དཔེ་ལུང་གཉིས་ཀའི་རྒྱུན་ནུབ་པའང་འགའ་ཞིག་མཆིས་པ་ལས། འདིར་སྨིན་གླིང་གི་རྒྱུད་འབུམ་པོད་ཆེན་ཉི་ཤུ་རྩ་གསུམ་པ་ཕྱི་མོར་བཟུང་། དེར་ཡང་རྒྱུད་བཅུ་བདུན་གྱི་སྡེ་ཚན་འགའ་ཞིག་ལ་རྟོག་དཔྱོད་མེད་པར་གྲངས་ཡིག་བཏབ་པའི་རྒྱུན་འབྱམས་ནས་ལེ་གྲངས་ཡིན་མིན་ནོར་བ་སོགས་ཀྱི་གོལ་འཕྱུགས་སླར་ཡིག་དཀྱུས་སུ་ཤོར་བ་རེ་མང་འདུག་པ་ཞུས་དག་གི་དུས་ཚོར་བས་མ་ཕྱི་ལ་མཆན་བུས་བཏབ་ཅིང་འདི་ལ་བསྐྱར་བྲིས་བྱས། སྡེ་ཚན་རྣམས་ལའང་དང་པོར་ཕྱོགས་བསྒྲིགས་ཞིག་ཡོད་ཚོད་ལ། ཕྱི་མོ་འདིར་པོད་ཁ་སྙོམས་ཕྱིར་འདིར་བྲིས་ཞེས་གྱ་ཚོམས་སུ་བརྒལ་བའང་མང་དུ་འདུག་པ་སླར་ཕྱོགས་བསྡེབས་སུ་གང་འགྲིག་བགྱིས་ཏེ་


JLAZ013_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་ཕབ། ལ་ལ་འཐོལ་བ་ལས་དབྱུང་། ཡི་གེ་པའི་ལྷད་སྐྱོན་དང་། ཞུ་དག་མཁན་གྱིས་དཔྱོད་ཚུལ་ནོར་བ་དང་། བྲི་ནོར་བྱུང་བས་ཤིན་ཏུ་བརྟག་དཀའ་བ་མང་དུ་མཆིས་པ་རྣམས་ལས་པོ་ཏི་གཉིས་གསུམ་ཙམ་མ་གཏོགས་ཕལ་ཆེར་རང་ཉིད་ཀྱི་མིག་ལམ་དུ་དོང་བས་འབྱིན་འཇུག་གང་ཤེས་བྱས། སྔགས་རྣམས་ནི་སྔགས་བཏུ་ལ་སོགས་པ་དང་ཚད་མས་འགལ་བར་ཤེས་པ་རྣམས་བཅོས་ཤིང་། ཅིས་ཀྱང་ཐེ་ཚོམ་དང་བྲལ་བར་མ་ནུས་པ་དག །པི་ཤ་ཙི་དང་། ཨ་ཝ་བྷྲཾ་ཤ་དང་། པྲ་ཀྲིའི་ཏ་སྐད་དང་། བརྡ་སྐད་ཤིན་ཏུ་གསང་བ་དང་། ཀླ་ཀློའི་སྐད་ལ་སོགས་པ་ཡོད་པར་ཤེས་ནས་བཅོས་སུ་མི་བཏུབ་པ་རྣམས་ཕྱི་མོ་དང་མཐུན་པ་ཙམ་རྒྱུ་མཚན་དུ་བྱས་ནས་སོར་བཞག་པ་ཉིད་ཉེས་དམིགས་ཆུང་བའི་གནས་སུ་བྱས་ཏེ། སོ་སོ་རིག་བཞི་ས་དགུ་པ། །མ་ཐོབ་དེ་སྲིད་ཆོས་ཀུན་གྱི། །ངེས་ཚིག་ཤེས་མིན་དེ་ཡི་ཕྱིར། །མཐའ་དག་སྡེབ་སྦྱོར་སུ་ཡིས་ཤེས། །ཞེས་པ་འདི་ཤིན་ཏུ་གཟུ་བོར་གྱུར་པ་ཡིན། དེ་ལས་གཞན་དུ་ཞུ་བྱེད་ཀྱི་དབང་པོ་གྲོགས་སུ་གྱུར་པ་ཡང་སྤྱིར་བློ་གྲོས་གསལ་ལ་ཁྱད་པར་དངོས་ཀྱི་བསམ་པ་དང་མཐུན་པའི་དོན་གཉེར་ཡོད་པ་ཞིག་དགོས་པར་སྣང་སྟེ། སེམས་ཅན་མོས་པ་ཐ་དད་པས། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་པ་ལྟར་རང་དབང་དུ་འགྱུར་བའང་དཀའ་བར་སྣང་བས་སོ། ། ཆོས་ཀྱི་བཞུགས་


JLAZ013_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལ་ཐེག་པ་རིམ་འཛེགས་དང་ཡས་འབབ་གཉིས་ལས། མཆོག་དམན་གྱི་ཁྱད་པར་སོཊ་གང་ནས་ཀྱང་ཡས་འབབ་འདི་དཔྱད་བཟོད་པ་ཡིན་ཞིང་ལྷག་པར་འཛམ་བུའི་གླིང་འདིར། ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱིས་བརྒྱུད་པའི་ཆུ་མགོ་རྒྱལ་བ་མ་རྒྱལ་བ་ལས་རྒྱལ་བའི་རྣམ་པར་འཕྲུལ་པར་གདོན་མི་ཟ་བ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ཉིད། ཡུམ་གྱི་པདྨོའི་གེ་སར་ལས་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞལ་འདོན་དུ་མཛད་ཅིང་འབྱོན་པའི་རྟེན་འབྲེལ་ལས་རིགས་ཀྱི་སྒོ་ནས་དབྱེ་བའི་འདོད་པ་གཞན་བཞག་སྟེ་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་དང་པོར་བཞག་ནས་བྲི་བའི་དབུ་བརྩམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། གཞན་ལ་གཞན་བསྐུལ་འདེབས་མཁས་ཤིང་། །མ་བཅོལ་ཕན་པར་བྱེད་པའི་ངག །གུས་པས་སྤྱི་བོར་བླངས་བགྱི་སྟེ། །རྟག་ཏུ་ཀུན་གྱི་སྒྲོན་མེར་འགྱུར། །ཞེས་པ་ལྟར་ཡི་གེའི་ལས་འདུ་བྱེད་པ་རྣམས་ལ་བསྒོ་བའི་ངག་འདི་སྐད་དུ། སྤྱིར་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ནི་བསོད་ནམས་དམ་པའི་འཇུག་ངོགས། དཀར་པོ་རྣམ་པར་འཕེལ་བ། ནག་པོའི་ཕྱོགས་དང་མཛའ་བ་མ་ཡིན་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ཉེ་རྒྱུ་ཡང་དག་པ། སུ་ཞིག་གི་བྱ་བའི་ལས་དེ་ལ་སྒོ་གསུམ་གྱི་ཕན་པའི་སྦྱོར་བ་དང་། ཟང་ཟིང་གི་འབྲེལ་བ། ཐ་ན་རྗེས་སུ་ཡི་


JLAZ013_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

རང་བའི་རྣམ་པར་རྟོག་པ་གཅིག་ལའང་བསོད་ནམས་དཔག་པར་དཀའ་བ་ཡིན་ན། འདི་ལྟར་དེ་ཉིད་སྐྱེད་བྱེད་ཀྱི་རྒྱུའི་གཙོ་བོ་བཟོ་རིག་པའི་གནས་ལ་གོམས་པ་ཁྱེད་ཅག་ནི་སྐྱེས་བུ་གང་ཞིག་དཔའ་བ་དང་། མཛངས་པ་དང་། བརྟུལ་ཕོད་པའི་ཡོན་ཏན་ཡོད་དམ་མེད་ཀྱང་རུང་སྟེ། ལྕུག་ཕྲན་གཞོན་ནུའི་སྤུན་ཟླར་གྱུར་པའི་སོར་མོའི་འདུ་འགོད་གཅིག་གཅིག་ཁོ་ནས་སྨྱི་གུའི་འཁྲི་ཤིང་ཧ་ཅང་དམ་པ་དང་ལྷོད་པའི་ཕྱོགས་གཉིས་ཀ་སྤངས་པའི་ཟློས་གར་གྱི་བྱེད་པ་པོས། སངས་རྒྱས་རྣམས་ཀྱི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ཕྱི་མོའི་ངོས་ནས། པར་གྱིས་བཏབ་པ་མེད་པར་ཏ་ལ་ལ་བྱོན་ཏེ་གཅིག་ལས་དུ་མ། དུ་མ་ལས་མཐའ་ཡས་པར་འཕེལ་བའི་ངོ་མཚར་འདི་ནི་རྒྱལ་བསྟན་ཡིད་བཞིན་གྱི་ནོར་བུ་སྲིད་མཐའི་བར་དུ་མི་ཉམས་པའི་སྲོག་ཤིང་ཆེན་པོ་ཡིན་པས། གང་ཁྱེད་ཅག་ལ་བརྗེད་པར་འོས། རི་མོར་འོས། བསྟི་སྟང་དུ་འོས་པར་བདག་ཉིད་ཀྱིས་བལྟ་བར་བྱ་ཡིས། འདི་ལྟར་རྣམ་པར་ཤེས་པ་ལས་སུ་མི་རུང་བ་ནི་སེམས་ཅན་གྱི་ཁམས་ཚད་མེད་པའི་ཆོས་ཉིད་ཡིན་པས། ལྡབ་ལྡིབ་ཀྱི་ངག་དང་། དེའི་རྗེས་སུ་སེམས་གཞན་ནས་གཞན་དུ་གྱི་ནར་འཕྱན་པས་ན། ཡི་གེའི་ལམ་དུ་བརྗོད་པ་མ་ཡིན་པ་འདྲེན་པར་འགྱུར་བས་དབང་པོ་ལས་སུ་རུང་བར་མཛོད་ཅིག །འདི་སྐད་དུ། བཤེས་སྤྲིང་ལས། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང་། །


JLAZ013_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་དང་འདོད་ལ་འདུན་པ་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད། །ཅེས་པས་སོ། །དེ་བཞིན་དུ་བྲི་བ་ཧ་ཅང་མྱུར་པོའང་ཡི་གེའི་ལུས་ཀྱི་འཁྲི་ཤིང་དཔེ་བྱད་མི་རྫོགས་པར་བྱེད་ཅིང་། འགྱེལ་བ་དང་། བུབ་པ་དང་། མིག་འཛུམ་པ་དང་། སྲིན་བུའི་རྗེས་སུ་གྱུར་ནས་གདོན་པ་བཅུ་དང་། གཅེས་སོ་བརྒྱད་དང་། ཆོས་ཉི་ཤུའི་མཚན་ཉིད་ལས་ཉམས་པར་བྱེད་པས་དུས་ཀྱི་ཆད་པ་ལྷག་པ་མེད་ཀྱིས། བརྩམས་པ་གང་ཞིག་སྒྲོས་གཙང་བའི་སླད་དུ་བག་ཕེབས་པར་མཛོད་ཅིག །ཅེས་བརྗོད་པའི་དྲི་བསུང་བླ་ན་མངར་བས་དེ་དག་གི་རྣ་ལུང་མཛེས་པར་བྱས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱལ་བས་སྙིང་ལ་འབབ་དང་བདེན་པ་དང་། །ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ལ་ནི། །སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག །རྣམ་གསུམ་བཀའ་སྩལ་དེ་ལས་ཐ་མ་སྤང་། །ཞེས་པས་སོ། །དེ་ཡང་གླེགས་བམ་གྱི་དབུ་ཁང་གཡས་གཡོན་གསེར་གྱི་ག་གྲ་ཤིན་ཏུ་མཛེས་པའི་ནང་དུ། བཅོམ་ལྡན་འདས་དཔལ་གདོད་མའི་སངས་རྒྱས་ཡེ་ཤེས་མཆོག་གི་རྒྱལ་པོ་སྟངས་དཔྱལ་དང་། རིགས་རྣམས་ཀུན་གྱི་སྤྱི་མེས་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་དྲུག་པ་རྡོ་རྗེ་འཆང་ཆེན་པོ། རྒྱལ་ཚབ་རིགས་ལྔའི་སངས་རྒྱས། རིགས་གསུམ་སེམས་དཔའ། དགའ་རབ་རྡོ་རྗེ་ལ་སོགས་


JLAZ013_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཐེག་པ་མཆོག་གི་ཤིང་རྟ། རྒྱལ་པོ་ཛ་ལ་སོགས་ཏེ་ཏནྟྲ་བཅོ་བརྒྱད་ཀྱི་མངའ་བདག །དཔལ་མགོན་ཀླུ་སྒྲུབ་ལ་སོགས་ཏེ་སྒྲུབ་སྡེ་བརྒྱད་ཀྱི་རིག་འཛིན་ཏེ། རྣམ་གསུམ་ཡོ་གའི་བསྟན་པ་ལ་དངོས་དང་བརྒྱུད་ནས་བཀའ་དྲིན་ཆེན་པོར་གྱུར་པའི་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མའི་ཚོགས་གཅེས་བསྡུས་དང་། མ་མགོན་གཉིས་བཅས་སྣང་བརྙན་ལྔ་བཅུ་ཐམ་པ་འཇམ་གཉེན་པིར་གྱི་རྩེ་ནས་སྨན་མཁྱེན་མཁས་པའི་རུས་ཚུགས་དང་། ཆོས་དབྱིངས་པའི་ཉམས་འགྱུར་གྱི་དངོས་པོ་འདུས་བྱས་པ་རི་མོའི་ལམ་དུ་འདྲེན་པ་ལ་ཆགས་ཐོག་སྤངས་པའི་མིག་འཕྲུལ་མཁན། ཁོ་བོ་ཅག་གི་གྲུབ་པའི་མཐའ་ལ་ཐོས་པ་མང་ཞིང་། རྣམ་པ་ཀུན་ཏུ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་ལམ་དུ་བྱེད་པ་ཝ་གིནྡྲ་དྷརྨ་ཀིརྟིས་བསྟན་པའི་ཞབས་ཏོག་ཏུ་བགྱི་བར་འོས་པ་འདི་དང་། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ཤེལ་བྲག་མའི་ཐང་ཆེན་དགུ། བཟོ་རྩེད་ཤིན་ཏུ་གཟབ་པ་དང་བཅས་པ་དུས་འདི་ཙམ་ལ་གྲུབ་པར་བགྱིས་ནས། ཕྱིན་ཆད་ཀུན་ཏུ་བཟང་པོའི་གོ་འཕང་དང་། བཟོ་གནས་ཀྱི་རིག་པ་བརྗེ་བ་ལ་ནམ་ཡང་མི་བརྩོན་པའི་དམ་བཅའི་སྲོག་ཤིང་བརྟན་པར་ཡང་བྱས་སོ། །དེ་ལྟར་གཟབ་བྲིས་ཀྱི་ཡི་གེ་དང་། དབུ་ལྷའི་བྱེད་ལས་པ་གཉིས་ཀ་རང་གི་སློབ་མའི་ཆ་ནས་ཐོན་ཏེ་གཞན་དབང་ལ་མ་ལྟོས་པའི་རྒྱུས་ཕུན་སུམ་ཚོགས་པར་གྲུབ་བོ། །


JLAZ013_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཞེས་བརྗོད་བྱ་དོན་གྱི་ཆ་ལ་ཁྱད་པར་བཟང་པོ་དེ་ལྟ་བུ་ཡོད་ན། ཆོས་ཀྱི་སླད་དུ་ཇི་ལྟར་བྱ་བའི་འདུས་བྱས་ཀྱི་དགེ་བའི་ཚོགས་ལའང་དོན་དེ་ཐུན་མོང་དུ་གྱུར་པ་ཡིན་པས། སངས་རྒྱས་པའི་ཆོས་ནི་ཡང་དག་པར་ན་ཀླུ་སྒྲུབ་ཞབས་ཀྱིས། འཇིག་རྟེན་མཁྱེན་པ་རྙེད་དང་མི་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་པ་ལྟར། ལོ་ཀའི་ཆོས་རྣམ་པ་བརྒྱད་ཀྱིས་བསྒྲུབས་པའི་དགེ་བ་ནི་བཟང་པོ་མ་ཡིན་གྱི། སྤྱིར་འཇིག་རྟེན་ན་རྒྱལ་པོ་དང་། མི་དཔོན་ལ་སོགས་ཏེ་རང་རང་གི་མངའ་རིས་ལ་སྤྱོད་པ་ཕལ་མོ་ཆེའི་དགེ་བའི་རྩ་བ་ནི། རྒྱུད་ནས་གཞན་ལ་ཁྲལ་བཞག་པ་དང་འུ་ལག་ཉག་གཅིག་བདས་ནས་བྱ་བ་མ་ཡིན་པ་གཅིག་ཏུ་རྣམ་པར་དཀར་བའི་བགྱི་བར་སེམས་པ་ལ་སློབ་དཔོན་དཔའ་བོས། སྦྱིན་བདག་སྟོབས་ལྡན་ཁྱབ་འཇུག་སློང་བ་པོ། །རྟ་ཡི་མཆོད་སྦྱིན་དུས་ན་ས་ཆེན་བྱིན། །འབྲས་བུས་བཅིངས་པ་ཉིད་ནི་ཐོབ་པར་འགྱུར། །རྒྱུ་འབྲས་འཆོལ་བ་འདི་ལ་སུ་ཞིག་སྨོན། །ཞེས་པ་ལྟར། ཕྱོགས་ག་ཤེད་དུ་རང་ལ་གྲགས་པ་བསྐྱེད་པའི་དགེ་བའི་ལས་ཕུལ་དུ་ཕྱིན་པ་ལྟར་སྣང་ཡང་། དེའི་རྒྱུ་གཞན་གྱི་ལོངས་སྤྱོད་ལས་ཕྲི་བ་དང་། བརྡེག་པ་


JLAZ013_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཚོག་པ་དང་། འཆིང་བ་ལ་སོགས་པའི་སྒོ་ནས་མནར་སྤྱོད་ཀྱི་དུཿཁ་ཐོག་ཏུ་འབེབས་པ་དང་། བཟོ་བོ་དག་ཀྱང་འཁུན་ཅིང་གཤུང་བའི་ངང་ནས་བྱ་བའི་ལས་སུ་བྱེད་པ་དག་ལ་རྒྱལ་བ་དགྱེས་པའི་རྒྱུ་འབྲས་སུ་མི་འགྲུབ་པ་ཉིད་དོ། །དེའི་ཕྱིར་ཆ་ཚད་ཀྱི་རབ་ཏུ་བྱེད་པ་ལས། ཀུན་ནས་ལྷག་བསམ་རབ་དཀར་ལུས། །ཁྲེལ་ཡོད་ངོ་ཚའི་གོས་རྒྱན་ལྡན། །དད་དང་གཏོང་ཕོད་མཆོད་ཚོགས་ཀྱིས། །ལྷ་དང་བཟོ་པོ་དབྱེར་མེད་མཆོད། །ཅེས་པ་ལྟར། བཟོ་གནས་ཀྱི་རིག་པ་འཆང་བ་རྣམས་བཀུར་བའི་ཡུལ་དུ་བྱས་ནས་བཟའ་བཏུང་གིས་སྐྱོ་བ་དང་འཁུན་པ་མེད་པའི་གནས་སུ་མཆོད་ཅིང་། ཁྱད་པར་ཐོག་མཐའ་བར་གསུམ་ལ་སྟོན་མོ་ཆེན་པོ་རེ་དང་། སྟོན་རྒྱབ་ཀྱི་འགྱེད། དེར་མ་ལྟོས་པའི་ཡུལ་དུས་ཀྱི་ལྟད་མོ་ལ་ལྷགས་པ་དང་། ཉེ་རེག་བྱ་བ་ལ་སོགས་པ་རྣམ་པ་གཞན་དུ་མས་སྐྱོ་བ་སེང་བའི་སྐབས་ཕྱེ་ནས་འདི་ལྟར་སྐྱེ་བོ་མ་བསྡམས་པ་དང་། འདོད་པའི་ཡོན་ཏན་ལ་བརྐམ་ཆགས་ཅན་དག་ནི། བཟའ་བ་དང་། བཅའ་བ་དང་། ཁྱད་པར་མྱོས་པར་བྱེད་པའི་བཏུང་བ་འབའ་ཞིག་ཡིད་ཀྱི་ཆོ་གར་བྱེད་ཅིང་། རྩེད་འཇོ་དང་། བཞད་གད་དང་། གླུ་གཞོན་གྱི་གནས་ལ་འཆི་མེད་བདག་པོའི་གོ་འཕང་བརྙེས་པ་ལྟ་བུའི་དགའ་བ་སྒོམ་པ་དང་ཆབས་ཅིག །བསམ་གཏན་བཞི་པའི་ལྷ་རྒན་གྱི་སྤུན་ཟླར་ད་ལྟ་ཉིད་དུ་ཕྱིན་པར་འགྱུར་


JLAZ013_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན། སྐྱེ་བོ་གཡེར་པོར་གྱུར་པ་དག་གིས་སྤྱོད་པར་བྱ་བའི་གནས། ཕོ་རྩལ་སྣ་དགུ་ཞེས་མཐེབ་ཀྱིས་ཤ་ནོན་པ་དང་། རྐྱལ་གྱིས་ཆུ་ཆེན་བརྒལ་བ་དང་། ཡང་རྩལ་བྱ་ལ་འགྲན་པ་སྟེ་ལུས་ཀྱི་རྩལ་གསུམ། ལོ་རྒྱུས་ཀྱིས་དགེ་ཐོན་པ་དང་། གཏམ་གྱིས་བཞད་གད་ཐོན་པ་དང་། གཤགས་ཀྱིས་ཕ་རོལ་གནོན་པ་སྟེ་ངག་གི་རྩལ་གསུམ། མཛངས་ལ་བློ་འགྱུ་བ་དང་། དཔའ་ལ་སྲན་ཚུགས་པ་དང་། ཁ་གསལ་ཞིང་གཏིང་མི་རྟོགས་པ་སྟེ་ཡིད་ཀྱི་རྩལ་གསུམ། དེ་བཞིན་དུ་ཕོ་རྩལ་སྣ་དགུ་ཞེས། གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོངས་གསུམ། བང་རྐྱལ་ཤེད་གསུམ་གྱིས་གནས་གང་ལ་བྱང་བའི་ཕྱོགས་ལ་སྤོབས་པའི་འཁྲི་ཤིང་བསྐྱེད་དུ་བཅུག་ནས་ཤན་ཕྱེད་པའི་དགའ་སྟོན་དུ་སྟོང་འཁུན་དགའ་མའི་སོར་རྩེས་བྱས་པའི་དར་དང་། རེ་ཁཱའི་རྣམ་པ་ཅིར་ཡང་བྱས་པའང་བྱིན་ཏོ། །ཚུལ་དེ་ལྟ་བུའི་དོན་དུ་གཉེར་བྱ་ལྷུར་བླངས་ནས་བྱ་བའི་ལས་མཐར་མ་ཕྱིན་པ་དེ་སྲིད་དུ་རྡོ་རྗེའི་ཆོས་སྐྱོང་རྣམས་བསྐང་གསོ་དང་། མཆོད་པའི་སྤྲིན་གྱིས་མཉེས་པར་བྱས་པའི་ཕྲིན་ལས་དང་། བླ་ན་མངོན་པར་མཐོ་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་ཀྱི་དབྱིངས་ནས་ཐུགས་རྗེའི་སྤྱན་རས་ཀྱིས་རྩེན་པའི་རྒྱུས། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་དེ་ནི་རང་བཞིན་གྱི་ཡིད་ཁོང་དུ་ཆུད་པ་དང་།


JLAZ013_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་བསྟན་པ་ལ་སྤྲོ་བར་མི་འགྱུར་བ་དང་། རྟག་ཏུ་སྤྱད་པར་བྱ་བའི་འདོད་ཡོན་ལ་སྤྲོ་བ་ཞན་པ་དང་། རང་གི་གནས་སུ་ཡིད་དུ་མི་འོང་བའི་སྒྲ་ཆེན་པོ་བྱུང་བར་གྱུར་ནས། འདི་སྙམ་དུ། ཀྱེ་མ་བདག་ལ་སླད་མའི་དུས་འདི་ན་སྔོན་ཆད་མ་ཡིན་པའི་ཡིད་ལ་རྩུབ་འགྱུར་གྱི་ཚེར་མ་རྣོན་པོས་ཟུག་རྔུ་མི་ཟད་པ་སྟེར་བ་འདི་ནི་སུ་ཞིག་གི་མཐུ་ཡིན། འདོད་པའི་ཁམས་འདི་ན་བདག་ལ་དོ་ཟླར་འོས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ན། དེང་བདག་ལ་འཁོན་པའི་རྒྱུ་མེད་པར་སྡང་ཞིང་། ནམ་ཞིག་ཁོ་བོ་ཅག་གི་གནས་ཀྱང་སྟོངས་པར་བགྱིད་པ་ལ་སྤྲོ་བ་ཆེན་པོའི་ཤིང་རྟ་ལ་ཞོན་པའི་དགེ་བ་ཅན། སུ་ཞིག་སའི་སྟེང་ན་མཆིས་པར་གྱུར་སྙམ་ནས་ཡིད་རྟབ་རྟབ་པོར་གྱུར་ཏེ་ཕྱོགས་དང་ཕྱོགས་མཚམས་སུ་བལྟས་སོ། །དེར་རྣལ་འབྱོར་གྱི་དབང་པོ་འཇིཊ་མེད་གླིང་པའི་ལྷག་པའི་བསམ་པ་གཅིག་ཏུ་དཀར་བའི་མཐུ་ལས་བྱུང་བར་ཤེས་ནས། དེ་ལ་མཐོ་འཚམས་པའི་བྱ་བ་རྩོམ་པ་ལ་གཅིག་ཏུ་སྤྲོ་བ་བརྟས་པར་གྱུར་ནའང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལྷ་དང་བཅས་པའི་བྱིན་རླབས་དང་། སྨོན་ལམ་གྱི་སྟོབས་ཆེན་པོ་དབྲོག་པར་ནུས་པའི་མཐུ་དམན་པར་གྱུར་ནས། སླར་ཡང་འདི་སྙམ་དུ། འོན་ཏེ་ད་ནི་བདག་གིས་བསླུ་བར་བྱེད་པའི་མེ་ཏོག་གི་མདའ་རྣོན་པོ་བྱེད་ལས་རྣམ་པ་ལྔའི་བར་དུ་ཟད་མི་ཤེས་པའི་ལག་ཆ་དེ་ཉེ་བར་


JLAZ013_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོགས་ལ། དངོས་སམ། དེའི་གྲོགས་དན་དུ་གྱུར་པའི་དགེ་བའི་སེམས་ཀྱི་རྒྱུན་ལམ་དེ་ནི་འབེམ་དུ་བཅའ་བའི་གནས་སུ་བལྟས་ནས་གནད་ལས་འཆོར་བ་མེད་པར་ཕོག་པའི་བརྟུན་པ་བསྐྱེད་པར་བྱ་ན། ཇི་ཙམ་ནས་དེའི་སེམས་དགེ་བའི་རྗེས་སུ་ཞུགས་པ་དེ་ཡིད་གཉིས་བྲལ་བའི་ཤིང་རྟ་ལས་གཞོལ་ཏེ། འཕྱང་མོ་ཉུག་གིས་ལྕུག་ཕྲན་ལ་བཞོན་པའམ་མིན་ནའང་རུང་སྟེ་གཏོང་བའི་ཕྱོགས་ལ་སྤྲོ་བ་ལྷག་པར་ཞན་པ་ཞིག་ཏུ་གྱུར་ནས། བྱ་བ་དེ་གནས་མ་ཡིན་པ་ཉིད་དུ་འཕེན་པར་བྱེད་པའི་ནུས་པ་སྟེར་བ་ལ་གདོན་མི་ཟའོ། །སྙམ་ནས་ཕྲག་དོག་དང་གྱ་གྱུའི་གོམ་པ་འདོར་བཞིན་དུ་ལྷགས་པ་ན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབྱིངས་ནས་གཟིགས་པ་ཚད་མེད་པའི་ཐུགས་རྗེའི་ཕྱག་གིས་ཁོ་ར་ཁོར་ཡུག་ལས་མི་འདའ་བར་ཡོངས་སུ་བསྲུངས། ཞི་བ་དང་བདེ་ལེགས་ཆེན་པོར་མཛད་དོ། །དེ་བཞིན་དུ་རྟག་ཏུ་བརྟེན་ཅིང་སྒྲུབ་པའི་ལྷ་སྲུང་རྣམས་དང་། དཀར་པོའི་ཕྱོགས་ལ་རང་བཞིན་གྱིས་དགའ་བའི་ལྷ་ཐམས་ཅད་ཀྱིས་བདུད་དང་། བདུད་ཀྱི་རིགས་སུ་གྱུར་པ་རྣམས་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། རོ་ལངས་དང་། ཡི་དྭགས་དང་། ཤ་ཟ་དང་། སྨྱོ་བྱེད་དང་། རྗེད་བྱེད་དང་། མ་མོ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། ལྷ་མ་ཡིན་དང་། གྲིབ་གནོན་དང་། ཤ་ཟ་


JLAZ013_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཏེ་ལེགས་པའི་ཕྱོགས་ལ་སྡང་བ་དང་། སྡང་བའི་སེམས་དང་ལྡན་པ། གདུག་པའི་སེམས་དང་ལྡན་པ། དྲག་ཤུལ་གྱི་སེམས་དང་ལྡན་པ་ཐམས་ཅད་ཕྲག་དོག་དང་། བསླུ་བྲིད་ཀྱི་ཞགས་པ་འདེབས་ཤིང་རྒྱུ་བའི་སྐབས་བཅད་པས། དུས་མ་ཡིན་པར་འཆི་བ་དང་། འཐབ་མོ་དང་། རྩོད་པ་འགྱེད་པ་དང་། ནད་ཀྱི་རིགས་ཆེན་པོ་བཞི་དང་། དེའི་འཁོར་ན་གནས་པ་དང་། ཉེ་བར་འཚེ་བ་དང་། གདོན་ཐམས་ཅད་དཀོན་མཆོག་གསུམ་གྱི་བདེན་པའི་མཐུ་ཆེན་པོ་དང་སྲུང་མའི་དབང་པོ་དག་གིས་རྫུ་འཕྲུལ་ཆེན་པོ་དང་གཟི་བརྗིད་ཆེན་པོའི་སྲུང་བ་དག་གིས་ཡོངས་སུ་བསྲུངས་ནས། སྐྱོབ་པ་དང་། སྦ་བ་དང་། གང་ལ་འོས་པའི་འཕྲིན་ལས་ཀྱི་རོལ་པ་དེ་དང་དེར་ཆགས་ཐོགས་མེད་པས་ཞི་བ་དང་བདེ་ལེགས་ཆེན་པོར་འགྱུར་བའི་སྟོང་གྲོགས་དང་དཔུང་གཉེན་ནི་ཅི་ཡང་བྱས་སོ། ། རྒྱུ་དེས་དངོས་གཞིའི་ལས་རྒྱུན་ཟླ་བ་གསུམ་དང་ཕྱོགས་སུ་གྱུར་པ་གཅིག་སྟེ་ཞག་བཅོ་ལྔའི་ཁོངས་སུ་བདེ་བར་གྲུབ་བོ། །དེ་ལྟར་གྲུབ་ནས་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའི་ཕྱིར་ཡོན་གྱི་རིམ་པ་ཇི་ལྟར་བསྟབས་པ་ནི། རབ་ཏུ་གནས་པའི་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནས་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་བཟོ་གནས་དམ་པ་ལ་གོམས་པ་


JLAZ013_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་མདུན་འཇོག་གྱ་ནོམ་པར་བསྟི་སྟང་དུ་བྱ་བའི་ཡུལ་དུ་གསུངས་པ་ལྟར། བཟའ་བཏུང་སྡེར་མ་ལ་སོགས་པ་སྟོན་མོའི་རྣམ་གྲངས་རྒྱ་ཆེན་པོས་མདུན་བསུས་ནས། ཡོན་ཐོབ་ཀྱི་འཆར་གཞི་གྲགས་པ་སྐམ་པོའི་བཟའ་བ་ནི་པོད་རེར་དངུལ་སྲང་བརྒྱད་དུ་གྲགས་པ་ཕལ་ཆེར་རིན་ཐང་གི་མིང་དུ་གྱུར་ནས་ལག་ཐོག་ཏུ་འབབ་པ་ཉུང་ཟད་དུ་འགྱུར་བ་གཞུང་ལུགས་ཀྱི་རྩིས་གཞི་བཞག །དངུལ་ངོ་ཐོག་དང་དེ་འཕྲོས་དངོས་པོ་སྤུས་གཙང་ཡུལ་ཐང་གིས་བཅད་ནས། པོད་རེར་སྲང་ལྔ་རེའི་རྩིས་དམའ་མཐར་བྱས་པ་སྨར་ཐོག་ཏུ་འབབ་ངེས་གཏན་ཚིགས་སུ་བཟུང་། དེ་ལས་གཞན་དུ་རང་རང་གི་བྱས་བྱུང་རྣམ་དབྱེ་ལ་དཔགས་པའི་བྱ་དགའ་སྒོས་སུ་བྱིན་པའི་དངོས་པོའི་རྣམ་གྲངས། གསེར་དང་། དངུལ་དང་། མུ་ཏིག་ཕོན་པ་དང་། གཡུ་དང་། བྱུ་རུ་དང་། སྤོས་ཤེལ་དང་། མུ་ཏིག་གི་སོག་སྐེ་ལ་སོགས་པའི་ཕོ་རྒྱན་གྱི་བྱེ་བྲག །ཨ་སྒོར་དང་། གཙུག་གཡུ། ཕྲེང་བ་དང་། དུང་སྐོར་དང་། ཚིགས་རྒྱན་ལ་སོགས་པ་མོ་རྒྱན་གྱི་རྣམ་གྲངས། གོས་ཕྱི་དང་། ཇ། དར་ཟབ་ཀྱི་བྱེ་བྲག །རས་ཟུང་དང་། རས་ཡ་བ་དང་། སྣམ་ཕྲུག་གི་རིགས་བྱེད་ཚོས་མ་དང་། དཀར་པོར་གྱུར་པ་དང་། བགོ་བ་དང་། གྱོན་པའི་རིགས་བྱེ་བྲག་མཐའ་མི་འཚལ་བ། ལ་སྒོའི་ཤོག་བུ་དུམ་བུར་བྱས་པ་དང་། འབྲུ་དཀར་ལ་སོགས་མདོར་ན་རྒྱུད་ནས་སྡིག་པར་འགྱུར་བ་


JLAZ013_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་ཀྱི་ཡོན་ལ་སོགས་པ་ཆེད་དུ་སྤངས་ནས་རང་རང་གི་མོས་པར་འཚམས་པའི་དབྱིག་གི་རྣམ་པ་གྱ་ནོམ་པས་མགུ་བར་བྱས་ཤིང་། ཚིག་ཙམ་དུའང་དྲིན་དུ་གཟོ་བའི་བརྗོད་པས་ཡིད་རབ་ཏུ་དང་བར་བྱས་ཏེ་དར་དང་སྲུང་བའི་མདུད་པ་དམ་རྫས་ཀྱི་འབྲེལ་བ་དང་བཅས་བཏང་ངོ་། །ཞར་ལ་ཞལ་འདེབས་ཀྱི་རྣམ་པ་ཇི་ལྟར་བྱུང་བ་བཤད་པར་བྱ་སྟེ། དཔལ་ཆུ་བོ་རི་ནས་ལྕགས་ཟམ་སྤྲུལ་པའི་སྐུ་རིན་པོ་ཆེས་བཟང་ཇ་སྦག །འབྲུ་ཁལ་ཉི་ཤུ་ཐམ་པ། དཔལ་རི་སྤྲུལ་པའི་སྐུ་རིན་པོ་ཆེས་འབྲུ་རུའི་ཁལ་བཅུ་གསུམ། གྲྭ་ཚང་སྤྱི་སོ་ནས་འབྲུ་ཁལ་བཅུ་གསུམ། གཉེར་ཚང་ནས་ཇ་སྦྱོར་གཉིས། ཆང་བུམ་པ་གཉིས། བྱིངས་ལ་གསོལ་གྲོའི་སྡེར་མ། ངོས་ཅག་བཟོ་པ་དང་བཅས་པར་ལེགས་དར། རྣལ་འབྱོར་སྤྱོད་པ་རྡོ་རྗེ་ཀློང་ཡངས་ཀྱིས་བཟང་གོས་ཚོས་གཉིས་མ་ཁ་ཕྱེད་དང་བརྒྱད། མགོ་སྣམ་ཚལ་ཁ་ཁ་གང་། སག་ལྷམ་འཇའ་ཆེན་མ། སྙུག་ཁྲོག་ར་མ་ལུག་གི་ཚགས་ལྡན། གོས་སེར་ཕོར་ཤུབས། རྒྱ་གྲི་ཤུབས་བཅས། སོག་ཞྭ་འཇའ་མེད། ཐེར་དཀར་དམར་བུབས་གསུམ། སྣམ་དཀར་བུབས་ལྔ། ཆུང་ཇུ་སྦག་གཅིག །རག་ལྡིར་གཅིག །ཕོར་པ་གཅིག །ཇུས་དམར་ཁ་གང་། གོས་སེར་ཁ་གང་། དངུལ་སྲང་ཉི་ཤུ་ཐམ་པ། མར་དོ་གཅིག་ལ་འདེགས་ཁལ་བརྒྱད། ཁ་


JLAZ013_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ཆེ་བ་གཉིས་རྣམས། ཕ་ལྷ་རྗེ་དྲུང་རྡོ་རྗེ་སྙིང་པོས། ཤོག་བུ་དུམ་པ་ཉི་ཤུ་རྩ་གསུམ། སྟག་སྤང་ལྔ་བཅུ་སྐོར། མཚལ་ཕོན་ཆེ་བ། གསེར་ཤོག་སྟོང་བམ། ཞལ་ཁེབས་ཁ་ཤས། གཅུང་རྗེ་བཙུན་མ་ཆོས་སྒྲོན་དབང་མོའི་དགེ་རྫོངས་སུ་སྤོས་ཤེལ། རྒྱལ་བ་ཆོས་མཛད་འཇིགས་མེད་རྡོ་རྗེས། ཆོས་ཀྱི་ན་བཟར་འོས་པའི་རས་སེར་ཁྲ་ཡུག་བཅུ་དྲུག །གླེགས་ཐག་ལྷས་མ་བཅུ་དྲུག །སྣག་ཚ་ཟོམ་ཆུང་བརྒྱད། ཨ་ཐི་གཅིག །རགས་རྩིབས་ནས་ཆོས་དྲུང་གི་བྱུ་རུ་ལེགས་པ་གཅིག །འབྲུག་པ་བླ་མས་གླེགས་ཐག་ལྷས་མ་ཉི་ཤུ་རྩ་ལྔ། རྒྱང་རྩེ་ཞབས་དྲུང་ཡང་སྟངས་པས་རབ་བརྟན་ཁ་ཤོག་དུམ་པ་གཅིག །གཞིས་ཀ་གཡུང་དྲུང་འཁྱིལ་ཚལ་ནས། ཤོག་ལས་ཀྱི་གྲོ་ཞིབ་ཚང་མ། སྔོ་ཤོག་བཟོ་བའི་རམས། སྨན་པར་ཁ་བཞི། ཐོག་མཐའ་བར་གསུམ་གྱི་སྟོན་མོ་གཟབ་རྒྱས། ཆང་རྒྱུགས་དང་། བཟོ་བའི་རྒྱ་རི་ནར་མ། ལྕམ་ཉི་ཟླ་དཔལ་འཛོམ་ནས་གསེར་བཏུལ་བོད་ཁ་ལྔ། ཟམ་ཟེ་ཁ་བརྒྱད། གྱོན་པ་ཆ་ཚང་། ཞོལ་ཁང་ནས་ཀྱིས་ལམ་ཤོག་པོད་ལྔ་ལྡེངས་པ། སྣག་ཚ་ཟོམ་ཆུང་གང་། ཞོལ་ཁང་ཆོས་དྲུང་དཔོན་གཡོག་ནས་གསེར་ཞོ་རེ་རེ་དང་། ཇ་སྦྱོར། གསོལ་གྲོ། ལྷ་ལྡན་རྒྱལ་བྱེད་གླིང་པས་ཕག་ཤོག་དུམ་པ་བཅུ། དཔྱོད་ལྡན་དབང་པོ་ཝ་གིནྡྲས་སྣམ་དཀར་སྤུ་ཕྲུག་བུབས་


JLAZ013_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། ཨ་ཐི་ཐ་མར། ཆུང་ཇུ་སྦག །གཟན་དམར་ཁ་གསར། འབྲོག་བྲག་མདའ་སྒོམ་ཆེན་པ་ཀུན་བཟང་དབང་ཕྱུག་གིས་དངུལ་སྲང་གསུམ། སྣམ་དཀར་སྤུ་ཕྲུག་ལེགས་པ། མར་ཁལ་གཅིག །ཤ་ཁོག་གཅིག །གྲོ་མ་བྲེ་གསུམ། ལོ་རེ་ཞེ་འོ་ལྕམ་ཡིད་བཞིན་དབང་མོས་ཊཾ་ཁ་བཅུ། རྟག་རུ་ནང་སོ་བསྟན་འཛིན་དབང་ཕྱུག་གིས་ཊཾ་ཁ་བཅུ་དང་ཁ་བཏགས། ཀ་ཆུ་བ་སྒོམ་མ་པདྨ་ཆོས་འཛོམ་གྱིས་ཊཾ་ཁ་བརྒྱད། གཙང་པ་ངག་དབང་འགྱུར་མེད་ཀྱིས་ཊཾ་ཁ་ལྔ། གཙང་གངས་རུ་གྲུབ་ཆེན་ངག་དབང་དཔལ་འབར་གྱིས་འབྲས་དོ་གཉིས། སྒོམ་མ་ཆོས་སྒྲོན་གྱིས་ཊཾ་ཁ་བཞི་དང་ཁ་བཏགས། བསམ་ཡས་པ་ཆོས་དཔལ་གྱིས་ཊཾ་ཁ་དང་འཇམ་དམར། ཞོལ་ནང་རྫོང་པས་ཇ་སྦྱོར་གཉིས། གསོལ་གྲོ། སྡེར་ཀ །ཡོལ་གོ་འགྲིམ་པ། ཚང་མར་ལེགས་དར། ཁོ་བོ་ཅག་གི་ཕ་མའི་ཁྱིམ་ནས་བཟོ་སྟོན་ཉིན་འཁྱོངས། བཟོ་བོ་ལས་བྱེད་ཡོངས་རྫོགས་ལ་དཀར་སྤྲོ་རྒྱས་པ། ཆང་བུམ་གསུམ། ཀུན་ལ་མགྲིན་དར། བློ་བཟང་བསོད་ནམས་ཀྱིས་བཟང་གོས་སྤུས་ལེགས་ཀྱི་ཞལ་ཁེབས་བཞི། མགོན་སྔ་བས་ཞབས་ཏོག་ཉིན་འཁྱོངས། གསོལ་གྲོ། ངོས་དང་དབུ་བྱིངས་ལ་མགྲིན་དར། ཡོལ་གོ་འགྲིམ་པ། བཟང་གོས་ཞལ་ཁེབས་གཉིས། མཐོང་ཤག་པས་ཇ་སྦྱོར། ཡོལ་གོ་


JLAZ013_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིམ་པ། གཅུང་ཀུན་བཟང་ཕུན་ཚོགས་ཀྱིས་བཟོ་སྟོན་ཉིན་འཁྱོངས། སྟོན་རྒྱབ་ཐ་སྦབ། བཟང་གོས་ཁ་གང་། དཀར་སྤྲོ་གཟབ་རྒྱས་རྣམས་ཏེ། དེ་ལྟར་ཞལ་འདེབས་རྣམས་ནི་རྗེས་སུ་ཡི་རང་བའི་དགེ་བ་འཕེལ་བའི་ཕྱིར་ཕྲ་ཞིབ་ཏུ་བཀོད་ལ། རྟེན་བཞེངས་འདིའི་ཕྱོགས་སུ་རྒྱུ་སོང་གི་དངོས་པོ་བསྡོམས་ན་དངུལ་སྲང་བཞི་བརྒྱ་ལྔ་བཅུར་ཐལ་ཙམ་སོང་བར་སྣང་སྟེ། སྤྱིར་རྣམ་པར་དཀར་བའི་ལས་ལ་གཏོང་བ་དང་། སྐྱོ་ངལ་ཁུར་དུ་བཟོད་པ་བྱ་བའི་གཙོ་བོ་ཡིན་ན། དེ་ལ་བྱས་ཡུས་འཚོང་བ་ལྟ་བུ་རྒྱུ་འབྲས་ལ་ངེས་པ་མ་རྙེད་པའི་གཏམ་དུ་འགྱུར་ཅིང་། ཁྱད་པར་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས། གཞན་ལ་བསྒྲགས་དང་འདོད་པ་སྐྱེས། །ཞེས་དགེ་བ་འཛད་པའི་རྒྱུ་བཞིར་གསུངས་པས། ཕྲ་ཞིབ་ཀྱི་གཏམ་དུ་གླེང་བའི་སྐབས་བཅད་ནས། དེ་མ་ཐག་པའི་བྱ་བ་ལ་རབ་གནས་ཇི་ལྟར་བྱས་པ་བརྗོད་པར་འོས་ཀྱི། དེ་ལ་རབ་གནས་ཀྱི་མཚན་ཉིད་ནི། རྟེན་དམ་ཚིག་པ་ལ། ཏིང་ངེ་འཛིན་གྱི་ཆོ་ག་ཟབ་མོས་རང་བཞིན་གྱི་གནས་ནས་སངས་རྒྱས་རྣམས་ཀྱི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་བཞུགས་སུ་བཅུག་པས་དགེ་ཞིང་བཀྲ་ཤིས་པའི་ལས་ཐམས་ཅད་འབྱུང་བའི་གཞིར་སྒྲུབ་པ་ཉིད་ཡིན་ནོ། །སྒྲ་དོན་ནི་ལེགས་སྦྱར་སྐད་དུ་སུ་པྲ་ཏིཥྛ་སྟེ། ལེགས་པར་རབ་ཏུ་གནས་པའམ། ཉེ་བསྒྱུར་གྱི་དབང་དུ་པྲ་ཏིའི་


JLAZ013_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲས། ལེགས་པར་སོ་སོར་གནས་པ་ཞེས་པ་ཉིད་དུའང་འགྲུབ་སྟེ། གང་བསྟིམ་བྱའི་རྟེན་དང་། གང་ཞིག་སྟིམ་བྱེད་ཀྱི་ཡེ་ཤེས་སེམས་དཔའ་གཉིས་དབྱེར་མེད་དུ་ལེགས་པར་རབ་ཏུ་གནས་པ་ལ་སོགས་ཏེ་སྒྲ་དོན་གྱི་རྣམ་པ་ཐ་དད་པ་ཉིད་དུ་འཆར་རོ། །དགོས་པ་ནི། སངས་རྒྱས་རྣམས་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་དུ་བཞུགས་བཞིན་པ་དེ་ལས་གཞན་དུ་གཡོ་བར་མ་འགྱུར་བའི་ཡེ་ཤེས་རང་མཚན་པ་སྤྱན་དྲངས་ནས་རབ་ཏུ་གནས་པར་བགྱིར་མེད་ནའང་། །ཐ་སྙད་ཙམ་དུ་སྐྱེ་བོ་དད་པ་ཅན་རྣམས་མཆོད་པའི་འོས་སུ་འགྱུར་བ་དང་། དེ་ལ་བརྟེན་ནས་བསོད་ནམས་རྒྱ་ཆེན་པོ་འཕེལ་ཞིང་འཇིག་རྟེན་གྱི་ཁམས་སུ་དགེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བར་བྱ་བའི་ཕྱིར་རབ་ཏུ་གནས་པ་བགྱིར་ཡོད་པར་བསྟན་ཏེ་རབ་གནས་ཀྱི་རྒྱུད་མདོར་བསྡུས་ལས། སངས་རྒྱས་ཀུན་ནི་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ནའང་མེད། །ཀུན་ཏུ་མཁའ་ལྟར་གནས་པ་ལ། །གཅིག་ཤོས་ཀྱིས་ནི་རབ་ཏུ་བརྟག །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟགས། །ཞེས་སོ། །དོན་དེས་རབ་ཏུ་གནས་བྱ་གནས་བྱེད་ཀྱི་དབྱིངས་ལ་དོན་གྱིས་གཞལ་ནས། འདིར་འཇིག་རྟེན་ནི་ཀུན་རྫོབ་ལ་བརྟེན་པའི་ཕྱིར། དེ་དང་རྗེས་སུ་མཐུན་པར་རབ་ཏུ་གནས་པའང་ངེས་པར་


JLAZ013_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས་པའི་ཚུལ་རབ་ཏུ་གནས་པའི་རྒྱུད་ལས། གང་དུ་སྐུ་གཟུགས་རྫོགས་པ་ལ། །བྱིན་མ་བརླབས་པས་རིང་གནས་ན། །དེ་ལ་བཀྲ་ཤིས་མི་འབྱུང་ཞིང་། །ཇི་སྲིད་མཆོད་པ་དེར་མི་འོས། །ཞེས་དང་། རབ་གནས་མ་བྱས་གཟུགས་བརྙན་ལ། །གང་གིས་མཆོད་ཅིང་ཕྱག་བྱེད་པ། །དམ་ཚིག་བྲལ་ཞིང་སྔགས་དམན་པས། །སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས། །ཞེས་དང་། དེ་ཡང་ཆོ་ག་ཡང་དག་པ་ལ་བརྟེན་ནས་བརྩམ་དགོས་པའི་ཚུལ། དེ་ཉིད་ལས། ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟག་པ་ལས་གསུངས་ཚུལ་ལེགས་པ། །དེས་བྱས་བསོད་ནམས་ཆེ་བ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་ལ་མདོའི་ཕྱོགས་ནས་རབ་གནས་ཀྱི་ཆོ་ག་མཚན་ཉིད་པ་མ་བསྟན་ཀྱང་། འདུལ་བ་ལས་གཎྜིའི་རབ་གནས་བཤད་པ་དང་། སྣམ་སྦྱར་བྱིན་གྱིས་བརློབས་པ་སོགས་དོན་ལ་རབ་གནས་ཀྱི་ངོ་བོར་འགྲུབ་པས་སྐུ་གསུང་ཐུགས་ཀྱི་རྟེན་གསར་བུའང་། བཀུར་བསྟི་དང་བཅས་ཁྲི་ཐོག་ཏུ་སྤྱན་དྲངས་ནས། མཆོད་པ་འབུལ་བ་དང་། གསོ་སྦྱོང་བླངས་ཏེ་སོ་ཐར་གྱི་མདོ་ཀློག་པ་དང་། འདུལ་བ་ལུང་གི་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ནས་མེ་ཏོག་འཐོར་བ་སོགས་ལ་ཐ་སྙད་དུ་གདགས་སུ་རུང་བའོ། །འདིར་ལག་ལེན་ལ་རྒྱུད་སྡེ་སོ་སོའི་རབ་གནས་ཀྱི་རིམ་པ་གྲུབ་


JLAZ013_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སློབ་དཔོན་རྣམས་ཀྱིས་མཛད་པའི་ཆོ་ག་ཇི་སྙེད་ཅིག་ཡོད་པ་ལས། རང་ལུགས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་རྒྱུད་སྡེ་ཟབ་མོའི་མན་ངག་གནས་སུ་བསྡུས་པ། གཏེར་ཁ་ཆེན་པོའི་རིང་ལུགས་ལས་བྱུང་བ་ཉམས་སུ་བསྟར་བ་ཡིན་ཏེ། དེ་ལ་རབ་ཏུ་གནས་བྱའི་སློབ་དཔོན་ཡང་། རྒྱུད་སྡེ་ཕལ་ཆེར་ལས་དེ་ཉིད་བཅུ་ཤེས་པའི་སློབ་དཔོན་གཙོ་བོར་བཤད་ཅིང་། དུས་ཀྱི་འཁོར་ལོ་ལས། དེའི་སྟེང་དུ། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་ཏེ། །འབྲིང་ནི་དགེ་ཚུལ་ཉིད་དུ་བརྗོད། །ཁྱིམ་ན་གནས་པ་ཐ་མ་ཡིན། །ཞེས་དེ་ཉིད་བཅུ་ཤེས་པའི་སྟེང་དུ་བསྟན་པ་ལ་གུས་པ་བསྐྱེད་པའི་ཕྱིར་རྟགས་ཅན་གྱི་མཚན་ཉིད་ཀྱང་ངེས་པར་བཤད་མོད་ཀྱི། དོན་དུ་ནི་དེ་ཉིད་ལས། ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོའི་བླ་མར་མི་བྱ་སྟེ། །ཞེས་པས། ས་ཐོབ་ནི་ཡེ་ཤེས་ཀྱི་རྒན་པ་ཡིན་པས་རྟགས་ཁོ་ན་ལ་ལྟོས་པ་མེད་པར་བསྟན་པ་བཞིན། རང་ལུགས་ལའང་། བསྙེན་རྫོགས་རྟགས་ལྡན་རྣལ་འབྱོར་པས། །གཟིགས་པ་ཙམ་གྱིས་རབ་གནས་ཆགས། །ཞེས་དོན་དམ་པར། རབ་ཏུ་གནས་བྱའི་ཡེ་ཤེས་གང་ཡིན་པ་དེ་ཉིད་རབ་ཏུ་གནས་པ་པོའི་གང་ཟག་གི་ཤེས་རྒྱུད་དང་རྫས་འགལ་བ་མ་ཡིན་པ་ཞིག་དགོས་ཏེ། དེ་མེད་ན་རྒྱུས་མེད་ས་མཁན་ལ་ཞུགས་པ་


JLAZ013_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། གཞུག་པ་པོས་གང་གཞུག་བྱའི་ཡེ་ཤེས་དེའི་ཆོས་ཉིད་ཆ་མི་ཆོས་བཞིན་དུ། དགེ་སློང་རྡོ་རྗེ་འཛིན་པའི་ཆོས་གོས་གསུམ་གྱི་ཏིང་ངེ་འཛིན་ལ་བསྙེམས་པའམ། ཆོ་ག་དང་གྱེར་དབྱངས་ཁོ་ནའི་འདུ་བ་རྒྱ་ཆེན་པོས་རྟེན་ལ་གཞུག་བྱའི་ཡེ་ཤེས་དེ་སྣང་བ་རང་མཚན་པའི་ཕྱོགས་ག་ཤེད་ནས་སྤྱན་འདྲེན་པར་འདོད་པ་ནི། རྟགས་ཇི་ལྟ་བུ་ཡིན་ཡང་བེམ་པོའི་རྣམ་པ་སྦྱོང་བའི་རབ་གནས་ཙམ་མོ། །རྒྱུ་དེས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་གཙོ་བོར་གལ་ཆེ་བ་བཞག་པ་ཡིན་ནོ། །དེ་བཞིན་དུ་རབ་གནས་ཤིས་པར་བྱེད་པའི་གཟའ་དང་། སྐར་མ་དང་། བྱེད་པ་དང་། སྦྱོར་བ་ལ་སོགས་ཏེ་སྤྱི་དང་བྱེ་བྲག་པའི་དུས་བཟང་པོ་ལ་ངེས་པར་གཅེས་པ་ཡང་རྒྱུད་ལས་བསྟན་པ་བཞིན་ཚོགས་པར་བྱས། དེའང་ཉི་མ་བྱང་དུ་བལྟས་པ་ཡི། །དཀར་པོའི་ཕྱོགས་ནི་བཟང་པོ་ལ། །ཞེས་པས། རྣམ་པ་གཅིག་ཏུ་ལྷོ་ཕྱོགས་ནི་གཤིན་རྗེའི་སྐྱེས་བུ་མི་བཟད་པས་བསྲུངས་པ་རྒྱས་པའི་ལས་ལ་བསྔགས་པ་མ་ཡིན་ཞིང་། བྱང་ཕྱོགས་ནི་གནོད་སྦྱིན་གྱི་བདག་པོ་རྣམ་ཐོས་ཀྱི་བུ་ལ་སོགས་པས་རང་དབང་དུ་བྱས་པའི་གནས་ཡིན་པས། རབ་གནས་ལ་སོགས་ཏེ་རྒྱས་པའི་ལས་ལ་མཆོག་ཏུ་བསྔགས་པར་བཤད་ནའང་། ཀྲི་ཡ་ས་མུཙྪ་ལས། མཆུ་དང་དབོ་ཡི་ཟླ་བ་དེ་བཞིན་ངེས་པར་ས་ག་སྣྲོན་དང་ཆུ་སྟོད་ཟླ་བ་དང་། ། མགོ་སྟེ་


JLAZ013_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྲིད་འདི་རྣམས་དགེ་བ་གཅིག་པུས་འབྲས་བུ་སྟེར་བའི་ཟླ་བ་དྲུག་ཏུ་གསུངས། ། ཞེས་པ་ལ་སོགས་ཏེ་གཞན་དང་གཞན་དག་ནས་ཀྱང་བགྲོད་པ་གཅིག་པའི་ཕྱོགས་ལ་ལྟོས་དགོས་པའང་མ་བཤད་པས། འདིར་ལས་ཇི་སྲིད་ན་མཐར་སོན་པར་གྱུར་པ་ཆུ་སྟོད་ཟླ་བའི་གཟའ་ཚེས་ཕུན་སུམ་ཚོགས་པའི་ཉིན་དཀྱིལ་འཁོར་དང་འབྲེལ་བའི་ཡོ་བྱད་དང་། སྦྱིན་སྲེག་དང་འབྲེལ་བའི་ཡོ་བྱད་དང་། རབ་ཏུ་གནས་པ་ཁོ་ན་ལ་འབྲེལ་བའི་ཁྲུས་དང་། མངའ་དབུལ་གྱི་རྫས་སྤྱི་དང་བྱེ་བྲག་པ་རྣམས་ཉེར་བསྡོགས་སྔོན་དུ་བཏང་ནས། རང་ཉིད་ཀྱི་དད་པའི་རྟེན་དུ། དངུལ་སྲང་ཉིས་བརྒྱའི་རྩ་བས་མ་སྨད་པར་བསྒྲུབས་པའི་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ཤེལ་བྲག་མའི་ཐང་ཆེན་པོ་རྣམས་དང་རྒྱུད་འབུམ་རིན་པོ་ཆེ་སྟབས་གཅིག་ཏུ། རབ་ཏུ་གནས་བྱར་བྱས་པ་ཕུན་སུམ་ཚོགས་པའི་དུས་ཚོད་གང་གི་ཉིན་ཞག་དང་པོ་ལ་བདག་ཅག་དཔོན་སློབ་བཅོ་ལྔ་སྐོར་གྱིས། སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བར། འཛམ་བུའི་གླིང་དུ་ཉི་མ་ཤར་དྲོས་ཀྱི་དུས་ག་ལ་བར། སྤྱན་དབྱེ་བྱ་བ་ཡན་ཆད་ཡང་དག་པར་གྲུབ་པར་བགྱིས་ཤིང་། ནངས་པར་གྱི་སྔ་དྲོ་དང་པོ་ལ། དམ་ཚིག་གི་འཁོར་ལོ་ཆེན་པོའི་གྲོང་ཁྱེར་དུ་སྤྱོན་པར་གསོལ་བའི་མོས་གུས་ཀྱིས་སྙན་ཁུང་སྲབ་


JLAZ013_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

མོར་བགྱིས་ནས། རྟེན་གྱི་ཡེ་ཤེས་པ་རྣམས་ནམ་མཁའི་དབྱིངས་ཕ་མཐའ་མི་འཚལ་བའི་ཀློང་དུ། སེམས་མ་རྡོ་རྗེ་མའི་རྒྱས་བཏེག་སྟེ་བཞུགས་སུ་གསོལ། དམ་ཚིག་གི་རྟེན་རྣམས་གཙུག་ཏོར་འཁོར་ལོས་བསྒྱུར་བའི་དབྱིངས་སུ་སྲུང་བར་བྱེད་པའི་མཚོན་བྱ་དར་གྱིས་དགབ་པར་བྱ་བ་ཡན་ཆད་གྲུབ་པར་བགྱིས་སོ། །དེ་ལྟ་བུའི་སྟ་གོན་གྱི་ཉིན་མོ་ཉི་མ་དྲོ་འཇམ་ལ་བབ་པའི་ཚེ་པདྨ་འོད་གླིང་ཐར་པ་ཆེན་པོའི་གྲོང་ཁྱེར་གང་གི་ནམ་མཁའི་དབྱིངས་ལ་དབང་པོའི་གཞུ་ཚོན་སྣ་མ་ཚང་བ་མེད་པ་བྱེད་པ་པོས་ཀྱང་མ་བྱས། སྒྱུ་མས་སྤྲུལ་པའང་མ་ཡིན། རྣམ་པར་མཛེས་པ་དང་། རྣམ་པར་བཀྲག་པ་དང་། རྣམ་པར་འཚེར་བ་ལ་སོགས་པའི་ངོ་མཚར་གསར་པའི་དཔལ་ཡོན་བྱིས་པ་སོ་སོའི་སྐྱེ་བོ་དག་ལ་འདོད་སྲེད་ཀྱི་ཆོམ་རྐུན་དུ་ཤར་ནས། ལག་པའི་འདུ་བྱེད་རྟབ་རྟབ་པོར་འདེགས་པར་རྩོམ་པ་ཙམ་གྱིས་ར་བའམ་མུ་ཁྱུད་གསར་པ་རིམ་པ་གཉིས་ཀྱི་གུར་ཁྱིམ་དུ་གསལ་བ་ཉིད་སྒྲོ་བཏཊ་ཀྱི་གཏམ་བརྗོད་པའི་ལམ་དུ་དྲངས་པ་ཙམ་མ་ཡིན་པ་ཀུན་གྱིས་མཐོང་བའི་ཆོས་ལ་གནས་པ་དང་། དེ་བཞིན་དུ་ངག་ལ་དཔལ་ལྡན་དཎྜིའི་ཚིག་གི་རྒྱུ་བ་ཆགས་པས་རབ་ཏུ་བཏགས་པ་དང་ཕུལ་དུ་བྱུང་བའི་ལེགས་བྲིས་ཀྱི་ལམ་ཐ་གྲུ་ཀུན་ནས་ཡངས་པར། དཀར་ཕྱོགས་ལ་མངོན་པར་འདུན་པའི་ལྷ་རྣམས་ནི་ཤིན་ཏུ་རངས་པར་གྱུར་


JLAZ013_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་པ་དང་། གསང་བ་སྔགས་ཀྱི་རྒྱུད་སྡེ་ཟབ་མོའི་ཆོ་གའི་ཡན་ལག་མཐོང་ཞིང་རྗེས་སུ་དྲན་ནས་འདི་སྙམ་དུ། བཅོམ་ལྡན་འདས་ཆོས་དབྱིངས་གཞོན་ནུ་བུམ་པའི་སྐུའི་ཀློང་ནས་ཅིར་ཡང་སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། དམིགས་མེད་ཆོས་ཀྱི་སྐུ་དང་། མི་འགྱུར་རྡོ་རྗེའི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོའི་རང་བཞིན་གང་ཡིན་པ་རྣམས། ཞིང་ཁམས་གཞན་དུ་སྤྱན་རས་ཀྱིས་གཟིགས་པ་དུས་ལས་ཡོལ་བར་གྱུར་ཏེ་དེང་གི་དམ་ཚིག་སེམས་དཔའ་ལ་འཇུག་པའི་སླད་དུ། སྐྱེ་བ་མེད་པའི་ཀློང་ན་གསལ། །འགག་པ་མེད་པའི་ཀློང་ན་འཕྱོ། །རྟག་པ་མེད་པའི་ངང་ལ་ཕྲ། །ཆད་པ་མེད་པའི་གཤིས་ལ་མཉམ། །འོང་བ་མེད་པའི་ཀློང་ན་བརྗིད། ། འགྲོ་བ་མེད་པའི་ངང་ལ་བཞུགས་བཞིན་པའང་། ནམ་མཁའི་དབྱིངས་སུ་རྡོ་རྗེའི་དམ་ཚིག་ཆེན་པོའི་ཕྱག་རྒྱས་བཅིངས་པ་འདི་ནི་དེ་རིང་གི་ཉིན་ཞག་ཙམ་ལས་གཞན་རྣམ་པ་གང་དུའང་སྐབས་མ་ཡིན་ནོ་སྙམ་དུ་སེམས་ཤིང་། དད་པའི་སྣང་བ་ཆབ་མི་འཚལ་བས་མངོན་པར་སྤྲུལ་པ་སྔོ་བསངས་སྤྲིན་གྱི་ཕྲེང་བ་དུམ་བུར་ལྡང་བ་དག་ཀྱང་། དཔེར་ན། སྒྱུ་མ་མཁན་མཁས་པའི་ཆོ་འཕྲུལ་བཞིན་དུ། ནམ་མཁའ་ལྡིང་གི་རྣམ་པ་དང་། ཅང་ཤེས་གཞོན་ནུའི་རྣམ་པ་དང་། ཤིང་རྟའི་རྣམ་པ་དང་།


JLAZ013_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོ་ཆེའི་རྣམ་པ་དང་། གྲོང་ཁྱེར་ཆེན་པོའི་རྣམ་པ་དང་། གཞོན་ནུ་ལང་ཚོ་མའི་རྣམ་པ་དང་། ཁང་བུ་བརྩེགས་པ་བརྒྱ་ཕྲག་གི་རྣམ་པ་དང་། སྐྱེད་མོས་ཚལ་དང་། གདུགས་དང་། བླ་བྲེ་དང་། དྲྭ་བ་དང་། དྲྭ་བ་ཕྱེད་པ་དང་། ལྡ་ལྡི་དང་། བ་དན་དང་། རྒྱལ་མཚན་དང་། ཀུན་དགའ་རྭ་བའི་རྣམ་པ་ལ་སོགས་པར་སྤྲུལ་ནས། ཕ་རོལ་དུ་འགྲོ་བ་དང་ཚུ་རོལ་དུ་འོང་བ་དང་། རང་ས་ན་ལྡིང་བ་དང་། དགའ་བ་དང་། བརྩེ་བ་དང་། དགའ་མགུར་སྤྱོད་པ་དང་། ཇི་ཙམ་ན་དེ་དག་གི་རུམ་ལས། ལྷའི་མེ་ཏོག་མནྡཱ་ར་བ་དང་། པུནྡ་རི་ཀ་དང་། ནཱི་ལོཪྤ་ལའི་འདབ་མ་ལྟ་བུའི་སྦྲང་ཆར་ཟིམ་བུ་དག་ཀྱང་དུས་མ་ཡིན་པར་འབེབས་པ་དང་། དུས་མ་ཡིན་པར་དངོས་སུ་འཇུག་པའི་ངོ་མཚར་ཅིར་ཡང་འཆར་བས་སྐྱེ་བོ་རྣམས་ཀྱི་ཡིད་ལ་ཚིམ་པ་ཆེན་པོའི་དགའ་སྟོན་དང་། རྣམ་པར་ཤེས་པ་གཞན་དབང་དུ་འགྱུར་བའི་ཞགས་པ་དམ་པོས་འཆིང་བ་ཙམ་དུ་གྱུར་ཅིང་། རེས་འགའ་ནི་སྤྲིན་ནག་པོ་དང་། འཐོར་རླུང་དྲག་པོ་མ་ཡིན་པར་འབྱུང་བ་རང་བཞིན་གྱིས་བག་ཕེབས་པར་བྱེད་པའི་ལྷོ་སྤྲིན་ནགས་ཚལ་སྟུག་པོའི་སྤུན་ཟླར་གྱུར་པ་དག་གིས་རུམ་ནས་ཧ་ཅང་མྱུར་བ་དང་། ཧ་ཅང་རྩུབ་མོ་མ་ཡིན་པའི་དབྱར་གྱི་རྔ་གསང་སྐབས་ཕྱེད་པ་ཉིད་སྒྲ་ལྷང་ལྷང་བའི་དབྱངས་སུ་དལ་བུར་ལྡིར་བས། སྟོན་གྱི་འབྲས་བུས་གཅིག་ཏུ་གདུངས་པའི་རྨ་བྱ་གཞོན་ནུའི་ཚོགས་ལ་


JLAZ013_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་དངོས་པོ་བརྒྱ་ཕྲག་མང་པོས་ཀྱང་ཕྱོགས་མི་མཚོན་པར་བྱེད་པ་དང་། ལྷའི་བུ་ཉི་མའང་། བ་ལང་སྤྱོད་ཀྱི་མུན་པ་དང་། སྒྲ་མི་སྙན་གྱི་ལོངས་སྤྱོད་ལ་ཅི་ཡང་མི་སེམས་པར་ལྷོ་འཛམ་བུའི་གླིང་ཁོ་ན་ཡིད་ལ་སེམས་ཤིང་དུས་སྦྱོར་བཅུ་གཉིས་ཀྱི་ཏཱརྐ་ལ་འཕྱུགས་པ་ལ་སྤྲོ་བར་གྱུར་ནས་རྟ་བདུན་གྱི་ཤིང་རྟ་ལའང་འཁུན་པར་བྱེད་པས། གོ་ལའི་རླུང་གི་འཁྲུལ་འཁོར་བཤིག་པར་རྩོམ་པ་དང་། དེ་བཞིན་དུ་སའི་ལྷ་མོ་བསྟན་མ་ནི་རྫོགས་པའི་སངས་རྒྱས་དང་དེའི་བསྟན་པ་ལ་ཤིན་ཏུ་དད་པས། རང་གི་ལུས་ཐམས་ཅད་གསེར་དང་། དངུལ་དང་། གཡུ་དང་། བྱུ་རུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། ནོར་བུ་མཐོན་ཀ་དང་། ཀེ་ཀེ་རུ་ལ་སོགས་པ་ལྷ་དང་མིའི་རིན་པོ་ཆེ་སྣ་ཚོགས་པའི་འབྱུང་གནས་སུ་བྱིན་གྱིས་རློབ་ཅིང་། རི་དང་ཀླུང་དང་། ཐང་དང་ནགས་ཚལ་དང་། སྐྱེད་མོས་ཚལ་དང་། ཞིང་ས་གཤིན་པོ་ལ་སོགས་པར་དེ་དང་དེའི་ཡོན་ཏན་བསྐྱེད་པར་བྱེད་པ་ལ་འདུན་ཅིང་། འགྲོ་བ་རྣམས་ཀྱི་སྲོག་གི་དབང་པོ་དང་ལུས་ཀྱི་ཟུངས་རིང་མོའི་མཐར་ཡང་བསྐྱེད་བསྲིང་བར་བྱེད་པའི་འཚོ་བའི་བཅུད་ལེན་དམ་པར་བྱེད་པ་སོགས། སྣོད་བཅུད་ལ་དགེ་མཚན་རྒྱ་ཆེན་པོ་སྟེར་བའི་བྱ་བ་ལ་གཅིག་ཏུ་བྲེལ་བས། བཀྲ་ཤིས་པའི་ཆོ་ག་དབྱངས་སུ་ལེན་པ་འདི་ནི། རྒྱལ་བའི་བསྟན་པ་ལ་གུས་པ་བསྐྱེད་པ་ཁོ་ནའི་མཐུ་གཅིག་པོར་རིག་པར་བྱའོ། །དེ་ལྟ་བུའི་དགེ་མཚན་


JLAZ013_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྣང་བ་བརྒྱ་ཕྲག་ལ་ངོམས་པ་མེད་པར་སྤྱོད་བཞིན་པར་སང་གི་ཉིན་པར་དངོས་གཞིའི་བྱ་བ། དཀྱིལ་འཁོར་སྒྲུབ་པ་དང་། བདག་ཉིད་འཇུག་པ་དང་། རྟེན་སྦྱོང་བ་དང་། བཀྲུ་ཞིང་ཕྱི་བ་དང་། རིང་བསྲེལ་གཞུག་ཅིང་གསོལ་བ་གདབ་པ་དང་། རྟེན་བསྐྱེད་པ་དང་། སྤྱན་དྲངས་པ་དང་། དགུག་ཅིང་རྒྱས་གདབ་པ་དང་། དེ་ལ་གདན་གསུམ་ཚང་བའི་ལྷས་དབང་བསྐུར་བ་དང་དབང་གི་བསྲེགས་བླུག་དང་། མཆོད་ཅིང་བསྟོད་པ་དང་། སྤྱན་དབྱེ་བ་དང་། གསོལ་བ་གདབ་པ་དང་། མངའ་དབུལ་བྱ་བ་དང་། གནས་བྱའི་ལྷ་རྣམས་ཐབ་ཏུ་སྤྱན་དྲངས་ནས་རྒྱས་པའི་སྦྱིན་སྲེག་བྱ་བ་སྟེ་དངོས་གཞིའི་རིམ་པ། གཏོར་མ་སྦྱིན་པ་དང་། ཆོས་སྐྱོང་བསྒོ་བ་དང་། དཀྱིལ་འཁོར་མཆོད་པ་དང་། དངོས་གྲུབ་བླང་བ་དང་། ནོངས་པ་བཤགས་པ་དང་། ཞི་བའི་སྦྱིན་སྲེག་དང་། གཤེགས་སུ་གསོལ་བ་དང་། ཡོན་བདག་བསྒོ་བ་དང་། ཤིས་པ་བརྗོད་པ་དང་། བསྔོ་བ་བྱ་བ་དང་། སྨོན་ལམ་གདབ་པ་དང་། དགའ་སྟོན་བྱ་བ་དང་། སླར་ཡང་ཤིས་པ་བརྗོད་པ་དང་། མཇུག་དོན་བྱ་བ་ལ་སོགས་པ་སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་ཚང་ཞིང་མ་འཁྲུལ་པ་དང་། དོན་དམ་པའི་རབ་གནས་གང་ལ་རབ་ཏུ་གནས་བྱ། གང་གིས་རབ་ཏུ་གནས་བྱེད། གཉིས་ཀ་རྣམ་པར་མི་རྟོག་པ་སྟེ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དགོངས་སྤྱོད་དང་མཉམ་པ་ཉིད་དུ་བསྲེས་


JLAZ013_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྟེན་གྱི་ཡེ་ཤེས་པ་རྣམས་རྡོ་རྗེའི་ཆོས་བདུན་ལྡན་གྱི་རང་བཞིན་དུ་བསྐལ་པའི་བར་གང་ལ་གཉིས་སུ་མེད་པའི་ཕྱག་རྒྱ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱག་རྒྱས་བཏབ་ཅིང་། རྡོ་རྗེའི་གླུ་དང་གར་ཡང་བྱས་སོ། །དེ་ལྟ་བུའི་ཆོ་ག་ཟབ་མོ་ལ་བརྟེན་ནས་རབ་ཏུ་གནས་ཤིང་། ལེགས་པར་གསུངས་པའི་བཅའ་ག་རྫོགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ནི་གང་དུ་བཞུགས་པའི་ས་ཕྱོགས་སམ། ཡུལ་ཁམས་དེ་དང་དེར། དེ་བཞིན་གཤེགས་པ་སྲས་དང་བཅས་པའི་བྱིན་བརླབས་ཀྱིས་རྟག་ཏུ་བསྲུང་ཞིང་། བྱུར་དང་སྐལ་བ་ངན་པའི་ཕྱོགས་མི་མཐུན་པ་ཐམས་ཅད་རང་བཞིན་གྱིས་དེངས་པར་འགྱུར་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་ལེགས་དང་དཔལ་གྱི་མངོན་པར་མཐོ་བ་ནི་ཆོས་ཉིད་ཡིན་ནོ། །དེ་ལས་ཁྱད་པར་དུ་འདིར་གླེགས་བམ་གྱི་དེ་ཁོ་ན་ཉིད་ཅུང་ཟད་བརྗོད་ན། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ལས། གླེགས་ཤིང་ཐབས་དང་ཤེས་རབ་ལས། །ཤོག་བུ་ཐེག་པའི་ས་གཞི་སྟེ། །ཞི་གནས་ལྷག་མཐོང་ཞེང་གི་རྒྱགས། །དབྱིངས་དང་ཡེ་ཤེས་དོན་རྒྱགས་གཉིས། །སྨྱུ་གུ་རིག་པའི་ཡེ་ཤེས་ཏེ། །བྱང་ཆུབ་སེམས་རྟག་སྣག་ཚ་ཡིན། །ཡི་གེ་གསུམ་གྱི་ཕྱག་རྒྱ་བྲི། །བྱེད་པ་པོ་ནི་དམ་ཚིག་ཅན། །ལེགས་ཤིང་ཚད་དང་ལྡན་བྱས་ནས། །སྔགས་


JLAZ013_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་དམ་ཚིག་བློ་ཅན་གྱིས། །དུས་གསུམ་བཞུགས་པ་ཐམས་ཅད་ཀྱི། །གསུང་གི་དེ་ཉིད་བྱིན་བསྡུས་ནས། །གླེགས་བམ་ཉིད་ལ་བསྟིམ་པར་བྱའོ། །དེ་ཉིད་འཇིག་རྟེན་མ་སྟོངས་བར། །གནས་པར་བྱས་ཏེ་ཞལ་བསྲོས་ལ། །དེ་དོན་བསྒྲགས་པའི་ཆར་ཕབ་པས། །ཉེས་གྲོལ་བདེ་གཤེགས་གསུང་བརྙེས་ཏེ། །གླེགས་བམ་དེ་ཉིད་དུས་གསུམ་གྱི། །མཆོད་པའི་རྟེན་དུ་བཞུགས་སུ་གསོལ། །ཞེས་པ་དང་། ཕན་ཡོན་གྱི་སྒོ་ནས་གཞལ་ན་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། རིན་ཆེན་སྣ་བདུན་ལ་སོགས་ལ། །རྒྱལ་བ་ཀུན་གྱི་རང་བཞིན་གྱིས། །མ་ལུས་བསྡུས་པའི་ངོ་བོ་ཉིད། །སྐུ་གསུང་ཐུགས་ཉིད་བྲིས་པ་ཡིན། །དེ་བས་རྒྱལ་བ་ཀུན་བྲིས་པའི། །ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ཅེས་སངས་རྒྱས་ཐམས་ཅད་ཀྱི་དོན་དམ་པའི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ནི་རྒྱུད་འདི་དག་གི་བརྗོད་བྱར་གནས་པའི་ཕྱིར། རྣ་རྒྱུད་བཟུང་བས་དེའི་ཡོན་ཏན་མ་ལུས་པ་བཟུང་བར་འགྱུར་ལ། རྒྱུ་དེ་ལས་གསུང་གི་རྟེན་ཁོ་ན་མཆོག་ཏུ་བཤད་པ་དང་། དེ་བཞིན་དུ་བྲིས་ཤིང་བཟུང་བའི་ཕན་ཡོན་ཡང་། དེ་ཉིད་ལས། གྲོ་ག་ཤིང་ཤུན་ལ་སོགས་ལ། །གསང་བའི་རྒྱུད་འདི་རབ་བྲིས་ནས། །རིན་ཆེན་ཁྲི་ལ་ལེགས་བཞག་སྟེ། །


JLAZ013_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་མཆོད་ཅིང་རབ་བཟུང་ནས། །ཇི་སྲིད་གནས་པར་བསམ་པ་ཡིས། །དགའ་བའི་བསམ་པས་འཛིན་བྱེད་ན། །སངས་རྒྱས་ཐམས་ཅད་བཟུང་བ་ཡིན། །ཞེས་སོ། །མདོར་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་རྣམ་གྲངས་རེ་རེ་ཙམ་གླེཊ་བམ་དུ་བྲིས་ཤིང་བཟུང་བའི་ཕན་ཡོན་ལའང་། བྱང་ཆུབ་སེམས་དཔའ་བྱམས་པས་འདི་ལྟར་དུ་དམ་བཅས་སོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ། དམ་པའི་ཆོས་འཇིག་པའི་དུས་ལ་བབ་ཅིང་སངས་རྒྱས་ཀྱི་བྱང་ཆུབ་འཇིག་པར་འགྱུར་བ་འཇིག་པ་ཆེན་པོས་འཇིག་པའི་དུས་ལ་བབ་པ་ན་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་སྐྱེས་བུ་དམ་པ་དེ་དག་ལ་རབ་ཏུ་བསྟན་པར་བགྱིའོ། །དེ་དག་ལ་གཟི་བྱིན་སྩལ་བར་བགྱིའོ། །ཡུལ་གང་ན་མདོ་སྡེ་འདི་འཛིན་པ་དེ་ལྟ་བུ་དག་གནས་པའི་ཡུལ་དེར་བདག་གིས་དུས་མ་ལགས་པའི་སེར་བ་དང་། དགུང་ཆར་དང་། མུ་གེ་དང་། བྲོ་ནད་ཡ་ང་བ་དང་། མི་ངས་དང་། ཡམས་ཀྱི་ནད་དང་། འགོ་བའི་ནད་དང་། གནོད་པ་དང་། འཁྲུག་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཡུལ་གང་ན་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་གླེགས་བམ་དུ་བགྱིས་པའམ། རྒྱལ་མཚན་གྱི་རྩེ་མོར་བཏགས་པ་ལ་མཆོད་པ་བགྱིད་པའི་ཡུལ་དེར། བདག་གིས་བྱིན་གྱིས་རླབས་ཀྱིས་ཕ་རོལ་གྱི་དམག་


JLAZ013_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐམས་ཅད་དང་། ཆོམ་རྐུན་དང་སྲིན་པོ་དང་། མཁའ་འགྲོ་མའི་ཡ་ང་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གང་དག་ན་ཆོས་སྨྲ་བ་འདི་ལྟ་བུ་དག་དང་། མདོ་སྡེ་འདི་འཆང་བའི་ཡུལ་དེར་བདག་གིས་ལོ་ཏོག་དང་། ནོར་དང་། འབྲུ་དང་། མེ་ཏོག་དང་། ལོ་མ་དང་། འབྲས་བུ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། བདེ་བ་ཐམས་ཅད་འབྱུང་བར་བྱིན་གྱིས་བརླབ་པར་བགྱིའོ་ཞེས་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་ཏེ་ཐོས་ནས། མདོ་སྡེའི་དབང་པོ་འདི་འཛིན་པའི་དགེ་སློང་དེ་དག །ཕྱིར་རྒོལ་བ་ཐམས་ཅད་ལས་ཀུན་ཏུ་བསྲུང་བར་བགྱིད། ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་འཛིན་པ་དང་། ཡོངས་སུ་སྐྱོང་བར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས། མིའི་རྒྱལ་པོ་དེའི་ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ཀུན་ཏུ་བསྲུང་བར་བགྱི། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །ཞེས་གསུངས་པས་མཚོན་ལ། ལྷག་པར་སངས་


JLAZ013_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འཇིག་རྟེན་ན་མངོན་སུམ་པར་བཞུགས་པའི་དུས་དེ་ལ་མཆོད་པར་བྱས་ཤིང་། དེའི་བསྟན་པ་ལ་རྗེས་སུ་ཡི་རང་བའི་སྲི་ཞུ་བྱས་པ་དང་། དེང་སང་སྙིགས་མ་ལྔ་བདོ་བ་འགྲོ་བའི་རྒྱུད་ལ་རང་བཞིན་གྱིས་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་བསླུ་བྲིད་ཀྱི་གནས་མལ་ཆེན་པོ་བལྟར་མི་མངོན་པར་བཅས་ཤིང་། འདོད་ཆགས་བདོ་བ། ཞེ་སྡང་བདོ་བ། གཏི་མུག་བདོ་བ། ང་རྒྱལ་བདོ་བ། ཕྲག་དོག་བདོ་པ། ཀུན་ཀྱང་ཆ་མཉམ་པར་བདོ་བས་གྲྭ་ཟུར་རྣོ་ལ། བསོད་ནམས་མ་ཡིན་པ་ཁོ་ན་ལ་གཅིག་ཏུ་སྤྲོ་ཞིང་འཇུག་པ་མང་བའི་དུས་འདིར་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། བརྗེད་པར་བྱ་བ་ལ་སོགས་པས་སྲི་ཞུ་བསྐྱེད་པ་གཉིས། བསོད་ནམས་ཆ་མཉམ་པར་ཐོབ་པའི་ཚུལ་མེ་ཏོག་བརྩེགས་པའི་གཟུངས་ལས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ལོ་གཅིག་གམ་ལོ་བརྒྱའམ་ལོ་སྟོང་ཡང་རུང་སྟེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་རྟེན་རྣམས་ལ་མེ་ཏོག་འགའ་འབུལ་ལམ་ཆུ་སྙིམ་པ་གང་འཐོར་རམ། བྱུག་པའི་ཐིག་ལེ་འདྲིའམ། མེ་ཏོག་གི་


JLAZ013_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་ཉིལ་འཕྱག་གམ། བྱུག་པ་འབུལ་ལམ། སྤོས་འབུལ་ལམ། བདུག་སྤོས་འབུལ་ལམ། མར་མེ་འབུལ་ལམ་ཕུལ་ནས་དགའ་བའི་སེམས་ཀྱིས་གོམ་པའི་སྟབས་འགའ་བོར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ་ཞེས་སྨྲ་བ་དེ་དག་ནི། སེང་གེ་རྣམ་པར་བརྩེ་བ་བསྐལ་པ་བརྒྱའམ། བསྐལ་པ་སྟོང་དུའམ། བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་འགྲོ་བར་འགྱུར་བ་དེ་ནི་གནས་མེད་དོ། །ཞེས་པས་དཀར་པོ་རྣམ་པར་འཕེལ་བའི་བསོད་ནམས་ཀྱི་ཤིང་རྟ་ལ་འཛེགས་པར་སྤྲོ་བ་རྣམས། དེང་དེ་བཞིན་གཤེགས་པ་དངོས་ཀྱི་སྣང་བ་མེད་པས་ཚོགས་ཀྱི་ཞིང་རྒྱ་ཆུང་ངུར་གྱུར་ཏོ་སྙམ་པ་སྤངས་ནས། སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་རིམ་གྲོ་ཆེན་པོ་བསྐྱེད་ཅིང་། བྱེ་བྲག་ཏུ་གསུང་གི་རྟེན་ནི་སློབ་དཔོན་སེང་གེ་བཟང་པོའི་ཡུམ་གྱི་འགྲེལ་པ་ལས། གཙོ་བོར་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ། །དེ་བས་ན་དེ་སྟོན་པར་བྱེད་པའི་རྒྱལ་བའི་ཡུམ་ལ་མཆོད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཀྱི་སྐུ་ལ་མཆོད་པའི་ཕྱིར་བསོད་ནམས་མང་དུ་སྐྱེ་བ་ཡིན་ནོ། ། ཞེས་དྲི་མ་མེད་པའི་གསུངས་རབ་རྣམས་ལས་ཡང་ནས་ཡང་དུ་གསུངས་པའི་དོན་ལ་ཡིད་རྟོན་པར་བྱས་ཏེ། མཆོད་པ་དང་། འདྲི་བ་དང་། ཀློག་པ་དང་། འཆད་པ་དང་།


JLAZ013_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཏོན་བྱེད་པ་དང་། འཆང་ཞིང་ཕུ་དུད་དུ་བྱ་བ་སོགས་ལ་བསོད་ནམས་ཚད་མེད་པ་ཉིད་དུ་འཕེལ་ཏེ། འདི་ལྟར་ཆོས་སྤྱོད་བཅུའི་ཡན་ལག་ཕལ་མོ་ཆེའང་གསུང་རབ་འབྲི་བ་ལ་སོགས་པའི་ཕྱོགས་འདིར་ལྟོས་ཤིང་གནས་པ་ཡིན་ཏེ། རྡོ་རྗེ་ཕུར་པ་འཇིག་རྟེན་སྣང་བྱེད་ཀྱི་རྒྱུད་ལས། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་འཛིན་དང་ཀློག་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་དག །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །གང་ཞིག་འདི་ལ་མོས་གྱུར་པ། །རྒྱལ་བ་རྣམས་ཀྱིས་བསྔགས་པ་ཡི། །ཡོན་ཏན་ཐམས་ཅད་འབྱུང་བར་འགྱུར། །ཅེས་གསུངས་པའི་ཕྱིར་རོ། །ད་ནི་གསང་རྒྱུད་རྒྱ་མཚོ་གཉུག་མར་གནས་པའི་གཙུག་ལག་ཁང་གང་དུ་སྤྱོན་པར་བྱས་པའི་གཏམ་ནི། དུས་ཚོད་དེ་ནས་ཞག་གི་ཕུང་པོ་དྲུག་ཏུ་འདས་པ་སྔོན་གྱི་ཚེ་གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ་བདག་ཅག་གི་སྟོན་པ་སྤངས་རྟོགས་བསམ་གྱིས་མི་ཁྱབ་པ། གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་ཏེ་སྟོབས་བཅུ། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སོགས་ཏེ། མི་འཇིགས་པ་བཞི། དེ་བཞིན་གཤེགས་པ་ལ་འཁྲུལ་པ་དང་ཅ་ཅོ་མེད་པ་ལ་སོགས་ཏེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཆོས་ཐམས་ཅད་བདག་མེད་པ་ཡིན་ན་སེམས་ཅན་རྣམས་


JLAZ013_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པར་མ་མོས་པ་དེའི་ཕྱིར་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེ་བ་ལ་སོགས་པའི་ཐུགས་རྗེའི་མཚན་སུམ་ཅུ་རྩ་གཉིས། གུས་པར་ཉན་པ་རྣམས་ལ་སེམས་སྙོམས་པ་ལ་སོགས་ཏེ་དྲན་པ་ཉེ་བར་གཞག་པ་བཞི། དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ལ་སོགས་ཏེ་བསྲུང་བ་མེད་པ་བཞི། ཆོས་སོ་སོར་ཡང་དག་པར་རིག་པ་ལ་སོགས་ཏེ་རྣམ་པ་ཐ་དད་པ་བཞི། ལྷའི་མིག་ལ་སོགས་ཀྱི་མངོན་པར་ཤེས་པ་དྲུག །དེའི་གནས་སྐབས་ལས་བྱུང་བའི་རྫུ་འཕྲུལ་གྱི་ཡན་ལག་ཆོ་འཕྲུལ་ཆེན་པོ་གསུམ། དབུ་གཙུག་ཏོར་དང་ལྡན་པ་ལ་སོགས་ཏེ་མཚན་བཟང་པོ་སུམ་ཅུ་རྩ་གཉིས། སེན་མོ་ཟངས་ཀྱི་ཁ་དོག་ཏུ་གྱུར་པ་སོགས་དཔེ་བྱད་བརྒྱད་ཅུའི་ཡོན་ཏན་རྣམས་ཀྱི་མངའ་བདག་ཆེན་པོ། ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་མཆོད་པའི་གནས་ཆེན་པོ་དེ་ལྟ་བུ་ལ་ལོག་སྲེད་ཀྱི་རྣམ་པར་རྟོག་པས་སྲིན་བུའི་འོད་ཀྱིས་ཉི་ཟླའི་སྣང་བ་འགོག་པར་སེམས་པའི་གཏུམ་པོ་གཟུ་ལུམ་ཅན་མུ་སྟེགས་བྱེད་ཀྱི་སྟོན་པ་དྲུག་འཁོར་དང་བཅས་པས་འགྲན་ཟླར་བྱས་པ་ནི་བདག་ཅག་གི་སྟོན་པ་འདི་ནི་ཐུགས་རྗེ་བསམ་གྱིས་མི་ཁྱབ་ཅིང་། སེམས་ཅན་འདུལ་བའི་ཐབས་ལ་མཁས་པ་ཡིན་པའི་ཕྱིར། རྒྱུ་འདི་ལས་


JLAZ013_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་དེ་དང་ད་ལྟ་ཕྱི་མའི་མུར་ཐུག་གི་བར་འགྲོ་བ་རྣམས་ཀྱི་བསོད་ནམས་རྒྱ་མཚོའི་འཇུག་ངོགས་དམ་པར་དུས་བྱིན་གྱིས་བརླབས་ཏེ། དགེ་བའི་རྩ་བ་ཉུང་ངུ་ཡང་མང་པོར་བྱེད་པའི་དགོས་པ་རྒྱ་ཆེན་པོ་གཟིགས་ནས་ཆོ་འཕྲུལ་འགྲན་པར་ཞལ་གྱིས་བཞེས་སོ། །དེ་ལྟར་བཞེས་ནས་ཆོ་འཕྲུལ་གྱི་འདུན་ཁང་མངོན་པར་སྤྲུལ་ཏེ་འབྱུང་རྩིས་པ་རྣམས་ཀྱི་དཔྱིད་ཟླ་ཐ་ཆུང་། གསོ་དཔྱད་ཀྱི་རྒྱུད་ལས་ཀྱང་། དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུས་དུས། །རྟ་པ་དབོ་དང་ནག་པས་ནམ་ཚོད་འཛིན། །ཞེས་པ་ལྟར་དཔྱིད་ཟླ་ར་བར་གྲགས་པ་རྒྱུ་སྐར་གྱི་ལྷ་མོ་རྟ་པས་ཉ་བར་བྱེད་པ་ཆོ་འཕྲུལ་ཆེན་པོའི་ཚེས་གཅིག་ལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་མཆོད་ཅིང་། ཚེམས་ཤིང་འོད་སྲུང་བྱིན་གྱི་བུ་མོའི་པང་བར་བཙུགས་པ་ལས། སྐད་ཅིག་ཉིད་ལ་རྒྱ་ཁྱོན་དང་ཡལ་གའི་ཁོ་ལག་རྫོགས་པའི་དཔལ་དུ་འབར་ཞིང་། ཆོས་ཀྱི་སྒྲ་སྒྲོགས་པའི་དུས་ཀྱི་ཉིན་ནས་བརྩམས། ཕྱོགས་གཅིག་གི་དུས་ཚོད་ལ་ཡོལ་བ་མ་བྱིན་གྱི་བར། སྟོན་པ་དྲུག་འཁོར་བརྒྱད་ཁྲི་དང་བཅས་པ་དག་གིས་ཟག་པར་བཅས་པའི་རྫུ་འཕྲུལ་གྱི་ཉེ་བར་ལེན་པའི་འཁྲི་ཤིང་ས་ཆེན་པོ་འདིའི་འོག་ཏུ་ཡིབ་པ་ལ་གདོན་མི་ཟ་བའི་གནས་སྐབས་ནི་བྱིན། ཅང་མི་སྨྲ་བ་དང་། ཡུལ་ཡུལ་པོའི་བརྟུལ་ཞུགས་གསར་བུ་ལ་ནི་བཀོད། རྔོ་ཐོགས་


JLAZ013_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་བཞིན་རས་ལ་སོར་མོའི་པར་གྱིས་འདེབས་པ་ཙམ་གྱི་སྒྲིབ་བྱེད་དམ་པོས་འགེབས་སུ་བཅུག་པ་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོའི་རོལ་པ་ཟད་མི་ཤེས་པ་ལས། ཕྱི་རོལ་དུ་ཡུལ་ཉི་ཤུ་རྩ་བཞིར་མཁའ་འགྲོ་མ་རྣམས་འདུ་བའི་ཆོ་ག་རྒྱ་ཆེན་པོས་བྲེལ་ཞིང་། ནང་རྡོ་རྗེའི་ལུས་ལ་རྒྱུད་སྡེ་ཟབ་མོ་ནས་བཤད་པའི་རྩ་རླུང་སེམས་གསུམ་གྱི་འདུ་བ་རྟེན་དང་བརྟེན་པར་འཛོམ་པའི་ངོ་མཚར་རྒྱ་མཚོ་ལའང་སྤྱོད། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་ཡང་དུས་ཀྱི་མཆོད་པའི་ངེས་པ་ཆེན་པོ། ཁྱད་པར་སྟོན་མཆོག་རྫོགས་པའི་སངས་རྒྱས་འཇིག་རྟེན་སྐྱོང་བ་བཞིས་མཆོད་ཅིང་མཚན་དཔེའི་ངོ་མཚར་རྒྱལ་ཆེན་རིས་བཞིའི་གནས་ནས་འོག་མིན་ལ་ཐུག་གི་བར་གྱི་བླའི་མཆོད་སྡོང་ཆེན་པོར་བཞེངས་ནས། མཉེན་འཇམ་ཡིད་དུ་འོང་བ་ལ་སོགས་ཏེ་དབྱངས་ཀྱི་ཡན་ལག་དྲུག་ཅུའི་རྒྱན་གྱིས་མཛེས་པའི་ཆོས་ཀྱི་རྔ་བོ་ཆེ་བརྡུངས་པའི་དུས། དཀར་པོའི་ཕྱོགས་ཀྱི་རྫོགས་པ་གཉིས་པའམ། གྲལ་ཚེས་བཅུ་པའི་ངོ་མཚར་མཆོག་གི་སྣང་བ་འབུམ་ཕྲག་དུ་མར་འཛག་པའི་ཉིན། རང་ཅག་གི་གྲྭ་ས་ནས་སྟོན་པ་མཆོག་གི་རྗེས་སུ་ཞུགས་པའི་རབ་ཏུ་བྱུང་བ་གཞོན་ནུའི་ངང་ཚུལ་བ། འཇིག་རྟེན་གསུམ་ན་ཐོབ་པར་དཀའ་བའི་ངུར་སྨྲིག་རྒྱལ་མཚན་ཅན་བཅུ་ཕྲག་གཉིས་ཀྱི་ཕྲག་པ་ན་རྒྱུད་འབུམ་རིན་པོ་ཆེ་མ་ཚང་བ་མེད་པ་ཡོངས་སུ་བཟུང་ཞིང་། འཆི་བ་མེད་པའི་གོས་


JLAZ013_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཁ་དོག་སྣ་ཚོགས་པ་གཅལ་དུ་བཀྲམས་པའི་རྟེན་ཁེབས་ཀྱིས་ནི་ལྷབ་ལྷུབ་ཏུ་བྱས། སྤོས་ཀྱི་བདུག་པ་དང་། ཕྱེ་མ་ཕུར་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པའི་བསྟི་སྟང་གིས་མདུན་བསུས། བསོད་ནམས་དམ་པའི་ཡུལ་ལ་སྲི་ཞུ་འདི་ནི་རང་ཅག་གིའང་ཁུར་དུ་བཀལ་བར་འོས་པ་ཉིད་དེ། རྐང་པའི་འདུ་འགོད་ཉམས་ཉེས་ཤིང་ལང་ཚོའི་སྟོབས་ལས་ཡོལ་བའི་ཕྱིར་དང་། འཇིག་རྟེན་དང་ཡང་མཐུན་པར་འཇུག་པས་བདག་ཅག་རྣམས་ཀྱང་ཅང་ཤེས་བཟང་པོ་རྒྱན་གྱིས་སྤྲས་པའི་སྟེང་ན་འཛེགས་ཏེ། ལོ་ཀའི་ཆོས་རྣམ་པ་ཐ་དད་པ་བརྒྱད་པོའང་ནང་དུ་འདོད་པ་ཟད་པའི་ཆོས་ཉིད་ཅན་ལ་གདོད་ནས་རྨི་ལམ་དང་སྒྱུ་མའི་རང་བཞིན་དུ་མཆིས་པ་དེ་ཉམས་འོག་ཏུ་བཙུད་ནས། འདི་ལྟར་དཀོན་མཆོག་གསུམ་གྱི་ཕྱོགས་ལ་དད་པའམ། རྗེས་སུ་ཡི་རང་བས་ཐ་ན་གོམ་པ་བདུན་གྱི་བར་དུ་བསུ་བསྐྱེལ་བྱས་པ་ལའང་བསོད་ནམས་དཔག་ཏུ་མེད་པ་ཐོབ་པའི་ཕྱིར་ཞབས་འབྲིང་གི་ཚུལ་དུ་བསྟི་སྟང་བྱས་སོ། ། ཚུལ་དེ་ལྟ་བུས་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། གང་གི་གཏམ་ལྷའི་ཞུ་ལན་དུ་གྲགས་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་དུས་གསུམ་མ་བསྒྲིབས་པར་གསལ་བར་སྟོན་པའི་ལུང་བསྟན་ལས། བང་སོ་དམར་པོའི་ཤར་རམ་ལྷོ་ཡི་ཕྱོགས། །ལྷ་བབས་མཆོད་རྟེན་དགོན་སྡེ་


JLAZ013_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

འཆའ་ཡང་སྲིད། །ཅེས། རྡོ་རྗེའི་ལུང་གིས་གསལ་བར་བསྟན་པ་བཞིན། སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་འཛིན་པ་སྐར་ཚོགས་ལྟ་བུའི་དབུས་ན་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་ཀུན་མཁྱེན་ངག་གི་དབང་པོ། རོང་པ་ཆོས་ཀྱི་བཟང་པོ། མངའ་རིས་མ་ཧཱ་པཎྜི་ཏ། ཀུན་མཁྱེན་ཤེས་རབ་འོད་ཟེར་ཏེ། རྣམ་པ་བཞི་པོ་འདི་ལ་དོ་ཟླར་འོས་པ་སྔ་ན་མ་བྱུང་བའི་ཡ་གྱལ། དོན་དམ་པར་རྒྱལ་བའི་དབང་པོ་མཚོ་སྐྱེས་རྡོ་རྗེའི་རྒྱལ་ཚབ་ཆེན་པོ་རྣམ་པར་སྣང་མཛད་བཻ་རོ་ཙ་ན། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྔོག་ལོ་བློ་ལྡན་ཤེས་རབ། གཡུ་བྲག་པ་འགྲོ་བའི་མགོན་པོ། དཔལ་ཆེན་ཆོས་ཀྱི་ཡེ་ཤེས། བྱ་འདུལ་བ་འཛིན་པ། གཡག་སྡེ་མ་ཧཱ་པཎྜི་ཏ། པཎ་ཆེན་འབུམ་ཕྲག་གསུམ་པ་ལ་སོགས་ཏེ་ཐུགས་རྗེ་ཡས་སྤྲུལ་གྱི་སྐྱེས་རབས་ཨུ་དུམ་ཝཱ་རའི་འཁྲི་ཤིང་ལ་བརྟེན་ནས་མཁྱེན་རབ་བྱང་ཆུབ་བར་དུ་འཕེལ་བར་བྱས་པའི་མངོན་སུམ་ཚད་མ། ཀུན་མཁྱེན་བླ་མ་ཤནྟ་པུ་རི་པས་མངོན་པར་བསྐྲུན་པའི་གདན་ས་ཆེན་པོ། ལྟར་སྣང་སྲིད་པའི་ཕུན་ཚོགས་རྒྱ་ཆེན་པོས་བྲེལ་བའི་བསྙེངས་པ་ལ་གཅིག་ཏུ་འཇུག་པ་མི་བརྩོན་ཡང་། ནང་རྡོ་རྗེའི་ལམ་ལ་རྣལ་འབྱོར་པའི་གང་ཟག་དམ་པ་མང་པོ་བརྒྱུད་མར་བྱོན་ཏོ་ཞེས་ཡོངས་སུ་གྲགས་པ་ཤྲཱི་པཪྤ་ཏ་མ་ཧཱ་ཡཱ་ན་སྟེ་དཔལ་རི་ཐེག་པ་ཆེན་པོའི་གླིང་


JLAZ013_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཉེ་འདབས་སུ་སྤྱོན་པ་ན། སིནྡྷུ་ཝ་རའི་རྒྱ་མཚོ་ཆེན་པོ་དབའ་རླབས་ཀྱི་ལྕེ་ཞགས་ནམ་མཁའི་མཐོངས་སུ་འཕྱོ་བ་སྙམ་བྱེད་པའི་དགེ་འདུན་ངང་པའི་རྒྱལ་པོ། ཤིན་ཏུ་དུལ་བ་བཞིན་དུ་གོམ་པ་དལ་གྱིས་འདོར་བ་དག་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་ཕྲེང་བར་བཀོད་པའི་ཕང་པར་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཕྱེ་མ་ཕུར་མ་དང་། འཕན་རྩེ་གསུམ་པ་དང་། རིན་པོ་ཆེའི་རྔ་ཡབ་དང་། བསིལ་གཡབ་གདུང་བ་སེལ་བ་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། རྔ་ཕྲན་དང་། རྔ་ཆེན་དང་། པི་ཝང་རྒྱུད་གཅིག་པ་དང་། རྫ་རྔ་ཁ་གཅིག་པ་དང་། ལྕགས་ཀྱི་སིལ་ཁྲོལ་དང་། འཁར་བའི་སིལ་ཁྲོལ་དང་། པི་ཝང་རྒྱུད་གསུམ་པ་དང་། རྔ་ཀུ་མུནྡ་དང་། སིལ་སྙན་གླུ་དབྱངས་དང་བསྟུན་པ་དང་། ཕེག་རྡོབ་དང་། དུང་ཆེན་དང་། རྒྱ་གླིང་ལ་སོཊ་པ་ཕལ་མོ་ཆེ་ནི་མངོན་སུམ་པའི་ཆོས་ལ་གནས། ལ་ལ་ནི་ཏིང་ངེ་འཛིན་གྱི་ཆོ་གར་བྱས་པའི་མདུན་བསུའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་ཕེབས་པ་ན། གང་དང་ཉེ་བའི་ཕྱོགས་ག་ལ་བར་གྲོང་དང་གྲོང་ཁྱེར་སྦྲང་རྩིའི་བཟའ་བ་གསོག་པའི་བང་མཛོད་ལ་འགྲན་པ་དག་ཡོད་པའི་སྐྱེ་བོའི་ཚོགས་ཁྲོམ་དུ་འཁྱིལ་པ་དག་ཀྱང་། དད་པ་དང་རྗེས་སུ་ཡི་རང་བའི་ཆོ་ག་ཡིད་ལ་སེམས་བཞིན་དུ་ལྷགས་ཏེ་རྟེན་དང་ཁོ་བོ་ཅག་ལ་མིག་མི་འཛུམ་པར་བལྟ་ཞིང་མགོ་བོས་གཏུགས་པར་བྱེད་


JLAZ013_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེར་གཙུག་ལག་ཁང་གི་ཐ་གྲུ་རྣམ་པར་ཡངས་པའི་འཛུམ། རྒྱལ་བའི་བཀའ་འགྱུར་རོ་འཚལ་དང་། དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་དབུས་ན་ལྷམ་མེར་གསལ་བའི་མདུན་དུ། འདི་ལྟར་ཤིན་ཏུ་མཛའ་བར་གྱུར་པའི་ཕོ་ནུའམ། བསྐྱེད་པར་བྱེད་པ་དང་། སྐྱེ་བའི་ལམ་སྟེར་དང་། སྐྱེ་བའི་མྱུ་གུ་གསུམ་ཕན་ཚུན་ཕྱོགས་ཕྱོགས་སུ་དབྲལ་བར་གྱུར་པ། སླར་གཅིག་ཏུ་ཚོགས་པ་བཞིན། གངས་རིའི་ཁྲོད་ན་རྒྱལ་གསུང་བདེན་པར་སྨྲ་བ་ཡིད་ལ་གཉིས་སུ་འཛིན་པའི་དབྱེན་གྱིས་ཐ་དད་དུ་ཕྱོགས་ནས་ཡུན་དེ་སྲིད་ཅིག་མཛའ་བར་མ་གྱུར་པ། དེང་ལྗོན་པའི་ལང་ཚོ་མིག་མངས་རིས་སུ་བྲིས་པའི་ཀུན་དགའ་རྭ་བ་གཅིག་གི་ནང་དུ་མཉམ་པ་ཉིད་དུ་འདྲེས་པར་གྱུར་པས། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཁོ་བོ་ཅག་གི་བསོད་ནམས་དམ་པའི་དོ་ར་ཡངས་པར། ཁྱོད་གཅིག་ཁོ་ནའི་སྨོན་ལམ་གསར་པའི་རྒྱང་གླུའི་རོལ་མོ་སྙན་པར་འཁྲོལ་བས། རིང་མོའི་དུས་ནས་ཕྱོགས་འདིར་བོས་པའི་མགྲོན་གྱི་དམ་པ་འདི་ནི་ཨེ་མ་མ་ལ་ཞེས་ད་དིར་དབྱངས་སུ་སྒྲོག་པའི་དགའ་བ་བརྒྱ་ཕྲག་གི་སྣང་བས་རྩེན་པར་བྱེད་པ་མཐོང་ངོ་། །དེ་མ་ཐག་ཏུ་བདག་ཉིད་དགེ་འདུན་འདུས་པའི་གྲལ་དབུས་ན། རྡོ་རྗེའི་སློབ་དཔོན་གྱི་བརྟུལ་ཞུགས་ཉིད་དུ་གནས་པས་ཕྱིར་འབྲང་གི་བགེགས་རྣམས་རྒྱ་མཚོ་ཆེན་པོའི་ཕ་མཐའ་ལ་དེངས་སུ་བཅུག །ཁྲུས་ཀྱི་བྱ་བ་དང་


JLAZ013_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་འདྲེན་པ་དང་མཆོད་པ་འབུལ་བ་དང་། ལྷག་པར་གནས་པའི་མེ་ཏོག་སིལ་མས་ཕྱོགས་ཀུན་གཏོར་བའི་རྗེས་ལ། ཁོ་བོ་ཅག་གིས་དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་རྗེས་སུ་བསྔགས་པ་དང་། ཆོ་འཕྲུལ་ཆེན་མོའི་དུས་ལ་ཁྱད་པར་བརྗོད་པའི་ངེས་པ་ཅུང་ཟད་ཀྱིས་སྣ་དྲངས། བཀྲ་ཤིས་པའི་རྫས་བརྒྱད་ཀྱི་བཤད་པའི་སྟོང་ཐུན་རེའི་མཚམས་སུ་དགེ་འདུན་འདུས་པའི་ཚོགས་ཀྱིས་མཐུན་པར་གྱུར་པའི་ཚིག་ཀ་ལ་པིངྐའི་གདངས་སུ་བསྒྱུར་ཞིང་། ཤིས་པ་བརྗོད་པའི་ཡན་ལག་མ་ཚང་བ་མེད་པས་དེ་རིང་གི་ཉིན་ལ་མཐའ་རྒྱས་སུ་བྱས། སང་གི་ནངས་པར་ནས་གདུགས་གཉིས་ཀྱི་བར་ལ་དཀོན་མཆོག་གསུམ་ལ་མཆོད་པའི་སྤྲིན་གྱི་རོལ་པ་རྣམ་པར་བཀོད་ཅིང་། དགེ་འདུན་རྣམས་ལ་སྲི་ཞུ་ཆེན་པོས་བསྙེན་བཀུར་ནས་རྒྱུད་འབུམ་རིན་པོ་ཆེའི་ཡི་གེའི་དངོས་པོ་སྒྲ་ཚིག་རང་མཚན་པར་སྣང་བའི་གསུང་སྒྲོགས་དང་། རྗེས་འབྲེལ་དུ་རྩ་བ་གསུམ་གྱི་ལྷ་ཚོགས་ལ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་དང་རྡོ་རྗེའི་ཆོས་སྐྱོང་རྣམས་ལ་གཏང་རག་གིས་མཆོད་པས་མཉེས་པར་བྱས་ཤིང་། དགེ་འདུན་རྣམས་ལ་ཉིན་སྔ་མར་བསོད་ནམས་ཁ་བཏགས་རེ་དང་ཕྱི་མར་ཊཾ་ཁ་རེའི་ཕྱག་འགྱེད། མཐར་བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས་པ་ཡན་ཆད་ཀྱི་སྦྱོར་དངོས་རྗེས་གསུམ་


JLAZ013_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པ་ཡིན་ནོ། །དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་པ་རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་མཐའ་གྲུར་ཁྱབ་པའི་རྒྱན་ཞེས་བྱ་བ་ལས། ཆེད་དུ་བརྗོད་པ་བྱ་བ་ལས་ཀྱི་འཁོར་ལོར་ཇི་ལྟར་བརྩམས་པའི་གཏམ་བརྗོད་པ་སྟེ་སྐབས་བདུན་པའོ།། །།

ཆོས་ཀྱི་རྣམ་གྲངས་དེ་སྙེད་ཀྱི་བཞུགས་ཚུལ།


JLAZ013_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་བརྒྱད་པ། ད་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ནང་རྒྱུད་རིན་པོ་ཆེ་ཡོ་ག་གསུམ་རྗེས་འབྲངས་བསྟན་སྲུང་དང་བཅས་པའི་ཆོས་ཀྱི་བཞུགས་བྱང་དང་། ལོ་པཎ་སོ་སོའི་འགྱུར་བྱང་། ལེའུ་གྲངས་སོགས་ཀྱི་རྣམ་བཞག་ཞིབ་མོར་བཤད་པར་བྱ་སྟེ། ཀ་པ་ལ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལེའུ་བཅུ་དྲུག་པ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལེའུ་ཞེ་གཉིས་པ། ཤྲཱི་སིངྷ་དང་། བཻ་རོ་ཙཱ་ནའི་འགྱུར། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡི་གེ་མེད་པའི་རྒྱུད་སྐབས་བཅུ་པ་འགྱུར་གོང་འདྲ། ཆོས་ཐམས་ཅད་སེམས་ཉིད་ཡེ་ཤེས་ཀྱི་རྒྱུད་དངོས་གྲུབ་རང་བྱུང་དུ་སྤྱོད་པ་དབང་བསྐུར་བ། རྣ་བརྒྱུད་ཟམ་པ་ལེ་གྲངས་མེད་པ་སྐལ་ལྡན་གྱི་བཅུད་ཆོས་རྫོགས་སོ་ཞེས་པའི་མཐའ་ཅན། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཐིག་ལེ་རྒྱ་མཚོ་གནས་ལ་འཇུག་པ་ཞེས་བྱ་བའི་རྒྱུད་ལེའུ་བཅུ་པ། བཱི་མ་ལ་དང་གཡུ་སྒྲའི་འགྱུར།


JLAZ013_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ཀྱི་མན་ངག་རིན་ཆེན་ཕྲེང་བའམ་བང་མཛོད་འཕྲུལ་གྱི་ལྡེ་མིག་ལེའུ་རེ་གཅིག་པ། མན་ངག་ཐམས་ཅད་ཀྱི་སྡོམ་མམ། མན་ངག་སྤྱིའི་རྒྱ་མདུད་ཅེས་བྱ་བ་ལེའུ་གྲངས་མེད་པ། ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལེའུ་བཅུ་བཞི་པ། བང་མཛོད་འཕྲུལ་གྱི་མེ་ལོང་ལེའུ་བཅུ་པ་གནུབས་ཆེན་གྱི་མན་ངག་གཏེར་རྒྱུད། ཐག་རིང་དུ་འགྲོ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་ཉེར་ལྔ་པ། ལེའུའི་མིང་སྟོན་པ་འཁོར་ལོ་རྡོ་རྗེ་ཞེས་བྱ་བ་ལེའུ་གྲངས་བཞི་པ། ཛྙཱ་ན་གཪྦྷ་དང་བཻ་རོ་ཙཱ་ནའི་འགྱུར། བྱང་སེམས་རིན་ཆེན་འཁོར་ལོ་ཞེས་བྱ་བའི་རྒྱུད་ལེའུ་བཅུ་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་ཕ་རྒྱུད་ལེའུ་བཅུ་གཅིག་པ། ཡང་ནམ་མཁའ་ཆེ་རྒྱས་པ་ཞེས་བྱ་བ་རྣལ་འབྱོར་མ་རྒྱུད་ལེའུ་བཅུ་གསུམ་པ། བཱི་མ་ལ་དང་། དཔལ་བརྩེགས་ཀྱི་འགྱུར། བྱང་ཆུབ་ཀྱི་སེམས་ཉ་མོ་བག་ལ་ཉལ་ལེའུ་དྲུག་པ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའམ་ཆོས་ཆེན་པོ་རྨད་དུ་བྱུང་བ་ལེའུ་ཉི་ཤུ་པ། རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཀོད་པ་རྣམ་པར་དབྱེ་བའི་རྒྱུད་ལེའུ་ལྔ་པ། ཤི་ལེནྡྲ་མི་ཏྲ་དང་འཇིང་གསལ་འབར་གྱི་འགྱུར། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་ལེའུ་བཅུ་གཅིག་པ་ཕྱི་མ་ཏ་མ་ཉིད་དང་གསུམ་བཞུགས་པ་ཟབ་མོ་པོ་


JLAZ013_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་ལྷ་ཁང་དུ་བུ་གཉིས་ལུས་སོ་ཞེས་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་གསང་བ་སྙིང་པོ་རྣལ་མ་དོན་གྱི་རྒྱུད་ལེའུ་བཅུ་གཉིས་པ། གསང་སྔཊ་ལམ་མཆོག་འདུས་པའི་རྒྱུད་ལེའུ་ལྔ་པ། ཤྲཱི་སིངྷ་དང་། རྡོ་རྗེ་ཡང་དབང་གཏེར་གྱི་འགྱུར། ཐུགས་ཀྱི་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱན་ལེའུ་ལྔ་པ། གསང་བ་སྤྱི་རྒྱུད་ལེའུ་ཉེར་ལྔ་པ། དྲི་མེད་བཤེས་གཉེན་དང་གཉགས་ཛྙཱ་ནའི་འགྱུར། རིན་ཆེན་རྒྱས་པ་ཆེན་པོའི་རྒྱུད་ལེའུ་རེ་གཅིག་པ་རྣམས་སོ། །ཁ་པ་ལ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལྟ་བ་ནམ་མཁའ་ལྟར་མཐའ་དབུས་མེད་པའི་རྒྱུད་ལེའུ་བརྒྱད་ཅུ་རྩ་བཞི་པ། ཤྲཱི་སིངྷ་ཀ་ལ་དང་བཻ་རོ་ཙཱ་ནའི་འགྱུར། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་སེམས་སུ་འདུས་པའི་མདོ་ལེའུའི་ངེས་བརྗོད་ཡོད་པ་ལ་ཁ་གྲངས་མེད་པའི་མཇུག་བསྟན་པ་ཡོངས་སུ་གཏད་པའི་ལེའུའོ་ཞེས་པས་རྫོགས་པ། ལ་ཟློ་གསང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད་ལེའུ་དངོས་བསྟན་རྗེས་འབྲེལ་རྫོགས་སོའི་མཐའ་ཅན་ཐེབས་བཅུ་གཅིག་ཡོད་པ། ཆོས་ཐམས་ཅད་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལེའུ་བཅུ་གསུམ་པ་མཐའ་ཅན། ཤྲཱི་སིངྷ་དང་བཻ་རོའི་འགྱུར། རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་རྒྱ་མཚོ་དང་མཉམ་པ་རྙོག་


JLAZ013_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་རྒྱུད་ལེའུ་དངོས་བསྟན་བདུན་རྫོགས་སོའི་མཐའ་ཅན་འགྱུར་གོང་འདྲ། རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཉི་ཟླ་དང་མཉམ་པ་དྲི་མ་མེད་པའི་རྒྱུད་ལེའུ་དངོས་བསྟན་བཅུ་གཅིག་རྫོགས་སོའི་མཐའ་ཅན། འགྱུར་གོང་འདྲ། རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལེའུ་དངོས་བསྟན་བཅུ་བཞི་རྫོགས་སོའི་མཐའ་ཅན། འགྱུར་གོང་འདྲ། སེམས་སྒོམ་དོན་དྲུག །མན་ངག་རྩལ་ཆེན། བྱང་སེམས་ཁྱུང་ཆེན་རྣམས་དུམ་བུ་རེ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལེའུ་ཡོད་གྲངས་མེད་རྫོགས་སོའི་མཐའ་ཅན། འགྱུར་གོང་འདྲ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ་སོགས་རྒྱུད་ཆུང་ཕྱི་འགྱུར་བཅུ་གསུམ། བྱང་ཆུབ་ཀྱི་སེམས་རྩལ་སྤྲུགས་ལེའུ་དགུ་པ། ཤྲཱི་སིངྷ་དང་། བཻ་རོའི་འགྱུར། བྱང་སེམས་ཁྱུང་ཆེན་མགོར་དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཞེས་ཡོད་པ་ལེའུ་བཅུ་པ། འགྱུར་གོང་འདྲ། ནམ་མཁའ་ཆེ་རྒྱས་པ་ཡི་གེ་མེད་པའི་རྒྱུད་ལེའུ་བརྒྱད་པ། བྱང་ཆུབ་སེམས་སྒོམ་རྡོ་ལ་གསེར་ཞུན་ལེའུ་མེད། ཡང་བྱང་ཆུབ་སེམས་སྒོམ་འཇམ་དཔལ་བཤེས་གཉེན་ཕྱི་མའི་མན་ངག །རྫོགས་པ་ཆེན་པོ་ཡེ་ཤེས་བདུན་བྱུང་གི་རྒྱུད་ལེའུ་བརྒྱད་པ་མགོར་བཀྲ་ཤིས་


JLAZ013_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཞེས་ཡོད་པ། རིག་པའི་ཁུ་བྱུག་ལེའུ་བདུན་པ། ཤྲཱི་སིངྷ་དང་བཻ་རོའི་འགྱུར། བྱང་སེམས་བཀྲ་ཤིས་མི་འགྱུར་བ་གསལ་བར་གནས་པའི་རྒྱུད་ལེའུ་བཅུ་པ། བི་མ་ལ་དང་གཡུ་སྒྲའི་འགྱུར། རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ་རྩ་བའི་རྒྱུད་ཅེས་བྱ་བ་ལེའུ་སུམ་ཅུ་ཐམ་པ། བཻ་རོའི་འགྱུར། རིན་པོ་ཆེ་སྣང་བྱེད་ཀྱི་རྒྱུད་ལེའུ་བཅུ་དགུ་པ། བྱང་སེམས་རྨ་བྱ་འཇིང་བསྣོལ་ལེའུ་དྲུག་པ། ཡང་རྨ་བྱ་འཇིང་བསྣོལ་མཐའི་མུན་སེལ་ཆེན་མོ་ཞེས་བྱ་བ་ལེའུ་ལྔ་པ། རྫོགས་པ་ཆེན་པོ་ལྟ་བ་ཡེ་ཤེས་གཏིང་རྫོགས་ལེའུ་ཉི་ཤུ་རྩ་བདུན་པ། ཨ་ཙརྱ་དྲན་པའི་ཡེ་ཤེས་ཀྱིས་བོད་ཡུལ་དུ་བསྣམས་པ། བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད། གཤམ་ན་ཐེག་པའི་སྙིང་པོ་རྫོགས་སོའི་མཐའ་ཅན་ལེའུ་བཅུ་གཅིག་རྣམས་སོ། །ག་པ་ལ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལེའུ་བཞི་བཅུ་རྩ་བདུན་པ། ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལེའུ་བཅུ་བདུན། ཤྲཱི་སིདྷ་དང་། བཻ་རོའི་འགྱུར། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལེའུ་བཅུ་བཞི་པ། རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལེའུ་


JLAZ013_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་རྩ་བདུན་པ། ཤྲཱི་སིངྷ་དང་། བཻ་རོའི་འགྱུར། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཀུན་ཏུ་བཟང་པོ་གསང་བའི་སྙིང་པོ་རྒྱུད་ཀྱི་མདོ་ལེའུ་ཉི་ཤུ་རྩ་དྲུག་པ། འགྱུར་གོང་འདྲ། ཡེ་ཤེས་གསང་བ་ཞེས་བྱ་བའི་རྒྱུད་ལེའུ་བཅུ་གཉིས་པ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་རྫོགས་པའི་རྒྱུད་ལེའུ་བཅུ་པ། འགྱུར་གོང་འདྲ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད་ལེའུ་ལྔ་པ། བཱི་མ་ལ་དང་། གཡུ་སྒྲའི་འགྱུར། བྱང་ཆུབ་ཀྱི་སེམས་རྡོ་རྗེ་འོད་འཕྲོ་བའི་རྒྱུད་དམ། བྱང་སེམས་རྗེ་བཙན་དམ་པའང་ཟེར་བ་ལེའུ་བཅུ་གཉིས། ཤྲཱི་སིངྷ་དང་། བཻ་རོའི་འགྱུར། རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ལེའུ་བཅུ་པ། འགྱུར་གོང་འདྲ། རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལེའུ་ཉི་ཤུ་རྩ་བདུན་པ། འགྱུར་གོང་འདྲ། གོང་གི་ལེའུ་གྲངས་ཉི་ཤུ་རྩ་བདུན་པའི་མུ་ནས་འཐུད་པ་ལེའུ་དྲུག་ཅུ་རྩ་བཞི་པ། གཞུང་ཚད་བམ་པོ་བཅུ་གཅིག་གི་ངེས་པ་ཅན་འགྱུར་གོང་འདྲ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལེའུ་བཞི་པ། དེའི་རྒྱུད་ཕྱི་མ་ལེའུ་བཅུ་དྲུག་པ། རིན་པོ་ཆེ་འཁོར་ལོ་ཞེས་བྱ་བའི་རྒྱུད་ལེའུ་བརྒྱད་པ། ཡེ་ཤེས་གསང་བ་སྒྲོན་མའི་རིན་པོ་ཆེ་མན་ངག་གི་རྒྱུད་ལེའུ་བཅུ་དྲུག་པ། ཤྲཱི་སིངྷ་དང་། བཻ་རོའི་འགྱུར་རོ། །ང་པ་ལ། རིན་པོ་ཆེ་སྲིད་


JLAZ013_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

པ་བར་དོ་སྣང་བའི་རྒྱུད་ལེའུ་བཅུ་དྲུག་པ། འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ལེའུ་དགུ་པ། བཱི་མ་ལ་དང་། གཉགས་ཀྱི་འགྱུར། འཇམ་དཔལ་དགོངས་པ་འདུས་པ་ལེའུ་དྲུག་པ་མཐའ་ཅན། སྐུ་གསུམ་གྱི་སྣང་བ་གསལ་བར་ངོ་སྤྲོད་པའི་རྒྱུད་ལེའུ་བདུན་པ། དུར་ཁྲོད་ཕུང་པོ་འབར་བ་ལེའུ་བཅུ་གཅིག་པ། རྡོ་རྗེ་ཡང་རྩེའི་རྒྱུད་ལེའུ་ཉེར་གཅིག་པ། རྡོ་རྗེ་ཡང་ཏོག་སྙིང་པོའི་རྒྱུད་ལེའུ་བཅོ་ལྔ་པ། སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལེའུ་ཉེར་གསུམ་པ། དམ་ཚིག་བཀོད་པ་ས་གཞིའི་རྒྱུད་ལེའུ་གྲངས་གསུམ་པ། འབྱུང་པོ་ཀུན་འདུས་རྒྱུད་ལེའུ་སོ་གཉིས་པ། རྡོ་རྗེ་གསང་བ་རིན་པོ་ཆེ་དབྱིག་གི་སྒྲོལ་མ་ཤེས་རབ་ཆེན་པོའི་མདོ་ཞེས་བྱ་བའི་རྒྱུད་སྐད་འགྱུར་བཞི་པ། ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ལེའུ་སུམ་ཅུ་ཐམ་པ། རོ་སྲེག་ཐལ་བ་ནག་པོའི་རྒྱུད་ལེའུ་དྲུག་པ། ཡང་འཇིག་རྟེན་གྱི་ཕྲིན་ལས་སྤྲོད་པ་བསོད་ནམས་ཆེན་པོ་རྫོགས་པ་ཤེས་རབ་ཆེན་པོའི་རྒྱུད་དམ། ཐལ་བ་ནག་པོའི་རྒྱུད་ལེའུ་བཅུ་དྲུག་པ། ལྷ་རྒྱུད་རིན་ཆེན་སྤུངས་པ་ལེའུ་སོ་གསུམ་པ། ལྷ་རྒྱུད་རིན་ཆེན་དབང་གི་འཁོར་ལོ་ཞེས་བྱ་བ་ལེའུ་བཅུ་གསུམ་པ། ཐིག་ལེ་ཀུན་གསལ་ཆེན་པོ་ལེའུ་དགུ་བཅུ་རྩ་བདུན་པ། དཔལ་ལྡན་སེང་གེའི་འོད་ཅན་དང་། བཻ་རོ་ཙཱ་ནའི་འགྱུར། ཡེ་ཤེས་མར་མེའི་རྒྱུད་ལེའུ་གསུམ་


JLAZ013_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྡོ་རྗེ་སེམས་དཔའི་དགོངས་པ་ཚིག་གསུམ་གྱི་རྒྱུད་ལེའུ་གསུམ་པ། མན་ངག་སྙིང་དགོངས་ལེའུ་བཅུ་བཞི་པ། ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་ལེའུ་བཅུ་གཉིས་པ། སྐུའི་རྒྱུད་པདྨ་འཁྱིལ་པ་ལེའུ་ཉི་ཤུ་རྩ་གཅིག་པ། རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ལེའུ་བཅུ་ཐམ་པ། བཱི་མ་ལ་དང་། སྐ་ཅོག་གསུམ་ཀའི་འགྱུར། ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལེའུ་བདུན་པ་མཐའ་ཅན། བྱང་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ལེའུ་ལྔ་པ། རྡོ་རྗེ་སྲིན་པོ་རྣོ་བ་རྡོ་རྗེ་མཆུ་ཅན་གྱི་རྒྱུད་དམ། འཁོར་བ་དོང་སྤྲུགས་ཆེན་པོའི་རྒྱུད་ལེའུ་བདུན་པ། རྫོགས་ཆེན་ཐིག་ལེ་གསང་བའི་ངེས་རྒྱུད་ལེའུ་མེད། ཐིག་ལེ་གསང་བའི་བརྡ་རྒྱུད་ལེའུ་བཅུ་དགུ་པ་རྣམས་སོ། །ཅ་པ་ལ། རྫོགས་པ་རང་བྱུང་ལེའུ་ཉི་ཤུ་རྩ་བཞི་པ། རིག་པ་རང་ཤར་ཆེན་པོའི་རྒྱུད་ལེའུ་བརྒྱད་ཅུ་གྱ་དྲུག་པ། སྒྲ་ཐལ་འགྱུར་ལེའུ་ལྔ་པ་རྗེས་འབྲང་བཅས། རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལེའུ་བཅུ་ཐམ་པ། བཀྲ་ཤིས་མཛེས་ལྡན་རྒྱུད་ལེའུ་ལྔ་པ་རྣམས་སོ། །ཆ་པ་ལ། སེང་གེ་རྩལ་རྫོགས་རྒྱུད་ལེའུ་བཅུ་གསུམ་པ། བཱི་མ་ལའི་རང་འགྱུར། ནོར་བུ་ཕྲ་བཀོད་པའི་རྒྱུད་ལེའུ་ཉི་ཤུ་རྩ་བཞི་པ། མུ་ཏིག་ཕྲེང་བ་ལེའུ་བརྒྱད་པ། ཡི་གེ་མེད་པ་གསང་བའི་རྒྱུད་ལེའུ་དྲུག་པ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལེའུ་


JLAZ013_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལེའུ་བཞི་པ། ཉི་ཟླ་ཁ་སྦྱོར་རྒྱུད་ལེའུ་བཞི་པ། ངོ་སྤྲོད་སྤྲས་པའི་རྒྱུད་ལེའུ་གསུམ་པ་ནི། བཱི་མ་ལ་དང་། སྐ་བ་དཔལ་བརྩེགས་ཀྱི་འགྱུར། སྐུ་གདུང་འབར་བ་ལེའུ་གསུམ་པ། འགྱུར་གོང་འདྲ། རིན་པོ་ཆེ་སྤུངས་པ་ལེའུ་ལྔ་པ། འགྱུར་གོང་འདྲ། སྒྲོན་མ་འབར་བ་ལེའུ་བཞི་པ། ཀློང་དྲུག་པ་ལེའུ་དྲུག་པ། ཀློང་གསལ་འབར་མ་ཉི་མའི་རྒྱུད་ལེའུ་བརྒྱ་དང་བཅུ་གསུམ། མཁའ་འགྲོ་ཀུན་གྱི་སྙིང་ཐིག་ཀློང་གསལ་ལེའུ་ཞེས་བྱ་བ་ཕྱི་མའི་རྒྱུད་འཐུད་པའི་ལེའུ་གྲངས་བརྒྱ་དང་བཞི་བཅུ་ཞེ་གཉིས་རྣམས་སོ། །ཇ་པ་ལ། སྣང་སྲིད་ཁ་སྦྱོར་བདུད་རྩིའི་ཐིགས་པ་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད། ལེའུ་བརྒྱ་དང་བཅུ་ཐམ་པ། སློབ་དཔོན་ཆེན་པོ་དང་། སྐ་བ་དཔལ་བརྩེགས་ཀྱི་འགྱུར། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་ཐོག་མཐའ་དྲས་ཐག་གཅོད་པའི་རྒྱུད། ལེའུ་བཅུ་ཐམ་པ་མཐའ་ཅན། ཡང་སྤྲོས་པ་གཅོད་པ་སྡེ་ལྔའི་རྒྱུད་ལེའུ་བཅུ་བཞི་པ། པདྨ་སམྦྷ་ཝ་དང་། སྐ་བ་དཔལ་བརྩེགས་ཀྱི་འགྱུར། རིན་པོ་ཆེ་བདུད་རྩི་བཅུད་ཐིགས་རྒྱུད་ལེའུ་བཅོ་ལྔ་པ། འགྱུར་གོང་འདྲ། རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བས་འཁྲུལ་སྣང་ཐམས་ཅད་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་སུམ་ཅུ་སོ་ལྔ་པ། འགྱུར་གོང་འདྲ། རིན་པོ་ཆེ་སྤྱི་གནད་སྐྱོན་སེལ་ཐིག་ལེ་ཀུན་


JLAZ013_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རྒྱུད། ལེའུ་དགུ་པ། གཏེར་སྙིང་རིན་ཆེན་སྤུངས་པའི་རྒྱུད། ལེའུ་དགུ་པ། ཐིག་ལེ་ཡེ་ཤེས་བཅུད་སྤུངས་སྒྲོན་མ་འོད་འབར་གྱི་རྒྱུད་ལེའུ་བཅུ་བདུན་པ། འགྱུར་གོང་འདྲ། བདུད་རྩི་བཅུད་ཐིགས་སྒྲོན་མ་བརྩེགས་པའི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་པ། འགྱུར་གོང་འདྲ། སྙིང་པོ་བཅུད་སྤུངས་ནམ་མཁའ་ཀློང་ཡངས། ལེའུ་ཉི་ཤུ་ཐམ་པ། འགྱུར་གོང་འདྲ། ཐུགས་ཀྱི་ཡང་སྙིང་དགོངས་བཅུད་འདུས་པ་ཉི་ཟླ་འབར་བའི་རྒྱུད། ལེའུ་བཅུ་གསུམ་པ། འགྱུར་གོང་འདྲ། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་བསྡུས་རི་བོ་བརྩེགས་པའི་རྒྱུད། ལེའུ་ཉི་ཤུ་རྩ་གཅིག །དྲི་མེད་ཀ་དག་གི་རྒྱུད་རིན་ཆེན་གསལ་བ་ཆེན་པོ་ཞེས་བྱ་བ་ལེའུ་བཅུ་ཐམ་པ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཉི་ཟླའི་སྙིང་པོ་འོད་འབར་བ་བདུད་རྩི་རྒྱ་མཚོར་འཁྱིལ་པའི་རྒྱུད་ལེའུ་བརྒྱད་ཅུ་གྱ་གཅིག །འགྱུར་གོང་འདྲ། སྐྱེ་མེད་ཀ་དག་ཟང་ཀ་ལེའུ་བཅུ་ཐམ་པ། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལེའུ་བརྒྱ་དང་ཉི་ཤུ་རྩ་གསུམ། རྒྱུད་ཐམས་ཅད་ཀྱི་རྩེ་རྒྱལ་ནམ་མཁའ་འབར་བའི་རྒྱུད་ལེའུ་སུམ་ཅུ་སོ་དགུ་པ། ཤྲཱི་རཏྣ་བཛྲ་དང་། ཧེ་རུ་ཀའི་འགྱུར། རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པའི་རྒྱུད་ལེའུ་བཅོ་ལྔ་པ། སློབ་དཔོན་པདྨ་དང་དཔལ་བརྩེགས་ཀྱི་འགྱུར། ནམ་མཁའ་འབྲུག་སྒྲོགས་ཐོག་བབ་ཀློང་འདུས་སྤྱི་རྒྱལ་རྒྱ་མདུད་


JLAZ013_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་ལེའུ་བཅུ་ཐམ་པ། ལྟ་བ་ལ་ཤན་ཆེན་པོ་རིན་པོ་ཆེ་སྒྲོན་མའི་རྩ་བའི་རྒྱུད་ལེའུ་བཅུ་བཞི་པ། གཉིས་ཀ་འགྱུར་གོང་འདྲ། རྩ་རླུང་ཐིག་ལེའི་རྒྱུད་ལེའུ་བདུན་པ། ལྟ་བ་ལ་ཐལ་ཆེན་པོའི་རྒྱུད། སྣང་བྱེད་སྤུ་གྲིའི་རྒྱུད། འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད། སྲོག་གི་འཁོར་ལོའི་རྒྱུད་བཅས་སོ་སོར་རྫོགས་མཐའ་ཡོད་པ། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམ་དག་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་ཉི་ཤུ་རྩ་བཞིའི་མཐའ་ཅན། འགྱུར་གོང་འདྲ། ཉ་པ་ལ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལེའུ་བརྒྱད་ཅུ་གྱ་གཅིག །བཱི་མ་ལ་དང་ཨ་ཙརྱ་དྲན་པའི་ཡེ་ཤེས་ཀྱི་འགྱུར། རྫོགས་ཆེན་རིན་པོ་ཆེ་འཁོར་བ་རྩད་གཅོད་ཀྱི་རྒྱུད་ལེའུ་ཉི་ཤུ་རྩ་བཞི། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལེའུ་ལྔ་བཅུ་ང་གསུམ། འགྱུར་གོང་འདྲ། རྫོགས་པ་ཆེན་པོ་དགོངས་པ་བཀའ་བགྲོས་ཀྱི་རྒྱུད་ལེའུ་དྲུག་ཅུ་རེ་ལྔ་པ། འགྱུར་གོང་འདྲ། པོ་ཏི་སེ་རུ་མཐིང་ཤོག་ཅན་ཟེར། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་སངས་རྒྱས་ཐམས་ཅད་འབྱུང་བ་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལེའུ་དྲུག་ཅུ་རེ་དྲུག་པ་མཐའ་ཅན་གསེར་གྱི་སྒྲིལ་ཤིང་ཅན་ཟེར། འགྱུར་གོང་འདྲ། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་ཡང་སྙིང་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལེའུ་སུམ་ཅུ་སོ་བདུན། འགྱུར་གོང་འདྲ།


JLAZ013_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལེའུ་ཉི་ཤུ་རྩ་བདུན། བཱི་མ་ལ་དང་། གཉགས་ཀྱི་འགྱུར། རྫོགས་པ་ཆེན་པོ་ངེས་དོན་རིག་པའི་གསུང་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལེའུ་སུམ་ཅུ་སོ་གསུམ། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་ལེའུ་ཉེར་བརྒྱད། འགྱུར་གོང་འདྲ་བུ་ཚལ་དུ་བསྒྱུར་བ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལེའུ་བཅུ་གཉིས་པ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ལེའུ་བཞི་པ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མའི་ཕྱི་མ་ལེའུ་བཞི་པ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ་ཕྱི་མ་གསང་བའི་རྒྱུད། ལེའུ་བཞི་པ། ཤྲཱི་སིངྷ་དང་རྡོ་རྗེ་ཡང་དབང་གཏེར་གྱི་འགྱུར། ཡེ་ཤེས་འཁོར་ལོའི་རྒྱུད། ལེའུ་བདུན་པ། རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལེའུ་བཅུ་དགུ། འཇམ་དཔལ་འདུས་པའི་རྒྱུད་ལེའུ་བཅུ་དྲུག །སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ལེའུ་བཅུ་གསུམ། རྫོགས་པ་ཆེན་པོ་མ་རིག་མུན་པ་སེལ་བར་བྱེད་པ་ལྟ་བ་ཡེ་ཤེས་གཏིང་རྫོགས་རྒྱུད། ལེའུ་བཞི་བཅུ་ཞེ་གཅིག །བཱི་མ་ལ་དང་། ཨ་ཙརྱ་


JLAZ013_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཡེ་ཤེས་ཀྱི་འགྱུར་དངུལ་གྱི་སྒྲིལ་ཤིང་ཅན་རྣམས་སོ། །ཏ་པ་ལ། ཆོས་ཐམས་ཅད་ཀྱི་དོན་བསྟན་པ་རྫོགས་ཆེན་ཐིག་ལེ་ཉག་གཅིག་ཡེ་ནས་བྱ་རྩལ་བྲལ་བའམ། ཀློང་ཆེན་རབ་འབྱམས་ཀྱི་རྒྱུད། ལེའུ་ལྔ་བཅུ་ང་གསུམ། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་ཉིས་བརྒྱ་དང་བཅུ་གཉིས། བྱང་ཆུབ་ཀྱི་སེམས་ལུང་རྣལ་འབྱོར་ཆེན་པོའི་རྒྱུད་དམ། སེམས་ལུང་ཆེན་པོའི་མདོ་ལེའུ་བཞི་བཅུ་ཐམ་པའོ། །ཐ་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་རྡོ་རྗེ་བཀོད་པའི་རྒྱུད། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོའམ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལེའུ་བདུན་ཅུ་དོན་ལྔ། རྒྱ་གར་གྱི་མཁན་པོ་དྷརྨཱ་བྷོ་དྷི་དང་། རིང་ལུགས་པ་ཆེན་པོ། དཱ་ན་རཀྵི་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་ཡུལ་དུ་ཁྲོམ་བསྒྱུར་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་ལེའུ་སུམ་ཅུ་སོ་དྲུག །པདྨ་སམྦྷ་ཝ་དང་། བཻ་རོའི་འགྱུར། དུར་ཁྲོད་ཁུ་བྱུག་རོལ་པ་ལེའུ་བཅུ་བཞི་རྣམས་སོ། །ད་པ་ལ། ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད། ལེའུ་སུམ་ཅུ་སོ་


JLAZ013_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །དབང་བསྐུར་རྒྱལ་པོའི་རྒྱུད་ལེའུ་བཅུ་ཐམ་པ། རྒྱུད་ཀྱི་རྒྱལ་པོ་ཏིང་འཛིན་མཆོག་གི་རྒྱུད་ལེའུ་བཅུ་གཅིག །འཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད་ལེའུ་བདུན་མཐའ་ཅན། སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད་ལེའུ་དྲུག །དམ་ཚིག་བཀོད་པའི་རྒྱུད་ལེའུ་སུམ་ཅུ་སོ་བཞི། ཞི་བ་ལྷ་རྒྱུད་ཆེན་པོ་ལེའུ་དགུ་པ། རྒྱ་གར་གྱི་མཁན་པོ་པྲ་སཏྭ་དང་། ལོ་ཙཱ་པདྨ་རུ་རྩེའི་འགྱུར། ཆོས་ཉིད་ཞི་བའི་ལྷ་རྒྱུད་ལེའུ་མེད། བཱི་མ་ལ་དང་། གཉགས་ཀྱི་འགྱུར། ཁྲོ་བོ་ལྷ་རྒྱུད་ལེའུ་བདུན་པ། པྲ་སཏྭ་དང་པདྨ་རུ་རྩེའི་འགྱུར། ཁྲོ་བོ་ལྷ་རྒྱུད་ཀྱི་རྟོག་པ་ཆེན་པོ། ལེའུ་མེད། ཐུགས་རྗེ་ཆེན་པོའི་གཏོར་མའམ་གཏོར་རྒྱུད་ཆེན་མོ་ལེའུ་བཞི་བཅུ་ཞེ་བཞི། པདྨ་སམྦྷ་དང་། བཱི་མ་ལ། ནམ་སྙིང་གསུམ་གྱི་འགྱུར། ཕྱིས་བ་སུ་དྷ་ར་དང་། གནུབས་ཆེན་གྱིས་ཀྱང་ཞུ་གཏུགས་བྱས་པ། རྣལ་འབྱོར་ནམ་མཁའི་ཚོགས་རྒྱུད་ཆེན་མོ་ལེའུ་བརྒྱད་པ་དང་། ཕྱི་མའི་རྒྱུད་མུ་འབྲེལ་གྱི་ལེའུ་བཅོ་ལྔ། གནུབས་ཀྱིས་སྐད་གསར་བཅད་ཀྱིས་བཅོས་ཟེར་བ་ཡོད། དཔལ་འབར་ཁྲོ་མོའི་རྒྱུད་ལེའུ་མེད་པ། རཀྟ་དམར་གྱི་རྒྱུད་ལེའུ་བཅོ་ལྔ་ཟེར་བ། གྲོ་ལོད་རྩལ་གྱི་འགྱུར། རྡོ་རྗེ་དུར་མོའི་ཏནྟྲ་ཞེས་བྱ་བ་ལེའུ་ལྔ་པ། སྦྱིན་སྲེག་གི་ལེའུ་དང་པོ་དང་ཐ་མ། ཁྲོ་བོའི་སྦྱིན་སྲེག་


JLAZ013_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལེའུ་དང་པོ་དང་ཐ་མ། མཆོད་འབུལ་གྱི་ལེའུ་དང་པོ། བསྟོད་པའི་ལེའུ་གཉིས་པ། འགུགས་འདྲེན་གྱི་ལེའུ་དང་པོ། ཕུར་བུའི་ལེའུ་གཉིས་པ། གཏོར་མའི་ལེའུ་གསུམ་པ། བཤིག་བྲལ་གཏོར་མའི་ལེའུ་བཞི་པ། གཏུབ་པའི་ལེའུ་ལྔ་པ་ནས་ལེའུ་དགུ་པ། ཡང་ཧོམ་རྒྱུད་ལེའུ་གཉིས་པའི་མཐར་རྡོ་རྗེ་སེམས་དཔའ་ཞལ་གདངས་ཀྱི་མེ་རྒྱུད་རྫོགས་སོའི་མཐའ་ཅན། སྐུ་གདུང་འབར་བ་ཚ་ཚ་དང་མཆོད་རྟེན་གྱི་རྒྱུད་ལེའུ་དགུ་པ། ཧཱུཾ་མཛད་ཆེན་པོའི་རྒྱུད་ལེའུ་བཅུ་གཅིག །རྡོ་རྗེ་གྲོ་ལོད་དང་། ལོ་ཙཱ་བ་ཞང་དྲུང་གི་འགྱུར། ཟླ་གསང་ཆེན་པོའི་རྒྱུད་ལེའུ་ཉི་ཤུ་རྩ་ལྔ། རིན་ཆེན་མེ་ལྷ་ཞི་བར་གྱུར་པ་འབར་བའི་རྒྱུད་ལེའུ་ཉི་ཤུ་རྩ་དྲུག་རྣམས་སོ། །ན་པ་ལ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ། ལེའུ་ཉི་ཤུ་རྩ་གཉིས། བཱི་མ་ལ་དང་གཉགས་ཛྙཱ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག་གིས་བསྒྱུར་ཅིང་ཞུས། འདི་ལ་སངས་རྒྱས་གསང་བ་དང་། བཻ་རོའི་སྔ་འགྱུར། པདྨ་དང་། གཉགས་ཀྱི་བར་འགྱུར། བཱི་མ་ལ་དང་། རྨ་གཉགས་གཉིས་ཀྱི་ཕྱི་འགྱུར་གསུམ་ལས་འདི་ཕྱི་མ་ཡིན། དེ་གསུམ་ཀ་ལོ་པཎ་བསྡེབས་པའི་གཞི་འགྱུར། ཕྱིས་ཐར་ལོ་ཉི་མ་རྒྱལ་མཚན་གྱི་འགྱུར་དང་། འགོས་ལོའི་འགྱུར་གཉིས་ནི་པཎྜི་ཏ་མེད་པས་རྩལ་འགྱུར། དེའི་སྟེང་དུ་ལེའུ་ཉེར་


JLAZ013_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་། ཉེར་བཞི་གཉིས་རྒྱ་དཔེ་རྙེད་པ་ལྟར་ཐར་ལོས་འགྱུར་མཛད། སླར་རྒྱ་དཔེ་དང་མཐུན་པ་འགོས་ལོས་ཚོང་དུས་སུ་འགྱུར་བཅོས་མཛད་དོ། །དཔལ་གསང་བའི་སྙིང་པོའི་རྒྱུད་ཕྱི་མཐའ་ལེའུ་ལྔ་པ། ཛྙཱ་ན་གཪྦྷ་དང་། བཻ་རོའི་འགྱུར། སྒྱུ་འཕྲུལ་བརྒྱད་ཅུ་པ་ལེའུ་བརྒྱད་ཅུ་ཐམ་པ་རྫོགས་མཐའ་ཅན། མགོར་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ་ལེའུའི་སྟོད་ཆ་རྣམས་མེད་པ་སུམ་ཅུ་སོ་གསུམ་ནས་བགྲངས་པ་ལེའུ་དངོས་སུམ་ཅུ་སོ་དྲུག་སྟོང་ཕྲག་བརྒྱ་པ་རྫོགས་སོ་མཐའ་ཅན་ཕྱི་མའི་ཕྱི་མ་བམ་པོ་ཕྱེད་པ་ཞེས་ཡོད་པ། དྲི་མེད་བཤེས་གཉེན་དང་། མཁན་པོ་ཡེ་ཤེས་གཞོན་ནུའི་འགྱུར། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ། ལེའུ་བཞི་བཅུ་ཞེ་དྲུག །མགོར་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་ཞེས་ཡོད་པ་ལེའུ་སུམ་ཅུ་སོ་གསུམ། ལེ་ལག་ཅེས་བྱ་བ་དམ་ཚིག་ཏུ་སྟོན་པའི་རྒྱུད་རྫོགས་སོ་མཐའ་ཅན། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བའི་སྒྱུ་འཕྲུལ་བརྒྱད་པ་ལེའུ་བརྒྱད། སྒྱུ་འཕྲུལ་བླ་མ་ལེའུ་བཅུ་གསུམ། ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ལེའུ་བཅུ་གཉིས་མཐའ་ཅན། འཇམ་པའི་སྒྱུ་འཕྲུལ་དྲྭ་བ་མཚན་བརྗོད་སྔ་འགྱུར་ལེའུ་བཅུ་བཞི་རྣམས་སོ། །པ་པ་ལ། སྒྱུ་འཕྲུལ་དྲྭ་བ་མེ་ལོང་རྩ་བའི་རྒྱུད་ཅེས་བྱ་བ་བཤད་པ་


JLAZ013_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་རྒྱལ་པོ་རྫོགས་སོའི་མཐའ་ཅན་ལེའུ་མེད་ཀྱི་མགོ་དྲངས། སྒྱུ་འཕྲུལ་མེ་ལོང་ལེའུ་བཅུ་གསུམ། བཱི་མ་ལ་དང་། ཛྙཱ་ན་ཀུ་མཱ་རའི་འགྱུར། སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་སྙིང་པོའི་རྒྱུད། ལེའུ་བཅུ་གསུམ། སྒྱུ་འཕྲུལ་ཐལ་བའི་རྒྱུད། ལེའུ་ཉི་ཤུ་རྩ་དྲུག །འགྱུར་གོང་འདྲ། སྒྱུ་འཕྲུལ་རྒྱ་མཚོ་ལེའུ་ཉི་ཤུ་རྩ་གཉིས་འགྱུར་གོང་འདྲ། རྡོ་རྗེ་གསང་བའི་སྙིང་པོ་རྩ་བའི་རྒྱུད་དེ་ཁོ་ན་ཉིད་ངེས་པའམ་ལེའུའི་ངེས་བརྗོད་ལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བ། ལེའུ་སུམ་ཅུ་སོ་གསུམ། སྒྱུ་འཕྲུལ་རོལ་པ་ཆེན་པོ་ལེའུ་བཅུ་གསུམ། བཱི་མ་ལ་དང་། གཉགས་ཀྱི་འགྱུར། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ཐེག་པ་ཆེན་པོའི་ཡང་ཆེན་པོའི་ཚུལ་ཞེས་བྱ་བ། ལེའུ་བཅུ་ཐམ་པ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ། ཁྲོ་བོ་ཆེན་པོའི་སྟོབས་དུམ་གཅིག །ཡང་ཁྲོ་བོ་ཆེན་པོའི་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་སྒྲུབ་པ་ཞེས་རྫོགས་སོའི་མཐའ་ཅན། བཱི་མ་ལ་དང་། བཻ་རོའི་འགྱུར། སྒྱུ་འཕྲུལ་དྲ་བ་སྙིང་པོ་བཀོད་པའི་ལེའུ་བརྒྱད་རྣམས་སོ། །ཕ་པ་ལ། སངས་རྒྱས་མཉམ་སྦྱོར་རམ་སྒྱུ་མ་བདེ་མཆོག་ལེའུ་བཅུ་ཐམ་པ། རྒྱ་གར་གྱི་མཁན་པོ་བཛྲ་ཧ་སྱ་དང་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གི་འགྱུར། སངས་རྒྱས་མཉམ་སྦྱོར་ལ་རྟོག་པ་ཉི་ཤུ་རྩ་གཉིས་ཀྱི་འགྱུར་ཡོད་ཅེས་པ་ཕྱོགས་གཅིག་ཏུ་བསྡུས་པ་རྟོག་པ་བཅུ་པའི་རྒྱུད་འདི་ཡིན།


JLAZ013_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཕྱི་མ་རྟོག་པ་བདུན་པ་ཡོད། ཕྱི་མའི་ཕྱི་མ་རྟོག་པ་བསྡུས་པའི་རྒྱུད་ཡོད་པ་དང་། ཆ་མཐུན་གྱི་རྒྱུད་རྡོ་རྗེ་གདན་བཞིའི་རྒྱུད་ཡིན་ནོ། ། ཡང་རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་མཉམ་སྦྱོར་སྡུད་པའི་རྒྱུད་དམ་པ། ལེའུ་བཅུ་ཐམ་པ། གུ་ཧྱ་གསང་བ་དང་ལོ་ཙཱ་བ་འབྲོག་མི་དཔལ་ཡེའི་འགྱུར། ཡང་སངས་རྒྱས་མཉམ་སྦྱོར་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་རྒྱུད་ཕྱི་མའི་ཡང་ཕྱི་མ་ལེའུ་ཉེར་གཉིས་པར་རྫོགས་མཐའ་དང་། དངོས་བསྟན་ལེའུ་ཉི་ཤུ་རྩ་གསུམ་ཡོད། རྒྱུད་འདིར་སྟོད་ཆའི་ལེའུ་བཅུ་བདུན་ཡན་མེད་པ་བཅོ་བརྒྱད་པ་ནས་བགྲངས་པ་ཞིག་བྱུང་བ་ཕྱི་མའི་སྐྱོན་ནམ། རྒྱ་དཔེ་མ་ཚང་ལ་ཕྱོགས་གཞན་ལ་དཔྱད་པར་བྱའོ། །མགོར་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། ཞེས་ཡོད་པའི་དངོས་བསྟན་ཟླ་གསང་ཐིག་ལེ་ཡེ་ཤེས་ཀྱི་དབང་བསྐུར་བ་ལེའུ་མེད་ཀྱང་། བར་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་པོ་རྫོགས་སོ་ཞེས་ཡོད་ཅིང་། དེ་ཁའི་འཕྲོ་ནས་ལེ་མེད་ཟླ་གསང་ཐིག་ལེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་མཆོག་ཏུ་གསང་བ་ཡོངས་སུ་རྫོགས་སོ་མཐའ་ཅན། པདྨ་སམ་བྷ་ཝ་དང་བནྡེ་དཔལ་བརྩེགས་ཀྱི་འགྱུར་ལ། ཕྱིས་ཁ་ཆེའི་པཎྜི་ཏ་ཏེ་ཛ་དེ་བ་དང་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་སྐད་གསར་བཅད་ཀྱིས་བཅོས་པ། དཔལ་གསང་བ་འདུས་པ་ལེའུ་བཅུ་བདུན། བཱི་མ་ལ་དང་དཔལ་བརྩེགས་


JLAZ013_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགྱུར། སླར་ཡང་ཤྲདྡྷ་ཀ་ར་ཝ་རྨ་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པ། ཡང་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད། དད་བྱེད་གོ་ཆ་དང་། རིན་བཟང་གི་འགྱུར། ཕྱིས་འགོས་ལོ་གཞོན་ནུ་དཔལ་གྱིས་རྒྱ་དཔེ་ལ་གཟིགས་ནས་དག་བཅོས་མཛད་པ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཀྱི་ཕྲེང་བའམ། ཀརྨ་མཱ་ལེ་ལེའུ་དགུ། དྷརྨ་ཤྲཱི་པྲ་གྷ་ཛ་དང་། ཨརྱ་བཱི་མ་ལ་སོགས་པའི་པཎྜི་ཏ་དང་། རཏྣ་ཨ་གྲས་བསྒྱུར་ཅིང་གཏན་ལ་ཕབ་པ། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལེའུ་བཅུ་བདུན། དྲི་མེད་བཤེས་གཉེན་དང་། བོད་ཀྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར། བི་ཤྭ་མི་ཏྲ་དང་། བཻ་རོའི་འགྱུར་བྱང་འཁོད་པ་ཡང་སྣང་ངོ་། །བ་པ་ལ། རྟ་མཆོག་རོལ་པ་ལེའུ་སུམ་ཅུ་སོ་གཉིས། དཔལ་སྙིང་རྗེ་རོལ་པའི་རྒྱུད་དམ་ཧེ་རུ་ཀཿརོལ་པའི་ལེའུ་བཅུ་ཐམ་པ། བིདྱ་ཀ་ར་སིངྷ་དང་། བི་ཤྭ་མི་ཏྲ་དང་། ལོ་ཙཱ་ཁུ་བྱིན་བཙུན་པའི་འགྱུར། སླར་བལ་པོ་ཤྲི་གྷི་ཏིས་མང་ཡུལ་བྱམས་སྤྲིན་དུ་སྐད་གསར་པས་བཅོས། འདི་ལ་ད་དུང་འགྱུར་བྱང་མང་པོ་ཡོད། བདུད་རྩི་རོལ་པ་རིམ་པར་ཕྱེ་བ་རྒྱས་པ། བཱི་མ་ལ་དང་གཉགས་འགྱུར། ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བའི་མདོ། ལེའུ་ཉི་ཤུ་རྩ་བཞི། གླང་པོ་རབ་འབོག་གི་རྒྱུད་ལེའུ་ཉེར་བརྒྱད། བི་ཤྭ་མི་ཏྲ་དང་འཇིང་གསལ་འབར་གྱི་


JLAZ013_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། འདི་ལ་རྒྱུད་གསུམ་ཡོད་པས་འདི་བཤད་རྒྱུད་ཡིན། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་བའི་དོན་བསྡུས་པ་ཞེས་བྱ་བའི་རྒྱུད། ལེའུ་ཞེ་གཉིས། དྲི་མེད་བཤགས་རྒྱུད་ལེའུ་བཅུ་དྲུག །བཱི་མ་ལ་དང་། གཉགས་ཀྱི་འགྱུར། གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད་ལེའུ་མེད་ཁྲོ་བོ་བཅུའི་སྨོན་ལམ་གྱི་མཐའ་ཅན་རྣམས་སོ། །མ་པ་ལ། དཔལ་ཟླ་གསང་ནག་པོའི་རྒྱུད། ལེའུ་བདུན་ཅུ་དོན་ལྔ་པ་རྩ་བའི་རྒྱུད་ཆེན་པོ་རྫོགས་སོ་མཐའ་ཅན། ལོ་ཙཱ་བ་ཆེན་པོ་གསུམ་གྱིས་ལན་གྲངས་གསུམ་དུ་བཅོས་ཤིང་ལན་གྲངས་གསུམ་དུ་གཏན་ལ་ཕབ་པ། ཡང་ཟླ་གསང་ནག་པོའི་རྒྱུད་ལེའུ་བདུན་ཅུ་དོན་བཞི། ངན་སྔགས་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོའི་མཐའ་ཅན། འཇམ་དཔལ་བཤེས་གཉེན་གྱིས་ཚངས་པ་ཀླུ་གནོད་བསེའི་ཀ་བ་ལ་སྦས་པ། ཛྙཱ་ན་གྷཪྦྷས་རྙེད་ནམ་མཁའི་སྙིང་པོ་ལ་བརྒྱུད་དོ། །ཡང་ཟླ་གསང་ནག་པོའི་རྒྱུད་ལེའུ་ལྔ་བཅུ་ང་བརྒྱད། སློབ་དཔོན་བ་སུ་དྷ་ར་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བ། ཡང་ཟླ་གསང་དྲག་སྔགས་ནག་པོ་ཤན་པ་སྤུ་གྲིའི་རྒྱུད་ལེའུ་དགུ་ཅུ་གོ་བདུན་པ། བལ་པོ་བ་སུ་དྷ་ར་དང་གནུབས་ཆེན་གྱིས་བསྒྱུར་བ། ཡང་དྲག་སྔགས་ཟླ་གསང་ནག་པོའི་རྒྱུད། ལེའུ་ཉི་ཤུ་རྩ་ལྔ། བབ་


JLAZ013_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་རིམ་བཞིན་ཡོད་པ་གནུབས་ཆེན་གྱི་མན་ངག །འཇམ་དཔལ་དམར་པོའི་སྔགས་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་པ། ཤནྟིཾ་གཪྦྷ་དང་། གནུབས་ཆེན་གྱི་འགྱུར། གནོད་སྦྱིན་མ་རུ་རྩེ་རོ་ལངས་གསང་བའི་རྒྱུད་ལེའུ་བརྒྱད་མཐའ་ཅན་གནུབས་ཀྱི་མན་ངག་དྲག་པོའི་སྔགས་རྒོད་པདྨ་དབང་རྒྱལ་གྱི་བཀའ་ཞེས་པ། འཇམ་དཔལ་མ་རུ་རྩེའི་སྔགས་རྒྱུད་བསྟན་པ་ལེའུ་བཅུ་བདུན། ཡང་དྲེགས་པ་ཕོ་མོ་འདུས་པའི་ལས་རྒྱུད་ལེའུ་བཅུ་བདུན། རྡོ་རྗེ་གཏེར་གཞན་རྩལ་ལ་གཏད་པ་བཅས་སོ། །ཙ་པ་ལ། འཕགས་པ་འཇམ་དཔལ་གྱི་དྲི་མ་མེད་པའི་གསང་རྒྱུད་ལེའུ་ཉེར་དྲུག །འཇམ་དཔལ་གཤིན་རྗེ་གཤེད་ནག་པོ་ཆེན་པོ་གསང་བའི་རྒྱུད་ལེའུ་སུམ་ཅུ་སོ་གསུམ། སློབ་དཔོན་མ་ཧཱ་ན་བི་ཀུ་ཏ་པ་ཏའི་འགྱུར། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཕྱི་མའི་ཡང་ཕྱི་མ་ཞེས་བྱ་བ་ལེའུ་ཉེར་གཉིས། དཔལ་ཚེ་བདག་ནག་པོའི་འཕྲིན་ལས་ཀྱི་དགོངས་པ་ཐམས་ཅད་རྫོགས་པའི་རྒྱུད་ཆེན་པོ། ལེའུ་སུམ་ཅུ་ཐམ་པ། ལྷ་ཡུལ་དུ་གྲགས་པ་ཞེས་ཟེར། འཇམ་དཔལ་གཤིན་རྗེ་གཤེད་སྡིག་པ་སྙིང་འཛིངས་ལེའུ་བཅུ་བཞི། བལ་པོ་བ་སུ་དྷ་ར་དང་། གནུབས་ཆེན་གྱི་འགྱུར། གཤིན་རྗེ་གཤེད་ཀྱི་གསང་རྒྱུད་ལེའུ་བརྒྱད། གནུབས་པདྨ་དབང་རྒྱལ་གྱི་ཐུགས་དམ། འཇམ་དཔལ་གཤིན་རྗེའི་རྒྱལ་པོ་སྡིག་པ་སྟོབས་ཆེན་གྱི་


JLAZ013_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལེའུ་ཉེར་གཅིག །བལ་པོ་བ་སུ་དྷ་ར་དང་། རྡོ་རྗེ་ཁྲི་གཙུག་གི་འགྱུར། འཕགས་པ་འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལེའུ་བཅུ་གསུམ། བསྐྱར་ལེའུ་གཅིག་བཅས་བཅུ་བཞི་ཡོད། གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཀྱི་རྒྱུད་ཁ་ཐུན་ལེའུ་བརྒྱད། རྒྱལ་པོ་ཛ་ལ་བབས་པ་ལས་རིམ་པར་བརྒྱུད་གནུབས་ཆེན་གྱི་མན་ངག །གཤིན་རྗེ་ནག་པོ་ཁ་ཐུན་གསང་བའི་དེ་ཁོ་ན་ཉིད་ཕྱི་མའི་རྒྱུད་ཞེས་བྱ་བ་ལེའུ་ལྔ་པ་བ་སུ་དྷ་ར་དང་། གནུབས་ཆེན་གྱི་མན་ངག །ཚེ་བདག་ནག་པོ་དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉེར་གཅིག །འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད་སྐབས་ལྔ་པ། གནུབས་ཆེན་གྱི་འགྱུར། དྲག་པོ་ཕུང་བྱེད་ཀྱི་རྒྱུད་ལེའུ་ཉེར་གཅིག །སྔགས་ཀྱི་དེ་ཁོ་ན་ཉིད་བཤད་པའི་ལེའུ་བརྒྱད། ངན་སྔགས་གཙུག་གི་རྒྱུད་ཕྱི་མའི་ཕྱི་མ་རྫོགས་སོའི་མཐའ་ཅན། འཇིག་རྟེན་གསུམ་གྱི་བཤད་པ་དྲེགས་རྒྱུད་ལེའུ་བརྒྱད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་པའི་རྒྱུད་ལེའུ་དགུ། བལ་པོ་བ་སུ་དྷ་ར་དང་། རྡོ་རྗེ་ཡང་དབང་གཏེར་གྱི་འགྱུར། གཤིན་རྗེ་ནག་པོ་ཆུ་ཐིགས་སྔོན་མོའི་རྒྱུད་ལེའུ་བཅོ་བརྒྱད། གཤིན་རྗེ་ནག་པོ་ངན་སྔགས་ཕྱིར་བཟློག་པའི་རྒྱུད་ལེའུ་བདུན་པ། ཆུ་ཐིགས་སྔོན་མོའི་རྒྱུད་ཕྱི་མ་


JLAZ013_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། གནུབས་ཆེན་གྱི་འགྱུར། འཕགས་པ་འཇམ་དཔལ་མཆེད་བཞིའི་སྔགས་རྒྱུད་ལེའུ་དགུ་པ་རྩ་བའི་རྒྱུད། འཇམ་དཔལ་མ་རུ་རྩེའི་རྒྱུད་ཕྱི་མ་ལེའུ་བདུན་རྫོགས་མཐའ་ཅན། དཔལ་གཤིན་རྗེ་ནག་པོ་མེ་རླུང་སྐྱིན་ཐང་འཁྲུགས་པའི་རྒྱུད་ལེའུ་ལྔ་བཅུ་ང་གསུམ་རྣམས་སོ། །ཚ་པ་ལ། རྟ་མཆོག་རོལ་པའི་རྒྱུད་ལེའུ་ཉིས་བརྒྱ་དང་བརྒྱད། རཀྴི་སིདྡྷི་དང་། ལྕེ་ཀུ་ཀུ་རཱ་ཛའི་འགྱུར། དབང་རྒྱས་རྟ་མཆོག་རོལ་པ་ལེའུ་དྲུག་ཅུ་ཐམ་པ། པདྨ་དབང་ཆེན་དྲེགས་པ་བསྲུང་བཟློག་ཡོན་ཏན་གྱི་རྒྱུད། ལེའུ་དགུ་པ། པདྨ་སམ་བྷ་ཝ་དང་ཁ་ཆེ་ཨ་ནནྟའི་འགྱུར། པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལེའུ་བཅུ་གསུམ། འགྱུར་གོང་འདྲ། པདྨ་དབང་ཆེན་འདུས་པའི་རྒྱུད་ཆེན་པོ་ལེའུ་སུམ་ཅུ་སོ་ལྔ། རྒྱ་གར་བ་རཀྴི་སིདྡྷི་དང་། བོད་ཀུ་ཀུ་རཱ་ཛའི་འགྱུར། ཕྱིས་གནུབས་ཆེན་གྱིས་ཀྱང་ཞུས་པ། དབང་ཆེན་འདུས་པའི་ཏནྟྲ་ལས། མགོ་ནན་རྩིས་མགོའི་ལེའུ་བཅུ་གཅིག་ལ་བྲོའི་ལེའུ་ནང་གསེས་སུ་ཕྱེ་བ་དྲུག་གཅིག་ཏུ་བྱས་པ་བསྣན་པས་ལེའུ་བཅུ་གཉིས་པར་སོང་བ། ཡང་ལེའུ་བརྒྱད་གཅིག་ཏུ་བྱས་པ་བསྣན་པས་ལེའུ་བཅུ་གསུམ་དུ་སོང་། དེ་ནས་མུ་མཐུད་ལེའུ་དྲུག་ཅུ་རེ་གཉིས་རྫོགས་མཐའ་ཅན། པདྨ་དབང་ཆེན་དྲེགས་པ་གཟན་ལ་འབེབས་པའི་རྒྱུད་ལེའུ་བཅུ་གཉིས་པ། པདྨ་འབྱུང་གནས་དང་། ཁ་ཆེ་ཨ་ནནྟའི་འགྱུར།


JLAZ013_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ལེའུ་བཅུ་གཅིག །འགྱུར་གོང་འདྲ་རྣམས་སོ། །ཛ་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ལུང་བསྟན་པ་དབང་ཆེན་འདུས་པའི་རྒྱུད་ལེའུ་ཉི་ཤུ་རྩ་བཞི། པཎྜི་ཏ་པདྨ་འབྱུང་གནས་དང་། ལོ་ཙཱ་བ་སྦ་སང་ཤི་དང་། ངན་ལམ་རྒྱལ་བ་མཆོག་དབྱངས། ཅོག་རོ་རྣམས་ཀྱི་འགྱུར། རྔོག་མ་ལེ་རྒན་གྱི་རྒྱུད་ལེའུ་བཅུ་བདུན། སློབ་དཔོན་ཆེན་པོ་པདྨའི་ཞབས། ཁ་ཆེའི་ཨ་ནནྟ་དང་། བཻ་རོའི་འགྱུར། རྟ་མགྲིན་ལས་རྒྱུད་ལེའུ་བཅུ་གཅིག །སློབ་དཔོན་པདྨ་དང་། རྒྱལ་བ་མཆོག་དབྱངས་ཀྱི་འགྱུར། རྟ་མགྲིན་གསང་རྒྱུད་ལེའུ་ཉི་ཤུ་རྩ་ལྔ། པདྨ་དབང་ཆེན་དྲེགས་པ་ཚར་གཅོད་ཀྱི་རྒྱུད་ལེའུ་ཉེར་དགུ། སློབ་དཔོན་ཆེན་པོའི་རང་འགྱུར། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་རྒྱུད། ལེའུ་བཅུ་གསུམ། བཻ་རོ་ཙཱ་ནས་མངའ་བདག་རྒྱལ་པོ་ལ་སྤྲད་པ། དཔལ་རྟ་མགྲིན་གསང་བ་འཕྲིན་ལས་ཀྱི་རྒྱུད་ཅེས་བྱ་བ། ལེའུ་ཉེར་གཉིས། ཨོ་རྒྱན་སངས་རྒྱས་གཉིས་པས་ཁྲི་སྲོང་ལྡེའུ་བཙན་དང་། རྒྱལ་བ་མཆོག་དབྱངས་ལ་གདམས་པ། ཕྱིར་མི་བཟློག་པ་སྡོམ་ཅན་རྟ་མགྲིན་གྱི་རྒྱུད་ལེའུ་དྲུག །པདྨ་དབང་ཆེན་གྱི་རྒྱུད་རྫོགས་སོའི་མཐའ་ཅན། ཀླུ་འདུལ་བའི་རྒྱུད་ལེའུ་སུམ་ཅུ་སོ་བདུན། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་དབང་


JLAZ013_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྒྱལ་པོའི་རྒྱུད་ལེའུ་ཉེར་བརྒྱད། ཨོ་རྒྱན་ཆེན་པོ་དང་། ནམ་མཁའི་སྙིང་པོའི་འགྱུར། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པའི་རྒྱུད་ལེའུ་ཉི་ཤུ་རྩ་བདུན། བཛྲ་པཱ་ཎིས་བསྡུས་ཏེ་སྤྲུལ་སྐུ་པདྨ་འབྱུང་གནས་ལ་གཏད་པ། པདྨའི་ཞབས་དང་། ནམ་སྙིང་འགྱུར། རྡོ་རྗེ་སེམས་དཔའ་ཡི་གེ་བརྒྱ་པ་དབང་བསྐུར་རྒྱལ་པོའི་རྒྱུད་ལེའུ་ཉེར་གཅིག །ཧེ་རུ་ཀ་གལ་པོ་ལེའུ་འམ་བརྟག་པ་ཉེར་གསུམ། པདྨ་སམྦྷ་ཝས་བལ་པོ་བ་སུ་དྷ་ར་ལ་གནང་། དེས་གནུབས་ཆེན་ལའོ། །ཧེ་རུ་ཀའི་ཐུགས་ཀྱི་རྒྱུད་གལ་པོ་ལེའུ་དགུ། པདྨ་སམ་བྷ་ཝ་དང་། ནམ་སྙིང་འགྱུར། དཔལ་ཧེ་རུ་ཀ་གལ་པོ་ལེའུ་བཅུ་དྲུག །ཁྲོ་བོ་པུཎྜ་རི་ཀའི་རྒྱུད་ལེའུ་ཉེར་གཉིས། རྡོ་རྗེ་སེམས་དཔས་བསྡུས། སློབ་དཔོན་པདྨས་གཞུང་བསྲངས་པ་རྣམས་སོ། །ཝ་པ་ལ། དཔལ་ཁྲག་འཐུང་ཧེ་རུ་ཀ་འདུས་པའི་རྒྱུད་ཆེན་པོ་ལེའུ་སུམ་ཅུ་སོ་གཉིས་འདི་ལ་ཧེ་རུ་ཀ་གལ་པོ་དུར་ཁྲོད་མངོན་པར་འབྱུང་བའི་རྒྱུད་ཀྱང་ཟེར། པདྨ་སམྦྷ་ཝ་དང་། བཻ་རོའི་འགྱུར། འཇིག་རྟེན་ལས་འདས་པའི་མདོ་ཞེས་བྱ་བའི་རྒྱུད་ལེའུ་བཅུ་གཅིག །པདྨ་སམ་བྷ་ཝ་དང་། ནམ་སྙིང་འགྱུར། དེ་བཞིན་རིགས་ཀྱི་སྒྲུབ་ཐབས་གསང་བ་མེ་དཔུང་ཐུགས་ཀྱི་རྒྱུད་ལེའུ་ཉེར་གཉིས། བདུད་རྩི་རིན་པོ་ཆེ་ཡེ་ཤེས་གསང་བའི་འཁོར་ལོའི་རྒྱུད། ལེའུ་ཉེར་གཉིས་མཐའ་ཅན། བཱི་མ་ལ་དང་།


JLAZ013_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཞང་ཛྙཱ་ནས་གཏན་ལ་ཕབ། ཕྱིས་སྐ་བ་དཔལ་བརྩེགས་ཀྱིས་བཅོས། བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན། ལེའུ་ཉེར་བདུན། འོག་མིན་དུ་གྲགས་པ། བཱི་མ་དང་གཉགས་ཀྱི་འགྱུར། བདུད་རྩི་བམ་བརྒྱད་བམ་པོ་ཆེན་པོ་བརྒྱད་པ་རྫོགས་མཐའ་ཅན། ཐམས་ཅད་བདུད་རྩིའི་རང་བཞིན་བདུད་རྩི་བུམ་པ་དུམ་བུ་གསུམ་པའི་རྒྱུད་བུ་ཆུང་། བདུད་རྩི་འཁོར་ལོ་འབར་བའི་རྒྱུད་ལེའུ་བདུན། བཱི་མ་ལ་དང་། གཉགས་ཀྱི་འགྱུར། བདུད་རྩི་རིན་པོ་ཆེ་འཕྲེང་བའི་རྒྱུད་ལེའུ་བདུན། འགྱུར་གོང་འདྲ། བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལེའུ་བཅུ་ཐམ་པ། འགྱུར་གོང་འདྲ། དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལེའུ་བཅོ་ལྔ། བཱི་མ་ལ་ནས་བརྒྱུད་པ། བདུད་རྩི་ལས་རྒྱ་མཚོའི་རྒྱུད་ལེའུ་ཉི་ཤུ་ཐམ་པ། བཱི་མ་ལ་དང་། གཉགས་འགྱུར། བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ལེའུ་དྲུག །འགྱུར་གོང་འདྲ། བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལེའུ་བཅུ་བཞི། བཱི་མ་ལ་དང་། ལོ་ཙཱ་བ་འཇིང་མཆིམས་གསལ་འབར་གྱི་འགྱུར། བདུད་རྩི་ཡེ་ཤེས་འོད་ལྡན་གྱི་རྒྱུད་ལེའུ་ལྔ་བཅུ་ང་དགུ། མངའ་བདག་ཉང་རལ་གྱི་གཏེར་མ་རྣམས་སོ། །ཞ་པ་ལ། ཕུར་པ་རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལེའུ་བཅུ་བདུན། སློབ་དཔོན་ཆེན་པོ་དང་། ངམ་འབྲེས་ལེས་མཆིམས་ཕུ་དགེ་གོང་དུ་བསྒྱུར་


JLAZ013_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཕུར་པ་རྩ་དུམ་པདྨ་སམ་བྷ་ཝ་དང་། ལྕེ་ཀུ་ཀུ་རཱ་ཙ། བྲང་ཏི་ཛ་ཡ་རཀྵི་ཏ་གསུམ་གྱི་འགྱུར། སླར་ཡང་དཔལ་བསམ་ཡས་གཙུག་ལག་ཁང་དུ་རྒྱལ་པོའི་བླ་དཔེ་དང་། མུ་ཏིག་པ་མ་གོང་ནས་བྱོན་པའི་གཏེར་དཔེ་གཉིས་བླ་མ་ཁྱུང་པོ་ཁྲོ་འབར་གྱིས་བསྟུན་པས་འགྱུར་གཅིག་ཏུ་མཐུན་པ། རྡོ་རྗེ་ཁྲོས་པ་ཕུར་པ་རྩ་བའི་རྒྱུད་ཀྱི་བཤད་པ་ལེའུ་བཅུ་གསུམ། རྒྱ་གར་ཁ་ཆེའི་ཡུལ་དུར་ཁྲོད་བྷི་ས་ཀའི་མཆོད་རྟེན་རྩར། རྗེ་བཙུན་རྡོ་རྗེ་སེམས་མ་དང་ལོ་ཙཱ་འགར་ཤེས་རབ་འབྱུང་གནས་ཀྱི་འགྱུར། སླད་རྗེ་བཙུན་མ་དེ་ཉིད་དང་། ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བས་བཅོས་ཏེ་གཏན་ལ་ཕབ། རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་གི་རྒྱུད་ལེའུ་ཉི་ཤུ་ཐམ་པ། པདྨ་སམྦྷ་ཝ་དང་། ལོ་ཙཱ་བ་བྲང་ཏི་ཛ་ཡ་རཀྵི་ཏའི་འགྱུར། དེ་བཞིན་གཤེགས་པ་ཆེན་པོ་རྡོ་རྗེ་ཕུར་པའི་རྒྱུད་དམ་བཤད་པའི་རྒྱུད་ལེའུ་བཞི་བཅུ་ཞེ་བཞི། འཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུད་དམ། ཀརྨ་ཀུ་རུའི་རྒྱུད་ལེའུ་བཅོ་ལྔ། བཱི་མ་ལ་དང་། གཉགས་ཀྱི་འགྱུར། རྨ་རིན་ཆེན་མཆོག་གི་སྐད་གསར་བཅད་ཀྱིས་གཏུགས་པ། ཕུར་པ་ལས་ཀྱི་རྒྱུད་དམ་འཕྲིན་ལས་ཀྱི་རྒྱུད་ལེའུ་བཅུ་བཞི། ཨོ་རྒྱན་མཁའ་འགྲོའི་གླིང་ནས་སློབ་དཔོན་པདྨས་བསྣམས་པ་རོང་ཟོམ་གཞོན་བློའི་འགྱུར། རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད་ལེའུ་བརྒྱད།


JLAZ013_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་ཟ་བྱེད་ཡཀྵ་འབར་བའི་རྒྱུད་ལེའུ་བཅུ་གཅིག །རྡོ་རྗེ་ཕུར་བུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ལེའུ་ཉེར་བརྒྱད། སློབ་དཔོན་བྷ་ཤི་ཏའི་འགྱུར། སྐུ་དང་ཡེ་ཤེས་ཐམས་ཅད་འདུས་པ་སངས་རྒྱས་མདུད་པའི་རྒྱུད། ལེའུ་བཅོ་ལྔ། ཛྙཱ་ན་གཪྦྷ་དང་། བཻ་རོའི་འགྱུར། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་ཧཱུཾ་ཀཱ་རའི་རྒྱུད་ལེའུ་ལྔ། ཁྲོ་བོ་རྣམ་རྒྱལ་རྒྱུད་ལེའུ་བདུན། དབྱུག་སྔོན་རྒྱུད་ལེའུ་ལྔ། གཤིན་རྗེ་གཤེད་རྒྱུད་ལེའུ་བཞི། མི་གཡོ་བའི་རྒྱུད་ལེའུ་ལྔ། ཁྲོ་བོ་རྟ་མགྲིན་རྒྱུད་ལེའུ་དྲུག །ཁྲོ་བོ་གཞན་གྱིས་མི་ཐུབ་རྒྱུད་ལེའུ་ལྔ། བདུད་རྩི་འཁྱིལ་པའི་རྒྱུད་ལེའུ་དྲུག །ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་ལེའུ་བདུན། སྟོབས་པོ་ཆེའི་རྒྱུད་ལེའུ་ལྔ། དཔལ་རྡོ་རྗེ་ཕུར་པ་མེ་ལོང་གསལ་བའི་སྤུ་གྲི་རེག་ཆོད་འཁོར་ལོའི་རྒྱུད་ལེའུ་བདུན། རྒྱུད་ཀྱི་རྒྱལ་པོ་དཔལ་འཇིག་རྟེན་སྣང་བྱེད་ཅེས་བྱ་བ་ལེའུ་ཉེར་བདུན་རྣམས། ཛྙཱ་ན་གཪྦྷ་དང་། བཻ་རོའི་འགྱུར། སླར་ཀ་ཅོག་ཞང་གསུམ་གྱིས་ཀྱང་ཞུས། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་འཕྲེང་བ་ཞེས་བྱ་བ་ལེའུ་བཅུ་དྲུག །ཛྙཱ་ན་གཪྦྷ་དང་། བཻ་རོའི་འགྱུར། ཕྱིས་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་སོ། །ཟ་པ་ལ། ཕུར་པ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད། ལེའུ་བཅོ་ལྔ། རྒྱ་གར་གྱི་མཁན་པོ་ཤྲཱི་ཛྙཱ་ནས་བསྒྱུར་བ་ལས། ཡང་པདྨ་ཐོད་ཕྲེང་རྩལ་དང་ལོ་ཙཱ་བ་དཔལ་གྱི་ཡེ་ཤེས་ཀྱིས་ཀྱང་བསྒྱུར་བ། སངས་


JLAZ013_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྩེ་མོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་ལྔ་བཅུ་ང་གཉིས། རྡོ་རྗེ་ཕུར་པ་ཆོས་ཐམས་ཅད་ཀྱི་གསང་བའི་དོན་གྱི་རྒྱུད་ལེའུ་ལྔ། སྦས་པ་ཟབ་མོ་མདུང་རྩེའི་རྒྱུད་ལེའུ་དགུ། ཛྙཱ་ན་གཪྦྷ་དང་། བཻ་རོའི་འགྱུར། བསེ་སྒྲོམ་དམར་པོའི་རྒྱུད་ལེའུ་བཞི། ལྷ་སྲས་ལྕམ་སྲིང་ལ་སློབ་དཔོན་ཆེན་པོས་གནང་བ། ཤྭ་ན་དཀར་ནག་གི་རྒྱུད་ལེའུ་བཞི། རྡོ་རྗེ་ཕུར་པ་འཕྲིན་ལས་ཀྱི་འཁོར་ལོ་གབ་པ་གསང་བའི་རྒྱུད་ལེའུ་བཅུ་གཉིས། གུ་རུ་པདྨ་དང་། གཉགས་ཀྱི་འགྱུར། རྡོ་རྗེ་འབར་བ་གསང་བའི་རྒྱུད་ཆུང་། ཛྙཱ་ན་གཪྦྷ་དང་། བཻ་རོའི་འགྱུར། ཡང་རྡོ་རྗེ་འབར་བའི་རྒྱུད་ལེའུ་བཅུ་བདུན། བམ་པོ་བཞི་པ་འགྱུར་གོང་འདྲ་ལ་ཕྱིས་སྐད་གསར་བཅད་ཀྱིས་བཅོས། ཕུར་པ་གསང་བའི་དགོངས་རྒྱུད་ཆེན་པོ། ལེའུ་བརྒྱད་ཅུ་གྱ་གཉིས། སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང་། ལོ་ཙཱ་བ་མང་ཡུལ་གྱི་ལྕེ་ཀུ་ཀུ་རཱ་ཛ་དང་། བྲང་ཏི་ཛ་ཡ་རཀྵི་ཏའི་འགྱུར། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལེའུ་ཉེར་གཉིས། ཕུར་བུ་འབུམ་སྡེའི་ནང་ནས་ཕྱུང་བ་རྒྱ་གར་གྱི་སློབ་དཔོན་ཀཱ་མ་རུ་པར་འཁྲུངས་པའི་ནག་པོའི་ཞབས་དང་། ལོ་ཙཱ་བ་ཤྲཱི་བྷ་ལ་ཀུན་ཏྲ་དྷ་ན་དེ་བས་ཡུལ་དབུས་འགྱུར་འོད་མའི་ཚལ་དུ་སླད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། རྡོ་རྗེ་ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད། ལེའུ་བཅོ་


JLAZ013_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། ཕུར་པ་བཅུ་གཉིས་འབྱུང་བའི་རྒྱུད་ཆུང་ངུ་བསྟན་པ་ལེའུ་བཅུ་གཉིས། སློབ་དཔོན་བཱི་མ་ལ་དང་། གཉགས་ཛྙཱ་ན་ཀུ་མཱ་རའི་འགྱུར། རྡོ་རྗེ་ཕུར་པ་བཅུ་གཉིས་ཀྱི་རྒྱུད་ལེའུ་བཅུ་གཉིས། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ལེའུ་བཞི་བཅུ་ཞེ་བཞི། ལྕེ་ཀུ་ཀུ་རཱ་ཛ་དང་། བྲང་ཏི་ཛ་ལ་རཀྵི་ཏའི་འགྱུར། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་འབྱུང་པོ་ཀུན་འདུལ་ལེའུ་བཅུ་དྲུག །སློབ་དཔོན་ཆེན་པོས་བི་ཏོ་ཏ་མ་ལ་འབུམ་སྡེའི་ཏནྟྲ་ལས་ཕྱུང་བ་བདུད་འདུལ་སྔགས་པ་གླིང་དུ་ལྕེ་ཛྙཱ་ན་ཀུ་ཀུ་རཱ་དང་། བྲང་ཏི་ཛ་ཡ་རཀྵི་ཏས་བསྒྱུར་ཏེ་མཁར་ཆེན་བཟའ་ལ་གཏད་པ། རྡོ་རྗེ་ཕུར་པ་མདུང་རྩེ་དམར་པོའི་རྒྱུད་ལེའུ་བཅུ་དགུ་རྣམས་སོ། །འ་པ་ལ། ཡུམ་གཟུངས་མའི་དངོས་གྲུབ་ཆེན་མོའི་རྒྱུད། ལེའུ་ལྔ་བཅུ་ང་གསུམ། མ་མོ་སྲིད་པའི་རྒྱུད་ལུང་གི་རྒྱུད་ལེའུ་ལྔ་རྒྱུད་ཕྱི་མར་རྫོགས་སོའི་མཐའ་ཅན། མ་མོ་སྲིད་པ་ཟླ་གསང་ཐིག་ལེའི་རྒྱུད་ལེའུ་བཅུ་གཉིས། པཎྜི་ཏ་གུ་ཧྱ་གསང་བ་དང་། འབྲོག་མི་དཔལ་ཡེའི་འགྱུར། མ་མོ་ལམ་རྒྱུད་ལུང་ལས་ལེའུ་བཅུ་བཞི། འགྱུར་གོང་འདྲ། མ་མོ་ཐམས་ཅད་ཀྱི་ལས་རྒྱུད་ལུང་ཞེས་བྱ་བ་ལེའུ་བཅུ་དྲུག །སྲིད་པ་མཚོ་བཞིའི་རྒྱུད་ལེའུ་ཉེར་གཉིས། མགོར་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་


JLAZ013_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ཕྱག་འཚལ་ལོ། །ཞེས་པ་ལེའུ་བརྒྱད། མ་མོ་འདུས་པའི་ཏནྟྲ་རྫོགས་སོའི་མཐའ་ཅན། མགོར་དཔལ་ཁྲག་འཐུང་གི་རྒྱལ་པོ་དང་། ཡུམ་རིག་པའི་རྒྱལ་མོ་ལ་ཕྱག་འཚལ་ལོ། །ཞེས་པ་ལེའུ་དགུ་པའི་མཐར་སྲིད་པ་རྒྱུད་ལུང་གི་རྒྱུད་ཕྱི་མ་ཁ་འབར་ནག་པོ་ལས་རྒྱ་མཚོའི་རྒྱུད་ཅེས་བྱ་བ། རྫོགས་མཐའ་ཅན། ལས་ཀྱི་མཁའ་འགྲོ་མ་དེ་ཁོ་ན་ཉིད་གསུམ་དུ་འདུས་པ་ཞེས་བྱ་བའི་རྒྱུད་གླེང་གཞིའི་ལེའུ་དང་། ལས་ཀྱི་མཁའ་འགྲོ་མའི་རྒྱུད་ཆེན་རྫོགས་སོའི་མཐའ་ཅན་རྒྱ་གར་བ་ཤཱནྟིཾ་གཪྦྷ་དང་། ལོ་ཙཱ་བ་ལྕེ་བཀྲ་ཤིས་ཀྱིས་བསྒྱུར་བ། མ་མོ་འབུམ་ཏིག་གི་རྒྱུད། ལེའུ་བཞི་བཅུ་ཞེ་བརྒྱད། རྩ་བའི་རྒྱུད་རྫོགས་སོའི་མཐའ་ཅན། དེ་ནས་མུ་འཐུད་མ་མོ་བྱང་ཆུབ་ཀྱི་སེམས་གསང་བའི་རྒྱུད། ལེའུ་བརྒྱ་དང་ཞེ་གཉིས། མགོར་བཅོམ་ལྡན་འདས་རྡོ་རྗེ་ཧེ་རུ་ཀའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན་ཞེས་ཡོད་པ་ལེའུ་སུམ་ཅུ་སོ་གཉིས། གནུབས་ནམ་མཁའི་སྙིང་པོའི་འགྱུར། མགོར་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ་ཞེས་ཡོད་པ་ལེའུ་བཅུ་གཉིས། བྱང་སྐོར་གྱི་རྒྱུད་ཕྱི་མ་རྫོགས་སོའི་མཐའ་ཅན། ལྷ་མོ་ནག་མོའི་སྔགས་རྒྱུད་ལེའུ་བཅུ་གཅིག །དེའི་རྒྱུད་ཕྱི་མ་མགོར། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་ཞེས་ཡོད་


JLAZ013_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེའུ་བཅུ་གཉིས། དབྱིངས་གསང་བའི་འཁོར་ལོའི་རྒྱུད་ལེའུ་དགུ། ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་པོའི་རྒྱུད་ལེའུ་ཉི་ཤུ་རྩ་བཞི། ཕྲ་མེན་སྤྱང་རྒྱལ་གྱི་རྒྱུད་རྫོགས་མཐའ་ཅན། སྙིང་ཐིག་བསྐོར་བའི་རྒྱུད་འུག་པའི་གདོང་ཅན་ཞེས་བྱ་བ་ལེའུ་ཉི་ཤུ་ཐམ་པ། མཁའ་འགྲོ་མེ་ལྕེ་འབར་མའི་རྒྱུད་ལེའུ་ཉེར་གཉིས་པ་སྔ་འགྱུར་ལ་མཁའ་འགྲོ་མ་ཆེན་མོ་སྡོམ་པའི་ཀ་མ་ལའི་ཞལ་སྔ་ནས་དང་། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་འགྱུར་བ་རྣམས་སོ། །ཡ་པ་ལ། དཔལ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊཱིའི་རྒྱུད་ལེའུ་དགུ་བཅུ་གོ་དྲུག །དྷ་ན་སཾ་སྐྲྀ་ཏ་དང་། འབྲོག་མི་དཔལ་ཡེའི་འགྱུར། ཨེ་ཀ་ཛ་ཊཱི་སྦས་པ་ནག་མོའི་རྒྱུད་ལེའུ་ལྔ་པ། ཨེ་ཀ་ཛ་ཊཱི་ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལེའུ་སུམ་ཅུ་སོ་གཉིས། དེ་ཝ་ཙནྡྲ་ལ་བཻ་རོས་ཞུས། འཕགས་པ་ཧེ་སྡུད་འབར་མའི་རྒྱུད་ལེའུ་བཅུ་གཅིག །དཔལ་ལྷ་མོ་ནག་མོའི་ཐུགས་ཀྱི་སྲོག་སྒྲུབ་གསང་བའི་རྒྱུད་ལེའུ་བཅོ་བརྒྱད། བདུད་བྱ་རོག་མགོ་བརྩེགས་གསང་བ་སྒྲོལ་བྱེད་ཀྱི་རྒྱལ་པོ་ཀི་ཀང་རོག་ཏིའི་རྒྱུད། ལེའུ་བཅོ་ལྔ། འཕགས་པ་ལྷ་མོ་རྡོ་རྗེ་ནག་མོ་དབང་ཕྱུག་ཅེས་བྱ་བ་སྔགས་ཀྱི་རྒྱུད་ཀྱི་རྒྱལ་པོ། ལེའུ་བཅོ་ལྔ། མགོར་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་མངོན་རྫོཊ་རྒྱལ་པོ་ལ་འདི་སྐད་ཅེས་ཡོད་པའི་རྡོ་


JLAZ013_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ནག་མོ་དབང་ཕྱུག་མ་ཕྱི་མའི་རྒྱུད་ལེའུ་བཅུ་གཉིས། ནག་མོ་སྔགས་ཀྱི་རྒྱུད་ཕྱི་མའི་ཕྱི་མ་ལེའུ་བདུན་པ་རྡོ་རྗེ་གདན་ནས་བྱུང་ཟེར་བ་ལྷ་མོ་དཔོན་གཡོག་གཉི་གའི་རྒྱུད་ཡིན། ལྷ་འདྲེ་སྟོང་གི་དྲྭ་བའི་རྒྱུད་ལེའུ་ལྔ་བཅུ་ང་གསུམ། སྲིད་པའི་བེམ། དངོས་བསྟན་ལེའུ་བཞི་བཅུ་ཐམ་པ་དང་། རྗེས་འབྲེལ་སྐབས་ཉི་ཤུ་རྩ་གྲངས་སྐོར་གྱིས་རྫོགས་པ་རྣམས་སོ། །ར་པ་ལ། དཔལ་མགོན་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལེའུ་སུམ་ཅུ་སོ་དྲུག །བྲམ་ཟེ་གསལ་བའི་རྒྱལ་བའི་རྒྱན་དང་། བལ་པོའི་རྒྱལ་པོ་བ་སུ་དྷ་རས་བསྒྱུར་བ། དཔལ་ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལེའུ་བཅོ་བརྒྱད། དཔལ་མགོན་ནག་པོ་གསང་བ་སྙིང་གི་འཁོར་ལོ་རྟོག་པ་བཅོ་ལྔ། གནུབས་ཆེན་གྱིས་བསྒྱུར་བ། དཔལ་ནག་པོ་ཆེན་པོ་མེ་ལྕེ་ཕྲེང་བའི་རྒྱུད་ལེའུ་བཞི་བཅུ་ཞེ་ལྔ། རྒྱ་མཁན་དྷ་ན་སཾ་སྐྲྀ་དང་། པ་གོར་བཻ་རོའི་འགྱུར། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ནག་པོ་ཞེས་བྱ་བ་ལེའུ་བཅུ་གཉིས། མན་ངག་བརྩེགས་པ་གྲི་གུག་གི་རྒྱུད་དམ་མ་ཧཱ་ཀ་ལའི་རྒྱུད། ལེའུ་ཉེར་གཅིག ། རྗེ་བཙུན་ཤཱནྟི་བྷ་དྲས་ཞུས་པ་ལ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། དཔལ་ནག་པོ་ཆེན་པོ་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོའི་རྒྱུད། ལེའུ་བཅུ་ཐམ་པ། སྣ་ནམ་བླ་མས་བསྒྱུར་ཞུས་གཏན་ལ་ཕབ། ནག་པོ་ཆེན་


JLAZ013_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས་མགོན་བྱ་རོག་གདོང་གི་རྒྱུད། ལེའུ་བཅོ་ལྔ། ནག་པོ་ཆེན་པོ་གཟུགས་ཅན་གཅེར་བུའི་རྒྱུད་ལེའུ་བཅུ་གཉིས། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལེའུ་བཅུ་བཞི། རལ་གཅིག་མ་ཆོས་ཀྱི་བདག་མོ་སྤུ་གྲི་ཡ་མའི་རྒྱུད་ལེའུ་ཉི་ཤུ་རྩ་ལྔ། རྒྱ་གར་གྱི་སློབ་དཔོན་དཱ་ན་ཤཱི་ལ་དང་། བོད་ཀྱི་སློབ་དཔོན་དགེ་སློང་ཡང་དབང་གཏེར་གྱིས་ཞུས་ཏེ་གཏན་ལ་ཕབ་པ་སྟེ་སྤྱིར་རྒྱུད་ཀྱི་སྡེ་ཚན་ནམ། ཆོས་ཀྱི་རྣམ་གྲངས་བཞི་བརྒྱར་ལྡང་བའི་བཞུགས་ཚོགས་དང་བཅས་པའི་མཐར། རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན་གྱིས་རྣམ་པར་མཛེས་པའོ། །དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་པ་རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་མཐའ་གྲུར་ཁྱབ་པའི་རྒྱན་ཅེས་བྱ་བ་ལས། ཆོས་ཀྱི་བཞུཊ་བྱང་སྨོས་པའི་རབ་ཏུ་བྱེད་པ་སྟེ་སྐབས་བརྒྱད་པའོ།། །།

དགེ་རྩ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ།


JLAZ013_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་དགུ་པ་འབད་པ་དོན་ལྡན་དུ་བྱ་ཕྱིར་ཡོངས་སུ་བསྔོ་བ་ལ་གསུམ། རྣམ་གཞག་སྤྱིར་བཤད་པ་དང་། རང་བཞིན་བྱེ་བྲག་ཏུ་བཤད་པ། སྐབས་ལ་བབ་པའི་བསྔོ་བའོ། །དང་པོ་ལའང་གསུམ། མཚན་ཉིད། སྒྲ་དོན། དགོས་པའོ། །དང་པོ་ནི། ཟག་པར་བཅས་པའམ་དེ་ལས་ལྡོག་པ་སྟེ་བདེན་པ་གཉིས་


JLAZ013_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྡུས་པའི་དགེ་བའི་རྩ་བ་མངོན་པར་འདུ་བགྱིས་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་ལམ་དུ་ཡོངས་སུ་བསྒྱུར་བའི་ཐབས་ཀྱི་མཐར་ཕྱིན་པ་གང་ཡིན་པ་སྟེ། དཔེར་ན། གསེར་གྱི་དངོས་པོ་རིན་པོ་ཆེའི་རང་བཞིན་དུ་གདོད་ནས་གནས་པ་ཉིད་དེ། དེ་ཉིད་བཟོ་བོའི་བྱེད་ལས་ཀྱི་སྒོ་ནས་སྐུ་གསུང་ཐུགས་ཀྱི་རྟེན་དུ་མ་བསྒྲུབས་ན་བསོད་ནམས་དམ་པའི་ཡུལ་དུ་མི་འགྱུར་བ་ལྟ་བུའོ། །དེ་སྐད་དུ་མངོན་རྟོགས་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །ཞེས་སོ། །གཉིས་པ་ནི། ལེགས་སྦྱར་གྱི་སྐད་དུ། པ་རི་ཎ་ཏ་ཞེས་ཡོངས་སུ་བསྒྱུར་བའམ། སྤེལ་བ་ལ་འཇུག་སྟེ། དགེ་བའི་རྩ་བ་ཐམས་ཅད་ཐབས་ལ་མཁས་པས་བྱང་ཆུབ་ཆེན་པོའི་ལམ་དུ་བསྒྱུར་བའམ། དེའི་བར་མ་དོར་ཆུད་གསོན་པར་མི་འགྱུར་བའི་སྟོབས་དང་ལྡན་པ་ཉིད་དུ་སྤེལ་བར་བྱེད་པའི་ཐ་ཚིག་ཅན་ཏེ། ཐ་སྙད་གཞན་དང་མི་འདྲེས་པའི་ཆེད་ཡོངས་སུ་བསྔོ་བ་ཞེས་དོན་འགྱུར་དུ་བྱས་པའོ། །གསུམ་པ་ནི། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བས་རྒྱས་འདེབས་པར་བྱེད་པ་འདི། ནང་པ་སངས་རྒྱས་པའི་ཁྱད་པར་གྱི་ཆོས་བླ་ན་མེད་པ། མུ་སྟེགས་བྱེད་ཀྱི་གཞུང་དང་། བསྟན་བཅོས་གཞན་ལ་མ་གྲགས་པ་ཞིག་ཡིན་ཏེ། ཁྱད་འཕགས་བསྟོད་པ་ལས་ཀྱང་། བསོད་ནམས་བྱས་པའི་ཚོགས་འདི་ནི། །


JLAZ013_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །བཅོམ་ལྡན་ཁྱེད་ཀྱིས་གང་གསུངས་པ། །དེ་བཞིན་བསྟན་བཅོས་ལས་མ་བཤད། །ཅེས་སོ། །དེའི་ཕྱིར་དགོས་འབྲེལ་ལྡན་པ་སངས་རྒྱས་པའི་གྲུབ་མཐར་རྗེས་སུ་སློབ་ཅིང་། ཞི་བ་དམ་པའི་གྲོང་ཁྱེར་དུ་མྱ་ངན་ལས་འདས་པར་འདོད་པ་རྣམས་ཀྱིས་གང་ཞིག་བསགས་པའི་བསོད་ནམས་ཀྱི་ཕུང་པོ་ཐམས་ཅད་མྱ་ངན་ལས་འདས་པའི་གོ་འཕང་དམ་པར། བསྔོ་བས་རྒྱས་ཐེབས་པ་ནི་ཤིན་ཏུ་གཅེས་པ་སྟེ། འདི་ལྟར་དགེ་བའི་རྩ་བ་ཉུང་ངུའང་དང་པོར་སེམས་བསྐྱེད་ཀྱིས་ཟིན་པ། བར་དུ་དམིགས་པ་མེད་པ། མཐར་བསྔོ་བས་རྒྱས་ཐེབས་པ་གསུམ་འཛོམ་ན། ནམ་ཞིག་བྱང་ཆུབ་ཀྱི་སྙིང་པོ་ལ་མ་ཐུག་གི་བར་དུ་བར་མ་དོར་ཆུད་མི་འཛའ་བ་དང་། བསམ་གྱིས་མི་ཁྱབ་པར་འཕེལ་བར་འགྱུར་བ་དང་། བྱང་ཆུབ་ཀྱི་རྒྱུར་སྨིན་པ་ལ་སོགས་པའི་དགོས་པ་དཔག་ཏུ་མེད་ཅིང་། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དང་ཡོངས་སུ་འབྲེལ་བའི་འབྲེལ་བ་ཅན་ཡིན་ཏེ། འདི་ལྟར་ཆུའི་ཐིགས་པ་གཅིག་རྒྱ་མཚོ་ཆེན་པོའི་ནང་དུ་དོར་བར་གྱུར་པ་དེའི་རྒྱུན་ནི་བསྐལ་པའི་བར་དུ་ཟད་མི་ཤེས་པས་མཚོན་ནོ། །དེ་སྐད་དུ་བློ་གྲོས་རྒྱ་མཚོས་ཞུས་པར། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང་། །


JLAZ013_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། ། ཅེས་པ་དང་ཚུལ་མཐུན་པ་བློ་གྲོས་མི་ཟད་པའི་མདོར་ཡང་འབྱུང་བ་ཡིན་ནོ། ། དེ་ལྟ་བུའི་བསྔོ་བ་དང་མ་ལྡན་ན་བར་མ་དོར་ཆུད་འཛའ་བར་འགྱུར་ཏེ། མོས་པས་སྤྱོད་པའི་དགེ་བ་ཕལ་ཆེར་དོན་མེད་དུ་འགྲོ་བ་མང་བ་ནི། དགེ་སེམས་ཙམ་གྱི་འཕེན་པས། གནས་སྐབས་སུ་བདེ་འགྲོར་ཕྱིན་ཡང་། དེ་ཙམ་གྱིས་ཟད་པར་གྱུར་པའམ། ཡོངས་སུ་ཟད་པར་མ་གྱུར་ནའང་བསོད་ནམས་ཀྱི་སྟོབས་ཕྲ་མོར་གྱུར་ནས། ཕྱིས་འབྲས་བུ་འབྱིན་པའི་མཐུ་ཆུང་ངུར་འགྱུར་བ་དང་། ཡུལ་དམ་པར་གྱུར་པ་ལ་ཁོང་ཁྲོ་བ་ལ་སོགས་སྡིག་པའི་ལས་མི་བཟད་པ་རེ་རེས་ཕུ་གཏུགས་པར་འགྱུར་ཏེ། དབུ་མ་འཇུག་པར། སྤྱད་དང་དངོས་དང་ཡོངས་སུ་ཟད་པ་ན། །ཕྱིན་ཆད་དེ་ལས་ལོངས་སྤྱོད་འབྱུང་མི་འགྱུར། །ཅེས་དང་། སྤྱོད་འཇུག་ལས་ཀྱང་། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་སོ། །དེའི་ཕྱིར་བསྔོ་ཚུལ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཁོ་ནའི་ཕྱོགས་ཉིད་དུ་མི་བསམ་ན་གྱི་ནར་འཕྱན་པའི་ཚུལ། ལི་ཙཱ་པཱིས་ཞུས་པའི་མདོ་ལས། མང་པོ་ཡང་ཉུང་ངུར་རིག་པར་བྱ་སྟེ། ཀུན་མཁྱེན་དུ་མ་བསྔོས་པའི་ཕྱིར་རོ། །ཞེས་སོ། །འདི་ལྟར་དམ་པ་


JLAZ013_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་ཟིན་པ་ནི་ཐར་པ་ཆ་མཐུན་གྱི་དགེ་བ་ཡིན་ལ། མ་ཟིན་ན་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ་འབྲས་བུ་དམན་པར་འགྱུར་བ་ཡིན་ནོ། །གཉིས་པ། རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་གསུམ། གང་ཞིག་བསྔོ་བྱ་བསོད་ནམས་ཀྱི་ཁྱད་པར། གང་དུ་བསྔོ་བའི་ཡུལ་གྱི་ཁྱད་པར། ཇི་ལྟར་བསྔོ་བ་ལམ་གྱི་ཁྱད་པར་རོ། །དང་པོ་ནི། དུག་གསུམ་མེད་པའི་སེམས་ཀྱིས་ཀུན་ནས་བླངས་པའི་སྒོ་གསུམ་གྱི་དགེ་བའི་རྩ་བ་གང་ཡིན་པ་སྟེ། རིན་ཆེན་འཕྲེང་བ་ལས། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་པའོ། །དེ་ཉིད་ཀྱང་བསོད་ནམས་བྱ་བའི་དངོས་པོའི་སྒོ་ནས་དབྱེ་ན། སྦྱིན་པ་ལས་བྱུང་བ་དང་ཚུལ་ཁྲིམས་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་སྟེ་གསུམ་དུ་འགྱུར་བ་ལས། དེང་འདིར་སྐབས་སུ་བབ་པ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་སྟེ། དེ་ལ་དབྱེ་ན། ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་པ་ལས་དང་པོ་གཙོ་བོར་གྱུར་པ་སྟེ། ཇི་ལྟར་སྦྱིན་ན། འདི་སྐད་དུ། དུས་སུ་སྦྱིན་དང་འགྱོད་པ་མེད་པ་དང་། །ཡིད་འོང་སྦྱིན་དང་རྣམ་སྨིན་མི་རེ་བ། །ཞེས་གསུངས་པའི་མཚན་ཉིད་བཞི་ཚང་བས་སངས་རྒྱས་ཀྱི་རྒྱུར་བསྔོ་བར་མི་རུང་བ་མེད་ལ།


JLAZ013_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ལེགས་བྱས་ཀྱི་ཕུང་པོ་འདིའི་ཁོང་དུ་སྦྱིན་པ་བཞི་ཀའི་རྣམ་གཞག་ཚང་བར་སྨོས་སུ་ཡོད་པའང་ཡིན་ནོ། །གཞན་ཡང་ཤིན་ཏུ་རྒྱས་པའི་སྡེ་སྣོད་དང་། སྡུད་པ་ཚིགས་སུ་བཅད་པ། ཕུང་པོ་གསུམ་པ་ལ་སོགས་པའི་དགོངས་པ་བཞིན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ནི་གྲངས་མེད་པ་ཡོད་དེ། དེ་དག་ཏུ་དུས་གསུམ་དུ་གཤེགས་ཤིང་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བརྩམས་པའི་དགེ་བའི་རྩ་བ་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་སློབ་པ་དང་། མི་སློབ་པ་དང་། སངས་རྒྱས་རྣམས་ཀྱི་རྗེས་སུ་བསྟན་པ་ཐོབ་པའི་ལྷ་མི་ལ་སོགས་པས་ཟག་བཅས་དང་ཟག་མེད་ཀྱི་དགེ་བའི་རྩ་བ་གང་དག་བསྐྲུན་པ་རྣམས་ཀྱང་བློ་གྲོས་ཆེན་པོས་ཡོངས་སུ་བསྔོ་བྱ་ཉིད་དེ། ཕལ་པོ་ཆེ་ལས་ཀྱང་། ཕྱོགས་བཅུའི་འཇིག་རྟེན་དག་ན་གང་ཡོད་པའི། །དགེ་བ་དེ་དག་ཡང་ཡང་སྒྲུབ་པས་ན། ། འགྲོ་བ་ཀུན་ལ་ཕན་དང་བདེ་སེམས་ཀྱིས། །ཡེ་ཤེས་མཁས་པ་དེ་དག་ཡོངས་སུ་བསྔོ། །ཞེས་པས་བསྟན་ནོ། །གཉིས་པ་ནི། དགེ་བའི་རྩ་བ་དེ་དག་ཀྱང་སངས་


JLAZ013_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ས་ཁོ་ནར་བསྔོ་བའི་ཡུལ་དུ་དམིགས་པ་ལས། གཞན་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། བརྒྱ་བྱིན་དང་། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཁམས་ཀྱི་རྒྱལ་ཕྲན་དང་། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་བདེ་འབྲས་ཀྱི་སླད་དུ་བསྔོ་བར་བྱ་བ་ནི་བཟང་པོ་མ་ཡིན་ཏེ། དེ་དག་ནི་གནས་སྐབས་ཀྱི་བདེ་བ་ཅན་འཁོར་བའི་རྒྱུ་ལ་བརྟེན་པ། སྡུག་བསྔལ་གྱི་འབྲས་བུ་ལས་མ་བརྒལ་བ་ཡིན་ལ། དགེ་བ་ནི་གཏན་གྱི་འདུན་མ་ཁོ་ནའི་སླད་དུ་བསགས་པ་ཡིན་པས་སོ། །འདི་ལྟར་གཏན་གྱི་འདུན་མ་དེའང་རང་ཉིད་གཅིག་པུ་སྡུག་བསྔལ་དང་བྲལ་བ་ཙམ་དུ་སེམས་པ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་བ་ཡང་མ་ཡིན་ཏེ། དེ་དག་ནི་རང་དོན་གྱི་ཞི་བདེ་འབའ་ཞིག་ལྷུར་བྱེད་པས། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པའི་གནས་ལ་གེགས་སུ་བྱེད་པའི་ཕྱིར་རོ། །དེའི་ཕྱིར་བསྔོ་བ་མཚན་ཉིད་པ་ནི། རྒྱལ་བའི་ཡུམ་ལས། དགེ་བའི་རྩ་བ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པ་ཡིན་ནོ། །ཞེས་གསུངས་པས་སོ། །གསུམ་པ་ལ་གཉིས། ཇི་ལྟར་བསྔོ་བའི་མི་མཐུན་པའི་ཕྱོགས་སྤོང་བ་དང་། མཐུན་པའི་ཕྱོགས་བསྒྲུབ་པའོ། །དང་པོ་ནི། གང་དུ་བསོད་ནམས་བྱས་པ་ལ་བསྔོ་བ་བྱེད་


JLAZ013_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་བཅའ་བརྟན་པོར་གྱུར་ཀྱང་། འཁོར་གསུམ་དུ་མཚན་མར་འཛིན་པའི་འདུ་ཤེས་ཅན་ལ་དམིགས་པ་མེད་པའི་ཤེས་རབ་ཀྱིས་མ་ཟིན་པའི་དུག་བཅས་ཀྱི་བསྔོ་བ་ཁ་ན་མ་ཐོ་བ་འབྱུང་སྟེ། བརྒྱད་སྟོང་པ་ལས། དམིགས་པའི་འདུ་ཤེས་ཅན་ལ་ཡོངས་སུ་བསྔོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པ་ནི་དུག་དང་བཅས་པའོ། །ཞེས་སོ། །དེའི་ཕྱིར་དངོས་པོ་དང་། བསམ་པ་དང་། ཡུལ་གསུམ་ལ། བདེན་བདེན་པོར་ཞེན་ཅིང་ཆགས་པ་ནི་འཁོར་གསུམ་རྣམ་པར་རྟོག་པ་ཤེས་བྱའི་སྒྲིབ་པ་ཅན་ཡིན་ཏེ། མགོན་པོ་བྱམས་པས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་སོ། །གཉིས་པ་ནི། ཐབས་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་བདག་མེད་པའི་ལྟ་བས་ཟིན་པའི་ངང་ནས་ཡོངས་སུ་བསྔོ་བ་ནི་བཟང་པོ་བཞི་དང་ལྡན་པའི་བསྔོ་བ་ཡིན་ཏེ། དེ་སྐད་དུ། དམིགས་པ་བཟང་དང་སྟོན་པ་དང་། །ཐབས་བཟང་བ་དང་ངེས་འབྱུང་དང་། །སྤྱོད་པ་བཟང་པོ་བདག་ཉིད་ཀྱིས། །ཡང་དག་སྨོན་ལམ་ཡིན་པར་བཤད། །ཅེས་པ་ལྟར་རོ། །དེ་ལ་ཐབས་ནི་བྱང་ཆུབ་ཀྱི་སེམས་དམ་པས་ཟིན་པ་སྟེ། ཇི་ལྟར་བསྒྲུབས་པའི་དགེ་བ་ཐམས་ཅད་ཀྱང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། རྣམ་མཁྱེན་དམ་པའི་གོ་འཕང་


JLAZ013_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་གཉེར་བའི་འདུན་པ་དང་མ་བྲལ་བ་སྟེ། ཞི་བ་ལྷས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་སོ། །དེ་ལྟ་བུའི་བྱང་ཆུབ་སེམས་ཀྱིས་ཡོངས་སུ་ཟིན་པའི་བསོད་ནམས་ཀྱི་འབྲས་བུ་ནི་ནམ་ཡང་ཟད་མི་ཤེས་ལ། རང་བཞིན་གྱིས་འཕེལ་བར་འགྱུར་བའི་ཕྱིར་དགེ་བ་གཞན་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཡིན་ཏེ། སྤྱོད་འཇུག་ལས། འདི་སྐད་དུ། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་སྤྱད་པས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུར་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཅེས་དང་། སེམས་ཅན་གྱི་ཁམས་ཚད་མེད་པ་ལ་དམིགས་པས་བསོད་ནམས་ཀྱང་ཚད་མེད་པའི་ཚུལ། རིན་ཆེན་འཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་སོ། །དེ་ཀུན་ཀྱང་ཤེས་རབ་བདག་མེད་པའི་ལྟ་བས་ཟིན་པས་མཉམ་བཞག་གི་ངོ་ན་འཁོར་གསུམ་རྣམ་པར་མི་རྟོག་ལ། རྗེས་ཐོབ་ཏུ་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཆོས་ཉིད་ཤེས་པའི་བསྔོ་བ་ནི། བྱང་ཆུབ་ཀྱི་ལམ་མ་ནོར་བ་ཉིད་དུ་འགྱུར་བ་ཡིན་ཏེ། སྡུད་པ་ལས། གལ་ཏེ་འདི་ལྟར་ཆོས་འདི་འགགས་ཤིང་ཟད་པ་དང་། གང་དུ་ཡོངས་སུ་བསྔོ་བ་དེ་ཡང་ཟད་པ་དང་།


JLAZ013_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་ཆོས་ལ་ནམ་ཡང་མི་བསྔོ་ཤེས་གྱུར་ན། དེ་ལྟར་རབ་ཏུ་ཤེས་པས་ཡོངས་སུ་བསྔོས་པ་ཡིན། ཞེས་གསུངས་ཤིང་། །ཚུལ་དེ་ལྟ་བུས་བསྔོ་བའང་། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པ་ལྡན། །དེ་དག་ཀུན་གྱི་སྤྱན་སྔ་ན། །བདག་ནི་རྟག་པར་གནས་སོ་ཞེས། །ཞེས་པས་རྒྱུ་འབྲས་མི་འཆོལ་ཞིང་བསླུ་བ་མེད་པའི་བདེན་དཔང་ཕྱོགས་ག་ཤེད་ནས་སྤྱན་འདྲེན་པ་དང་བཅས་པའི་ངལ་བ་ལ་མ་ལྟོས་པ་ཉིད་ཀྱི་ཕྱིར། ཕྱོགས་བཅུ་དང་མུར་གཏུགས་པ་མེད་པའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ན་འཚོ་ཞིང་བཞེས་པའི་བཅོམ་ལྡན་འདས་སྲས་དང་སློབ་མར་བཅས་པ་རྣམས་དུས་གསུམ་སྒྲིབ་གཡོགས་དང་བྲལ་བར་བཞུགས་པའི་སྤྱན་སྔར། ཇི་ལྟར་བསྔོས་པའི་འབྲས་བུ་དེ་དེ་བཞིན་དུ་འགྲུབ་པའི་མཐུན་འགྱུར་ཞུ་བ་ཡིན་ནོ། །དེའང་འདི་ལྟར། ལས་བཞིའི་འཁོར་ལོའི་རྒྱུད་ཕྱི་མ་ལས། དུས་ངན་ཐ་མ་བྱུང་བའི་ཚེ། །ལྷ་མོའི་ནང་ན་འོད་ཟེར་ཅན། །འཕགས་པའི་ནང་ན་འཇམ་དཔལ་ཉིད། །འདི་གཉིས་མ་གཏོགས་དངོས་གྲུབ་གཞན། །རིག་འཛིན་ཀུན་ལ་མ་ཡིན་ནོ། །ཞེས་པ་ལྟར། ཐུགས་རྗེ་དང་འཕྲིན་ལས་ཆེན་པོའི་བ་གམ་བླ་ན་མཐོ་ཞིང་། ཐེག་པ་ཆེན་པོའི་ཆོས་ཚུལ་རྒྱ་མཚོའི་མཚན་ཉིད་གང་ཡིན་པ་མ་འདྲེས་གསལ་བའི་བློ་གྲོས་ལ་གདོན་མི་ཟ་བའི་མཁྱེན་རབ་ཀྱི་ཚེར་མ་རྣོན་པོ་དང་འགྲོགས་


JLAZ013_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་གཞོན་ནུ་ནོར་བཟང་གིས་ཁྱུ་མཆོག་ལྟ་བུའི་བཤེས་གཉེན་དམ་པ་མང་དུ་བསྟེན་པ་ཐམས་ཅད་ཀྱི་ནང་ན། ཚངས་པའི་གནས་པ་བཞིའི་མི་མཐུན་ཕྱོགས་ལས་རྣམ་པར་གྲོལ་བའི་བྱང་ཆུབ་སྤྱོད་པའི་དབང་པོ། འཕགས་པ་ཀུན་ཏུ་བཟང་པོའི་རྗེས་སུ་སློབ་ཅིང་། རྗེས་སུ་བསྒྲུབ་པའི་འདུན་པ་དང་བཅས་ཏེ། ད་ལྟར་གྱི་ལེགས་པར་བྱས་པའི་ཕུང་པོ་དང་འགྲོགས་ནས་འདས་པ་དང་མ་འོངས་པའི་ཆ་ལ་བྱེད་པར་འགྱུར་བ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཁོ་ན་ལ་གཅིག་ཏུ་འདུན་པས་ཡོངས་སུ་བསྔོ་བར་བྱ་སྟེ། འདི་ལ་འདོད་པ་ཁ་ཅིག་གིས། རྒྱུ་དགེ་བ་སྔོན་སོང་ནི་བསྔོ་བ། དེ་ལས་ལྡོག་པ་ནི་སྨོན་ལམ་ཞེས་རྣམ་དབྱེ་བྱེད་ཀྱང་ཕུང་པོ་གསུམ་པ་ལ་སོགས་ཏེ་ཡོངས་སུ་གྲགས་པ་དང་ཚད་མས་འགལ་བས། ད་ལྟ་ནས་རྒྱུ་དགེ་རྩ་སྔོན་དུ་སོང་བའམ་མིན་ཡང་རུང་སྟེ། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་བསྔོ་བ། དེར་མ་ལྟོས་པ་ལ་སྨོན་ལམ་ཞེས་ཐ་སྙད་དུ་བཏགས་ནས་བསྔོ་བར་བྱ་བའི་དུས་ལ་གཏན་ཚིགས་མེད་པར་བྱས་ན་ལེགས་པར་འགྱུར་གྱིས། དེ་ལྟར་དུ་བསྔོ་བའི་ཚིག་གི་བརྗོད་པ་ལའང་མདོ་སྡེ་དྲན་པ་ཉེར་གཞག་ལས། དམ་པའི་ཆོས་ཤིན་ཏུ་གསལ་བར་བྱེད་པའི་སྙན་དངགས་བྱའོ། །དེ་ལས་


JLAZ013_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ། །ངལ་བ་འབྲས་བུ་དང་བཅས་པར་འགྱུར་རོ། །གཞན་དག་གིས་དེ་རབ་ཏུ་བསྔཊ་པར་འགྱུར་རོ། །ལུས་ཞིག་ནས་ཤི་བའི་འོག་ཏུའང་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་ལྟར། སཾ་སྐྲྀ་ཏའི་སྐད་དུ་ཀ་བི་སྟེ། གངས་རིའི་ཁྲོད་ན་སྙན་དངགས་སུ་གྲགས་པ་སྔོན་གྱི་སློབ་དཔོན་རཱ་མ་ཤརྨ་ལ་སོགས་པའི་གཞུང་གི་དོན་འཕགས་པའི་ཡུལ་གྱི་གནས་ལྔ་རིག་པར་སྨྲ་བའི་པཎྜི་ཏ་དཎྜིའམ། དབྱུག་པ་ཅན་ཞེས་བྱ་སྟེ་མིང་གི་མངོན་པར་བརྗོད་པས་གྲུབ་མཐའ་ཅིག་ཤོས་ལ་ཞུགས་པ་ཡིན་ཡང་རུང་སྟེ། རྒྱུད་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཁམས་ལ་ཉེ་བར་རྒྱུ་བའི་སྙིང་པོ་ཅན་གྱི་རིག་པའི་ཡན་ལག །ཁྱད་པར་ཅན་ལ་མ་རྨོངས་པ་དེས་འདི་སྐད་དུ། བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང་། །སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ། །ཇི་ལྟར་ནུས་བཞིན་བདག་གིས་ནི། །སྙན་དངགས་རྣམས་ཀྱི་མཚན་ཉིད་བྱ། ། ཞེས་ཀ་བྱཱ་དཪྴ་ཞེས་པའི་གཞུང་རྒྱས་བསྡུས་འཚམས་པར་བསྡུས་ཤིང་། དཔེར་བརྗོད་ཀྱིས་མཚོན་པར་བྱས་པ་ཉིད་གངས་རིའི་ཁྲོད་འདིར་བསླབ་ཏུ་རུང་བའི་སྲོལ་ཤིན་ཏུ་དར་བར་གྱུར་པའི་རྗེས་སུ་འདུན་པ་ཕྱོགས་པ་ཡིན་ཏེ། རྒྱུ་གང་གིས་ན། དེ་ཉིད་ཀྱིས། མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་ངག་གི་འདོད་འཇོར་


JLAZ013_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །ཅེས་དང་། དེ་སྐད་དུ། རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་། །རྒྱན་མེད་པ་ན་སྐྱེ་བོས་གླེང་། །དེ་ཕྱིར་སྙན་དངགས་མི་ལྡན་པའི། །བསྟན་བཅོས་ཕལ་ལ་བརྩི་བ་མེད། །ཅེས་པས་སོ། །དེའི་ཕྱིར་ཡུལ་ལྷོ་ཕྱོགས་པའི་པཎྜི་ཏ་ནག་མོའི་ཁོལ་ལ་ལྷག་པའི་ལྷས་དངོས་གྲུབ་བྱིན་པ་བཞིན། འདིར་རང་བཞིན་རྫོགས་པ་ཆེན་པོ་ཤེས་རབ་རང་བྱུང་གི་སྒྲོན་མའི་གདངས་འགགས་པ་མེད་པའི་རྩལ་སྣང་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་དང་ཕྱོགས་ཀུན་ནས་ཉེ་བར་གྱུར་པ་ཡིན་པས་བརྗོད་པའི་ཚིག་ཀྱང་སྐལ་བ་ངན་པའི་གྲོང་ཁྱེར་དུ་མི་འཇུག་པ་ནི་འདི་ལྟ་སྟེ། ཨོཾ་སྭ་སྟི་པྲཛྙཱ་བྷྱ། དཔལ་གྱི་ཡོན་ཏན་དམ་པའི་འབྱུང་གནས་ལྷུན་གྲུབ་ཞི་བ་གངས་ཆེན་མཚོ། ། མཐའ་དང་བྲལ་བའི་མུ་ཁྱུད་གསར་པ་ཀུན་གསལ་ལམ་གྱི་རྗེས་སོང་བ། །ཡང་སྲིད་མེད་པའི་ཆོས་རྣམས་མ་ལུས་གཞོལ་འགྲོའི་གདོང་གི་རི་མོ་བཞིན། ། བརྟན་པ་བྲལ་བའི་ངང་ཚུལ་འདི་ནི་སངས་རྒྱས་རྣམས་ཀྱི་ཁྱད་པར་ཆོས། ༡ ། དེ་ཉིད་ཐོབ་བྱེད་མཐོང་དང་སྒོམ་ལམ་རྣོ་དབལ་མཚོན་གྱི་གདེངས་ཀ་ཅན། །གཉིས་སུ་བགྱི་དང་ཀུན་ཏུ་རྟོག་པའི་དྲྭ་བ་གཅོད་བྱེད་བདེན་པའི་གསུང་། །ཞི་གྱུར་ཆགས་བྲལ་དམ་པའི་ཆོས་ནི་སོ་སོ་ཡང་དག་རིག་བཞིའི་དངོས། །ཀུན་རྫོབ་


JLAZ013_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མའི་ཆོ་ག་མ་ལུས་འགོག་བྱེད་ཁྱོད་ལས་གཞན་ཡོད་མིན། ༢ ། རྟག་ཆད་སྨྲ་ལ་ཁྲོ་བ་སྤངས་པའི་སྡང་ཞེན་མི་བཟད་གཙུག་ཕུད་ལྡན། །རིག་དང་གྲོལ་བའི་བློ་གྲོས་གཏེར་གྱི་རལ་པའི་ལན་བུ་གཡོ་བ་འང་། །མཚམས་སྤྲིན་གསར་པས་བླ་རྣམས་བསྒྲིབས་ཏེ་དུལ་བའི་ངང་ཚུལ་ལྷུར་བྱེད་པ། །བསྟན་པ་རྒྱ་མཚོའི་རྩ་ལག་གཅིག་གྱུར་རིན་ཆེན་གསུམ་ལ་སྐྱབས་སུ་མཆི། ༣ ། འགྲོ་ཁམས་བྱང་གྲོལ་ས་བོན་བསྐྱེད་བསྲིང་སྙན་ཚིག་དཔྱིད་ཀྱི་རྒྱང་གླུའི་སྒྲས། །དགེ་ཚོགས་བྱང་ཆུབ་མྱུ་གུར་སྨིན་བྱེད་ཤིན་ཏུ་རྣམ་བཀྲའི་འོག་པག་ཅན། །ལེགས་བྱས་སྤུ་སྡུག་ཚོན་གྱིས་བསྡེབས་པའི་སྒྲོ་གཤོག་ཟླུམ་པོར་གཡོ་བའི་གར། །མུ་མཐའ་མེད་པའི་སྤྲུལ་བསྒྱུར་འདི་ནི་སྲིད་དང་ཞི་བའི་གྲོང་ན་མཛེས། ༤ ། རིགས་ཅན་གསུམ་གྱི་གདུལ་བྱའི་རྣམ་རྟོག་གངྒཱའི་ཀླུང་གི་བྱེ་མ་སྙེད། །ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོའི་ཟ་མ་ཏོག་ཏུ་རྒྱས་བཏབ་ནས། །སྐྱེས་བུ་གསུམ་གྱི་ལམ་ལས་དབུགས་འབྱིན་ཐོབ་པའི་ས་མཁན་སུ་ཞིག་ན། ། སྐུ་གསུམ་སྟོན་པ་མཆོག་གི་ངོ་བོ་རྡོ་རྗེ་གདན་པ་ས་འཚོའི་བདག ༥ ། ཕྱོགས་བཅུར་རབ་འབྱམས་མཐའ་མེད་རོལ་པ་ལྷ་ཡི་རྫིང་རིང་རབ་སོང་བ། ། དེ་དེའི་རྡུལ་གཅིག་སྟེང་གི་རྡུལ་སྙེད་ཞིང་ཁམས་རྒྱ་མཚོར་བཀོད་པའི་ཁྱོན། །བྱོན་དང་འབྱོན་འགྱུར་འཚོ་ཞིང་གཞེས་པའི་མངོན་ཤེས་དྲུག་ལྡན་སངས་རྒྱས་དང་། །དབང་བཅུ་ལྡན་པའི་སེམས་དཔའ་


JLAZ013_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་འདི་ནི་བརྗོད་པ་དོན་ལྡན་མཛོད། ༦ ། གང་ཞིག་སྟོན་གྱི་ཟླ་བའི་སྤུན་ཟླ་བསོད་ནམས་དམ་པའི་མུ་ཁྱུད་ནང་། །གནས་སྐབས་མཐར་ཐུག་བསྔོ་བྱའི་སྨོན་པ་རི་དྭགས་གཞོན་ནུའི་ལང་ཚོ་ཅན། ། སྲས་བཅས་རྒྱལ་བའི་བདེན་དབང་སྤྲིན་ལམ་སྙན་དངགས་དམ་པའི་ཤིང་རྟར་བརྟེན། །དེ་ལ་དབྱངས་གཅིག་ཁོ་ནའི་ངེས་པས་མཐུན་འགྱུར་རོལ་མོ་དར་དིར་སྒྲོག ༧ ། འཁོར་བ་རྒྱ་མཚོར་སྐྱེ་བའི་འཁྲི་ཤིང་བཙུགས་པའི་རྣམ་གྲངས་དེ་སྙེད་ཀུན། ། གཞན་དབང་ཉིད་དུ་ཡོང་ཡེ་མ་བཟུང་གྱ་གྱུའི་མཚོན་གྱིས་མ་བཞར་བའི། ། གཅིག་ཏུ་རྣམ་པར་དཀར་བའི་ལས་ལམ་བྱུང་དང་འབྱུང་འགྱུར་ཐམས་ཅད་ཀྱང་། །ལེགས་པར་བྱས་པའི་རྣམ་དཀར་འདི་དང་གཉིས་སུ་མ་ཡིན་མཛའ་བར་བྱེད། ༨ ། འདི་ན་བསོད་ནམས་བདུན་གྱི་བདུན་པའི་སྔོན་ན་དལ་འགྲོ་ཁྱུང་སྔོན་སྐྱེས། ། དགེ་བའི་ཆོས་རྣམས་མ་ལུས་སྡུད་བྱེད་ཡན་ལག་བདུན་གྱི་ཤིང་རྟ་ལ། །ཉེས་བྱས་མ་ལུས་བསྐམས་པར་བྱས་པའི་ཁུར་གྱིས་དུབ་གང་ངལ་གསོ་བར། །དབུགས་འབྱིན་ཐོབ་ཅེས་གཏམ་དུ་གླེང་བ་འདི་ཡང་བརྗོད་པ་དོན་དང་ལྡན། ༩ ། ཕྱག་འོས་རྣམས་ཀྱི་སྤྱན་སྔར་མཆིས་པའི་ལང་ཚོའི་འཁྲི་ཤིང་གཞོན་ནུ་མ། །ལྷ་ཆེན་འཕྲུལ་དགར་མངོན་དུ་བརྫུ་བའི་ཉམས་དང་འགྱུར་བ་ཟད་མི་ཤེས། །ཀུན་ཏུ་བཟང་པོའི་ཏིང་འཛིན་


JLAZ013_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་རི་མོ་མཁན་གྱི་བློ་གྲོས་ལ། །མི་མཇེད་འདི་ཡང་སྣོད་དུ་ཆུང་ཞེས་གྱ་ནོར་མཆོད་སྤྲིན་སྤྲོ་ལ་བྲེལ། ༡༠ ། ཞོ་འཐུང་རུས་པའི་མཚོན་གྱིས་འབིགས་པར་མ་ནུས་ཤིང་། །གངྒཱའི་ཀླུང་རྒྱུན་ཡོངས་ཀྱི་ཉེ་རེག་ངལ་བྱེད་པའི། །བཅས་དང་རང་བཞིན་ཁ་ན་མ་ཐོའི་སྒྲིབ་བྱེད་འདིས། ། ཐར་པ་ཉམས་བྱས་དེང་འདིར་སྟོབས་བཞིའི་ཆོ་གས་སྨད། ༡༡ ། ལྷག་པའི་བསམ་པ་ག་བུར་ཐིགས་པ་འཛག་པ་དེས། །སྲིད་ཞིའི་དགེ་ཚོགས་ཀུན་ལ་ཞེན་པའི་མཐུ་ཡོད་ན། །འདུན་པ་གཅིག་གིས་གཞན་གྱི་ལེགས་བྱས་དབྲོག་ནུས་པ། །རྗེས་སུ་ཡི་རངས་སྒོམ་པའི་ཕ་མཐའ་སུ་ཡིས་བགྲང་། ༡༢ ། སྤངས་རྟོགས་ཡོན་ཏན་བལྟར་མི་མངོན་པ་དེ་སྲིད་དབེན་པར་རབ་བསྔགས་མོད། །རྒྱལ་རྣམས་ཐེག་དམན་མཆོག་ཏུ་འཛིན་མིན་ཞི་བར་གཞོལ་ལྟ་ག་ལ་ཞིག །བདུན་ཕྲག་བདུན་དུ་སྤྲོ་བ་ཞན་པ་བསྐུལ་བའི་བསོད་ནམས་འཕེལ་ཕྱིར་ན། །འདིར་ཡང་ཚངས་དང་དབང་པོའི་རྗེས་སུ་ཆོས་འཁོར་བསྐུལ་ལ་སྐྱོ་བ་མེད། ༡༣ ། གང་ཞིག་སེམས་ཅན་ཡལ་བར་འདོར་བའི་བརྟུལ་ཞུགས་ཡོང་ཡེར་མ་བཟུང་བཞིན། །མྱ་ངན་འདའ་བ་ཆོས་སྐུའི་མཚན་ཉིད་སྟོན་ལ་རབ་ཏུ་དགོངས་པའི་ཕྱིར། ། དེ་ལས་གཞན་དུ་རྣམ་པར་འཁྱམས་པའི་འགྲོ་བ་དག་ལ་སླར་གཟིགས་ནས། །བཞུགས་སུ་གསོལ་བ་འདེབས་པར་བྱེད་དང་བདག་ཉིད་གྲོས་སུ་མཐུན་


JLAZ013_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། ༡༤ ། འདི་ན་ཞིང་བསམ་སྦྱོར་བ་དག་པའི་དབྱིག་འཛིན་ཁྱོན། །ལྷ་ཡི་འཁྲི་ཤིང་མནྡཱར་བའི་ཡོངས་བསྔོ་ནི། །ཡོན་ཏན་མི་ཟད་དཔལ་གྱི་དུམ་བུའི་ལང་ཚོ་ཅན། །རྣམ་པ་ཀུན་ནས་ཐམས་ཅད་གཟིགས་པའི་འབྲས་བུར་སྨིན། ༡༥ ། རིང་མོ་ཉིད་ནས་སྔ་འགྱུར་བསྟན་པ་དགའ་བས་བརྒྱན། །འདོད་ཆགས་ཟམ་པས་འགེགས་པར་རྩོམ་པའི་བདེ་བླག་ཅན། །གང་གིས་ཡིད་ལ་ཟུག་རྔུའི་ཚོར་བ་སྟེར་བྱེད་པའི། ། ལས་དང་དེ་ཡི་རྟོགས་པ་བརྗོད་འདི་དོན་ལྡན་ཡིན། ༡༦ ། གང་ཞིག་ལེགས་བྱས་ཡི་གེའི་འཛུམ་གྱིས་བསུས་པ་དེ་ཡི་བཞིན་རས་ལ། །གཅིག་ཏུ་དགའ་བའི་ཆོམ་རྐུན་ཆེན་པོས་གདོན་མི་ཟ་བར་བཏབ་པའི་ཡིད། །གཏོང་ལ་གོམས་དང་ལས་ཀྱི་འབྲེལ་བ་དོན་ལྡན་ཉིད་དུ་གང་གིས་ན། ། སྙན་དངགས་དམ་པའི་སྲད་བུ་འདི་ཡི་ལན་བརྒྱར་བཙེམས་པའི་གྲོགས་སུ་བྱེད། ༡༧ ། གཡོ་སྒྱུའི་གཏམ་དང་ཀྱལ་པའི་ཚིག་ནི་ཇི་ཙམ་འབད་ཀྱང་གཞན་དབང་ཅན། །དེ་ཉིད་སྤངས་ལས་དྲང་སྲོང་ངག་གི་མཚོན་ཆ་རྣོན་པོ་བརྡར་བ་དང་། །རིགས་སྔགས་གྲུབ་པའི་གཙུག་ཏོར་ཅན་གྱི་བདེན་པའི་ཉི་མ་འོད་པོ་ཆེས། ། དེ་རིང་བདག་གིས་ཇི་ལྟར་སྨོན་པའི་སྙིང་པོ་ཁུར་དུ་ལྕི་བར་མཛོད། ༡༨ ། ཕྱོགས་བཅུའི་བདེ་གཤེགས་སྲས་དང་སློབ་མར་བཅས་པ་ཡིས། །ཐེག་པ་གང་ལས་


JLAZ013_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྙེ་མར་རབ་སོང་དང་། །སོ་སོ་སྐྱེ་བོའི་ཀུན་གཞིའི་ཁམས་ལ་བཅས་རང་གི། །རྣམ་པར་དཀར་བའི་ས་བོན་ཇི་སྙེད་ཡོད་པ་ཀུན། ༡༩ ། དེང་འདིར་རྗེས་སུ་ཡི་རངས་འཛུམ་རླབས་མུ་ཏིག་གསར་པའི་དོ་ཤལ་ནི། །ཆེད་དུ་བྱ་བ་ཡོངས་བསྔོའི་ཆོ་གར་རབ་ཏུ་མཁས་འདིའི་མགུལ་པ་རུ། །མངོན་པར་མཛེས་བྱས་དེ་ཡི་བློ་གྲོས་ཀུན་ཏུ་བཟང་པོའི་འདུན་ཁང་ནང་། །ཡོན་ཏན་ཐམས་ཅད་རྣམ་པར་བྱང་བའི་ཆོས་ལས་གཞན་དུ་འཕེལ་མི་སྲིད། ༢༠ ། འདུས་བྱས་དགེ་ལ་མཆོག་ཏུ་རློམ་པའི་བདེན་ཞེན་དབང་པོའི་མཚོན་ཆ་ནི། །བསིལ་གྱུར་ཞི་བ་བྱང་ཆུབ་དམ་པས་རེག་བྱར་ནམ་ཡང་བཟུང་བ་མེད། །ཆོས་ཉིད་ཆེན་པོ་སྤྲོས་པ་ཉེར་ཞི་རབ་ཏུ་མི་གནས་མྱ་ངན་ལས། །འདའ་བའི་གོ་འཕང་གདོད་མའི་འབྲས་བུར་སྟེར་ལ་ནེམ་ནུར་ཡོངས་སུ་སྤངས། ༢༡ ། འགྲོ་བ་ལམ་རབ་ཉམས་པའི་ཡིད་ནི་ཞི་བྱེད་པ། །ཐུབ་པའི་ལུང་རྟོགས་བསྟན་པ་རིན་ཆེན་ས་མོས་ཕྲེང་། ། སྐྱེས་བུ་གསུམ་མམ་རིམ་པ་དགུ་ཡི་གཞལ་མེད་ཁང་། ། སྐྱེ་དགུའི་བསོད་ནམས་ཉེར་འཚོའི་བླ་ན་བརྟན་གྱུར་ཅིག ༢༢ ། ཟབ་དང་རྒྱ་ཆེར་གཏིང་མཐས་མ་གཏུགས་བདེ་གཤེགས་བཀའ། །མ་རྟོགས་གཡང་དང་ལོག་རྟོགས་སེམས་ཀྱི་རྣོ་དབལ་མཚོན། །འཕྱང་མོ་ཉུག་གི་ཁྱོགས་ལ་འདེགས་པའི་དམ་བཅའི་རིས། །འཆོས་སྐྱོབ་དམ་པའི་ཡོན་ཏན་ཆེན་པོས་བསུབས་དེ་རྨད།


JLAZ013_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

༢༣ ། འདི་ན་གངས་ལྡན་རི་བོའི་དོ་ཤལ་གསར་པའི་འཛུམ། །རྒྱལ་བའི་རིང་ལུགས་ས་ཡི་གདུ་བུར་བཞད་བྱེད་པའི། །འཕྲིན་ལས་མི་ཟད་ཟླ་བཞིན་མ་ཡི་དཔེ་བྱད་གཟུགས། །ཆར་ལྡན་དུས་ཀྱི་མཛེས་པ་རྔོམ་ལ་གཅིག་ཏུ་སྨོན། ༢༤ ། རྩ་བ་སྦོམ་ན་ཀུན་ཏུ་དོན་ཡོད་སོ་སོར་ཐར་པའི་བསླབ་གཞི་སྟེ། །བྲི་བ་མེད་པའི་དགེ་ཚོགས་ཡན་ལག་རྒྱལ་སྲས་སྤྱོད་པའི་འདབ་མ་བརྒྱ། །རོ་བཅུད་འབྲས་བུའི་ཡོན་ཏན་མ་སྨད་གསང་ཆེན་ཉིད་དུ་གཡུར་ཟ་བའི། ། ཐར་པ་རྒྱ་མཚོའི་ས་མཁན་ལྗོན་པ་ཀུན་ཀྱང་རྩ་བ་བརྟན་ལ་དགའ། ༢༥ ། རིག་པའི་ཡོན་ཏན་འཆི་བ་མེད་པའི་སྐྱེད་མོས་ཚལ། །རྒྱ་ཆེན་གཞུང་གི་དགོས་པ་བསྡུ་བའི་སྒྲ་དོན་གནས། །མཚམས་སུ་སྦྱོར་དང་བརྒལ་ཞིང་བརྟག་པའི་འདྲེན་བྱེད་སྟོང་། །རབ་བགྲད་རྨོངས་ཆེན་མུན་པ་བསལ་བས་དེར་མཛེས་ཤོག ༢༦ ། རྒྱལ་བས་བདེན་གསུངས་ཕར་ཕྱིན་ལམ་གྱི་གཞལ་བྱའི་ཁྱོན། །འཇལ་བྱེད་ཚད་མའི་གོམ་པ་གསུམ་གྱིས་རབ་གནོན་ལ། །ཆོས་ཀྱི་གྲགས་པའི་བློ་གྲོས་མཆོག་གི་ཐ་གུའི་ལྟོ། །ལོག་པར་སྨྲ་བའི་སྟོབས་ལྡན་གཉའ་ན་བརྗིད་གྱུར་ཅིག ༢༧ ། ཉམས་དང་འགྱུར་བ་སྟོང་དུ་རྫོགས་པའི་ནགས་ཁྲོད་ནས། །སྒྲ་དོན་རྒྱན་གྱི་ལེགས་བྲིས་སྒྲོ་ལྡན་གཙུག་ལག་གཞུང་། །བཅད་ལྷུག་སྤེལ་མའི་ལེགས་བཤད་དབྱངས་སུ་འཚེར་བ་ནི། །


JLAZ013_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཐོས་སེམས་ལྡན་རླུང་གི་ཤིང་རྟར་མཛེས་གྱུར་ཅིག ༢༨ ། གུར་གུམ་རྒྱས་པའི་ནགས་ཚལ་བུང་བས་གང་བ་ཡང་། །འདི་ཡི་དཔེ་ཟླར་འོས་པ་མ་ཡིན་ཚུལ་ཁྲིམས་ཀྱི། །བསུང་ཞིམ་ཕྱོགས་ཀྱི་ཕ་མཐར་སོང་བའི་དགེ་འདུན་སྡེས། །བསླབ་པ་གསུམ་གྱི་བྲང་ཁང་དོག་པོར་བྱེད་ལ་སྨོན། ༢༩ ། ཤིན་ཏུ་མྱུར་བ་རྡོ་རྗེའི་ལམ་གྱི་ཐེམ་སྐས་ལ། །བསྐྱེད་དང་རྫོགས་པའི་གོམ་སྟབས་གཅིག་གིས་བགྲོད་པའི་མཐུ། །ཚད་མས་མ་ཡིན་ངོ་བོ་ཉིད་གསུམ་གྲུབ་པའི་མཐའ། །སྐུ་གསུམ་འབྲས་བུའི་སྙེ་མ་སྦོམ་པོར་གཡུར་ཟ་ཤོག ༣༠ ། གྲོང་ཁྱེར་མ་ཡི་བདེ་བས་མཚོན་མིན་འཕུར་འགྲོའི་ཐེག་པ་མཆོག་གི་ཟིལ། །བཟོད་པར་མ་ནུས་བརྟན་གཡོའི་ཁམས་ཀྱང་རང་མཚན་འཛིན་པའི་མཐུ་སྨད་ནས། །སྣང་སྲིད་མ་ལུས་བདེ་ཆེན་ཞིང་དུ་འཇའ་དང་འོད་སྐུར་དེངས་པའི་གཏམ། །སྔོན་རབས་རྣམས་ལ་ཡོངས་སུ་གྲགས་པ་ད་དུང་མཐོང་བའི་ཆོས་ལ་གནས། ༣༡ ། ཐེག་པ་གསུམ་གྱི་བརྗོད་བྱའི་དངོས་པོ་བདེ་གཤེགས་སྙིང་པོའི་བ་དན་ཅན། །ལུང་དང་རྟོགས་པའི་ཀོ་ཏུ་བྷ་ཡི་ཏོག་གི་བློ་གྲོས་རྣམ་པར་མཛེས། །དེ་ཉིད་གང་དུ་རྩ་བ་བརྟན་ལས་འཇིག་རྟེན་ཀུན་ཏུ་བདེ་ལེགས་ཀྱི། །འཛུམ་ཞལ་མནྡཱ་ར་བའི་འདབ་བརྒྱ་གྲོལ་འདི་རྒྱུ་འབྲས་བསླུ་མེད་ཡིན། ༣༢ ། དེ་འདྲའི་མཐུ་ནི་བདེན་པ་གང་གིས་རྗེས་འགྲོ་ན། །འདི་དང་གཞན་གྱི་ལྗོངས་ཀྱི་ཐིག་ལེའི་དབྱིག་


JLAZ013_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཁྱོན། །རྫོགས་ལྡན་གཞོན་ནུའི་དགའ་སྟོན་འབོད་ལ་ཆས་པའི་འཛུམ། །ཐགས་བཟང་ཚེམས་ཀྱི་སོ་ཞོ་ངོམ་ལ་བྲེལ་བ་བཞིན། ༣༣ ། དུས་སུ་ཡིད་འོང་རླུང་གི་ཤིང་རྟའི་བླ་རེ་བྲེས། ། ཨུཏྤ་ལ་ཡི་སྤུན་ཟླར་གྱུར་པའི་ཆར་ཟིམ་ཉིད། །སྤྲིན་གྱི་ལྕུག་མ་གད་མོར་དགོད་ལས་ཁའི་ཟེགས་མ། །ས་གཞི་མརྒད་ཞུན་མས་འབྱུག་པའི་བྱེད་པོར་བསྐོས། ༣༤ ། ལོ་འདབ་རྒྱས་པའི་ནགས་ཚལ་སྟུག་པོའི་གུར་ཁྱིམ་ཀུན། །བཟའ་ལྡན་འབྲས་བུའི་ཏོག་གིས་རྣམ་མཛེས་འཕྱང་འཕྲུལ་ནི། །རླུང་གཡབ་གསར་པའི་བ་དན་ཉིད་དུ་ལྷུན་གྲུབ་པ། །འདི་ནི་འཇིག་རྟེན་གདུང་བ་འཕྲོག་སླད་སྤྱོན་པར་བསྐུལ། ༣༥ ། རྩྭ་ལྗང་མྱུ་གུའི་འདབ་མ་བརྒྱ་ཕྲག་བརྩེགས་པའི་ཟོལ། །དཔྱིད་ཀྱི་ཕོ་ཉར་མངོན་དུ་བརྫུ་བ་དེ་ཡི་ལུས། །མེ་ཏོག་གསར་པའི་དོ་ཤལ་རྒྱན་དུ་བྱེད་པ་དང་། །ལྷན་ཅིག་ཕུན་སུམ་ཚོགས་པའི་འབྲས་བུ་གཡུར་ཟ་ལྡེམ། ༣༦ ། གང་ལ་འགལ་བྱེད་དོ་ཟླར་ཆས་པའི་འབྱུང་པོའི་གདོན། །ཚ་གྲང་འབྱུང་བ་གཤེད་དུ་སྡེབ་པ་སྐྱིན་ཐང་གི། །ཆོམ་པོས་རྣམ་པར་འཐག་ལ་དགའ་བར་བྱེད་པའི་སེམས། །སྐྱེ་དགུ་རྣམས་ལ་བྱམས་པར་བྱེད་དུ་གནས་འགྱུར་ཤོག ༣༧ ། གང་ཞིག་གདེངས་ཀ་རབ་ཏུ་གཡོ་བའི་ལྟོ་འགྲོ་རྣམས། །རངས་པ་མ་ཡིན་ཀུན་རྟོག་ཉིད་དང་མི་མཛའ་བས། ། ཉལ་འགྲོའི་བུ་མོ་ཆབ་སྒྲ་སྙན་པའི་གླིང་བུ་བསྒྱུར། །རི་ཀླུངས་ནགས་ཚལ་ཕན་


JLAZ013_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་འཆོལ་བ་མེད་ལ་སྨོན། ༣༨ ། མཐོང་བའི་ཆོས་ལ་འཇིག་རྟེན་གང་དུ་བདེ་སྡུག་ལས། །མིག་འཕྲུལ་བཞིན་དུ་སྦྱིན་པར་ནུས་པའི་རྒྱལ་པོ་དག །སྲིད་པ་ལས་ཀྱིས་བསྐོས་པའི་དཔྱ་དང་མངའ་རིས་ལ། །ཆོག་ཤེས་ཐོབ་པའི་རྒྱལ་སྲིད་ཆོས་བཞིན་སྐྱོང་གྱུར་ཅིག ༣༩ ། འཁོར་ལོས་སྒྱུར་རྒྱལ་གཡུལ་གྱི་འཇིགས་དང་འགྲོགས་པ་མིན། །ཁམས་ཀྱི་རྒྱལ་ཕྲན་བརླང་སྤྱོད་སྨིན་མ་བཅུ་པའི་མཚོན། །རྣོན་པོར་བརྡར་ལས་བདེ་སྐྱིད་རི་བོའི་ངོས་གཟར་བའི། །འཁྲུག་རྩོད་མིང་གི་ལྷག་མར་ཞི་ལ་ནམ་ཡང་སྨོན། ༤༠ ། གང་དུ་མཐོ་རིས་བདེ་ལ་སྲིད་པའི་ལུས་ཅན་རྣམས། །འཇིག་རྟེན་ཡང་དག་ལྟ་ལ་རབ་གཞོལ་ཕན་ཚུན་མཛའ། །མནར་གྱིས་དོགས་པའི་རྒྱ་ལས་ལུས་སེམས་དབུགས་དབྱུང་ནས། །དགའ་བ་བརྒྱ་ཡིས་མགྲོན་དུ་བཀུག་པའི་གླུ་ལེན་ཤོག ༤༡ ། དེ་ལས་སྙིགས་མའི་རང་སྟོབས་ངོ་ཚའི་གདོང་སྨད་ནས། །བརྐུ་དང་འཕྲོག་དང་གཡོ་སྒྱུའི་ཀུན་རྟོག་བརྟན་པ་བྲལ། །བདག་ཏུ་བཟུང་དང་ནགས་ཀྱི་རི་དྭགས་ལ་སོཊ་པ། །མནར་སྤྱོད་འཚེ་བའི་བློ་ངན་རྩ་བ་རུལ་གྱུར་ཅིག ༤༢ ། ཚ་གྲང་འདུ་བ་དགྲ་གཤེད་གྱུར་ལས་ཟུག་རྔུའི་མཚོན། །སྤུ་གྲི་ངར་མའི་དབལ་ལ་མ་ཆགས་ཉེར་འཚོའི་ལུས། །རིད་ཅིང་ལྡང་བའི་སྟོབས་ཉམས་ཕ་རོལ་འཇིག་རྟེན་དུ། །འགྲོ་ལ་འཇིགས་ཤིང་གླལ་བའི་ཆད་པ་ཕྱིར་དེངས་ཤིག ༤༣ ། རཀྟའི་


JLAZ013_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

རླངས་པ་ན་བུན་འཕྱུར་བའི་བཏུང་བ་ལ། །གཅིག་ཏུ་དགའ་བས་མྱོས་པའི་སྡང་མིག་ཟུར་གསུམ་པས། །གཞན་གྱི་སྲོག་ལ་རྣམ་པར་བལྟ་བའི་སྲིན་པོ་དང་། །ཡི་དྭགས་འབྱུང་པོའི་རྒྱུད་ལའང་བྱང་ཆུབ་སེམས་གནས་ཤོག ༤༤ ། གང་ཞིག་མགོ་ཉལ་སྤུ་གྲིས་དབྱུང་དང་བླ་ཡི་གོས། །གང་གི་དོན་དུ་ཡིན་པའི་ཆོ་ག་རབ་བསམས་ནས། །གཉིས་སུ་མེད་པར་གསུང་བའི་བསྟན་པ་རྟགས་ཙམ་གྱིས། །འཛིན་པའི་ཆོས་ལ་ནམ་ཡང་སྤྲོ་བ་ཞན་གྱུར་ཅིག ༤༥ ། མཁས་རྣམས་བློ་གྲོས་པདྨའི་རྫིང་བུ་གསར་པ་ནི། །ཡང་དག་ལྟ་བའི་ངང་མོས་རྣམ་རྩེན་ཆོས་ཚུལ་ཀུན། །རང་བཞིན་མ་འདྲེས་ཁོང་ན་རྔོམ་ལས་བསླབ་པའི་གནས། ། གཅིག་དང་བདག་ལྟ་མཆོག་ཏུ་འཛིན་ལའང་རངས་མི་བྱེད། ༤༦ ། དེས་ཤིང་དུལ་བར་སྨྲ་བའི་ངང་ཚུལ་ཡང་མཐོང་བས། །འཇིག་རྟེན་ཀུན་ཀྱང་བསྟན་ལ་རབ་དད་ལྷ་དང་ནི། །ལྷ་མིན་གྲུལ་བུམ་མི་འམ་ཅི་ལ་སོགས་པ་ཡང་། །དེ་ལ་དགའ་བས་བདེ་སྐྱིད་མགྲོན་པོར་འབོད་ལ་སྨོན། ༤༧ ། ཉེར་ལེན་ཕུང་པོའི་བདེ་བས་མཚོན་མིན་སྟོང་ཉིད་བདེ་གཤེགས་སྙིང་པོའི་ཁམས། །ལྐོག་གྱུར་ཆོམ་པོའི་གཞན་དབང་ཉིད་དུ་ཡོང་ཡེར་བཟུང་འདི་མངོན་སུམ་དུ། །གཡོ་བའི་བ་དན་གང་ལས་འོངས་ན་མིང་ཚིག་ཡི་གེར་འཛུམ་པའི་བཞིན། ། ལང་ཚོ་མ་ཡི་དཔལ་སྟུག་དང་འགྲོགས་


JLAZ013_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་རྒྱལ་པོའི་འཕྲིན་ལས་ཡིན། ༤༨ ། སྙན་པར་གྲགས་པ་རྒྱ་མཚོའི་སྐ་རགས་ཕྲ་རྒྱན་དུ། །སྨོན་ལམ་གསར་པའི་མུ་ཁྱུད་ལ་བརྟེན་འཁྲི་ཤིང་ནི། །གུས་པའི་ཡིད་ཀྱི་ཆོ་གར་བཀོད་ལས་ཉན་དང་འཛིན། །འདྲི་དང་ཀློག་དང་ཡིད་ལ་སེམས་པས་གང་གྱུར་ཅིག ༤༩ ། མཁའ་སྤྱོད་མིག་ཡངས་གྲོང་ཁྱེར་མ་ལུས་རྒྱུད་ཀྱི་དངོས་པོ་འདིས་མཛེས་ནས། །ལྷས་རྩེན་གནས་དང་རྨི་ལམ་མེད་ཡུལ་ངང་པའི་ཤིང་རྟ་མཆོད་སྦྱིན་དགྲ། ། འཇུག་པ་བཅུ་པ་ཁྲུང་ཁྲུང་འཇོམས་དང་མཆེ་བ་གཅིག་པའི་གྲོང་ཁྱེར་ཀྱང་། ། གསང་སྔཊ་འདི་ཡིས་གདུལ་བར་བྱ་བའི་ཕྲིན་ལས་གསར་པས་སྣང་བྱེད་ཤོག ༥༠ ། ལྷུན་པོའི་དཔལ་དང་པདྨའི་རྩ་ལག་ག་བུར་འཛག །འཇིག་རྟེན་སྣོད་ཀྱི་ཇི་སྲིད་བཟུང་བ་དེ་སྲིད་ནི། །རྒྱུད་ཀྱི་རྒྱལ་པོའི་རིན་ཐང་ཉམས་ཀྱིས་དོགས་པའི་དཔལ། །ནུབ་པའི་ཆོས་ལ་ངོ་ཚ་བྱེད་བཞིན་གནས་གྱུར་ཅིག ༥༡ ། བདག་ཀྱང་བྱང་ཆུབ་སྙིང་པོ་སྲིད་དུ་ཐུབ་བསྟན་ལ། །རྒྱུ་མཚན་ཤེས་པའི་དད་པས་རབ་འཇུག་བསླབ་པའི་གནས། །སྲོག་གི་ཟུངས་སུ་དམ་བཅར་བརྟེན་ནས་ཤེས་བྱ་དང་། །གཞུང་ལུགས་མན་ངག་རིན་ཆེན་སྒྲོན་མར་རྣམ་འབྱེད་ཤོག ༥༢ ། ཕྱིན་དྲུག་ལང་ཚོའི་བྱང་ཆུབ་སྙེ་མ་གཡུར་ཟ་བ། །བསྡུ་བའི་དངོས་པོ་བཞི་ཡི་བྱེད་པོས་སེམས་ཅན་ལ། །རྟག་ཏུ་འགྱེད་གང་མེ་ཏོག་གཞུ་ཡི་མ་བཀུགས་


JLAZ013_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །འཕྲིན་ལས་སྲིད་སྒྲུབ་གཞོན་ནུའི་ཉག་ཕྲན་རྗེས་འགྲོར་སྨོན། ༥༣ ། རང་གཞན་འཚོ་བ་སྲོག་གི་རྒྱན་ནི་གཞན་དབང་ཅན། །གང་ལས་དེས་འབྱུང་གསར་པའི་མྱུ་གུ་ནགས་ལ་དགའ། །རྫོགས་པ་ཆེན་པོའི་ཡོན་ཏན་མ་སྨད་སྤྲིན་གྱི་སྒེག །ཕུང་པོ་འཇའ་འམ་རྡུལ་ཕྲན་བཞིན་དུ་དེངས་གྱུར་ཅིག ༥༤ ། གནས་སྐབས་དོན་གཉིས་མཆོག་གི་ཁང་མཛེས་སྲོག་གི་ཟུངས། །འཚོ་བའི་སྟངས་འཛིན་རྡོ་རྗེའི་ཁམས་ཀྱི་རིན་ཐང་ལ། །ཉམས་པ་མེད་པས་མཐར་བྱེད་དགྲ་བོའི་འདྲེན་བྱེད་ཀྱང་། །ས་ལ་ལྷུང་ནས་རྒྱ་མཚོའི་འོག་ཏུ་ཡིབ་ལ་སྨོན། ༥༥ ། སུ་ཞིག་གང་ལ་སྐྱབས་སུ་འགྲོ་བའི་ཐལ་མོ་ནི། །སྤྱི་བོའི་ཏོག་ཏུ་མཛེས་པ་ཙམ་ནས་ཡེ་ཤེས་ཀྱིས། །གཟིགས་པའི་དཔག་བསམ་བརྩེ་བ་མཆོག་གི་འབྲས་བུ་ཅན། །རིན་ཆེན་གསུམ་གྱི་གྲིབ་བསིལ་བསྟི་ལ་ཆས་གྱུར་ཅིག ༥༦ ། གྲོང་ཁྱེར་མ་ཡིས་འདོད་སྲེད་བཞིན་དུ་ཕྱོགས་རིས་བྲལ་བ་བྱམས་པའི་སེམས། །སྙིང་རྗེའི་སྒྱུ་རྩལ་བཅུ་ཕྲག་དྲུག་ལ་ལྷག་པའི་ཕྱག་རྒྱ་བཞི་ཡིས་བཅིངས། །དགའ་བ་ཁོ་ན་མགྲོན་པོར་འབོད་ཀྱང་འདི་དེ་དྲན་པའི་ལྟུང་བྱེད་མིན། །བཏང་སྙོམས་གྲོང་ན་ཀུན་དང་མི་མཛར་མེད་པའི་ཆོ་ག་ཡིད་བྱེད་ཤོག ༥༧ ། དེ་ལས་བསམ་པ་ཐ་ཤལ་ཉིད་ཀྱི་མྱ་ངམ་ཐང་། །རྣམ་པར་འཁྱམས་པའི་འགྲོ་བ་མ་ལུས་གཉིད་སད་དེ། །


JLAZ013_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་བསྒྲུབ་ལ་བསྙེལ་བ་མེད་པའི་བྱང་ཆུབ་སེམས། །ཐེག་པ་ཆེན་པོ་རི་ཡི་རྣ་བའི་ཁུར་བཟོད་ཤོག ༥༨ ། སྙོག་པའི་ཆ་ཤས་ཀུན་གྱིས་མ་བསླད་ཚུལ་ཁྲིམས་གསུམ། །རང་གི་རིན་ཐང་ཉམས་ཀྱིས་དོགས་ལ་སྐྲག་བྱེད་ཅིང་། །བྱང་ཆུབ་མལ་ལས་སློང་བ་དབུགས་འབྱིན་སྙམ་པའི་གྲོང་། །དོག་པོར་བྱེད་པས་དབུལ་བ་མིང་གི་མཐར་བྱེད་སྨོན། ༥༩ ། གང་ཞིག་བརླང་པོར་སྤྱོད་ལ་འདུན་དེས་གཤེ་དང་བརྡེག །བཅིང་དང་མཚང་འདྲུའི་ཆོས་ལ་རབ་ཏུ་མི་མཇེད་པའི། །བཟོད་པ་དམ་པའི་ངང་ཚུལ་མ་སྨད་འཛུམ་པའི་རླབས། །རུས་པའི་གེ་སར་ཁོང་ནས་རྒོད་ལ་སྤྲོ་གྱུར་ཅིག ༦༠ ། དཀར་པོའི་ལས་ལ་སྡིག་སེམས་རྩུབ་མོའི་མེ་ཏོག་མདས། །དབུག་པར་མི་ནུས་གཞན་དོན་སྦྱོར་བའི་གོ་ཆ་ལ། །ཉིན་དང་མཚན་མོར་དབྱེ་བའི་གནས་སྐབས་ཡོད་མིན་ཞེས། །བརྟུན་པ་བསྐྱེད་ལ་འགྲོ་འདིའི་དབུ་རྨོག་བཙན་པར་ཤོག ༦༡ ། ཀུན་གཞིའི་མུན་ནག་དབྲོག་ཏུ་ཆས་པའི་དེ་བཞིན་ཉིད། ། ཀུན་གསལ་བསམ་གཏན་ཤར་གྱི་ཐིག་ལེ་གསར་པའི་འཛུམ། །ཀུན་རྟོག་འོག་འགྱུའི་མིག་སྨན་མདོག་དང་མི་མཛའ་བས། །ཀུན་ཏུ་བཟང་པོའི་གྱ་ནོམ་ཡེ་ཤེས་གཏེར་སྤྱོད་ཤོག ༦༢ ། བདེན་གཉིས་ཆོས་ལ་རྣམ་པར་དཔྱོད་པའི་ཤེས་རབ་མཚོན། །ཟུག་རྔུ་བསྐྱེད་པའི་བེམ་ཆོས་དཔལ་དང་མི་


JLAZ013_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཡང་། །རྣོ་བ་རབ་ཀྱི་རྩེ་མོར་ཕྱིན་ལས་སྒྲིབ་གཉིས་དངོས། །གཅོད་པའི་བརྟུལ་ཞུགས་འཇམ་དཔལ་གཞོན་ནུའི་རྗེས་འགྲོར་སྨོན། ༦༣ ། གང་དུ་བྱང་ཆུབ་སེམས་ཀྱི་མྱུ་གུའི་སྣ་ཚོགས་ཚལ། །ཕྱིན་དྲུག་ལང་ཚོ་མནྡཱ་ར་བའི་འཁྲི་ཤིང་ལས། །ལམ་མཆོག་ལྔ་དང་ས་ཡི་ཁྱད་པར་བཅུ་གཅིག་གིས། །ཐུབ་དབང་ཡོན་ཏན་རྒྱ་མཚོའི་བགྲོད་པ་འགོག་ཏུ་མེད། ༦༤ ། དེ་ལས་དྲན་པ་ཉེ་བར་གཞག་སོགས་རྣམ་བྱང་ཆོས། །བཻ་ཌཱུར་དཀར་པོ་ཏོག་གི་བློ་གྲོས་གྲགས་པའི་འཛུམ། །འགྲོ་ཁམས་བདེ་གཤེགས་སྙིང་པོའི་རྒྱལ་མཚན་རྩེར་ཕྱིན་ནས། ། འཁོར་བའི་རྒྱ་མཚོ་སྟོངས་པའི་གནས་སྐབས་མཐོང་གྱུར་ཅིག ༦༥ ། སྒོམ་པའི་ལམ་ནའང་རྣམ་པ་ཐམས་ཅད་མཁྱེན་པ་ཡིས། །དཔལ་གྱི་དུམ་བུ་ལྐོག་གྱུར་ཆེན་པོའི་གཞན་དབང་ཅན། །སོ་སོ་ཡང་དག་རིག་པའི་ཆོས་ཀྱི་མིག་གྲུང་པོས། ། མཐོང་བའི་ངོ་མཚར་ལྟད་མོའི་དགའ་སྟོན་ལ་སྤྱོད་ཤོག ༦༦ ། དེ་ལས་སངས་རྒྱས་རྣམས་ཀྱི་འོད་ཟེར་ཆེན་པོའི་དབང་། །བསྐུར་ཐོབ་མེད་པའི་ཆོས་ཉིད་རྒྱུད་ལ་རབ་ཞུགས་ནས། ། དག་པ་གཉིས་ལྡན་མཚན་དཔེའི་ལང་ཚོར་མ་སྨད་པས། ། གཞན་དོན་རླབས་པོ་ཆེ་ཡི་ཤིང་རྟར་བཞོན་གྱུར་ཅིག ༦༧ ། མི་སྡུག་ཉམས་ཀྱི་བཞིན་རས་འཛུམ་པོས་དེར་མ་བལྟས། །སྨིན་མ་ཡོན་པོའི་


JLAZ013_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྟངས་གཅིག་ཀྱང་མ་བསྒྱུར་བར། ། བྱམས་པའི་ཞལ་སྐྱིན་མཐོང་ན་མི་མཐུན་མེད་པ་དེ། །བརྩེ་དགའི་འཁྲི་ཤིང་གཡུལ་ལས་རྒྱལ་བའི་བ་དན་ཡིན། ༦༨ ། གང་དུ་སྒྲིབ་གཉིས་སེང་གེ་མོའི་བུ་ལས་གྲོལ་བས། །ཀུན་ཁྱབ་གྲོང་ཁྱེར་འོག་མིན་ཆེན་པོར་ཁྱད་པར་གྱི། །མཚན་དཔེའི་ངོ་མཚར་ལོངས་སྤྱོད་རྫོགས་སྐུར་རྟག་གསལ་ནས། །དག་པའི་གདུལ་བྱ་ས་བཅུའི་དབང་ཕྱུག་དཔལ་དུ་ཤོག ༦༩ ། ཆོས་ཀྱི་དབྱིངས་སོགས་ཡེ་ཤེས་ལྔ་ཡི་ངོ་བོའི་སྐུ། ། གནས་དང་གནས་མིན་མཁྱེན་པ་ལ་སོགས་སྟོབས་བཅུ་དང་། ། མི་འཇིགས་ཡོན་ཏན་མ་འདྲེས་སོ་སོར་འཆར་བའི་གཞི། ། ནང་གསལ་ཆེན་པོ་ཆོས་སྐུའི་བཞུགས་ཚུལ་མཐོང་གྱུར་ཅིག ༧༠ ། སྐུ་གསུམ་གྲོང་ཁྱེར་གཞལ་དུ་མེད་པའི་ཁྱད་པར་ཆོས། །བསམ་གྱིས་མི་ཁྱབ་ཡོན་ཏན་ཡངས་པའི་དོ་ར་དེར། །རྣམ་ཤེས་ཡེ་ཤེས་ཁམས་སུ་སྦྱངས་པའི་བཙོ་སྦྱངས་གསེར། །རྩིབས་སྟོང་ལྡན་པའི་ཆོས་ཀྱི་འཁོར་ལོར་ལྷུན་གྲུབ་ཤོག ༧༡ ། དེང་ནས་འཁོར་བ་སྲིད་ཀྱི་རིང་ལ་ལས་ཀྱི་ལུས། །ནམ་ཡང་མ་ཡིན་རྣམ་འཕྲུལ་སྣ་ཚོགས་ཟློས་པའི་གར། །གཞན་ཕན་འབའ་ཞིག་སྣ་ཚོགས་ཤིང་རྟའི་སྤུན་ཟླ་ཅན། །འགྲོ་འདིའི་བསོད་ནམས་སྣོད་དང་འཚམ་པར་རྟག་འཆར་ཤོག ༧༢ ། འདི་ལྟར་སྨོན་དང་ཡོངས་བསྔོ་གསར་པའི་


JLAZ013_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་སྟོབས། །ལྷུན་པོའི་དཔལ་ལྟར་ཆེ་བའི་གཏམ་ཙམ་གྲགས་མོད་ཀྱི། །ཞིང་བསམ་དངོས་དང་འཁོར་གསུམ་རྣམ་དག་དགེ་ཆེན་དུ། །གསུངས་པ་དེ་ཡི་ཕ་མཐའ་མཐོང་བ་སུ་ཡང་མེད། ༧༣ ། ང་ལས་ནུར་གྱུར་སྨོན་ལམ་གང་ལས་གྲུབ་པའི་རྟེན། །རྣམ་པར་གཟིགས་པས་སྲན་རྡོག་བདུན་ལ་དགོངས་པ་དང་། །སྙིམ་པ་གང་བའི་བྱེ་མ་གཏོར་ལས་མྱ་ངན་མེད། །བསོད་ནམས་སྟོབས་ཀྱིས་མངོན་པར་མཐོ་བ་དེ་ཡི་ཕྱིར། ༧༤ ། རྒྱུ་དང་འབྲས་བུ་བསླུ་བ་མེད་པའི་འཕྲིན་ཡིག་གི། །བདེན་པ་འདི་ནི་བསོད་ནམས་ཆ་མཐུན་རྩ་ལག་ཏུ། །འགྱུར་བ་མེད་ན་ཞིང་བསམ་དངོས་པོ་དག་པའི་སྟོབས། །ཐར་པ་ཆ་མཐུན་ཉིད་དུ་ནམ་ཡང་བསླུར་མི་སྲིད། ༧༥ ། ངག་གི་ནུས་པའི་ཆུ་ཀླུང་ཤིན་ཏུ་དར་དྲག་པ། །སྡང་ཞེན་ཕྱོགས་སུ་དབའ་རླབས་འཕྱུར་ཞིང་རྒྱུག་པའི་མཐུ། །དམོད་པ་གྲུབ་པའི་དྲང་སྲོང་ཕལ་ལ་ཡོད་གྱུར་ན། །བརྗོད་པ་ཀུན་ཏུ་བཟང་པོའི་རྗེས་འགྲོར་སླར་གྲིམས་ཤིག ༧༦ ། གང་ཞིག་ཚེ་དང་ལས་དང་ཡོ་བྱད་མོས་པ་དང་། །སྨོན་ལམ་རྫུ་འཕྲུལ་སྐྱེ་བའི་སྟོབས་དང་ཆོས་དང་སེམས། །ཡེ་ཤེས་ཆེ་སྟེ་དབང་བཅུ་ཐོབ་པའི་སེམས་དཔའ་རྣམས། །དེ་རིང་སྨོན་པའི་མཐུན་འགྱུར་སླད་དུ་བཞེངས་ཤིག་ཀྱེ། ༧༧ ། སྤྲིན་ལམ་མཐའ་ལ་མུ་ཁྱུད་བྲིས་པའི་ར་བ་དང་། ། གྲིབ་མའི་བཞོན་པར་


JLAZ013_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ནོར་བུ་མཛའ་བྱེད་ཅིང་། །འགྲོ་བ་བསླུ་ལ་རིན་ཆེན་རྣམ་གསུམ་ཆས་པའི་རྫུན། །སྨྲ་ན་འཇིགས་ཚོགས་ཆོས་ལ་ལྟ་དེའི་ཕྲག་དོག་ཡིན། ༧༨ ། དེ་ཕྱིར་སྲིད་པ་སླར་ལོག་གྱུར་ཀྱང་གཡུང་དྲུང་བཞིན། །འགྱུར་བ་མེད་པའི་ཡི་དམ་བརྟན་པོའི་ཆོ་ག་ནི། །གདོད་ནས་སྙིང་གི་དབུས་སུ་ཞུགས་པའི་ཏམ་བུ་ར། །མཆོག་གསུམ་བདེན་པ་བསླུ་བ་མེད་པའི་དབྱངས་སུ་སྒྲོག ༧༩ ། ནྱ་གྲོ་དྷཱ་ལྟར་མཆུ་ཞེང་གབ་པའི་སྐྱེས་བུ་ཆེན་པོའི་སྐུ་མཆོག་མཐོང་ན་མི་མཐུན་མེད། ། འཕྲོ་འདུ་འོད་ཀྱི་ཕོ་ཉས་རབ་དཀྲིགས་བལྟར་མི་མངོན་པའི་གཙུག་ཏོར་ནོར་བུའི་འོད་ཆགས་འཛུམ། །མཚར་སྡུག་པདྨོ་བཞུ་བའི་རྡུལ་གྱི་ཕྱག་ཞབས་མཐིལ་དུ་ལན་བརྒྱར་བྱུགས་པའི་རི་མོ་ནི། །འཁོར་ལོའི་མཚན་མར་དཔལ་དུ་འབར་བའི་གྲགས་པ་སྙན་པོའི་བཀྲ་ཤིས་གང་ཞིག་དེང་འདིར་སྤྱོན། ༨༠ ། ཡན་ལག་དྲུག་ཅུར་འཁྱིལ་པའི་དཔལ་གྱི་མགུར། །བརྒྱད་ཁྲི་བཞི་སྟོང་ཉོན་མོངས་ནད་གསོའི་སྨན། །ཟབ་དང་རྒྱ་ཆེའི་སྐྱེ་བ་ལྔ་པའི་དུང་། །དགེ་བ་གསུམ་གྱི་བཀྲ་ཤིས་དབྱངས་སུ་ལེན། ༨༡ ། འགྲོ་འདིར་ཡེ་ཤེས་གཟིགས་པའི་སླད་དུ་དུས་གསུམ་མ་འདྲེས་གཟུགས་བརྙན་འཛིན་ཡང་མཁའ་བཞིན་ཤིན་ཏུ་རྣམ་མི་རྟོག །ཟབ་ཞི་སྤྲོས་བྲལ་དཔལ་གྱི་བེའུར་ཆོས་དོན་རྒྱ་མཚོ་ཇི་ལྟ་ཇི་སྙེད་ལེཊ་འདོམས་ངོ་བོ་ཉིད་ཀྱི་ཐུགས། །འཕགས་པའི་བློ་


JLAZ013_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་ལྡན་པ་དག་ཀྱང་དོན་འདི་དཔྱོད་ལ་བ་སྤུའི་འཁྲི་ཤིང་དུས་མ་ཡིན་པར་གཡོ་བྱེད་པའི། །མི་ཟད་རྒྱན་གྱི་འཁོར་ལོའི་རྩིབས་འདིས་སྐྱེ་དགུ་ཐམས་ཅད་རྣམ་པ་ཀུན་ཏུ་བཀྲ་ཤིས་དཔལ་གྱིས་ཕྱུག་པར་ཤོག ༨༢ ། གང་དག་ཕྱོགས་བཅུའི་རྣམ་པར་འདྲེན། །ཀུན་ཀྱང་བྱང་ཆུབ་སེམས་གཉིས་ཀྱི། །རྩ་བ་བརྟན་ལས་འབྲས་བུའི་མཆོག །སྨོན་ལམ་མཐུ་ཡིས་རང་གིར་མཛད། ༨༣ ། སྨོན་ལམ་ཕ་མཐར་སོན་པ་ཀུན། །འཁོར་བ་སྲིད་དུ་སེམས་ཅན་དོན། །དཔག་བསམ་ཤིང་དང་རིན་ཆེན་ལྟར། །འབྱུང་བའང་དེའི་མཐུ་ལས་གཞན་མིན། ༨༤ ། འདི་ན་བྱང་ཆུབ་སྙིང་པོའི་མངལ། །འཛིན་འདོད་གཉིས་གཉིས་སྤྱོད་པ་འགའ། །དགེ་བའི་ཆུ་གཏེར་ལ་དགའ་ནས། །སྨོན་ལམ་འདབ་གཤོག་རྨྱང་བ་ཡོད། ༨༥ ། དྲན་པའི་སྙེ་མ་གཞོན་ནུ་ཡང་། །མཐོང་ཆོས་ཚངས་དང་དབང་པོའི་བཞིན། །ཡིད་ལ་སྲེད་ཅིང་ཕྱི་མ་ཡི། །བདེ་འབྲས་སླད་དུ་ཅིས་མི་སྨོན། ༨༦ ། རྒྱ་ཆེའི་གཏོང་བ་སྲིད་པ་འདིའི། །འཚོ་རྩིས་སླད་དུ་དེང་མ་ལགས། །གྲགས་པའི་བྲག་ཅ་རང་དབང་དུ། །བགྱིད་པའི་འཁྲི་ཤིང་བཙུགས་པའང་མིན། ༨༧ ། མངོན་མཐོའི་འབྱོར་པ་དཔག་ཡས་ཀྱིས། །ཁེངས་པའི་རི་དབང་བང་རིམ་ཅན། །དེ་ན་བརྟེན་པའི་གནོད་སྦྱིན་དང་། །བདག་ཉིད་གྲོས་སུའང་མ་མཐུན་ནོ། ༨༨ ། གནས་སྐབས་སྨོན་ལམ་ཤིང་རྟ་ལ། །བཞོན་པར་བྱས་པ་


JLAZ013_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཡིས། །སྲོག་དབང་འཚོ་བའི་ཉེར་སྤྱད་ལ། །རྣམ་དཀར་འདི་ནི་འབེམ་དུ་བཅས། ༨༩ ། ལེགས་བྱས་གང་ལས་བརྩམས་པ་ཡི། །རྟོགས་བརྗོད་རལ་གྲི་རྣ་ལུང་དུ། །འཕོས་པའི་གདེངས་ཀ་འདི་འཛིན་ན། །དཔུང་གི་ཁྱུ་མཆོག་གཞོན་ནུ་བཞིན། ༩༠ ། མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཀྱིས། །གོམ་པ་ཉམ་ངའི་གཡང་ས་རུ། །གྱ་གྱུར་འདོར་བྱེད་མི་བསྲུན་ཡང་། །བགྲོད་པ་ཅིག་ཅར་ཉིད་དུ་འགོག ༩༡ ། བསྟན་དང་དམ་པའི་དྲིན་ཡིད་ཀྱི། །ཆོ་གར་བྱས་པའི་འདྲེན་བྱེད་ཟུང་། །ཆེད་དུ་གཉེར་བ་མེད་པར་ཡང་། །རྫིང་བུར་ཁྲུས་ལ་འཇུག་པ་བཞིན། ༩༢ ། དེ་དེ་དྲིན་དུ་གཟོ་བ་དང་། །གསང་སྔགས་ཆོས་ཀྱི་བདུད་རྩི་མཆོག །ཡོད་བཞིན་སྤངས་པའི་འགྲོ་བ་ལ། །སྙིང་རྗེ་འཁྲུངས་པའི་ལྷག་བསམ་ཡིན། ༩༣ ། དེ་ཕྱིར་དབེན་པར་ཞི་བདེའི་གཉིད། །སད་པའི་ཆོ་གར་རབ་བརྩོན་པས། །རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱང་། །སྨོན་པའི་ག་བུར་རྡུལ་དུ་འཛག ༩༤ ། གང་ཞིག་འདི་ལའང་བསོད་ནམས་ཀྱི། །ས་བོན་རྒྱུན་ཆགས་དགེ་བ་དེའི། །མྱུ་གུ་བྱང་ཆུབ་སྙེ་མ་རུ། །འཁྲུངས་གྱུར་དེ་སྲིད་སྨོན་ལམ་གྱིས། ༩༥ ། མོས་པའི་ཕྲ་རབ་རྡུལ་བརྩེགས་ལས། །ནོར་གྱི་བློ་གྲོས་གཏེར་ལྡན་བཞིན། །བསིལ་གྱུར་བྱང་གྲོལ་ཆེན་པོའི་དངོས། །སྨོན་ལམ་མཐུ་ལས་དེར་སྣང་ངོ་། ༩༦ ། གྲགས་པའི་སྤྲིང་ཡིག་མུ་ཁྱུད་


JLAZ013_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལྡན་མའི། །རྣ་ལུང་ཉིད་དུ་དཔྱང་བར་འོས་པའི་ངག །ཐོས་པ་མ་བགྱིས་བདག་ལྟའི་སྤྱོད་ཡུལ་དུ། །འགལ་བ་ཉིད་དེ་ཆོས་ཉིད་མངོན་སུམ་མཐུ། ༩༧ ། སྤྲིན་གྱི་སོ་ཅན་གངས་རིའི་ལ་ཐོད་ཀྱི། །གདེངས་ཀས་མཛེས་པའི་ལྗོངས་འདིར་མཚོ་ལྡན་མས། །མགྲིན་པར་འཁྱུད་ལས་འཁྱོག་ཚིག་སྨྲ་མཁས་དགུ། །སྨྲ་བར་མི་བརྩོན་ཉམས་སྣང་གོང་འཕེལ་དྲིན། ༩༨ ། སྡེ་གསུམ་གནས་ལུགས་བརྗོད་པ་བྲལ་བ་ཡང་། །ལོངས་སྤྱོད་འཁོར་ལོའི་རྩ་མདུད་ཏམ་བུ་རའི། །རྒྱུད་དང་གཉིས་མེད་ཞུགས་པས་སྣང་བའི་ཡུལ། །སྐུ་དང་ཡེ་ཤེས་རིག་པ་ཚད་ལ་ཕེབས། ༩༩ ། བརྗོད་པ་ཐམས་ཅད་སྤངས་པའི་ཕ་རོལ་ན། །ས་ལམ་འབྲས་བུའི་ཆོས་ཀྱི་གཏམ་འདིའང་རྫུན། །ཆོས་སོ་ཅོག་པ་བློ་ཡིས་བཏཊ་པའི་ཕྱིར། །ཟད་པའི་ཆོས་ལ་ངོ་མཚར་ཆེན་པོ་གནས། ༡༠༠ ། ལེཊ་བྱས་གཏམ་གྱི་འགྱུར་བ་རྔམ་པའི་སླད། །ལེཊ་མྱོས་མ་ཡི་ལང་ཚོ་ཡི་གེ་རུ། །ལེཊ་པར་བརྫུས་ནས་བཀྲུས་པའི་མཁུར་ཚོས་འདིས། །ལེགས་བྲིས་བུ་མོའི་དཔལ་ལ་ཕྲག་དོག་བྱས། ༡༠༡ ། རབ་སྙན་ཚིག་གི་མནྡཱ་ར་བའི་བཞིན། །འདོད་པའི་སྨིན་མ་བཅུ་ལ་རྟག་དགའ་བ། །ཁོང་ནས་ལན་བརྒྱར་འཛུམ་པའི་མེ་ན་ཀཱ། །སྨོན་ལམ་རྒྱང་གླུ་ལེན་ལ་ཆས་པ་བཞིན། ༡༠༢ ། བགྲང་དུ་མི་བཟོད་བསྐལ་པ་རྒྱ་མཚོའི་ཕྲ་རབ་རྡུལ་གྱི་གསེར་


JLAZ013_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མའི། །བླ་མར་བྱ་བ་བྱང་ཆུབ་མཆོག་གི་སྤྱོད་པ་དམ་པའི་མྱུ་གུ་ནི། །རྣམ་པ་ཐམས་ཅད་མཁྱེན་པའི་དཔལ་དུ་ལེགས་པར་འབར་བའི་བསྟན་པ་མཆོག ། འགྲོ་འདིའི་བསོད་ནམས་རིན་ཆེན་འབྱུང་གནས་ཉིད་དུ་བརྟན་པའི་བཀྲ་ཤིས་ཤོག ༡༠༣ ། དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་སྙིང་པོར་གྱུར་པ་རིག་པ་འཛིན་པའི་སྡེ་སྣོད་དམ། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་མཐའ་གྲུར་ཁྱབ་པའི་རྒྱན་ཞེས་བྱ་བ་ལས། ཡོངས་སུ་བསྔོ་བ་དང་སྨོན་ལམ་དམ་པའི་ཁྱད་པར་ལས་འབད་པ་དོན་ལྡན་དུ་བགྱིས་པའི་རབ་ཏུ་བྱེད་པ་སྟེ། སྐབས་དགུ་པ་ཡཱ་ནའམ་བཀྲ་ཤིས་པའི་གྲངས་ཀྱི་བདག་ཉིད་ཅན་རྫོགས་སོ།། །།རྒྱ་གར་ནུབ་ཕྱོགས་པའི་པཎྜི་ཏ་ཆེན་པོ་ནང་རིག་པའི་དེ་ཉིད་ཁྱད་པར་དུ་སྨྲ་བ་དྲི་མེད་བཤེས་གཉེན་དང་། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་ཀུན་དངོས་པདྨའི་ཞབས་ཀྱི་ཐུགས་རྗེའི་ཟླ་ཟེར་སྙིང་ལ་ཞུགས་པས། སྔོན་གྱི་བག་ཆགས་དུ་མ་ལ་རང་དབང་དུ་བྱེད་ཅིང་། རང་བཞིན་ཐེག་མཆོག་སྙིང་པོའི་ལམ་ནས་རིག་པ་ཕྱོགས་ཡན་དུ་གྲོལ་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་མཁྱེན་བརྩེའི་འོད་ཟེར་རམ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་འཇིགས་མེད་གླིང་པའི་སྡེས། ཐར་པ་ཆེན་པོའི་གྲོང་ཁྱེར་པདྨ་འོད་གླིང་དུ་རྒྱུད་འབུམ་རིན་པོ་ཆེ་གསར་དུ་བསྐྲུན་པའི་དེ་མ་ཐག་པ་ལས་དབུ་བརྩམས་


JLAZ013_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྲི་བར་འདུ་བྱེད་པ་ན་འབྲེལ་བར་ལྡན་པའི་དཔྱོད་ལྡན་དྲན་པའི་དབང་པོ་ཀུན་དང་། བྱེ་བྲག་ཏུ་ལྷ་རིགས་རྒྱལ་པོའི་ཁབ་ཏུ་མི་དབང་མཁས་པའི་དབང་པོ་ལྷ་འཇིགས་མེད་དཔའ་བོ་འཆི་མེད་བསྟན་པའི་རྡོ་རྗེའི་གསུང་གིས་ཀྱང་མྱུར་དུ་འགྲུབ་པར་བསྐུལ་ལོ། །གང་ལས་འཕགས་པའི་ཁྱད་ནོར་ཡིད་ཀྱི་ཆོ་གར་བྱེད་པའང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདུ་འགོད་ལ་དྲན་པ་ཉེ་བར་འཇོག་པའི་ཡོན་ཏན་སྟོབས་སུ་གྱུར་ནས། སྟོན་གསུམ་རྩི་ཐོག་དང་འབྲས་བུ་སྨིན་པའི་ཚེ་ལེགས་པར་སྦྱར་བའི་ཡི་གེ་པ་ནི། སྦས་ཡུལ་པདྨ་དཀར་པོའི་རོང་སྒོ་འཛིན་པར། འཕྲོག་བྱེད་གཏམ་དུ་གླེང་བའི་གངས་ལྡན་གྱི་རི་བོ་དང་། མ་ཧེའི་རྒྱལ་མཚན་གྱི་གནས་ལ་རང་དབང་དུ་བགྱིད་པའི་རྗེའུ་རིགས་ཀྱི་སློབ་མ་རྒྱལ་བ་ཆོས་མཛད་འཇིགས་མེད་རྡོ་རྗེས་མཛད་པའོ།། །