Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
  collapse section
རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་ཐར་སྒྲུབ་པ་ནན་ཏན་དང་འབྲེལ་བའི་སྐོར་ཏེ་སྐབས་གཉིས་པ།
   
  expand section


 
previousརྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་ཐར་སྒྲུབ་པ་ནན་ཏན་དང་འབྲེལ་བའི་སྐོར་ཏེ་སྐབས་གཉིས་པ།next

རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་ཐར་སྒྲུབ་པ་ནན་ཏན་དང་འབྲེལ་བའི་སྐོར་ཏེ་སྐབས་གཉིས་པ།

ཤོག་ལྷེབ་ ༢༦༥ ནས་ ༣༠༠ བར།


JLAZ014_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་ཐར་སྒྲུབ་པ་ནན་ཏན་དང་འབྲེལ་བའི་སྐོར་ཏེ་སྐབས་གཉིས་པ་བཞུགས།


JLAZ014_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་ལོ། །སྙིང་ག་ཆོས་ཀྱི་འཁོར་ལོ་དིར། །གདོད་མའི་མགོན་པོས་གར་བརྩེས་པས།


JLAZ014_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མཐའ་གྲོལ་ཀློང་ཡངས་གདངས། །ཅི་ཤར་མ་བཅོས་ལྷུང་པར་བསྐྱངས།


JLAZ014_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚེ་མགྲིན་པའི་ཁང་མཛེས་ནས། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མས། །ཤིན་ཏུ་སྙན་པའི་པི་ལྦང་ལ། །ངེས་པ་དོན་གྱི་གླུ་ཞིག་བླངས། །རང་བཞིན་དགའ་དང་སྐྱོ་བའི་རྣམ་འགྱུར་སོ་སྐྱེའི་རྣམ་རྟོག་ཕྲ་རབས་ཀྱི། །སྣང་ཚུལ་ཡི་གེའི་བརྗོད་པས་སྒྲུབ་པ་གྲུབ་པའི། ངང་ཚུལ་མ་ཡིན་ཀྱང་། ལས་འབྲེལ་ཅན་རྣམས་ཆོས་ལ་བསྩལ་ལ་བའི་ལྷག་བསམ་ཁུར་དང་འགྲོགས་པའི་གཏམ། །བྱ་བྲལ་རལ་པའི་ཐོར་ཚུགས་ཅན་དེས་དད་ལྡན་སེམས་ཀྱི་རྟེན་དུ་བཀོད། །དེ་ནས་རང་ལོ་སོ་གཅིག་པ་སྣ་ཚོགས་ཞེས་པ་ས་མ་ཡོས་ཀྱི་ལོར་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཐུགས་རྗེས་ལོ་གསུམ་ཕྱོགས་གསུམ་གྱི་དམ་བཅའི་མཚམས་གེེགས་མེད་དུ་ཐེམས། གྲོལ་དབང་དང་དངོས་གྲུབ་ལེན་ཆོག་སྒྲགས་མའི་དགའ་སྟོན་ལ་དཔལ་ལྡན་གཡུང་དྲུང་འཁྱིལ་པའི་དགའ་ཚལ་ནས་སྦྱིན་བདག་ཞལ་ངོ་རྣམས་འཛོམ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་དང་། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཉེ་ལྟོས་བར་མའི་འགྲོ་བ་ཀུན་གྱི་ཕྱག་མཆོད་ཀྱི་ཡུལ་དུ་བཟུང་ཡང་བློ་དྲེད་ཀྱི་དོགས་པ་དུང་ངེ་བས། །ད་ནི་ཆགས་པ་དང་སྡང་བ་ལ་སོགས་ཏེ་ཉེས་པ་མི་བཟད་པའི་འབྱུང་།ཁུངས་ཕ་ཡུལ་དང་གྲ་ཚང་གི་ཞེན་འཁྲིས་མཆིལ་མའི་ཐལ་བ་བཞིན་དུ་བོར། གནས་ངེས་མེད་ལ་ཕ་གཞིས་ཀྱི་


JLAZ014_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་བཅོལ། གང་བྱུང་དེས་ཚོག་གི་ངང་ནས་རྒྱལ་ཁམས་ཀྱི་གཅེས་ཕྲུག་གཞོན་ནུ་བྱེད་བསམ་པ་ཁོ་ན་ལས་མེད་པའི་ཚེ་ཉེ་ལྟོས་དག་ན་རེ། ད་འདི་ནས་ཕྱོགས་འགྲོ་སོགས་བྱས་ན་མི་འགབ་པའི་ཤ་ཚ་ཡིན་ཡིན་གྱི་བསླབ་བྱས་བསླུ་བྲིད་ཀྱི་བཙོན་རར་འཇུག་པ་འདུག །དེའི་ཚེ་སྣང་བ་བྱུང་རྒྱལ་གྱི་གླུས་རང་གིས་རང་ལ་འདི་སྐད་ཅེས་བསྐུལ་ལོ། །ཨེ་མ་ཧོ། །བསྟན་པའི་བདག་པོ་ཤཱཀྱ་སེང་གེ། །ལྗོངས་འདིའི་ལྷ་སྐལ་ཕྱག་ན་པདྨ། །བདེ་གཤེགས་ཀུན་འདུས་ཨོ་རྒྱན་ཆེན་པོར། །སྙིང་ནས་མོས་པས་གསོལ་བ་འདེབས་སོ། །དྲེད་པའི་བློ་སྣ་ཆོས་ལ་བསྒྱུར་མཛོད། །འཁོར་བའི་རང་བཞིན་གང་ལ་བསམས་ཀྱང་། །ཤོ་ཤས་ངེས་འབྱུང་ཅོང་རྡོ་ཆེན་པོ། །ད་རེས་དལ་འབྱོར་རིན་ཆེན་ཐོབ་ཀྱང་། །མི་ཚེ་ཕལ་ཆེར་སྟོང་པར་ཟད་འདུག་སྙིང་ནས་དམ་ཆོས་བྱེད་ལོ་བྱས་ཀྱང་། །ཆོས་བརྒྱད་རྣམ་གཡེང་ཟོལ་དང་འདྲེས་འདུག །འདོད་ཡོན་ལམ་འཁྱེར་སྔགས་ལ་སྤྱད་ཀྱང་། །ཉོན་མོངས་དུག་ལྔ་རང་རྒྱུད་ཤོར་འདུག །སྡེ་དགོན་ཁྲོད་དུ་བསམ་གཏན་བསྒོམས་ཀྱང་། །ཤི་གསོན་དཀོར་གྱིས་འཕོ་བ་འགྱངས་འདུག །བསྐྱེད་རྫོགས་ཟུང་འཇུག་སྒོམ་བློ་བྱས་ཀྱང་། །མཐུ་ནུས་གྲགས་པའི་ཕྱིལ་ཤོར་འདུག །ཀ་དག་རང་ངོ་རྗེན་པར་ཤེས་ཀྱང་། །


JLAZ014_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཐོབ་ཉམས་ཀྱི་ཤུན་པ་བསྡད་འདུག །མཐའ་གྲོལ་ཀློང་ཡངས་རྟོགས་པར་ཤར་ཡང་། །མཚན་མོའི་རྨི་ལམ་འཁྲུལ་བར་གྲོལ་འདུག །གཞན་ལ་དགེ་བསྐུལ་སྙིང་གཏམ་བཤད་ཀྱང་། །ངག་བཀྱལ་ཕྱར་ཀའི་རྒྱུ་རུ་སོང་འདུག །རྒྱལ་བས་གསུངས་པའི་མ་འོངས་ལུང་བསྟན། །དེང་སང་འགྲོ་བའི་ཐོག་ཏུ་བབས་འདུག །ད་ནི་ཅིས་ཀྱང་དགོས་མེད་བསམས་ནས། །ལྷ་ཆོས་གཤའ་མ་སྙིང་ནས་བྱེད་དོ། །གོང་མའི་གདན་ས་བྱིན་རླབས་ཆེ་ཡང་། །ཆོས་བཞིན་སྤྱོད་ས་དབེན་གནས་རི་སུལ། །འདྲིས་མེད་བཤེས་མེད་ལུང་སྟོང་འགྲིམས་ཤིག །འབུལ་བ་མེད་ན་བླ་དཔོན་མི་མཉེས། །མང་འགྱེད་མེད་ན་གྲ་ཚོགས་སུ་དགའ། །ལོངས་སྤྱོད་མེད་ན་ནམ་ཆེད་གྲོགས་འདུ་འབྲལ། །འཁོར་འབངས་མེད་ན་ཀུན་གྱིས་བརྙས་ཤིང་། །བསྟན་འགྲོའི་དོན་ཡང་དྲུག་པ་ཆི་ཞིག །ལུང་དང་རིག་པ་རྟོགས་པའི་ཡོན་ཏན། །དབུ་མའི་སྦུབས་ན་ཞལ་འཛུམ་དམུལ་དམུལ། །བསྒྲུབ་ཚུགས་བཟུང་ན་འཇུངས་མེད་ཐ་ཤལ། །བསྟན་བཅོས་བརྩམ་ན་མ་བཤད་ཚིག་སྐམ། །འཁོར་སློབ་འདུས་ན་གྱི་ནར་ཁྲིལ་བརྡས། །ཉམས་རྟོགས་གླེང་ན་ཁ་ལྟ་རྦད་ཁམས། །དེས་ན་ཤེལ་ལ་ཡ་མཚན་སུས་བྱ། །ཤེས་རང་སྦས་ལུང་སྐྱོག་མོར་བཞུགས་མཛོད། །


JLAZ014_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་ཧོ། །གཉུག་མའི་གནས་ལ་མ་ཆགས། །སྒོམ་ཐག་འཁོར་གཅིག་སྐེད་ལ་དཀྲིས་ཏེ། །གཡབ་རྫ་གངས་སྟོངས་རི་སུལ་ཀུན་ཏུ། །སྣང་བ་གཏད་མེད་ཆེན་པོར་ཐོང་མཛོད། །དེ་རུ་འདུ་འཛིའི་གཟེབ་ལས་གྲོལ་ཏེ། །མེ་ལོང་རྡོ་རྗེ་ལྟ་བུའི་ཤུལ་ལམ། །སྙོགས་ནས་གཏན་སྲིད་ཟིན་པར་མཛོད་ཅིག །ཅེས་སྨྲས། །དེའི་ཐོ་རངས་རྒྱལ་རྔ་བརྡུང་བའི་ཆ་ན་བདག་ཅག་དཔོན་སློབ་གསུམ་གྱི་སུས་ཀྱང་མ་ཚོར་པར། ཕུའི་རི་ཁྲོད་མཁའ་ལ་སྤྱོད་པའི་གནས་སུ་སྐྱེ་བསེང་བ་ལ་ཕྱིན། ཞང་རིགས་སྒོམ་ཆེན་དམ་པ་ན་རེ། མདང་ཉ་མ་གོ་གྲུ་ཡིན་ཟེར་བ་ཤིག་ཏུ་ཞུགས་ནས་གཙང་པོའི་དཀྱིལ་དུ་སླེབས་ཙ་ན། མི་མང་པོ་ན་རེ། ལྟོས་དང་རིག་འཛིན་དགའ་རབ་རྡོ་རྗེ་ནམ་མཁའ་ལ་ཕེབས་འདུག་ཟེར། །བལྟས་ཙ་ན་ཉིད་ཧེ་རུ་ཀ་པའི་ཆས་སུ་བྱས་ནས་སྣང་། སྔར་ཚ་བོའི་འདུ་ཤེས་དང་མོས་གུས་ཆུང་བའི་སྐྱོན་སེལ་དུ་གོ་གསུངས། དེ་ནས་བཟུང་དག་སྣང་དཔེ་མེད་མཛད། །དམ་ཚིག་ཤིན་ཏུ་གཙང་བས་ས་སྐྱ་བའི་གསེར་ཆོས་སུ་གྲགས་པ་མཁའ་སྤྱོད་སྐོར་གསུམ་གྱི་བྱིན་རླབས་ཞུས་པས། །བརྩེ་ཆེན་ཀུན་དགའ་སྙིང་པོ་དང་། ཚར་པ་ཆོས་རྗེ། མཁའ་སྤྱོད་བཞུགས་སྟངས་མཚར་བདེ་བཅས་ཉམས་སྣང་ལ་ཤིན་ཏུ་གསལ་བར་མཐོང་། །ལར་


JLAZ014_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱནྟ་དེ་ལྦས། སྐད་ཅིག་གཅིག་གིས་མཛའ་གྱུར་ལ། །ཡུད་ཙམ་གྱིས་ནི་དགྲར་ཡང་འགྱུར། །དགའ་བོའི་གནས་ལ་ཁྲོ་བྱེད་པས། །སོ་སོ་སྐྱེ་བོ་མགུ་བར་དཀའ། །ཞེས་སེམས་ཅན་རང་རང་གི་ངང་ཚུལ་སྟོན་པ་ལ་རིངས་པའི་ཆུ་སྐྱར་དང་བྱི་ལའི་སྡེ་ཚོགས་མཐོང་ཡང་གཉེན་གཤིན་པར་འགྲོགས། གཡོན་ཅན་གྱི་ངག་གིས་གཤུང་ཞིང་བཀྱལ་གའི་ས་བོན་འདེབས་པའང་བྲག་ཅ་ལྟ་བུར་ཤེས་པས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་དུ་བརྡལ་ནས་གཞན་དོན་བྱེད་དགོས་པ་ལ་ད་ལྟ་དེའི་དུས་མ་ཡིན། འོན་ཀྱང་མོས་པ་ཅན་གྱི་ངོར་སྨན་གྱི་སྒྲུབ་ཆེན་ཡིད་སྤྲོ་བ་ཞིག་བཙུགས་པའི་གྲོལ་དབང་ལ་ཕྱོགས་དེའི་སྐྱེ་བོ་ཕལ་ཆེར་འདུས་པ་ལ་ཆོས་དང་དམ་རྫས་ཀྱི་འབྲེལ་པ་བཏགས་ཤིང་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ། བདུད་རྩི་ནས་ཆུ་བོ། །ལྷ་ཚུགས། ས་གནད་ལ་སོགས་པར་སྒྲུབ་གཞུང་ནས་བཤད་པ་བཞིན་བུམ་གཏེར་དང་བཅས་ས་བཅུད་གསོ་བའི་རྟེན་འབྲེལ་མང་བགྱིས། དེའི་ཚེ་རིག་པ་དངས་ཤིང་སྣང་བ་ཐམས་ཅད་བདེ་སྟོང་འབའ་ཞིག་ཏུ་འཆར་བ་བྱུང་བས་ཅོག་པུའི་འོག་ནས་མགུར་མངོན་གྱི་བསྐྱེད་རིམ་ལ་སྦྱར་བ་འདི་བྱས་སོ། །ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་གསུམ་སྐུ་གསུམ་ཐུགས་ཀྱི་ས་བོན་ཡིན། །སྐུ་གསུམ་དུག་གསུམ་འདུལ་བའི་གཉེན་པོ་


JLAZ014_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཧཱུྃ་གསུམ་བདེ་གཤེགས་ཀུན་གྱི་ཐུགས་སྲོག་ཡིན། །ཧཱུྃ་ལས་ལྷག་པའི་སྙིང་པོ་ག་ལ་ཡོད། །ཧཱུྃ་གཉིས་ལོག་འདྲེན་འདུལ་བའི་མཚོན་ཆ་ཡིན། །རྒྱ་འདྲེ་འབྱུང་པོ་འདུལ་བའི་གཤེད་མ་ཡིན། །སྡེ་བརྒྱད་གནད་ལ་འབབས་བའ་དྲག་སྔགས་ཡིན། །དྲག་པོ་ཧཱུྃ་གི་ངར་སྐད་ཀྱུ་རུ་རུ། །ཧཱུྃ། སྣང་གྲག་ཕྱག་རྒྱའི་འཁོར་ལོར་རྫོགས་ཙ་ན། །ཁམས་གསུམ་ཧཱུྃ་གྱི་སྟོང་སྒྲས་ཤིགས་སེ་ཤིག །སྟོང་གསུམ་ཧཱུྃ་གི་སྣང་བས་ཡེམས་སེ་ཡེམ། །བསྟན་དགྲ་དམ་སྲིའི་མགོ་ལ་ཆེམས་སེ་ཆེམ། །ཧཱུྃ། སྣང་སྲིད་ཀློང་ལྔ་མི་ཤུགས་ཡུམ་ལྔའི་དལ། །རང་རིགས་བདེ་གཤེགས་འདུས་པའི་འཁོར་ལོར་རྫོགས། རིག་རྩལ་དབང་ཐོབ་གྱད་ཀྱི་གླུ་བླངས་པས། །འཁྲུལ་སྣང་འཁོར་བའི་རྫུན་ཕུགས་རང་སར་རྡིབ། །ཧཱུྃ། ཁམས་གསུམ་ཟིལ་གནོན་པདྨ་ཐོད་ཕྲེང་ཡང་། །རིག་མདངས་ཡེ་ཤེས་འཁོར་ལོར་རྩལ་རྫོགས་པས། །ཀུན་བརྟགས་བསྐྱེད་རིམ་གསལ་བརྟན་རང་དག་ཀློང་། །རིག་རྩལ་གར་དགུའི་རོལ་བར་ཆ་ལ་ལ། །ཧཱུྃ། རིག་པ་གཞི་དབྱིངས་ཀློང་དུ་ཕྱིན་པའི་ཚེ། །ཡིད་དཔྱོད་ཐེག་པའི་བློ་སྒོམ་རང་སར་དག །དྲན་འཛིན་གཉེན་པོའི་རྩོལ་བ་མཐོང་སར་ཡལ། །དབྱིངས་རིག་དབྱེར་མེད་ཀློང་དུ་སོས་ཏེ་དལ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། །ཧཱུྃ་ཞེས་སྲོག་


JLAZ014_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྙིང་པོ་བགྲངས་པ་ལས། །སྟོང་གཟུགས་ཧཱུྃ་གི་སྣང་བ་མཁའ་འགྲོར་གྱུར། །ནམ་མཁས་གར་ཁྱབ་མཁའ་འགྲོ་སྡེ་ལྔའི་དལ། །ཧཱུྃ་གི་སྣང་གླུ་བརྡ་སྐད་ཙེ་རེ་རེ། །དུག་ལྔའི་རྣམ་ཆོག་སྐུ་ལྔར་ཡ་ལ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃཧཱུྃ། གཞོམ་མེད་ཧཱུྃ་གི་སྣང་གླུ་ལྔ་ལྡན་གྱི། །རེ་དགོས་སྤང་བླང་དགག་སྒྲུབ་ཆམ་གདལ་གྲོལ། །ལྔ་ལྡན་པདྨ་འོད་ཀྱི་ཕོ་བྲང་དེར། །རིག་འཛིན་རྣམ་བཞིའི་གྲལ་དུ་ཁྱོད་ཅིག་བྱོན། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། དུག་ལྔའི་གདོན་གྱིས་གཟིར་རྣམས་སྙིང་རེ་རྗེ། །བདེ་སྟོང་ཆེན་པོའི་ངང་དུ་དགྲ་གཉེན་ཟད། །སྤངས་ཐོབ་བྲལ་བའི་འབྲས་བུ་ངོ་མཚར་ཆེ། །ཁྱབ་གདལ་ལྷིང་པའི་ཤེས་པ་ཨ་ལ་ལ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱས་པས་རང་གཞན་ཐམས་ཅད་སྣང་བ་འགྱུར་སིང་སིང་བྱུང་ངོ་། །རྒྱལ་བ་བུ་རམ་ཤིང་པ་མཆོད། །གང་ཚེ་ཡོན་བདག་ཞིག་གི་ནང་། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ། །དགེ་བའི་བཤེས་གཉེན་མཚན་ཉིད་པས། །ཐང་ཤམ་ཞེས་པའི་ཕྱོགས་སྔ་ཡི། །ཆོས་སྐད་འདི་ནི་སྒྲོག་ཏུ་བྱུང་། །ཁྱེད་ཀྱིས་བསྙེན་པར་རྫོགས་པ་བཞེས་ཨེ་མྱོང་། གསང་སྔགས་ཉམས་སུ་ལེན་པ་ལ་སོ་སོ་ཐར་པའི་རྟགས་དང་ཆ་ལུགས་ཀྱང་ངེས་པར་དགོས། དགེ་སློང་རྡོ་རྗེ་འཛིན་པ་ཞེས་བཤད་ནས་ཡོད་ཟེར་བ་ལ། ངས་དེ་ཤིན་ཏུ་ཡིན། ཚུལ་ཁྲིམས་འཆལ་བས་གསང་སྔགས་


JLAZ014_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲུབ་པར་གསུངས་པའི་རྒྱབ་སྐྱོར་ལའང་དེ་སྐད་གསུང་དགོས། ངེད་ཅག་གཤིས་ལུགས་རྫོགས་བ་ཆེན་པོ་རི་སུལ་དང་དབེན་པ་ཁོ་ན་ལ་དགའ་ཞིང་། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འབྲེལ་བ་ལ་ཉམས་ལེན་གྱི་འཐིལ་བཅའ། རྟོགས་པ་ཤར་མི་ཤར་མོས་གུས་དང་བསྒྲུབ་ཚུགས་ཁོ་ན་ལ་རེ། འཕྲལ་གྱི་སྤྱོད་པ་ཕྱི་ཚིག་མེད་པ་ཙམ་ལྷུར་ལེན་པའི་བྷཱུ་སུ་ཀུ་པ་དང་། །དགེ་སློང་རྡོ་རྗེ་འཛིན་པ་ལ་སོགས་པ་དེ་ཚོའི་དོག་འཚངས་བྱེད་དགོས་པ་མི་འདུག་སྟེ། གོ་ཡུལ་གྱི་དབང་དུ་བྱས་ན། གསང་སྔགས་ཉམས་སུ་ལེན་པའི་རྟེན་དེ་ལ་དོན་གྱི་སྡོམ་པ་གསུམ་ལྡན་དུ་བསྒྲུབ་དགོས་པ་ནི། དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོའི་སྐབས་ནས། སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །འདི་ནས་བྱང་ཆུབ་མ་ཐོབ་པར། །ཡང་དག་ཉིད་དུ་གཟུང་བར་བགྱི། །ཞེས་པའི་ཆོ་གས་ཐོབ་ཙམ་ཡིན། །དེ་འཛིན་མི་འཛིན་དམ་ཚིག་དང་སྡོམ་པ་བསྲུང་མ་བསྲུང་ལ་རག་ལས། དེ་ལྟར་སྡོམ་པ་དེ་རྒྱུད་ལ་གནས་ཕྱིན་ཆད་སྔགས་སྤྱོད་ཀྱི་རྟེན་དེ་ལ་སོ་ཐ་གྱི་རྟགས་དང་ཆ་ལུགས་ཀྱང་ངེས་ངེས་རྟག་རྟག་བྱེད་དགོས་པའི་གཞི་ཅིས་གྲྭ་བ། །ཁྱེད་ལྟར་ན་མདའ་མཁན་མཆོག་གིས་སྤྱོད་པའི་གྲུབ་ཆེན་ས་ར་ཧ་པ་དང་། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བོ་དྷི་ལ་སོགས་རྒྱ་བོད་ཀྱི་པཎ་གྲུབ་སྔགས་ལ་


JLAZ014_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་མཐའ་ཡས་པ་ཞིག་ལ་གསང་སྔགས་ཉམས་སུ་ལེན་བའི་སྐལ་བ་ཆད་ཅིང་འོག་མ་རྣམ་གཉིས་ཀྱི་སྡོམ་པས་བཏང་བ་སྟེ། དོན་གྱི་སྡོམ་པའི་མཚང་མ་རིག་པ་མིན་ལས་བྱེ་བྱས་པས། ཁོང་ཁམས་པ་ང་རྒྱལ་ཅན་རིགས་གྲར་རྩོད་པའི་བག་ཆགས་ཤིན་ཏུ་འཐས་པས། བཞིན་གྱི་མདངས་པདྨ་རཱ་ག་ལྟ་བུར་གནས་འགྱུར་ནས་སྐད་འདར་བ་དང་ལག་ངར་སྒྲེང་བ་ཚབས་ཅིག་པས། འོ་ན་སྡོམ་པའི་ངོ་བོ་གང་ལ་ངོས་འཛིན་ཟེར་ཞིང་ཞེ་སྡང་གི་སྡང་མིག་བལྟར་བྱུང་བས། ང་སྙིང་རྗེ་ལྷང་ལྷང་བ་བྱུང་། ཁོང་ལ་ཞེ་སྡང་འདི་ལངས་པ་རང་རེས་རྟོག་གེའི་ཚིག་ལན་གདབ་པས་ལན། །ད་འཇམ་པོའི་ངག་གིས་སྨྲ་དགོས་སྙམ་ནས། དགེ་བཤེས་རིན་པོ་ཆེ་ཐུགས་བདེན། ངས་བསླབ་གཉེར་སོགས་བྱེད་མ་མྱོང་བས་ཇི་བཞིན་ཤེས་བ་ཅི་འདུག་སྟེ། ཁྱེད་རང་ཡིན་མ་ཡིན་ཞིག་འབྲེལ་གནང་བ་ཞུ། ཀུན་རྫོབ་ཉན་ཐོས་ཀྱི་སྡོམ་པ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉེས་སྤྱོད་སྡོམ་པ་གཞིར་བཞག་ནས། གནང་བཀག་གི་དབྱེ་བས་ཉིས་བརྒྱ་ལྔ་བཅུའི་ཁྲིམས། །བྱང་ཆུབ་སེམས་དཔའ་ལ་དེའི་སྟེང་དུ་དགེ་བ་ཆོས་སྡུད། སེམས་ཅན་དོན་དེ་ཚུལ་ཁྲིམས་རྣམ་པ་གསུམ། རིག་པ་འཛིན་པ་ལ་རིགས་ལྔའི་སྡོམ་པ་ལ་སོགས་ཏེ་མཐའ་ཡས། དེ་གང་ཟག་གཅིག་གི་རྒྱུད་ལ་ཇི་ལྟར་བསྲུང་ན། མཚན་


JLAZ014_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སོ་སོར་འཛིན་པས་རང་ལྡོག་མ་འདྲེས། གསུམ་ཀས་གཅིག་པོ་དེའི་རྒྱུད་ཀྱི་མི་དགེ་བསྡོམ་པས་དགག་དགོས་ཡོངས་རྫོགས། སྔགས་ཀྱི་དུས་ན་སོ་ཐར་དང་བྱང་སེམས་ཞེས་རྫས་ཐ་དད་པ་མེད་པས་ངོ་བོ་གནས་འགྱུར། །ཡོན་ཏན་ཡར་ལྡན་ནི་པདྨ་ཅོད་པན་ལས། དབང་གསུམ་བགྲོད་པའི་རྣལ་འབྱོར། །དེ་ནི་དགེ་སློང་ཆེན་པོར་གསུངས། །ཞེས་སོ། །དེ་དག་ལའང་གནད་ཀྱིས་མི་འགལ་བ་དང་། དུས་སྐབས་ཀྱི་བྱ་བས་དབྱེ་བ་ཁོ་ནོའི་བླ་མ་དྲི་མེད་འོད་བཞེད། དོན་དམ་གྱི་སྡོམ་པ་ནི་སྤྱོད་ཡུལ་ལས་ཡིད་གཙོ། །དེའི་རྒྱུ་མཚན་སོ་སོ་ཐར་བ་ལས་ཀྱང་། སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྒོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཞེས་ཟེར་བ་ཡོང་། སངས་རྒྱས་ཀྱིས་ཁྱིམ་པའི་དཀོར་ཟ་བར་རྗེས་སུ་གནང་བ་དེ་ལྡན་པ་དང་གྲོལ་བ་རྣམ་གཉིས་ཡིན། ལྔ་ན་བ་ནི་ཚུལ་ཁྲིམས་ཅན་དང་། གྲོལ་བ་ནི་སྟོང་ཉིད་རྟོགས་བ་ལ་ཡིན། ཁྱེད་ཀྱི་ལྟར་ན་འདི་གཉིས་ཁ་ཕྲལ་བ་ལ་ཡང་


JLAZ014_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པ་སྐྱེ་ཉེན་གདའ། སོ་སོ་ཐར་པའི་རྟགས་དང་ཆ་ལུགས་ཅན་མ་གཏོགས་གཞན་དུ་གསང་སྔགས་ཀྱི་བརྟུལ་ཞུགས་ལ་སོགས་པས་གྲོལ་བ་ཅན་འགའ་ཡང་མི་སྲིད་བར་ཁས་བླངས་བའི་ཕྱིར། འདི་ཚོའི་ཡོན་ཏན་དེ་སྦྱངས་བའི་ཡོན་ཏན་བཅུ་གཉིས་དང་ལྡན་པ། གཞི་གསུམ་གྱི་ཆོ་གའི་ལག་ལེན་ལ་མཁས་པ། ལྡན་གྲོལ་གྱི་བརྟུལ་ཞུགས་ལ་དབང་འབྱོར་བའི་ཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་ལྟ་བུ་ལ་མངའ་བ་ཡིན་གྱི་གཞན་པཎ་ཆེན་ཤཱཀྱ་ཤྲཱི་ས་བོད་ན་རྗེ་བཙུན་མི་ལ་དེས་རྟགས་དང་ཆོ་ག་བྱས་ན་བཙུན་པ་མཚན་ཉིད་པ་ཞིག་འོང་ཐང་ཞེས་གསུངས་བ་ལྟར་རང་ཅག་བྱི་ལའི་བརྟུལ་ཞུགས་ཀྱི་ཚུལ་ཁྲིམས་མཆོག་འཛིན་ཅན་ལ་དཀའ་ལས་ཆེན་པོ་འདུག་པས་ཕན་ཚུན་དག་སྣང་སྦྱངས་རེས་འདི་ཀ་སྤྱན་ལམ་བཀྲབ་འདུག་བྱས་ནས། སྣང་བ་ཡེངས་པ་ལྟར་ཚིག་གོ་མིན་མི་གོ་མིན་གྱི་དབྱངས་རྟ་ལ་བསྐྱོན་ནས་མགུར་མ་འདི་འདྲས་འཐོན་ནོ། ཀྱེ་ཧོ། །སྣང་སེམས་གཉིས་སུ་མེད་པའི་རང་ངོ་ལ་ལྟད་མོ་ཞིག་བལྟས་པས། །གདོད་ནས་འཕོ་འགྱུར་མེད་པའི་སངས་རྒྱས་དང་མཇལ་བྱུང་ངོ། །ཨ་ཧོ་ཡེ་འབྲས་བུའི་གྲོལ་ས་དེ་དག་བ་གཉིས་ལྡན་ལ་ཞུ་བ་ནོ། །ཤཱཀ་ཐུབ་ཟེར་བའི་གཙུག་ཏོར་རོང་རོང་དེ་ཡིན་ན་དགའ་བ་ལ། །སྡེ་སྣོད་གསུང་རབ་རྒྱུད་སྡེ་རྒྱ་མཚོའི་བང་མཛོད་ལ་གཟིགས་


JLAZ014_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མུ་སྟེགས་ཟེར་བའི་རྟག་ཆད་སྨྲ་བ་རྣམས་ལེ་བཞུགས་བཞུགས་མཛོད་དང་བྱས་ཨེ་གོ །ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཁོང་ལ་འཁྱུད་རྒྱ་ཞིག་བྱས་བས། །དཔའ་མགོན་འཕགས་བ་ཀླུ་སྒྲུབ་ཀྱི་ཉམས་ཤིག་ཤར་བྱུང་ངོ། །ཨ་ཧོ་ཡེ་བཤད་བའི་ཆུ་འགོ་དེ་སྐྱེ་བ་གྲགས་པ་ལ་ཞུ་བ་ནོ། །འཛམ་བུ་གླིང་གི་རྒྱན་དྲུག་མཆོག་གཉིས་དེ་ཡིན་ན་དགའ་བ་ལ། །དབུ་མ་ཆེན་པོའི་དགོངས་སྙིང་ལ་ཤར་བ་ལ་ལྟོས་དང་། །ཚིག་སྐམ་ཁ་ལ་མུར་བའི་ཉན་ཐོས་རྒན་པོ་ཚོ་ག་ལེ་བཞུགས་བཞུགས་རང་མཛོད་དང་བྱས་ཨེ་གོ །ཕྱག་རྒྱ་ཆེན་པོ་དོ་ཧའི་དཀོར་མཛོད་ལ་ཞུ་བའི་ལྡེ་མིག །གྲུབ་པའི་དབང་ཕྱུགས་ས་ར་ཧ་པ་ལ་ཁོང་གིས་གནང་བྱུང་ངོ། །ཨ་ཧོ་ཡེ་སྒོམ་པའི་ཉམས་མྱོང་དེ་ཤ་ལྦ་རི་བ་ལ་འདྲི་བ་ནོ། །རྒྱ་གར་ཡུལ་གྱི་གྲུབ་ཐོབ་བརྒྱད་ཅུ་དེ་ཡིན་ན་དགའ་བ་ལ། །གནས་ལུགས་ཕྱག་རྒྱ་ཆེན་པོའི་ཆང་གིས་བཟི་བ་ལ་ལྟོས་དང་། །རྐང་བྲོ་གླུ་བཞད་ལ་བརྟུལ་ཞུགས་སུ་འཛིན་པ་ཐོག་ལེ་བཞུགས་བཞུགས་རང་མཛོད་དང་བྱས་ཨེ་གོ །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོ་ཁོང་གཏན་གྲོགས་སུ་བསྐོས་པས། །རྡོ་རྗེ་འཆང་དངོས་དགའ་རབ་རྡོ་རྗེ་ཡང་སྙིང་དཀྱིལ་དུ་ཕེབས་བྱུང་ངོ། །ཨ་ཧོ་ཡེ་རྟོགས་པའི་བོགས་འདོན་དེ་ཀུན་ཏུ་བཟང་པོ་ལ་ཞུ་བ་ནོ། །ལྔ་བརྒྱའི་


JLAZ014_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་རྒྱན་བི་ཨ་མ་ཏྲ་དེ་ཡིན་ན་དགའ་བ་ལ། །ལྟ་སྒོམ་གྱི་ཕུ་ཐག་ཟད་སར་འཁྱོལ་བ་ལ་གཟིགས་དང་། །ལྷ་འདྲེས་བརླམས་པའི་གྲུབ་རྟགས་ངོམ་མཁན་ཚོག་ག་ལེ་བཞུགས་བཞུགས་རང་མཛོད་དང་བྱས་ཨེ་གོ །བྱས་པས་ཁོང་སྣང་བ་འགྱུར། དབྱངས་རྟ་སྙེན་སྙན་སྐུ་ཚེ་རིང་། །ང་ཡང་རྙིང་མ་ལ་མོས་པོ་ཡོད། རྟ་མགྲིན་ཡང་གསང་འདི་གཏེར་སྟོན་གསུམ་གྱིས་གཏེར་ནས་བཏོན་པས་ཤིན་ཏུ་ཡིད་ཆེས་ཡིན་ཨ། འདིའི་སྦྱིན་སྲེག་གི་དཔེ་ཆ་ཞིག་དང་ཕྱག་ལེན་དེ་དགོས་པ་ཡོད་ཟེར། བླ་མ་ལ་དམོད་སྔགས་ལ་འཕྲ། །ཞེས་པ་དར་འདུག་གོ །དེ་ནས་ཡོན་བདག་པུ་ཤུད་ཀྱི་གཞི་ཀར་ཕྱིན། གུར་ཅོག་ལ་བརྟེན་ནས་ཀླུ་ལྡིངས་སུ་བསྡད། །མཁའ་འགྲོ་བསུ་བཟློག་རྒྱས་བ་ཞིག་མཛད་བྱུང་བས་ནུབ་མོའི་རྨི་ལམ་ན་ཀློང་ཡངས་བདེ་ཆེན་གྱི་ཁང་མཛེས་སུ་བུད་མེད་ཅིག་གི་ཡར་བཞེངས་པ་ཞུ་དང་བཞུགས་གདན་སྲབས་ནས་མི་འདུག་ཟེར་གོས་གདན་ཁ་གང་མ་ཞིག་བཏིངས་བྱུང་བ་ཕྱིས་ཀྱི་རྟེན་འབྲེལ་ལ་བལྟས། བསྙེན་བཀུར་དང་ཞབས་ཏོག་བླ་ན་མེད་པ་མཛད། ཚེས་བཅུ་པ་རྣམས་ལ་གསང་འདུས་ཟླུམ་པོ་བཞི་དབང་དང་། ཡོན་བདག་སྐུ་ངོ་རྣམས་ལ་གྲོལ་ཏིང་ལམ་རྒྱས་བའི་དབང་ཞིག་བྱས། དེ་ནས་དཔལ་གྱི་བསམ་ཡས་


JLAZ014_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མཆིམས་ཕུར་སྒྲུབ་པའི་རྒྱལ་མཚན་འཛུགས་པའི་དྲན་པ་མངོན་དུ་བཞག་ནས་ཕྱིན། ཟུར་མཁར་རྡོའི་མཆོད་རྟེན་དུ་ཚོགས་བསྐངས་བགྱིས་པའི་ཚེ་སྣང་བ་ཁྲལ་ཁྲོལ་དུ་སོང་། རིག་པ་ལ་དག་སྣང་མཐའ་ཡས་པ་ཤར་བ་ན་འདི་སྐད་དོ། །རྒྱལ་བ་རིགས་ལྔའི་ཞབས་ལ་འདུད། །མཚན་མ་སྤྲོས་བཅས་ཀྱི་དགེ་སྦྱོར་ལ། །རང་འདོད་བྲལ་བའི་སྲོག་མཁར་ཚུགས། །བསྐྱེད་རིམ་སྣོད་བཅུད་རྣམ་དག་ལ། །ཞེན་མེད་རང་ཤར་གྱི་གནད་ཅིག་གོ །མི་ཚེ་སྒྲུབ་ལ་དྲིལ་བ་ལ། །གྲུབ་རྟགས་མངོན་ཤེས་ཀྱི་ཞེ་འདོད་བྲལ། །ནོར་ས་གསུམ་གྱི་ཕྲང་ལས་ཐར། །དེ་བདག་གི་ཐོས་པའི་ཉེས་ལེན་ལགས། །རྫོགས་རིམ་གདོད་ནས་སྤྲོས་བྲལ་ལ། །ཅང་མེད་སྟོང་པ་སོམ་དོན་མེད། །མཉམ་རྗེས་རིག་སྟོང་ཟུང་འཇུག་ལ། །བཏང་བཞག་ཆེད་འཛིན་རང་སར་དག །ཐ་མལ་རིག་པ་རང་གསལ་ལ། །དྲན་མེད་ཧར་པོའི་ལྷད་མ་ཞུགས། །ནོར་ས་གསུམ་གྱི་ཕྲང་ལས་ཐར། །དེ་བདག་གི་བསམ་བའི་གདེང་ཚད་ལགས། །ལྷག་མཐོང་གང་ཤར་རིག་སྟོང་ལ། །བརྟག་དཔྱད་ཤེས་བྱའི་བྱ་མ་ཤོར། །རང་བབ་གཉུག་མའི་དྲན་པ་ལ། །ཡེངས་ཀྱི་དགོས་པའི་མཁན་པོ་མེད། །སྒོམ་མེད་དམིགས་གཏད་བྲལ་བ་


JLAZ014_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བཏང་སྙོམས་བློས་བཏང་དྲིས་མ་གོས། །ནོར་ས་གསུམ་གྱི་ཕྲང་ལས་ཐར། །དེ་བདག་གི་སྒོམ་བའི་གདེང་ཚད་ལགས། །ཐ་མལ་གྱི་ཚོར་བའི་སྡུག་བསྔལ་མེད། །ཟག་བཅས་ཀྱི་དགེ་བར་ཞེན་བ་བྲལ། །རིག་པའི་འཆར་སྒོམ་འགགས་བཞིན། །ཡུལ་གྱི་གསལ་ཆར་རེ་ལྟོས་མེད། །རྣམ་རྟོག་དབྱིངས་སུ་ཐིམ་ན་ཡང་། །དྲན་མེད་མུན་པའི་གཟེབ་ལས་གྲོལ། །འདོད་ཁམས་དང་གཟུགས་ཁམས་གཟུགས་མེད་ལྷའི། །གོལ་ས་གསུམ་གྱི་ཕྲང་ལས་ཐར། །ཐུག་ཕྲད་ཀྱི་ཤེས་པ་གུས་ཡངས་ལ། །སྤྲོས་བྲལ་འདུག་པ་མངོན་དུ་གྱུར། །འདི་བདག་གི་འབྲས་བུའི་སྐྱེལ་སོ་ལགས། །ཞེས་སྨྲས། དེ་ནས་བསམ་ཡས་མཆིམས་ཕུའི་དགེའུ་འོག་ཉང་ཏིང་འཛིན་བཟང་པོའི་སྒྲུབ་ཕུག་ཏུ་གྲགས་པ་དེར་སླེབས། བྲག་ཕུག་གི་སྟེང་ཐམས་ཅད་ནི་ཐིགས་པའི་བླ་ཤྲེ་བྲེས། ནང་ཐམས་ཅད་རྒྱ་མཚོ་ལྟ་བུར་འབྱིལ། ཟ་ཚོད་ལ་སོགས་ཏེ་སྔོ་ངད་སྣ་ཚོགས་པའི་མྱུ་གུས་ཁྱབ། ཚེ་འདིའི་སྣང་བ་རྣག་སར་ལྡོག་ནུས་པའི་ས་དེར་རང་ཉིད་གཅིག་པུར་འདུག །ཆར་ཞོད་ཤིན་ཏུ་ཆེ་བས་ཕུག་པའི་ཕྱི་ནང་ལ་སྐམ་རློན་མི་འདུག་པས་འགག་སྟོངས་དེར་གྲོང་པའི་སྐྱེ་བོ་ཞིག་ལ་གླེའུ་དཀར་པོ་ཞིག་གཡར་བ་ཉིན་མཚན་མེད་བའི་གོས་སུ་བྱས། སྒོས་


JLAZ014_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མཛའ་དང་བྱམས་སྐྱོང་མཁན་ནི་ཉིན་མོའི་སྐར་མ་ལས་མེད་པས་འགོལ་ཞིང་ཉམས་རྟོགས་ལ་ཤན་ཕྱེད། གྲུབ་ཐོབ་གོང་མའི་ཤུལ་ལམ་སྙོགས་སྙམ་པའི་བློ་བདེ་སིང་ངེ་བ་ཁོ་ན་བྱུང་། རེ་ཞིག་ནས་ཇ་སྡོར་ལ་སོགས་ཏེ་བཅུད་ལྡན་གྱི་ཟས་རྣམས་འཇའ་ལུས་འགྲུབ་ཏུ་ཉེ། སྔར་སྐྱིད་པོ་འབའ་ཞིག་མ་གཏོགས་སྡུག་པོ་ཞིག་མ་མྱོང་སྟེ། ཨོ་རྒྱན་ཆེན་པོའི་སྒྲུབ་གནས་སུ་སྙིང་པོ་དོན་གྱི་སྒྲུབ་པའི་རྒྱལ་མཚན་འཛུགས་པ་འདི་བསོད་ནམས་གང་ལས་ཀྱང་ཆེ། ཟས་དཀའ་ཐུབ་བཅུད་ལེན་ལ་བརྟེན་དགོས་བྱུང་ཡང་སྒྲུབ་པའི་དམ་བཅའ་མི་ལྡོག་སྙམ་པའི་ཞེ་བཅད་དྲག་པོ་སྐྱེས། སེམས་ཅན་རྙེད་པ་མེད་ལ་སྨོད། །རྙེད་པ་ཅན་ལ་མི་སྙན་བརྗོད། །རང་བཞིན་འགྲོགས་དཀའ་དེ་དག་གི། །དགའ་བ་ཇི་ལྟར་སྐྱེ་བར་འགྱུར། །ཞེས་པ་ནི་བདེན་པོ་རང་སྣང་། ཆགས་ཞེན་མེད་པའི་གནས་སུ་འདུག་ཙ་ན་བྲག་ཕུག་གང་ན་མིན་པ་འདི་འདྲར་བསྡད་ཟེར་ཕྱར་ཀ་སྒྲོགས། ཟླ་བོ་དག་ནས་ཀྱང་དེ་བཞིན་མི་འཐད་དམ་ཞེས་སྨྲ་བ་ལ་འདི་སྐད་ཅེས་སྤྲོ་བ་བསྐྱེད་དོ། །ཕ་རྡོ་རྗེའི་སློབ་དཔོན་པད་འབྱུང་དང་གཅིག །བུ་དག་པའི་འཁོར་སློབ་རྗེ་འབངས་དང་གཉིས། །གནས་བྲག་དམར་དཔལ་གྱི་མཆིམས་ཕུ་དང་གསུམ། ཚུལ་དེ་གསུམ་འཛོམ་པའི་རྣམ་ཐར་ད་གསན་ཏམ། །


JLAZ014_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དབེན་པའི་བྲག་ཕུག་བསམ་གཏན་གྱི་རྫོང་ཆེན། །འཁོར་འདུ་འཛིའི་ཁ་རུས་ཞེན་ཆགས་ཀྱི་རྩ་བ། །ང་རི་སུལ་འགྲིམ་པ་ཡུལ་མེད་ནི་མ་ལགས། །རྗེ་གྲུབ་ཐོ་གོང་མའི་ཤུལ་ལམ་དུ་འདུག་གོ །གནས་བདག་འཛིན་གྱིས་ང་བདག་ཆེན་པ་དང་གཅིག །རྡོ་ངོས་འཇམ་གྱིས་བརྩིགས་པའི་ས་མཁར་དང་གཉིས། །ཐུགས་དར་ཅོག་གིས་བརྒྱན་བའི་གནས་ཁང་དང་གསུམ། །འདི་གསུམ་བསྒྲུབ་ན་སྤྲང་པོས་ཀྱང་འགྲུབ་ཚོད་ན་གདའ་སྟེ། །ཚེ་ངེས་མེད་འདི་བསམས་ནས་བྲག་ཕུག་བཟུང་བ་ལགས། །མི་རྟག་འཆི་བ་སེམས་ཤིག་མཆོད་གྲོགས་ཚེ། །ས་འཇལ་ལེགས་ཀྱི་ཞལ་བ་སྲུབས་མེད་དང་གཅིག །ཤིང་མཛེས་བཞོགས་ཀྱི་ཀ་གདུང་སྲ་མཁྲེགས་དང་གཉིས། །ཚོན་ཁྲ་འབྱེད་ཀྱི་ལྡེབས་བྲིས་ཤིང་རྩི་དང་གསུམ། །འདི་གསུམ་བསྒྲུབ་ན་སྤྲང་པོས་ཀྱང་གྲུབ་ཚོན་ནི་གདའ་སྟེ། །ཚེ་ངེས་མེད་འདི་བསམ་ནས་བྲབ་ཕུག་བཟུང་བ་ལགས། །མི་རྟག་འཆི་བ་སོམས་ཤིག་མཆེད་གྲོགས་ཚོ། །རྟེན་མཆོད་བཤམས་ཀྱི་བསྐེ་མཛེས་གཟི་བརྗིད་དང་གཅིག །ཐང་ཕྱིས་བདར་གྱི་སྐྱོགས་ཟངས་རྣམ་བཀྲ་དང་གཉིས། །གཟན་ཤན་ཐབས་ཀྱི་ཆ་ལྷབ་དོམ་ཁྱེར་དང་གསུམ། །འདི་གསུམ་བསྒྲུབ་ནས་སྤྲང་པོས་ཀྱང་འགྲུབ་ཚོད་ནི་གདའ་སྟེ། །ཚེ་ངེས་མེད་འདི་བསམས་ནས་བྲག་ཕུག་བཟུང་བ་ལགས། །མི་རྟག་འཆི་བ་སོམས་ཤིག་མཆེད་


JLAZ014_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་ཚོ། །སྡེ་དཔོན་ཆེན་གྱི་ངོ་འཛིན་འགྲོ་ཕྱོགས་དང་གཅིག རྡའུར་ཚོམས་ཀྱི་བསྲུང་བཟློག་གསད་མནན་དང་གཉིས། །ལྟོ་ཡས་ཐགས་ཀྱི་ཟ་འགོ་འཚོལ་བ་དང་གསུམ། །འདི་གསུམ་བསྒྲུབ་ན་སྤྲང་པོས་ཀྱང་འགྲུབ་ཚོད་ན་གདའ་སྟེ། །ཚེ་ངེས་མེད་འདི་བསམས་ནས་བྲག་ཕུག་བཟུང་བ་ལགས། །མི་རྟག་འཆི་བ་སོམས་ཤིག་མཆེད་གྲོགས་ཚོ། །འགྲན་སེམས་ཆགས་སྡང་གི་རིགས་ལམ་བསླབ་གཉེར་དང་གཅིག །རང་རྒྱུད་གཉའ་རེངས་ཀྱི་འཆད་རྩོད་རྩོམ་པ་དང་གཉིས། རང་དོན་ཆ་མེད་ཀྱི་གཞན་དོན་འུར་ལངས་དང་གསུམ། འདུ་གསུ་བསྒྲུབ་ན་སྤརྔ་པས་ཀྱན་འགྲུབ་ཚོད་ན་གདའ་སྟེ། ཚེ་ངེས་མེད་འདི་བསན་ནས་བྲག་ཕུག་བཟུང་བ་ལགས། །མི་རྟག་འཆི་བ་སོམས་ཤིག་མཆེད་གྲོགས་ཚོ། །ལྷ་མེད་འདྲེ་མེད་ཀྱི་ལས་འབྲས་ཁྱད་གསོད་དང་གཅིག །སྟོང་ལྟ་ཡུལ་འབྱམས་ཀྱི་གདོལ་སྤྱོད་བརྟུལ་ཞུགས་དང་གཉིས། །ཆང་བཟི་སྨྱོ་འགྲོགས་ཀྱི་ཞབས་བྲོ་ལྡིར་སྡིར་དང་གསུམ། །འདི་གསུམ་བསྒྲུབ་ན་སྤྲང་པོས་ཀྱང་འགྲུབ་ཚོད་ན་གདའ་སྟེ། །ཚེ་ངེས་མེད་འདི་བསམས་ནས་བྲག་ཕུག་བཟུང་བ་ལགས། །མི་རྟག་འཆི་བ་སོམས་ཤིག་མཆེད་གྲོགས་ཚོ། །ཨ་ཧོ། །ཕ་པད་འབྱུང་དང་དགའ་རབ་ཤྲཱི་སེང་། །རྗེ་མི་ལ་དང་ལོ་རལ་


JLAZ014_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་པོ་སོགས། །ཁོང་ཕྱག་རྫོགས་ཀྱི་པཎ་གྲུབ་ཐམས་ཅད་ཀྱིས། །གནས་བྲག་ཁུང་བཟུང་ནས་དངོས་གྲུབ་ཐོབ། །དེ་དག་ལ་མིག་ལྟོས་ཞུ་བ་ལགས། །རྗེ་ཀློང་ཆེན་དང་ཟུར་བ་མེས་དཔོན་གསུམ། ཁོང་རྫོགས་ཆེན་མཆེད་བཞིའི་རྣམ་ཐར་གྱིས། །མི་ཁོ་བོའི་ཡིད་ཁ་ཕྲོགས་པ་ལས། །འུད་ཆེ་ཚད་ལ་བ་སྤུ་མི་ལྡང་ཙམ། །སྤྲང་ལྟོས་མེད་ཀྱི་སྤྱོད་པ་སྐྱོང་བ་ལགས། །ཚེ་མི་རྟག་སྙིང་ནས་དྲན་པ་དེས། །གནས་ངེས་མེད་དུ་སྒྲུབ་པའི་རྒྱལ་མཚན་བཙུགས། །ངེས་འཁོར་བར་ཞེན་པའི་གནང་འགྱོད་མེད། །བློ་གཏུམ་ཡང་འདོད་ཁ་རྫོགས་པ་ལགས། །ཆོས་རྫོགས་པ་ཆེན་པོ་བསྒོམས་བསྒོམས་པས། །དོན་མངོན་གསུམ་རིག་པ་གནད་ལ་ཕེབས། །ད་འཁོར་བ་མི་ལྡོག་བློ་ཐག་ཆོད། །ད་དུང་ཟད་སར་འཁྱོལ་བ་ཞིག་བྱེད་པ་ལགས། །སྔོན་ཚེ་རབས་མང་པོར་ཚོགས་བསྔགས་པས། །ཆོས་རྡོ་རྗེ་ཐེག་པའི་ཉེ་ལམ་མཇལ། །གཞི་ཀ་དག་ཆེན་པོའི་དགོངས་པ་ལོན། །ཆོས་བོར་ཀྱང་ཡེངས་སུ་མེད་པ་ལགས། །འཆད་རྩོད་དང་རྩོམ་པའི་ཀློང་བརྡོལ་ཀྱང་། །འདིས་ལས་རླུང་རྒྱུ་བ་འཕེལ་དོགས་ནས། །དེ་ཚིག་ལ་རྟོག་དཔྱོད་མི་གཏང་བར། །དོན་ཡིན་ལུགས་ཀྱི་སྟེང་དུ་འཇོག་པ་ལགས། །གནས་བྲག་ཁུང་བརྟེན་པ་དམ་པའི་ལུགས། །སྡེས་མཁར་


JLAZ014_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བ་ཁྱིམ་པའི་སྲོལ། །ངའི་སྐྱོན་ཡོན་ཕལ་གྱི་མི་རྟོགས་པས། །གནས་ངེས་མེད་ལ་སྐུར་པ་མི་འདེབས་འཚལ། །ཚུལ་དེ་སྐད་དྲང་གཏམ་རྗེན་པའི་གླུ། །ལར་རང་གཙིགས་སྐྱེས་བ་མ་ལ་གིས་ཏེ། །གནས་དབེན་པའི་བྲག་ཁུང་བརྟེན་པའི་ཚེ། །ཁྱོད་ས་མཁར་བཞག་ནས་བྲག་ཁུང་བརྟེན། །བཅོས་ག་ལོག་ཅེས་སྒྲོ་སྐུར་བྱེད་པའི་དུས། །བདག་ཐོལ་བྱུང་རང་གྲོལ་རྣལ་འབྱོར་པས། །ཡིད་སྐྱོ་བ་སད་པའི་མགུར་དུ་བཞེངས། །འདི་ཆོས་མཛད་ཡོངས་ཀྱི་ཐུགས་ལ་འཕྲོད། །གནོང་ཅན་སྙིང་གི་ཚེར་མར་བྱེད། །རྐུན་ནོར་བཞིན་དུ་ཨ་ཐམ་རྒྱ། །ཞེས་སོ། །དེ་ནས་འདབ་ལྡན་གཡུང་དྲུང་འཁྱིལ་པའི་ཚལ་ནས་མགོ་དུང་ལས་དཀར་བའི་མི་རྒན་ཞིག་འཚོ་བའི་ཡོ་བྱད་བསྐྱེལ་དུ་བྱུང་བས་ཐོག་དྲངས་ཆད་བསྐྱེད་རྒྱུན་མར་བྱུང་། དེར་ལྷན་སྐྱེས་ཌཱ་ཀྐིའི་བརྡ་སྟོན་ལྟར་མེ་ཏོག་ཕུལ་བར་འདུག་གནས་བཟོས་ཤིང་། སྟེང་ལ་སྒོ་སྐྱོར་འཇག་སྐྱོབས་ལ་སོགས་པས་རེ་བཞག་འདུག་ཏུ་རུང་བར་བྱས། དེའི་རིང་བློན་ཆེན་གུར་དཀར་ཕུག་གི་རེ་རྩེར་གནས་འབྲེལ་བྱེད་དུ་ལྷགས་པའི་ཚེ་འོད་གསལ་ཐོད་རྒལ་གྱི་ཉམས་ལ་སྤྲོ་བ་བརྟས་པའི་གླུ། ཕ་བདེ་གཤེགས་ཀུན་འདུས་པདྨ་འབྱུང་། །མ་མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟའ། །སྐྱབས་


JLAZ014_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་རྗེ་འབངས་རྒྱ་མཚོ་རྣམས། །བུའི་དེ་རིང་སྙིང་གི་དཀྱིལ་ནས་དྲན། །ཡང་ལྕགས་ཕོ་འབྲུག་ལོ་གྲོ་བཞིན་ཉར། །སྤང་ཆོས་མེད་ཨིནྡྲ་མ་རེ་ཙྱཻ། །དཔལ་མཆིམས་ཕུའི་བློན་ཆེན་མགུལ་དུ་བསྐྱོད། །དེར་ཤེས་པ་ཡུལ་ཕྱིར་འབྲེངས་པ་ཡིས། །སེམས་ཚོགས་དྲུག་གི་ལྟད་མོ་འདི་ལྟར་མངོན། །རི་མཐོན་པོ་གནམ་གྱི་ཀ་བ་འདྲའི། །འདབས་གཡའ་དང་རྫ་ཡིས་མགུལ་པ་མཛེས། །སྟེང་ཕྱོགས་ནས་ཐང་དཀར་རྒོད་སྨུག་འཕྲོ། །ལོགས་གཤམ་ན་ལྷ་བྱ་གོང་མོ་རྒྱུ། ཁོང་བྱ་བྱིའི་ཚོགས་ཀྱང་མི་རྟག་སྒོམ། །གཟུགས་ཅན་གྱི་སྐྱེ་བོའི་རྒྱུ་འགྲུལ་མེད། །བུང་ང་རྣམས་བཅུད་ལ་ལྡིང་ཞིང་གཡོ། །གནས་ངོ་མཚར་ཅན་དེའི་རྩེ་མོ་ན། །ལྷུན་གྲུབ་རང་བྱུང་གི་གུར་དཀར་ཕུབ། །བྲལ་དབྱིབས་ནི་རུས་སྦལ་སྒུམ་པ་འདྲ། །སྟེང་ལྷོ་སྤྲིན་སྨུག་པོའི་བླ་བྱེ་བྲག །ཆར་སྦྲང་ཆར་ཟིམ་བུའི་ཅོད་པན་འཕུར། །བྱ་རོག་ནག་ཆུང་སྟོང་སྒྲ་སྒྲོགས། །སྐུ་གསུམ་ཡེ་བབ་ཀྱི་དགོངས་པ་ལ། །ལྷུན་གྲུབ་ཐོད་རྒལ་གྱི་འཇའ་རིས་འཁྱིལ། །ཐིག་ལེ་དང་ལུག་རྒྱུད་ཟིམ་བུར་གཡོ། །དུས་དེ་ཚེ་མེ་ལྷས་དབང་བའི་ས། །གནས་ཡར་ཀླུངས་པདྨ་ཤེལ་ཕུག་གི། །སྟེང་ཡང་ཐོག་ཟླ་གམ་ལྟ་བུ་ཡི། །འཇའ་ཚོན་སྣ་ལྔ་བ་གུར་དུ་འཁྱིལ། །དེར་ཨོ་རྒྱན་མངོན་སུམ་


JLAZ014_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ནོ་སྙམ། །མིག་ཆུ་བུར་དབང་ཤེས་ཟུག་བཞིན་དུ། །དོན་སྤྲོས་པ་མེད་པའི་དབང་བཞི་བླངས། །གཏད་མེད་ཀྱི་ཤེས་པ་སྤྲོས་བྲལ་ལ། །ཡེ་བབ་ཀྱི་ངས་ལུགས་ལྷུན་གྱིས་གྲུབ། །ཀུན་རྫོབ་ཏུ་བདེ་ཉམས་དཔག་ཏུ་མེད། །དོན་དམ་བདེ་སྡུག་མཐའ་ལས་གྲོལ། དུས་དེ་ཚེ་རྡོ་རྗེའི་མཆེད་པོ་ཡིས། །དཔལ་རྡོ་རྗེའི་མགུར་ལས་བྱོན་པ་ཡི། །ལྷུན་གྲུབ་ཀྱི་གཏམ་གསུམ་དགོས་སོ་སྐད། །དེར་དྲན་རིག་ཆམ་གྲོལ་སོ་མའི་གདངས། །སྣང་བ་དཔེ་གྲས་ཀྱི་མགུར་འདི་བླངས། །ཧོ་ཧོ། །མི་མངོན་ནམ་མཁའི་ཀློང་ཡངས་དེར། །ཁོང་ཐང་དཀར་སྨུག་པོ་གཤོག་རྩལ་ངོམ། །བུ་རང་ང་ཡང་སྣང་སེམས་གཞི་གྲོལ་ཀློང་། །གཏད་མེད་ཀྱི་ནམ་མཁའ་ཡེངས་མེད་འཕྱོ། །དམ་འདོག་མོས་གཞིའི་སྐྱེད་ཚལ་ན། །ཁོང་རྩི་ཤིང་ནགས་ཚལ་ལོ་འདབ་གཡོ། །བུ་ང་རང་ཡང་ཉམས་མྱོང་གོང་འཕེལ་ཕྱིར། །རྣམ་རྟོག་ལ་རིག་པའི་རྩལ་སྦྱོང་བྱེད། །བར་འདོད་ཁམས་མི་ཡི་ཡུ་གྲུ་ན། །སྨན་མཚར་སྡུག་ཀུན་གོས་རྒན་གཟབས་མཆོར་ངོམ། །བུ་ང་རང་ཡང་མཐའ་གྲོལ་ཀློང་ཡངས་དང་། །ཕྱི་ཡུལ་སྣང་གི་འཆར་སྒོ་རྒྱན་ཆར་འདོགས། མཚོ་སྔོན་མོ་གཡུ་ཞལ་འཁྱིལ་འདྲའི་དང་། །ཁོང་གར་མཁན་ཚོ་འགྱུར་ལྕམ་མཉེན་ལྕུག་འཁྲིལ།


JLAZ014_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བུང་རང་ཡང་སྣང་སེམས་བསྲེ་བའི་ཕྱིར། །རྒྱ་མཚོ་ཅོག་བཞག་ལ་གདར་ཤ་གཅོད། །གནས་སྡེ་དགོན་ཆེན་པོའི་ཆོས་ར་ན། །ཁོང་དགེ་བཤེས་ཚེ་དགག་སྒྲུབ་མཐའ་མེད་མཛད། །བུ་ང་རང་ཡང་མཐར་བརྒྱད་སྤྲོས་བྲལ་དང་། །འཁོར་འདས་རྒྱབ་གྱེས་ཀྱི་རིགས་ལམ་གཏོད། །ཁྲིམ་ཐོན་པོ་དར་གོས་འབོལ་བརྩེགས་སྟེང་། །ཁོང་བླ་ཆེན་ཚོ་ཕྲིན་ལས་ཅིར་ཡང་སྟོན། །བུང་རང་ཡང་རྟེན་འབྲེལ་ལམ་ལྷོངས་ཕྱིར། །སེམས་རིག་ཤན་འབྱེད་ཀྱི་ལྟ་སྒོམ་སྐྱོང་། །ཕྱི་བཀོད་མཛེས་ཀྱི་ཁང་གཞིས་སྐྱིད་པོའི་ནང་། །ཁོང་མི་དཔོན་ཚོ་འབངས་ལ་མཉལ་ཐག་གཅོད། །བུ་ང་རང་ཡང་བྲག་ཕུག་རང་གཤོམ་ནང་། །ཀུན་རྟོག་ཡུལ་འབྱམས་ལ་དྲག་འཇུན་བྱེད། །སྡུག་ཁྱིམ་ཐབ་མང་པོའི་གོ་ར་ན། །ཁོང་མ་རྒན་རྣམས་འཁོར་བའི་སོ་ནམ་རེམ། །བུ་ང་རང་ཡང་གཉུག་མའི་བརྟུལ་ཞུགས་དང་། །ས་ལམ་གཞི་གྲོལ་གྱི་དགོངས་པ་བསྐྱང་། །སྤང་སྔོ་ལྗང་གཡུ་ཡི་མཎྜལ་སྟེང་། །ཁོང་རྫི་བོ་རྣམས་ཕྱུགས་ལུག་སྐྱོང་བྲལ་བྱེད། །བུ་ང་རང་ཡང་རྣམ་རྟོག་ལུ་གུ་རྒྱུད། །ལྷག་མཐོང་རྟོག་མེད་ཀྱི་ར་བར་འཛུད། །ཡུལ་ལམ་འཕྲང་དང་དབེན་པའི་བས་མཐའ་རུ། །ཁོང་ཇག་རྐུན་རྣམས་མཐའ་མེད་ཨར་སྤྲང་རེམ། །བུ་ང་རང་ཡང་འཇིག་རྟེན་


JLAZ014_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བརྒྱད་ལ། སྣང་བ་གདོང་འདེད་ཀྱི་འཕྲོག་བཅོམ་བྱེད། །གནས་ངེས་མེད་ཀྱི་རྒྱལ་ཁམས་ཡངས་པོ་ཆེར། །ཁོང་རྟོག་ལྡན་རྣམས་སྒོ་ཁྱིའི་འགྲམ་རུས་གཅོག །བུ་ང་རང་ཡང་དགོངས་ཀློང་ཡངས་པའི་ངོགས། །གཟུང་འཛིན་བྱི་རྒན་གྱི་ལྟག་རྩ་སྤུར། །ཁྱིམ་ཕུན་ཚོགས་ཀྱི་སྒོ་ཁང་སློར་ན། །ཁོང་གཅེས་ཕྲུག་ཚོ་ཡུལ་ལ་རྩེད་མོ་རྩེ། །བུ་ང་རང་ཡང་མ་བཅོས་གཉུག་མའི་གྲོང་། །ཡུལ་ཅན་རིག་པའི་རྩེད་འཇོར་རོལ། །འཁོར་བ་ན་འདི་འདྲའི་གཟིགས་མོ་སྣང་། །མྱང་འདས་ལ་ལེགས་ཉེས་བླང་དོར་བྲལ། །སེམས་ཀུན་གཞི་གཅིག་ལ་རྣམ་འགྱུར་བརྒྱ། །རིག་མ་རིག་གི་མེ་ལོང་ངོས་སུ་ཤར། །དེ་སྣང་བ་དཔེལ་གྲས་པ་ཡིན། །དཔེ་དེ་ཉིད་དོན་ལ་སྦྱོར་བ་ཡིན། །དོན་དེ་ཉིད་ཚིག་གིས་བཀྲལ་བ་ན། །ཁོང་སྣོད་བཅུད་ཕལ་གྱི་ཐུགས་ལ་གཟོན། །བློ་ནང་དུ་བཀུག་ན་བདེན་པའི་གཏམ། །མི་གོ་བ་ཅན་གྱིས་དཔྱད་ན་ཤེས། །ངེད་བརྒྱུད་པ་བཟང་པོའི་བུ་བརྒྱུད་འདི། །རེ་དོགས་ཀྱི་སྲད་བུ་ཕྲ་སར་གཅོད། །ཉམས་འུར་ཚེ་སྣང་སྲིད་གླུ་རུ་ལེན། །གནས་མི་མེད་རི་སུལ་དབེན་ཕུག་འགྲིམས། །སེམས་ཁོང་གྲོལ་སྒྲུབ་པའི་རྒྱལ་མཚན་འཛུགས། །ཀ་དག་ཆོས་ཟད་ཀྱི་གྲུབ་མཐའ་སྙོགས། །འདི་


JLAZ014_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འུད་གོག་རྔམ་པོ་ཆེ། །གཉིས་སུ་དྲང་གཏམ་བདེན་པོ་ཆེ། །གསུ་དུ་དགོངས་པ་རང་ཤར་ཚིག །རི་གནམ་ལ་ཅོ་འདྲི་འདྲ་བའི་རྩེར། །ཀློང་ཆེན་མཁྱེན་བརྩེའི་འོད་ཟེར་གྱིས། །བྲེ་མོའི་ཚུལ་དུ་བགྱིས་པ་ལགས། །ཕྱིར་ལམ་མཚོ་རྒྱལ་ཕུག་ཏུ་གནས་འབྲེལ་ཞག་ཏུ་ལོངས་པ་བྱས་པའི་ཚེ་གནས་ཀྱིས་གང་ཟག་བྱིན་གྱིས་བརླབས་པས་བརྟུལ་ཞུགས་རོལ་པའི་གླུ། སྐྱབས་པད་འབྱུང་རྗེ་ལ་གསོལ་བ་འདེབས། །མ་ཡེ་ཤེས་མཚོ་རྒྱལ་སྙིང་ནས་དྲན། །བདག་ཁམས་གསུམ་ཡིད་ཅན་ཐམས་ཅད་དང་། །དགོས་གསོལ་འདེབས་བུ་ལ་ཐུགས་རྗེས་གཟིགས། །ཚེ་མི་རྟག་གཡང་ཁའི་བྱིའུ་འདྲ། །འདི་འགྱུར་བར་ངེས་ཀྱང་ཆོས་མ་དྲན། །ལས་འདི་བྱའི་ཏིག་པོ་མེད་པའི་ངང་། །གཞོན་སོ་དཀར་གྱི་མི་ཚེ་བུད་དེ་ཐལ། །བུ་དེ་རིང་བསམས་བཞིན་སྙིང་རླུང་ལངས། །ལས་མཐའ་མེད་འཁོར་བའི་བཙོན་ར་འདིར། །སྔོན་ཐོག་མེད་དུས་ནས་ད་བར་འཁྱམས། །ཆོས་བྱེད་ལོའི་ངང་ལ་མི་ཚེ་ཟད། །དགྲ་འཆི་བདག་བྱུང་ན་ཇི་ལྟར་བྱེད། །ཚེ་འདི་ཡི་སྣང་བ་ཟ་ཟི་ཀུན། །རྟག་མི་ཐུབ་ནམ་མཁའི་འཇའ་ཚོན་འདྲ། །དེང་གཉིད་དུ་སོང་བའི་རྨི་ལམ་ཀུན། །ཚེ་ཕྱི་མའི་འཁྲུལ་སྣང་དང་ཁྱད་པར་མེད། །འདི་བསམ་ས་བཞིན་སྙིང་རླུང་དབང་མེད་ལངས། །ངའི་བླ་


JLAZ014_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཨོ་རྒྱན་ཆོས་རྗེ་དང་། །ངའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལྕམ། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །དུས་དེ་རིང་མཇལ་ན་སྐྱིད་པ་ལ། །གནས་ཡ་མཚན་དཔལ་གྱི་མཆིམས་ཕུ་ཡི། །ལྷུན་གྲུབ་རང་བྱུང་གི་མཚོ་རྒྱལ་ཕུག་ཡུམ་རྡོ་རྗེ་ཕག་མོའི་སྐུའི་ཕྱག་རྒྱ། །བྲག་ཤེལ་གྱི་མཆོད་རྟེན་བརྩེགས་པ་འདྲ། །འདབས་གཡུ་མཚོ་འཁྱིལ་བའི་ནགས་ཚལ་ཁྲོད། །ཁོན་བྱ་ཚོགས་བུང་བ་གསུང་གླུ་སྙན། །གནས་འདི་འདྲའི་ཡོན་ཏན་བསམ་མི་ཁྱབ། །སེམས་གྱ་གྱུའི་འཁྲུལ་རྟོག་རང་སར་འགགས། །སྙམས་སྣ་ཁ་མནོན་ཐོད་རྒལ་བསྐྱངས། །ལས་བྱ་བྱེད་འཁོར་བའི་རྣམ་རྟོག་ཞིག །དོན་དེ་ཕྱིར་སྒྲུབ་པའི་རྒྱལ་མཚན་ཚུགས། །དུས་སྙིགས་མའི་སྤྱོད་ཚུལ་ཡ་མ་བརླ། །གཤིས་གང་ལ་བརྟགས་ཀྱང་སྙིང་པོ་མེད། ཕ་གྲུབ་ཐོབ་གོང་མའི་བཤུལ་ལམ་སྙོགས། །ཆོས་རྫོགས་པ་ཆེན་པོར་གདར་ཤ་ཆོད། །དཀོར་ཤ་ཟན་ནག་པོའི་སྡེ་གོག་དང་། །ཡིད་ཆེད་ཆགས་སྒྱུ་མའི་ནོར་རྗེས་སོགས། །བློ་དགོས་མེད་ཞེན་ལོག་སྙིང་བཅང་མཛོད། །དུས་ད་རེས་འཁོར་པར་ཕྱི་ཕྱག་ཚོལ། །ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་དང་། །ནང་རྣམ་རྟོག་གྱ་གྱུའི་སྒྱུ་འཕྲུལ་གཉིས། །དུས་སྐད་ཅིག་ཙམ་ཡང་རྟག་པ་མེད། །རྟག་མི་རྟག་བློ་འདས་གཉུག་མའི་ངང་། །གཤིས་


JLAZ014_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་དགོངས་པ་ཟང་ཐལ་ཀློང་། །དུས་གསུམ་གྱི་རྣམ་རྟོག་ཁ་ཡན་གློད། །ཚོགས་དྲུག་གི་ཡུལ་སྣང་རང་སར་འགགས། །ཆོས་འོད་གསལ་རྫོགས་པ་ཆེན་པོ་ལ། །སྣང་སེམས་དང་སྐྱེ་འཆིའི་འདུ་ཤེས་མེད། །ཡེ་བབ་ཀྱི་རང་གཤིས་ལྷུག་པའི་ངང་། །ཆོས་ཟད་ཀྱི་རྟོགས་པ་མངོན་དུ་འགྱུར། ཧོ་ཧོ། །སྟག་སྤགས་དང་རུས་རྒྱན་ཁྲོ་ལོ་ལོ། །དྲིལ་ཆུང་དང་གཡེར་གས་སི་ལི་ལི། །ལྷུན་གྲུབ་ཀྱི་ཐོར་ཚུགས་ལྡེམས་སེ་ལྡེམ། །ཅང་ཏེའུ་དང་གླིང་བུ་ཀྱུ་རུ་རུ། །ངེས་མེད་ཀྱི་གཉན་ཁྲོད་འགྲིམ་པའི་ཚེ། །རེ་དོགས་ཀྱི་རྣམ་རྟོག་རྫུན་པོ་ཆེས། འཁོར་འདས་ཀྱི་བར་ལག་ཐད་ཀར་འབྱེད། །ཀློང་གྲོལ་གྱི་རིག་པ་ཧུར་སྤྱོད་སྐྱོངས། །དགའ་རབ་དང་འཇམ་དཔལ་ཤྲཱི་སེང་། །པད་འབྱུང་དང་བིམ་ཀློང་ཆེན་སོགས། །རྗེ་ནམ་མཁའི་རྣལ་འབྱོར་གྱི་དགོངས་བརྒྱུད་ཡིན། །བདག་དཔོན་སློབ་ཚོ་བརྒྱུད་པ་བཟང་པོའི་བུ། །བློ་བདེ་གུ་ཡངས་ལ་རྒྱུན་ཆད་མེད། །གཟུང་འཛིན་ལ་ཕཊ་ཀྱི་གཏོར་མ་རྒྱོབ། །ལྟ་སྒོམ་ལ་མིང་འདོགས་བྱ་གྱུ་མེད། །བྱར་མེད་ཀྱི་ངང་དུས་ལམ་རྫོགས། །ཐ་མལ་གྱི་ཤེས་རིག་ལྷོད་ཡངས་སོ། །ཨ་ལ་ལ་ཆགས་མེད་ཞེན་དྲལ་དང་། །འཁོར་འདས་ཀྱི་རེ་དོགས་འཇའ་ལྟར་ཡལ། །སྐུ་གསུམ་གྱི་འབྲས་བུ་གཞི་ལ་རྫོགས། །ཞེས་སོ། །དེར་གཅུང་སྒྲུབ་གཡོག་


JLAZ014_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གནས་སུ་སློག །རེ་ཞིག་རང་གཅིག་པུར་མཚམས་ཤིན་ཏུ་དམ་པར་བཅད་པའི་ཚེ་བྲག་རི་ལ་ངོ་མཚར་སྐྱེས་པའི་མགུར་དྲན་པའི་གསལ་འདེབས་ཞེས་བྱ་བ་ནི། གནས་ངོ་མཚར་ཅན་དཔལ་ཕྱི་མཆིམས་ཕུར། །རང་བྱུང་ལྷུནགྲུབ་ཀྱི་མེ་ཏོག་ཕུག །ཕྲལ་ཐིགས་ཚགས་དང་འཛིན་སྦྲས་མ་དགོས་ཤིང་། ཕུགས་བདག་འཛིན་གྱི་ཞེན་པས་མི་འཆིང་བའི། །འབུ་ཤུབས་ཐོན་གྱི་གཞལ་མེད་ཁང་ཞེན་སྣང་། །སྒྲུབ་ཁང་འདི་རྣལ་འབྱོར་པའི་རྒྱན་དུ་ཆེ། །ཕ་རང་བྱུང་པདྨས་བདག་ལ་སྩལ། །གྲོགས་སྙིང་རུས་ཅན་རྣམས་འདི་རུ་སྒོམས། །ཕྱི་ལུས་གནད་ལྷུན་གྲུབ་ཀྱི་བྱ་སྐྱིབས་ནང་། །རྡོ་ཐབ་རྫ་ཁོག་གི་འཁོར་འབངས་ཅན། །ཤིང་སྐམ་མེ་འབར་གྱི་ཁོལ་པོ་རྣམས། །ཕྲལ་བསྡུ་བར་དང་ཁྲིགས་བཅད་མ་དགོས་ཤིང་། །ཕུགས་རྣམ་དཔྱོད་ཡི་ཞེན་ཆགས་མི་སྐྱེ་བའི། །གར་བཞག་འདོལ་འདོལ་གྱི་ཞམ་རིང་བ། །ཉེ་གནས་འདི་རྣལ་འབྱོར་བའི་རྒྱན་དུ་ཆེ། །བྱ་བ་བློས་བཏང་གིས་ང་ལ་སྩལ། །གྲོགས་འདུ་ལོང་ཅན་རྣམས་དེ་འདྲ་མཛོད། །ནང་བཀོད་པ་ལུས་ཀྱི་ཕོ་བྲང་ན། །ལྷ་རར་སེམས་སུ་ཤེས་པའི་རྣལ་འབྱོར་པ། །ཕྱི་མཚན་མའི་དལ་ལ་མ་ལྟོས་ཤིང་། །སྣང་ལྟོང་ཟུང་འཇུག་ཏུ་ལྷུན་གྲུབ་པས། ཕྲལ་གསུམ་ཆོག་དང་ཌ་དྲི་མ་


JLAZ014_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཤིང་། །ཕུགས་འདུ་འབྲལ་མེད་པའི་ངོ་མཚར་ཅན། །ཡི་དམ་འདི་རྣལ་འབྱོར་པའི་རྒྱན་དུ་ཆེ། །འདི་རྣམ་སྨིན་རིག་འཛིན་གྱིས་དལ་སྩལ། །གྲོགས་དབང་རྣོན་ཅན་རྣམས་དེ་འདྲ་མཛོད། །ཕྱི་དག་སྣང་ཅན་གྱི་ཡུལ་གྲོང་ནས། །ཟས་མཐུན་རྐྱེན་སྦྱོར་བའི་ཡོན་གྱི་བདག །ཕྲལ་དགོངས་ཕན་དང་རིམ་གྲོ་མ་དགོས་ཤིང་། །ཕུགས་བསྔོ་སྨོན་བཙན་པོས་མཚམས་སྦྱོར་བའོ། །མགོན་མེད་ཟས་སྦྱིན་གྱི་རྣམ་མཐར་ཅན། །ཡོན་བདག་འདི་རྣལ་འབྱོར་པའི་རྒྱན་དུ་ཆེ། །ཕ་རྩ་གསུམ་རྒྱ་མཚོས་ང་ལ་སྩལ། །ཁྱེད་དག་སྣང་ཅན་རྣམས་དེ་འདྲ་མཛོད། །སྤུ་ནེ་ཙོ་ལྟ་བུར་སྙིང་སྡུག་ལ། བཞིན་པད་དཀར་ལྟ་བུར་བཀྲ་བའི་བྱ། །ཕྲལ་གཏམ་ལན་གཞལ་ཡང་མ་དགོས་ལ། །ཕུགས་མགུ་མཁང་ཚངས་སྡང་མི་སྐྱེ་བའི། །སྐྱོ་རོགས་ཀྱི་བྱ་བཏང་བསམ་མེད་པོ། །མཛའ་ཐོགས་འདི་རྣལ་འབྱོར་བའི་རྒྱན་དུ་ཆེ། བྱམས་སྙིང་རྗེའི་སྦྱིན་ལག་ཡངས་པོས་སྩལ། །གྲོགས་བྱང་སེམས་ཅན་རྣམས་དེ་འདྲ་མཛོད། །དབྱིངས་རྣམ་དག་སྒྲོན་མའི་ཕོ་བྲང་ན། །མངོན་སུམ་རིག་པའི་ག་རྩེད་མཁན། །ལམ་སྲོག་རྩོལ་གནད་དུ་ཆུད་པའི་མཐུས། །ཕྲལ་ལས་རླུང་གིས་གཡོ་བར་མི་ནུས་ཤིང་། །ཕུགས་གནས་ལུགས་ཡིད་དཔྱོད་དུ་མི་གོལ་བའི། ལྟ་སྒོམ་འདི་རྣལ་འབྱོར་པའི་རྒྱན་


JLAZ014_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆེ། །ལམ་སྙན་བརྒྱུད་ཟབ་མོས་ང་ལ་སྩལ། །གྲོགས་ལས་འཕྲོ་ཅན་རྣམས་དེ་འདྲ་མཛོད། །སྡེ་གྱང་རོལ་གྱི་ཞེན་ཆགས་སྙིང་ནས་ཐོངས་། །ཁྱུ་མང་པོ་དང་འགྲོགས་པའི་སྣ་གཏུན་འཕོག །ཚེ་སྟོད་ཀྱི་བྱ་བཞག་ཕལ་ཆེར་བརྗེད། །ད་ལྟའི་རིག་པ་ཐ་མལ་བ། །ཕྲལ་ཁ་འཛིན་གྱི་རྩིས་གདབ་མ་དགོས་ལ། །ཕུགས་གང་དགར་ཡན་པའི་བློ་མཁན། །ད་དུང་ཀྱུ་ནས་མི་བྱོལ་རེ། །ལྟོས་མེད་འདི་རྣལ་འབྱོར་པའི་རྒྱན་དུ་ཆེ། །འུར་གསུམ་ཐག་ཆོད་ཀྱིས་ང་ལ་སྩལ། །གྲོགས་ཐར་འདོད་ཅན་རྣམས་དེ་འདྲ་མཛོད། །སྐྱབས་མཚོ་སྐྱེས་རྡོ་རྗེས་དབྱིངས་ནས་གཟིགས། །ཕ་དྲིན་ཆེན་བླ་མས་དགོངས་བརྒྱུད་འཕོ། །མ་མཁའ་འགྲོ་རྒྱ་མཚོས་བར་ཆད་སོལ། །ཕྲལ་བྱེ་བྱེད་མང་པོ་མི་དགོས་ཤིང་། ཕུགས་སྐུ་གསུམ་རང་རྩལ་རྫོགས་པ་ཡི། །སྐྱེད་ཉལ་འདི་རྣལ་འབྱོར་པའི་རྒྱན་དུ་ཆེ། །མཉམ་རྗེས་དབྱེར་མེད་ཀྱིས་ང་ལ་སྩལ། །གྲོགས་སྒོམ་ཉམས་ཅན་རྣམས་དེ་འདྲ་མཛོད། །དཔེ་བརྒྱད་དོན་བརྒྱད་ཀྱི་མགུར་མ་འདི། །གནས་འོག་མིན་དཔལ་གྱི་བྲག་ཕུག་ཏུ། །རྐྱེན་ཞེ་སུན་དྲག་པོས་མཚམས་སྦྱར་ནས། །རང་གཅིག་བུར་འདུག་ལ་སྐྱིད་སྣང་ཚོར། །ཉམས་བདེ་སྟོང་ཆེན་པོར་འབར་བའི་ཚེ། །ཕ་ཨོ་རྒྱན་ཡུལ་གྱི་མཁས་པ་ཆེའོ། །


JLAZ014_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཆོས་མེད་མཁྱེན་བརྩེའི་འོད་ཟེར་གྱིས། །ཚིག་བློ་ལ་ཤར་ནས་ཡེ་གེར་བྲིས། །དོན་ཉམས་སུ་ལེན་པའི་བསྐུལ་མར་བཞག །གྲོགས་དག་སྣང་ཅན་ཚོ་མཉེས་པར་ཤོག །དུས་འདི་དག་ཏུ་རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའི་ཡེ་ཤེས་ཀྱི་སྐུ་དང་ལན་གསུམ་མཇལ་ཞིང་བྱིན་གྱིར་བརླབས་པས། །ཀུན་ཏུ་བཟང་པོའི་ཆོས་འཁོར་དུ་འདུས་པ་ལ་སྤྲོ་ནས། །བླ་མ་བཟང་པོ་ཨོ་རྒྱན་ཆོས་རྗེ་ལ་ཞུས་པས། །བྱིན་རླབས་ཟབ་མོ་དགོངས་བརྒྱུད་སྤྲོས་བྲལ་དེ་བབས་བྱུང་། །ལྟ་སྒོམ་ཡེ་བབ་སྐུ་གསུམ་ལྷུན་གྲུབ་འདི་དགའ་ཡོ། །ཉམས་ལེན་བྱར་མེད་བློ་འདས་ཡེ་གྲོལ་འདི་སྐྱོད་དོ། །ཡི་དམ་བཟང་པོ་པདྨ་སྙིང་ཏིག་ལ་ཞུས་པས། །བསྐྱེད་རིམ་ཟབ་མོ་སྣང་སྟོང་ཟུང་འཇུག་དང་མཇལ་བྱུང་། །རང་སེམས་མངོན་རྫོགས་ལྷ་སྐུར་སོང་བ་དེད་གའ་ཡོ། །རྣམ་སྨིན་རིག་འཛིན་ཚེ་འདིར་ཐོབ་པ་དེ་སྐྱིད་དོ། །མཁའ་འགྲོ་བཟང་པོ་རྡོ་རྗེ་རྣལ་འབྱོར་ལ་ཞུས་པས། །ཕྲིན་ལས་ཟབ་མོ་དགོངས་པའི་གསང་མཛོད་དེ་བརྡོལ་བྱུང་། །ཐ་སྙད་ཚིག་ལ་བསླབ་གཉེར་མ་དགོས་བ་དགའ་ཡོ། །སྣང་གྲག་བརྡ་དང་དཔེ་ཆར་སོང་བ་དེ་སྐྱེད་དོ། །རྒྱུད་པ་བཟང་པོ་བྱིན་རླབས་དོན་རྒྱུད་ལ་ཞུས་པས། །དབང་བཞིའི་ཉམས་རྟོགས་བུམ་པ་གང་བྱོ་རུ་སྩལ་བྱུང་། །རིག་པའི་རྩལ་དབང་རང་ལ་ཡོད་པ་འདི་


JLAZ014_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཡོ། །ལྟ་སྒོམ་སྤྱོད་བའི་ཐ་སྙད་ཟད་པ་འདི་སྐྱིད་དོ། །དོན་དབང་ཟབ་མོ་དྲི་མེད་འོད་ཟེར་ལ་ཞུས་པས། །ཐུགས་རས་ལས་ཅན་རྟོགས་གྲོལ་དུས་མཉམ་ལངས་སོང་། །དཀའ་སྤྱད་སྡུག་བཙིར་ཞེ་འདོད་མ་དགོས་པ་དགའ་ཡོ། །བྱར་མེད་ལྷུག་པའི་རྒྱལ་ས་ཟིན་པ་འདི་སྐྱིད་དོ། །ཉམས་ལེན་བཟང་པོ་རྫོགས་པ་ཆེན་པོ་ལ་ཞུས་པས། །གནས་ལུགས་ཟབ་མོ་ཆོས་ཉིད་མངོན་སུམ་དང་མཇལ་བྱུང་། །རིག་པའི་གསལ་མདངས་ཕྱི་ལ་གསལ་བ་འདི་དགའ་ཡོ། །ལམ་རྟགས་ཟབ་མོ་ནང་དུ་མངོན་པ་འདི་སྐྱིད་དོ། །མྱུར་ལམ་ཟབ་མོ་སྙན་བརྒྱུད་ཕོ་ཉ་ལ་ཞུས་པས། །ལྟ་སྒོམ་ཟབ་མོ་ལྷོད་ལྷོད་འབོལ་འབོལ་དང་མཇལ་བྱུང་། །རླུང་སེམས་དབུ་མར་དབང་དུ་འདུས་པ་འདི་དགའ་ཡོ། །སྣང་སེམས་དབྱེར་མེད་ཟང་ཁ་རྒྱ་ཡན་འདི་སྐྱིད་དོ། །སྒྲུབ་ཁང་བཟང་པོ་བྲག་ཕུག་རང་གཤོམ་ལ་ཞུས་པས། །ད་ལྟའི་རིག་པ་ཀུན་ཏུ་བཟང་པོ་ལངས་སོ། །བསྐྱེད་རྫོགས་བཟླས་བརྗོད་ཌ་དྲིལ་མི་དགོས་པ་དགའ་ཡོ། །ཤེས་


JLAZ014_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

པ་གདོང་གཏད་སྒོམ་ལ་སོང་བ་འདི་སྐྱིད་དོ། །ཆོས་སྐྱོང་ཟབ་མོ་དམ་ཅན་སྡེ་བདུན་ལ་ཞུས་པས། །ཕྲིན་ལས་བཟང་པོ་རེ་དོགས་ཚར་གཅོད་དང་གནང་བྱུང་། །གསལ་མཆོད་མ་དགོས་སྡོང་གྲོགས་མཛད་པ་འདི་དགའ་ཡོ། །ཕྲིན་བཅོལ་མ་དགོས་ཆད་མཐོ་བསྲུང་བ་དེ་སྐྱིད་དོ། །དགའ་སྐྱིད་འཛོམ་པ་ཕྱོགས་ཀྱི་གྲངས་ལྡན་གྱི་ཐོལ་བྱུང། །གསུང་གི་དབེན་གནས་མཆིམས་ཕུ་དགེའུ་ཡི་ཕུག་ཏུ། །འཁོས་མེད་སྤྲང་པོ་མཁྱེན་བརྩེའི་འོད་ཟེར་གྱིས་བླངས་པས། །ཀུན་གྱི་རྒྱུད་ལ་ཉམས་རྟོགས་འབར་བ་ཞིག་ཞུའོ། །ཞེས་སོ། །འདིའི་ཚེ་རྨི་ཉམས་འདྲེས་པ་ཞིག་ལ། མི་གོས་ནེ་ཁ་གྱོན་ཞིང་སྣུམ་བག་ཆགས་ལ་གཙུག་སྐྲ་ཡན་བུར་མདུད་པ་ཞིག་སྒྲུབ་ཕུག་འགག་དེར་འོངས། ངེད་དུ་ཕྱག་གསུམ་བཙལ། ཐེམ་པ་ལ་མགོ་བོ་བཙུགས་ཏེ་འདི་སྐད་ཅེས་གླེང་ངོ། །སྔ་པ་ན་མཇལ་ཐེངས་གསུམ་སོང་བའི་རྗེས་མ་དམར་ནག་རཀྟའི་ཕྱོགས་སུ་སུ་མཇལ་བ་དེ་ཡིན། ད་ནང་ངེད་གདན་འདྲེན་ལ་འོངས་པ་ལགས་པས་ཅིས་ཀྱང་ཕེབས་དགོས་ཟེར། ཁྱེད་སུ་ཡིན་པེད་ལོ་གསུམ་གྱི་དམ་བཅའ་མ་རྫོགས་པར་འགྲོ་ཐབས་མེད། དུས་ནམ་འོང་དགོས་བྱས་པས། སང་གནངས་ལས་མ་འགྱངས་པར་ཕེབ་དགོས་ཟེར་གཙུག་སྐྲའི་ལན་བུ་ལ་ཤོག་ཚར་ཞིག་འདུག་པ་


JLAZ014_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བྱུང་བཀ་བཀླགས་པས། འདས་དང་མ་འདས་མཚམས་ནས། །མངགས་པའི་བང་ཕྱིན་འདི་ཡིན་ནོ། །ཟེར་བ་འདུག །ནག་པོ་ཆེན་པོ་ཡིན་པར་གོ་སྟེ་སྤྲོས་བྲལ་དུ་བཞག་པས་ཉམས་རྨིས་དེ་སད། ཕྱོགས་དེར་གཏན་དུ་མི་ཆགས་པའི་བརྡ་སྟོན་ཙམ་དུ་འདུག །མཁས་པ་ཁ་ཅིག་འདས་མ་འདས་ཀྱི་སོ་མཚམས་ཐམས་ཅད་ལ་དཔྱད་བྱེད་མོད་ཀྱང་། ཀུན་མཁྱེན་གྱིས། འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན། །ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཕོ་ཉ་སྟོན། །ཞེས་གསུངས་པའི་ཕྱོགས་གཉིས་ཀ་འགལ་བ་མེད་པར་བསྒྲུབ་ཞེས་སོ། །རྒྱུད་ལུང་མན་ངག་རྣམས་ནས་ལུང་བསྟན་ལ་དངོས་འཛིན་གྱི་རབ་གནས་བྱེད་པར་མ་བཤད་ན། རི་སུལ་གྱི་རྣལ་འབྱོར་པར་ཤར་གྲོལ་དུས་མཉམ་གྱི་དངོས་གྲུབ་ལ་མངོན་སུམ་ཚད་མ་ལགས། དེའི་ཚེ་མཐའ་མེད་འཁོར་བའི་བཙོན་རར་ངེས་འབྱུང་དྲག་པོ་ནི་སྐྱེས། ཚེ་འདིའི་ལེགས་ཉེས་དང་བླང་དོར་ཐམས་ཅད་ཁྲོན་པའི་ནང་དུ་རྡོ་འཕངས་བ་ལྟར་ཕྱི་ཚིག་དང་རེ་དོགས་མེད་པར་བློ་རྒོད་བླངས། མི་ཚེ་ལ་ཆད་བཙུགས་ནས་སྙིང་པོའི་དོན་ལ་རེས་འཇོག་མེད་པར་ཡིན་ལུགས་བཟོ་མེད་དུ་སྐྱོང་བའི་ཞེ་བཅད་དྲག་པོའང་སྐྱེས། སྡུག་བཙིར་ཞེ་ཡུས་དང་ཁོང་བསྲན་ཙམ་ལ་བསྒྲུབ་པའི་ཕོ་ཚུགས་ར་མ་དགོས། རིང་མོ་ཞིག་ནས་རིག་པའི་གནས་ལུགས་གུ་ཡངས་རང་གྲོན་ཆེན་པོར་ལ་ཟློས།


JLAZ014_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བའི་དགོངས་པ་རྒྱུད་རྒྱལ་དབང་པདྨ་ཡབ་ཡུམ་གྱི་ཐུགས་རྗེས་སྙིང་གི་རྫིང་བུར་བྱོས་པས་ཇི་སྙེད་པའི་མཁྱེན་པའི་ཀློང་དབྱར་གྱི་ཆུ་བོ་ལྟར་བརྡོལ། སྣང་བ་གདོང་འདེད་རང་བབ་བྱུང་རྒྱལ་ལས། སུའི་ཁ་ལ་ཉན་ཡང་ཆོས་དང་ནི་མཐུན་པ་དཀའ། འཇིག་རྟེན་ལུགས་དང་མ་མཐུན་ཀྱང་ནང་དུ་རྒྱལ་བའི་བཀའ་དང་བླ་མའི་ལུང་དབང་པོར་བཞག་ནས་ཞིབ་མོར་འཐག་པའི་སྙིང་སྟོབས་ནི་བསྐྱེད། རྒྱལ་བ་གོང་མའི་བྱིན་རླབས་ཞུགས། དག་སྣང་ཅན་གྱི་མཁན་སློབ་དང་། །སྒོམ་ཆེན་ལ་སོགས་པ་ཡང་དག་པའི་དོན་ལ་མོས་པས་དཔྱོད་པ་དང་། རྣལ་མའི་ལམ་མཐོང་བ་དང་། ཐེ་ཚོམ་གྱི་སྒྲོག་ཏུ་ཆུད་པ་ཇི་སྙེད་ཀྱི་རང་རང་བཞིན་མོལ་བ་དང་། གེགས་སྐྱོ་ན་སྐྱེལ་བ་དང་། དམགས་སར་བསྟོད་པ་དང་། མངོན་པའི་ང་རྒྱལ་རྩ་གདར་གཅོད་པ་སོགས་ཀྱི་སྤོབས་པ་རྙེད་པས་ཆོས་དོན་གཉེར་བའི་འཁོར་སློབ་འགའ་ཙམ་འདུ་བའི་མགོ་ཚུགས། འོན་ཏང་ཁོ་བོ་ཅག་ནི་ད་ལྟའང་བཟང་པོ་མ་ཡིན་ལ། གདོད་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གདུང་དང་སྤྲུལ་སྐུར་མིང་གི་མ་སྙན་པས་ལོ་གསུམ་བཏང་བའི་གྲ་པ་ལ་ཁྲིད་ཞུས་ནས་ཟེར་མི་མཐུན་པར་བལྟ། ལས་འཕྲོ་ངན་པའི་ཁྱིམ་བཙུན་མ་ཡན་ཆོད་ཀྱི་ཁ་ཟེར་བ་དང་ཕྱར་ཀ་གཏོང་བའི་སྐབས་ཀྱང་བཙལ། །དེའི་ཚེ་འདི་སྙམ་དུ། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་


JLAZ014_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་དུ་སྒོམ་པར་བྱ། །ཞེས་པ་དེ་སྙིང་ཐག་པ་ནས་དྲན། ཚིག་ལན་སྨྲ་བལྟ་ཅི་བསྐྱར་ཟློས་ཙམ་ཡང་། མ་བྱས་སོ། །དེ་ལྟ་བའང་རང་ཉིད་ལ་དག་པའི་སྣང་བ་ཆེས་དཀར་བ་དག་མ་རངས་པ་དང་ངག་ཚིག་བརླང་པོས་ཕ་རོལ་གྱི་དོ་ཟླར་བལྟ་བ་ལ། ཀྱེ་གྲོགས་པོ་དག་འདི་ལྟར་ཤེས་པར་གྱིས་ཤིག །བྱིས་པ་སོ་སོ་སྐྱེ་བོ་ཆགས་སྡང་རྨོངས་གསུམ་གྱི་དྲ་བར་འཐུམས། གཟུང་འཛིན་གྱི་སྒྲོག་དམ་པོས་བཅིངས། འཁོར་བའི་བཙོན་དོང་ཆེན་གཅིག་ནས་གཉིས་སུ་ཐར་མེད་ལུ་གུ་རྒྱུད་དུ་འཁོར་བདག་གི་ལས་དང་། བསོད་ནམས་མ་ཡིན་པའི་སྣང་ངོ་རུ་བདག་ཅག་ལ་ལྟ་ཅི། སྟོན་མཆོག་རྫོགས་པའི་སངས་རྒྱས་ལའང་དགེ་སྦྱོང་ལྷས་བྱིན་དང་། ལེགས་པའི་སྐར་མ། མུ་སྟེགས་ཀྱི་སྟོན་པ་དྲུག་རྗེས་འབྲང་དང་བཅས་པས་ལོག་པར་བསྒྲུབས་པའི་ཚུལ་མདོ་སྡེ་དང་འདུལ་བའི་ནང་དུ་བརྟགས་པས་ཤེས། དེ་བཞིན་དུ་རྒྱ་གར་གྱི་སློབ་དཔོན་ཐོགས་མེད་ལ་སྨད་ཅིང་། ཕྱོགས་ཀྱི་གླང་པོ་ལྟ་བུ་ལའང་། ཕྱོགས་ཀྱི་གླང་པོ་ནི་མུན་པའི་གླང་པོའོ། །ཀུན་ལས་བཏུས་ནི་མུན་བའི་ཀུན་ལས་བཏུས་སོགས་ཞེས་གང་ཟག་གཞུང་སུན་ཕྱུང་བ་དང་། རྒྱལ་སྲས་ཞི་བ་ལྷ་ལྟ་བུའི་བྱང་ཆུབ་སེམས་དཔའ་ལའང་བྷུ་སུ་ཀུ་འདུ་ཤེས་གསུམ་བཞེས་བསྒྲགས། བོད་


JLAZ014_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཁན་སློབ་ཆོས་གསུམ་གྱི་དུས་བོན་དང་སྡིག་བློན་གྱི་སྣང་ཚུལ། ས་ཕྱོགས་འདིར་གདོད་མའི་མགོན་པོ་དང་ཞལ་མི་གཉིས་པ་ཀུན་མཁྱེན་ཀློང་ཆེན་པ་ལྟ་བུའི་རྣམ་དཔྱོད་ལའང་གཤེ་ཞིང་། སྐུར་པ་མི་བཟད་པས་ཐུགས་དབྱུང་བ་ནི། ཁམས་འདུས་མེ་ཏོག་འཕྲེང་ལྡན་ལས། །དྲང་པོར་གནས་ན་རབ་ཏུ་གྱོང་བར་མཐོང་། །ནོར་གྱི་དབེན་ན་བསོད་ནམས་མེད་བར་འཛིན། །ཆོས་དང་ལྡན་ན་འཁོས་མེད་ཐབས་རྡུགས་ཟེར། །དེ་འདྲའི་སྐྱེ་པོ་མཐོང་ནས་ཁམས་འདི་འདུས། །མཐུན་འཇུག་མཁན་ལ་དགེ་བཤེས་བཟང་པོར་བརྩི། །གཡོ་ཅན་ཚུལ་འཆོས་མཁན་ལ་བཙུན་པར་སྨྲ། །ཚིག་རྩུབ་གླེང་ཟོག་མཁན་ལ་བཟང་པོར་བརྩི། །དེ་འདྲའི་སྐྱེ་བོ་མཐོང་ནས་ཁམས་འདི་འདུས། །ཞེས་དང་། དེང་སང་དུས་ན་རྣམ་གཞག་ཕྱིན་ཆི་ལོག །རང་སྐྱོན་དང་འགལ་ཡོན་ཏན་སྐྱོན་དུ་བརྩི། །ཙུ་ཏའི་སྐྱེ་བོས་རྐང་གཉིས་མི་རྣམས་ལ། །རྐང་གཅིག་ལྷག་ཅེས་བཞད་གད་བྱེད་པ་ལྟར། །རྩོམ་འཆད་རྩོད་པར་སྨྲ་བའི་བསམ་ཡས་པས། །ཆོས་བྷིན་སྤྱོད་ལ་བརྙེས་པའི་དུས་འདིར་མཐོང་། །ཞེས་གསུང་གིས་ལྕོངས་པ་ཡིན་ནོ། །ལར་ཐང་སྟོང་རྒྱལ་པོ་ལ་སྤྲང་པོས་འཕྱ་བའི་དཔེ་བཞིན་འདི་དག་སྙིགས་མ་ལྔ་བདོ་བའི་རང་མཚང་དུ་འདུག་པས་དམ་པ་སུ་ཞིག་གི་བ་སྤུའི་ཁུང་བུ་ཙམ་ཡང་གཡོ་བར་མི་ནུས་སོ། །


JLAZ014_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ཐོས་པ་མང་པོ་ནི་བཟོད་པའི་དཀའ་ཐུབ་བརྟེན་པའི་གཉེན་པོའང་ཡིན་ནོ། །ལར་གྱི་ནའི་གཏམ་གྱིས་བརྫི་བར་མི་ནུས་ཤིང་ཡུལ་རྐྱེན་ངན་པ་མན་ངག་དང་བདེ་སྟོང་དུ་འཆར་བ་ལ་དྲོད་ཐོབ་པའི་རྣལ་འབྱོར་པ་ཞེས་བྱའོ། །ཚེ་དབང་རིག་འཛིན་པདྨ་འབྱུང་། །ཡང་སྤྲུལ་རྗེ་འབངས་ཉི་ཤུ་ལྔ། །བྱང་སེམས་པཎ་གྲུབ་ཐམས་ཅད་ལ། །སྙིང་ནས་འདོད་དོ་དབྱིངས་ནས་གཟིགས། །སེམས་ཅན་བློ་མིག་མ་དག་པ། །དག་པ་ཆེན་པོའི་གདུལ་བྱར་ཤོག །གཞན་སྣང་བ་དགྲ་རུ་ལྡང་པའི་ཚེ། །ང་ཉམས་དགའི་གླུ་དབྱངས་ལེན་སྙིང་འདོད། །དོན་མེད་ཀྱང་བྲེ་མོ་བགྱིས་པ་ལགས། །ཆུང་ལུས་རྒྱའི་སྦུབས་ནས་ཉམས་རྩལ་རྫོགས། །ཆེ་ལུང་རྟོགས་གཡུ་རལ་ལན་བུ་གཡོ། །བདེན་གནས་རི་སུལ་གངས་སྟོངས་འགྲིམ། །ད་སྐྱེ་འཆི་གཉིས་ལ་བག་ཚ་མེད། །ང་སེང་གེ་དཀར་མོའི་ཕྲུག་གུ་ཡིན། །ལྦ་མོས་གངས་སྟོང་འགྲིམ་པ་མེད། །ལས་མྱོང་བས་འདག་གོ་བློ་རེ་བདེ། །འདི་ཞེན་པ་རྫོགས་པའི་གེགས་སེལ་ཡིན། །ཚེ་སྔོན་བསགས་ལས་འཕྲོད་བུ་མའི་སྤུབས། །ཆོས་མ་བསླབས་ཤེས་བྱའི་རྩ་མདུད་གྲོལ། །ལམ་སྟོང་ཉིད་ནམ་མཁའི་ཀློང་ན་འཕྱོ། །སྒོམ་མཉམ་རྗེས་འདྲེས་པའི་གཤོག་རྩལ་སྦྱོང་། །ད་བྱ་རྒྱལ་ཁྱུང་གི་ཕྲུག་གུ་ཡིན། །ཁྱིམ་བྱས་ནམ་འཕྱང་


JLAZ014_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གཅད་པ་མེད། །གཏམ་བདེན་པར་མ་གྲུབ་བསེར་བུ་འདྲ། །གཏུམ་མོའི་ངོ་སྤྲོད་ཀྱང་འདི་ཀར་འདུག །དབྱིངས་ཀློང་ཆེན་དགོངས་པའི་མཁའ་དབྱིངས་སུ། །དོན་ཐུགས་བརྒྱུད་བཀའ་བབ་གློག་མར་འཁྱུག །ཆོས་འོད་གསལ་རྡོ་རྗེའི་རྭ་རྩེ་རྣོ། །གཟུགས་རྟ་ཆད་གཉིས་སུ་སྟོན་པ་མེད། །ང་གཡུ་འབྲུག་སྔོན་མོའི་བུ་ཆུང་ཡིན། །སྦྲང་མས་དགུང་སྔོན་སྙོགས་པ་མེད། །གཏམ་རང་བཞིན་མེད་དེ་འཁྲུལ་པས་བཟོས། །སྒྱུ་མ་ངོ་སྤྲོད་ཀྱང་འདི་གར་སྣང་། །ཕ་པདྨའི་ལུང་བསྟན་ནགས་ཀྱི་ཁྲོད། །རྟགས་འགྱུར་མེད་ཀྱི་རི་མོ་ལུས་ལ་རྫོགས། །ཆོས་བཀའ་གཏེར་བསྟན་པའི་གྲ་ཟུར་འགྲིམ། །ལམ་རྨོངས་པའི་རི་དྭགས་ཟིལ་གྱིས་གནོན། །ང་སྟག་མོ་རི་བཀའི་བུ་ཆུང་ཡིན། །ཞུམ་བུས་ཐེམ་པ་བརྒལ་བ་མེད། །གཏམ་དྲིའི་གྲོང་ཁྱེར་གསར་པ་འདྲ། །བར་དོ་ངོ་སྤྲོད་ཀྱང་གཞན་དུ་མེད། །གཞི་སྐྱེ་མེད་སྟོང་པའི་ནམ་མཁའ་ལ། །ལམ་འགག་མེད་གསལ་ཆའི་འོད་ཟེར་འབར། །ཀུན་གཞིའི་མུན་པ་རྩ་གདང་གཅོད། །ཆོས་རྫོགས་ཆེན་བསྟན་པའི་མེ་རོ་སློང་། །ང་བཅུ་གཉིས་བདག་པོའི་བུ་རྒྱུད་ཡིན། །སྲིན་བུས་མུན་པ་བསལ་བ་མེད། །གཏམ་རྫུན་པོ་ཆེ་སྟེ་ཆུ་ཤིང་འདྲ། །རྨི་ལམ་ངོ་སྤྲོད་ཀྱང་འདི་ཉིད་དོ། །ཆོས་བཤད་རྒྱུད་ནམ་མཁའ་ལྟ་བུའི་ངོགས། །


JLAZ014_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་དོན་རྒྱུད་རིག་པའི་གཟུངས་དང་ལྡན། །ཡར་ངོའི་ཉམས་རྟོགས་འཕེལ་བ་ཡི། །མར་དོར་བག་ཆགས་ཤུགས་ལ་འགྲིབ། །ང་སྤྲོས་བྲལ་ཟླ་བའི་བུ་རྒྱུད་ཡིན། །མུན་པས་མཚན་ཉིད་མཐོང་བ་མེད། །གཏམ་གྲག་སྟོང་ཉིད་དེ་ངོ་བོས་སྟོང་། །འོད་གསལ་ངོ་སྤྲོད་ཀྱང་འདི་ཀ་ཀྱང་། །ཚེ་མང་པོའི་རབས་སུ་ཆོས་ལ་སྦྱངས། །ད་རེས་ཐོས་གྲོལ་ཆེན་པོར་སོང་། །མི་ཤེས་ལྡན་ཀུན་གྱི་ཐོད་དུ་བཅིངས། །གཞན་ཕན་ལྷག་བསམ་གྱི་ཁུར་ཆེན་འཁྲིས། །ང་ཀླག་ཆེན་རབ་འབྱམས་བུ་ཆུང་ཡིན། །ཀླུགས་པས་བླང་དོར་ཤེས་པ་མེད། །གཏམ་ཀུན་བརྟགས་ཡིན་ཏེ་ཟག་པ་ཟད། །འདའ་ཀ་མ་ངོ་སྤྲོད་ཀྱང་འདི་ཁལ་ཤས། །ཧོ་ཧོ། །རིག་པ་ཡེ་ནས་ཀ་དག་ལ། །སྟོང་པ་བློ་ཡིས་འཆོས་མ་དགོས། །ད་དགག་སྒྲུབ་ཀྱི་གྲུབ་མཐའ་འཛིན་དོན་མེད། །ཤེས་བྱ་གཤིས་ལ་ཤོར་བ་ཚོས། རྟག་ཆད་ཀྱི་བཀའ་བཀྱོན་མི་གནང་འཚལ། །ཡེ་ནས་སྐུ་གསུན་ལྷུན་གྲུབ་ལ། །འབྲས་བུ་ལོགས་ནས་འཚོལ་མ་དགོས། །ད་བློ་སྒོམ་གྱི་གྲུབ་མཐའ་འཛིན་དོན་མེད། །སྟོང་ཉིད་ལམ་དུ་ཤོར་འཚོས། །ཡིད་དཔྱོད་ཀྱི་བཀའ་བཀྱོན་མི་གནང་འཚལ། །ཉོན་མོངས་དང་རྣམ་རྟོག་ཅི་ཤར་ཡང་། །སྤང་གཉེན་རིག་སྟོང་རྗེན་པར་དག །ད་ཐ་དད་ཀྱི་


JLAZ014_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའ་འཛིན་དོན་མེད། །སྟོང་ཉིད་གཉེན་པོར་ཤོར་འཚོས། །ཡ་བྲལ་ཀྱི་བཀའ་བཀྱོན་མི་གནང་འཚལ། །སྤྲོས་བཅས་དང་སྤྲོས་མེད་ཐམས་ཅད་ཀུན། །གཞི་ཀློང་ཆེན་ཡངས་པར་འུབ་ཀྱི་ཆུད། །ད་རྗེས་གཞིག་གི་གྲུབ་མཐའ་འཛིན་དོན་མེད། །སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་ཆོས། །རེས་འཇོག་གི་བཀའ་བཀྱོན་གནང་འཚལ། །དུས་དེང་སང་སྒོམ་ཆེན་ཕལ་ཆེར་ཀུན། །ཤོར་གོལ་ནོར་སའི་ཕྲང་རིང་ལ། །ཐ་མལ་གྱི་རིག་པ་བསྐུངས་ནས་འདུག །ལ་ལ་བཤེས་གཉེན་ཚད་ལྡན་གྱི། །ཟིན་ཏེ་རེ་ཞིག་གནས་ལུག་དོན། །བསླད་མེད་རྒྱུད་ལ་སྐྱེས་ན་ཡང་། རྗེས་ལ་ཆོས་དྲེད་ཉམས་ཆག་དང་། །རྣམ་གཡེང་བདུད་ཀྱི་ཕྲང་ལ་ཞུགས། །གོ་ཡུལ་ཁ་ལྟའི་འདུད་གོག་ལ། །ཐམས་ཅད་ཆོས་དབྱིངས་ཐམས་ཅད་སྟོང་། །ཐམས་ཅད་ཆོས་སྐུ་ཐམས་ཅད་སེམས། །ལས་འབྲས་མི་བདེན་ང་རྒོད་ཅེས། །རྣམ་གཡེང་འདུ་འཛི་བྱ་བྱེད་མང་། །མི་ནག་ཁྱིམ་པའི་ཚོ་འཛིན་དང་། །མགོ་དཔོན་གྲོང་ཆོག་དག་ལ་རེམ། །ལ་ལ་སྲིད་པའི་ཕུན་ཚོགས་དང་། །ཡོན་བདག་རྔམ་ཞིང་གདོལ་བར་སྤྱོད། །མཆོག་དམན་བྱེ་བྲག་མི་ཕྱེད་དང་། །རང་རྩིས་དྲེགས་པས་བརྒྱལ་བ་དང་། །ལྷ་བུའི་བདུད་ཀྱི་བསླུས་པ་རྣམས། །སྙིང་


JLAZ014_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རྗེ་སྟེ་ཆོས་སྐལ་ཚད། །ཧོ་ཧོ། །བདག་སྔོན་དགེའི་ལས་འཕྲོ་སད་པ་དེས། །སྡུག་བཙིར་ལོ་ཟླའི་གྲངས་འདྲེན་གྱིས། །ཞེ་ཡུས་ཁོང་བསྲན་མ་དགོས་པར། །སྣང་བ་བརྡ་དང་དཔེ་ཆར་ཤར། །རིག་པ་གཏད་མེད་ཆོས་སྐུར་གྲོལ། །འོད་གསལ་འགྲོ་འོང་མེད་པའི་གདངས། །ཆོས་ཉིད་མངོན་སུམ་རྗེན་པར་མཐོང་། །རླུང་སེམས་དབུ་མར་འདུས་པ་དེས། །ལས་རླུང་རྣམ་རྟོག་བག་ལ་ཞ། །རོ་རྐྱང་ཉི་ཟླའི་རྒྱུ་བ་དེ། །དབུ་མ་སྒྲ་གཅན་ནང་དུ་ཞུགས། །ནང་གི་རྩ་མདུད་ལྷོད་པོར་གྲོལ། །འཆིང་གྲོལ་མེད་པའི་སྒོམ་མཁར་ཚུགས། །ཀློང་ཆེན་དགོངས་པ་མཁའ་ལྟར་དག །དེ་ཚེ་སློབ་མ་འདུས་ཀྱང་འདུས། །དེ་ཚེ་འགྲོ་དོན་བྱས་ཀྱང་བྱས། །རང་སེམས་ཆོས་སྐུར་ཡང་དག་ཤེས། །ཀུན་ཏུ་བཟང་དང་བརྒྱུད་པ་འཕྲོད། །ངོ་སྤྲོད་ཐོབ་ཚད་འཚེངས་པ་ཡིན། །བདག་གདོང་བ་ལྔ་པའི་རྣལ་འབྱོར་གྱི། །ཤེས་རབ་གསུམ་གྱི་སྒྱུ་རྩལ་ལ། །གླེན་པའི་རི་དྭགས་སྙིང་འདར་ཡང་། །གངས་རི་ལྟ་བུའི་མཁས་གྲུབ་ཚོ། །མཉེས་ནས་བྱ་དགའ་མཐོང་ཚོར་མཛོད། །ཁྱེད་ལོག་ལྟའི་ཤེས་པ་མ་ཉམས་རྣམས། །བཞུགས་ས་འཁོར་བའི་གཏིང་དུ་ཟབ། །སྐུར་པ་སངས་རྒྱས་འཕགས་པར་


JLAZ014_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །དགྲ་ལ་ཆོས་དང་བླ་མར་གྱིས། །བསྟན་འཛིན་བྱུང་ན་སྒོ་ཕྱོགས་བསྲུངས། །བསྟན་བཤིག་འདུག་ན་གྲོགས་པོར་བསྡེབས། །ཁྱེད་ལ་རིགས་བདག་འདི་འདྲ་བ། །སྲིད་པ་ལས་ཀྱིས་བསྐོས་པ་མཚར། །དེ་དང་དེ་ལ་འབྲས་བུ་འབྱུང་། །འདི་ཡང་གནད་ལ་ཕེབས་མི་ཕེབ། །ཕྱོགས་ལྷུང་ཅན་གྱི་སྨྱོན་པ་དང་། །བ་ལྔ་རྫི་བོས་དབྱེ་མི་ཤེས། །ད་ལྟར་བཞུགས་པའི་མཁས་གྲུབ་དང་། །སླད་ནས་འབྱོན་གྱུར་ཀུན་གྱིས་གཟིགས། ལར་ཀུན་རྟོག་རྟེན་མེད་ཤར་གྲོལ་ལ། །ཚིག་བཟང་ངན་རྐྱེན་གྱི་མི་བརྫི་སྟེ། །རླུང་བསེར་བུའི་རེ་བྱས་བྱམ་ཆུང་གི། །སྲོག་ཆགས་ལ་སྡུག་བསྔལ་སྐྱེད་ན་ཡང་། །ནགས་མེ་ཡིས་ཚིག་པའི་གྲོགས་སུ་འགྱུར། །རྐྱེན་ལམ་དུ་སློང་བའི་བོགས་འདོན་ཡིན། །སྒྲ་བྲག་ཅར་ཤེས་པའི་གེགས་སེལ་ཡིན། །གནས་སྡེ་དགོན་སྤོང་བའི་ལུང་བསྟན་ཡིན། །གྲོགས་སྡིག་ཅན་སྤོང་བའི་བསྐུལ་བྱང་ཡིན། །འདི་རྣལ་འབྱོར་གྱི་ལྟ་བའི་རྒྱན་དུ་ཆེ། །ངེད་རི་སུལ་འགྲིམ་པའི་སྤྲང་པོ་དང་། །ཁྱེད་འཁོར་བར་ཆགས་པའི་ཨཾ་བརྟེན་རྣམས། །ཚེ་འདི་ཡི་བྱེད་ལས་ཐ་དད་པས། །གཞང་ཆགས་སྡང་གི་ཟུག་རྔུ་སྐྱེས་ཙམ། །ང་བྱང་ཆུབ་


JLAZ014_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རྩ་མདུད་གྲོལ། །དེ་གྲོལ་ཚེ་འདི་འདྲའི་གླུ་རེ་འབྱོན། །དེ་བྱོན་པ་ལྟ་བའི་གནད་རེ་བཤད། །དེ་ཐོན་པས་རྟོགས་པ་ཁོང་ནས་ལུད། །དེ་ལུད་པས་སྤྱོད་པ་ཤུགས་འབྱུང་སྐྱོང་། །དེ་བསྐྱངས་པས་ཆོས་ཉིད་རང་མལ་ཟད། །དེ་ཟད་ཚེ་ཚེ་འདིར་མངོན་སངས་རྒྱས། །དེ་རྒྱས་ཚེ་བདག་ལ་འབྲེལ་ཐོགས་ཀུན། །ལས་བཟང་ངན་མེད་པ་འཚོངས་པ་ཡིན། །དེ་འཁོར་བ་དོང་ནས་སྤྲུགས་ཐབས་ལགས། །བདག་བརྒྱུད་པའི་བྱིན་རླབས་ཞུགས་པའི་བུ། །སེམས་རང་མཐོང་ལོངས་པ་མ་ལགས་ཏེ། །ཚིག་རྩུབ་ཀྱི་ཚེར་མ་མི་བཟོད་པའི། །སློབ་མ་རྣམས་སྤྲོ་བ་འཕེལ་ཕྱིར་རོ། །བྱས་ནས་བྲག་ཕུག་འགག་ཏུ་བྲོ་བརྡུངས་པས་ཁོར་རྣམས་ཀྱི་ཞེ་སྡང་ལངས་པ་ཞི་ཐུབ་པ་བྱུང་ངོ། །འདིའི་ཚེ་ཀློང་མྱོན་སྦས་པའི་རྣལ་འབྱོར་གྱིས་ཆོས་ཀྱི་རྔ་ཆེན་བདུད་བར་བསྐུལ་ཞིང་རྟེན་འབྲེལ་ལེགས་སྤེལ་གྱི་ལྡེ་མིག་རང་དུ་སྣང་། རིག་འཛིན་ཐུགས་མཆོག་ནས་བརྒྱུད་པའི་གཏེར་ཁ་གསར་རྙིང་གི་མན་ངག་ཕལ་ཆེར་དམ་པ་འདི་ལ་ནོད། །སེམས་ཅན་གཟུ་བོར་མི་གནས་པ་རེ་ཞིག་གིས་གུ་རུའི་སྐུ་བརྙན་ལ་བརྡིབ་ཆོམས་བྱས་པས་ཞེ་ཁྲེལ་གྱི་ངན་སྨྲ་མཛད་པ་མི་མངོན་པའི་རུམ་དུ་རྒྱས་བཏབ།


JLAZ014_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་འཇུག་པ་དུས་ལས་མི་ཡོལ་བའི་རྟེན་འབྲེལ་གྱི་མགུར་མ་འདི་ཕུལ་བས་ཁོང་ཡང་ལྷག་པར་མཉེས་སོ། །གནས་ཟངས་མདོག་དཔལ་རིའི་ཕོ་བྲང་ན། །མགོན་སངས་རྒྱས་སྟོང་གི་ཕྲིན་ལས་པ། །སྐྱབས་ཀུན་འདུས་གུ་རུ་རིན་པོ་ཆེ། །སྤྱིར་འཛམ་གླིང་ཡོངས་ཀྱི་རྒྱན་དུ་ཤར། །སྒོས་བོད་ཁམས་གླིང་དགུའི་གཉེན་གཅིག་པུ། །བུས་གསོལ་བ་དྲག་པོ་སྙིང་ནས་འདེབས། །ཕས་རྔ་ཡབ་གླིང་ནས་ཐུགས་རྗེས་སྐྱོངས་། །ཁྱེད་ཤཱཀྱ་ཐུབ་པའི་རྒྱལ་ཚབ་ཡིན། །སྐྱབས་རིགས་གསུམ་མགོན་གྱི་སྤྲུལ་པའི་གར། །བོད་ཁ་བ་ཅན་གྱི་ལྷ་གཅིག་པུ། རྗེ་ཁྲི་སྲོང་ལེའུ་བཙན་ཁོང་པའི་སྙིང་། །འབངས་ཐུགས་རྗེས་སྐྱོང་བའི་ཞལ་བཞེས་དགོངས། །བུས་གསོལ་བ་དྲག་པོ་སྙིང་ནས་འདེབས། །ཕས་རྔ་ཡབ་གླིང་ནས་ཐུགས་རྗེས་སྐྱོངས། །ཡིད་གདོན་གྱིས་བརླམས་ལ་ཅི་ཆ་ཡོད། །བོད་སེམས་ཅད་ཐམས་ཅད་ཁྱོད་ལ་དད། །ཆུང་བསམ་བརླག་བྱིས་པའི་ངག་ནས་ཀྱང་། །སྐྱབས་ཨོ་རྒྱན་པདྨ་འབོད་ཤེས་ན། །ཐུགས་བཏང་སྙོམས་བཞུགས་པ་མི་རིགས་པས། །བུས་གསོལ་བ་དྲག་པོ་སྙིང་ནས་འདེབས། ཕས་རྔ་ཡབ་གླིང་ནས་ཐུགས་རྗེས་སྐྱོངས། །དུས་ནས་ཞིག་ཚེ་ཡི་འཕེན་པ་ཟད། །དགྲ་གཤིན་རྗེའི་དམག་དཔུང་མདུན་དུ་ལྷག །ལུས་ཡིད་འོང་བེམ་པོར་ལིངས་ཀྱི་སོང་། །


JLAZ014_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་མེ་སྟག་ཙམ་འདི་ཡར་བའི་ཚེ། །སྐྱབས་རེ་ས་གཞན་ནམ་མཆིས་པས། །བུས་གསོལ་བ་དྲག་པོ་སྙིང་ནས་འདེབས། །ཕས་རྔ་ཡབ་གླིང་ནས་ཐུགས་རྗེས་སྐྱོངས། །ཞེས་སོ། །སྐབས་འདིར་དཔལ་སྔགས་ཀྱི་བདག་མོའི་ཡེ་ཤེས་ཀྱི་རོལ་བ་རྣམ་པར་བཀོད་པས་བསྐུལ་བ་ལ་བརྟེན་ནས་སྐལ་ལྡན་བདུན་ལ་གྲོལ་ཐིག་དགོངས་པ་རང་གྲེལ་གྱི་དོན་རྒྱུད་ཀྱི་ཆོས་འཁོར་བསྐོར་བའི་ཐོག་མ་བྱས། ཆོས་འདི་ཕ་ཆོས་སུ་འཛིན་པར་འོས་པའི་རང་གྲར་ཡང་མིང་ཙམ་ལས་མི་གྲག་ཅིང་། གཞན་གྱི་ཐོས་འཛིན་གྱི་པདོྨ་དང་ཉེ་མ་མྱོང་བ་ཙམ་གྱི་དར་རྒྱས་ཕྲ་བར་ཡོད་པ་རང་གི་སློབ་རྒྱུད་ཀྱིས་མཚོན་ཏེ་མོས་པ་ཅན་མང་དག་གིས་ཉམས་སུ་ལེན་པ་དང་། འགྲེལ་པའི་སྒྲོན་མེ་སྦར་བ་སོགས་འཕེལ་རྒྱས་ཀྱི་སྒོ་དབྱེ་བའི་བྱེད་པོར་རྒྱལ་སྲས་པདྨས་དབུགས་དབྱུང་བའི་རྟེན་འབྲེལ་གྱི་བདེན་པ་འགོག་ཏུ་མེད་པའང་གྲུབ། འོན་ཀྱང་། ཕལ་ཆེར་ཡོངས་སུ་འདྲིས་ལ་སྡང་། །རྟག་ཏུ་གསར་པ་གསར་བ་འཚོལ། །ཞེས་པ་དེར་སྣང་། རང་ཉིད་ལམ་འདིས་གྲོལ་བ་ཐོབ་པའི་ཕྱིར་ཆེད་དུ་བརྗོད་པའི་གླུ། གནས་ཆེན་དེ་ཟངས་མདོག་དཔལ་རིན། །དུས་གསུམ་ཀུན་མཁྱེན་པད་འབྱུང་བཞུགས། །འཁོར་རྗེ་འབངས་རིག་འཛིན་ཚོམ་བུ་ཡོད། །བདག་ལས་ཅན་བུ་ལ་ཐུགས་རྗེས་གཟིགས། །སྐུ་གསུམ་གྱི་སྟོན་པ་བརྒྱུད་པ་བཟང་། །རིགས་བསྡུས་


JLAZ014_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གུར་བསྒྲུབ་ཐག་ཉེ། །ལམ་སྙན་བརྒྱུད་ཡི་གེ་མེད་བ་ཡོད། །ཞག་བདུན་ཕྲག་གསུམ་གྱིས་ལམ་རྟགས་མཇལ། །ཨོ་རྒྱན་གྱི་ཐུགས་རྗེ་བསམ་མི་ཁྱབ། །རྫོགས་ཆེན་གྱི་ཁྱད་ཆོས་བསམ་མི་ཁྱབ། །ཆོས་བསམ་མི་ཁྱབ་པ་སྙིང་ཐིག་གི། །བསྟན་པ་དེ་ནམ་ལངས་ཉི་ཤར་འདྲ། །སློང་ཆེན་ལ་དགོངས་པའི་སང་མཛོད་ནས། །བཤད་རྒྱུད་ཀྱི་གྲུབ་མཐའ་གཏན་ལ་ཕོབ། །དོན་ཐུགས་བརྒྱུད་ཀྱི་རིག་པ་འོད་གསལ་གཟུངས། །བདག་ལས་ཅན་སྐྱེས་བུའི་སྙིང་ལ་བབས། །ཅི་ཤྲ་ཀུན་དག་ར་རབ་འབྱམས་ལ། །དགག་སྒྲུབ་ཀྱི་བློ་སྒོམ་བྱ་མ་དགོས། །ང་དབྱིངས་རིག་འདྲེས་པའི་རྣལ་འབྱོར་པ། །རྐྱེན་བཟང་ངན་ཀློང་ཆེན་ངང་དུ་ཟད། །སྣང་གྲག་ཀུན་དཔེ་ཆར་སོང་ཙ་ན། །གང་ཤར་ཀུན་ཆོས་ཉིད་བདེན་པའི་གཏམ། །ཚིག་ཐ་སྙད་སྐམ་པོར་ཞེན་མ་དགོས། །བློ་གཏད་མེད་ཀྱི་ངང་ནས་ས་ལམ་རྫོགས། །རང་རིག་ལ་སྐྱེ་འཆིའི་མིང་འདོགས་ཟད། །འཁོར་འདས་ལ་བཟང་ངན་བླང་དོར་མེད། །གཞི་གནད་ལ་ཕེབ་པའི་རྫོགས་ཆེན་འདི། སྤྲིན་ཡེ་ཟད་ཀྱི་ནམ་མཁའ་སྟོང་པ་འདྲ། །འདིར་དུས་ཀྱི་སྐལ་ཕོ་མོ་རྣམས། །འཁོར་བ་ལ་མ་ཞེན་རི་ཁྲོད་འགྲིམ། །ཁོང་སངས་རྒྱས་ཟེར་བའི་སྒྲ་བོ་ཆེ། རང་རིག་པའི་དང་དུ་ཁོ་བོས་མཐོང་། །དུས་ད་རེས་སུ་མཇལ་བ་སྐལ་བ་བཟང་། །


JLAZ014_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སང་ཅིས་ཀྱང་མཇལ་བའི་སྨོན་ལམ་ཞུ། །བློ་གཏད་མེད་ཀྱི་བདེན་པ་ནུས་མཐུ་ཆེ། །དོན་ལག་ཏུ་ལོངས་པར་གདོན་མི་ཟ། །དེར་ཞབས་དྲུང་ཡང་སྟེང་པ་དང་། །རྒྱལ་རྩེ་མདའ་བཟང་ནོར་དཔལ་ཀྱང་གཤེགས་བསྐྱེལ་གྱི་རྡོ་རྗེའི་གླུས་དེ་ཉིད་དུ་སྣང་བ་གཏིང་ནས་འགྱུར་ཞིང་མཆི་མ་བླགས། མ་ཎི་བྷ་དྲས་རང་ཁྱིམ་ཕ་མེས་ཀྱི་ལས་ཐབས་སེམས་ཅན་ཁྲི་ཕྲག་མང་པོའི་སྲོག་ལ་འཚེ་བའི་སྡིག་རིས་འཇིག་རྟེན་འབྱོར་ཆུང་གི་གནས་སུ་ལྟོས་པའང་སྙིང་ ཐག་པ་ནས་སྤང་བར་དམ་བཅས། བཅོམ་ལྡན་འདས་ཀྱིས་འདོད་པའི་ཉེས་དམིགས་བསྟན་པ་ལ་བླང་དོར་བྱས་པས་རྗེས་སུ་ཡི་རང་བརྒྱ་ཆེན་པོ་བསྒོམས། སླར་ཞབས་དྲུང་གི་བཞེད་པ་བཞིན་ལྟ་བ་ལ་ཐལ་ཆེན་པོའི་མགུར། ཕ་གྲུབ་ཐོབ་གོང་མ་ཡོངས་ལ་འདུད། །ཉམས་གདར་ཤ་ཆོད་པར་བྱིན་གྱིས་རློབས། །སེམས་མི་འཆར་དགུ་འཆར་གྱི་རྣམ་རྟོག་དང་། །སྟོང་གསལ་རིག་པའི་ཐིག་ལེ་གཉིས། །བརྗོད་དུ་མེད་པའི་ངོ་བོ་གཅིག་ ་ཆོས་ཕྱག་རྫོགས་དབུ་མའི་ཐ་སྙད་དང་། བློ་འདས་སྤྲོས་བྲལ་བྱར་མེད་གཉིས། །དྲན་རིག་ངོས་གཟུང་མེད་པར་གཅིག །རང་སེམས་སྐྱེ་འགོག་མཐའ་བྲལ་དང་། །ཡེ་ཤེས་ཟལ་ཐལ་གྱི་དགོངས་པ་གཉིས། །ཐ་མལ་རིག་པའི་གཤིས་སུ་གཅིག །ལར་ང་ཡིར་འཛིན་གྱི་གྲུབ་པའི་


JLAZ014_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ། །རྟག་ཆད་ཀྱི་ཕྲང་ལས་བརྒལ་བ་མེད། །བདག་ཕྱོགས་འཛིན་ཞིག་པའི་བྱ་བྲལ་གྱི། །གནས་ལུགས་ལ་བརྗོད་བྱས་གཏན་མ་ཕེབས། །ཆོས་ཆེན་པོ་གསུམ་གྱི་ཉིང་ཁུ་འདི། །ཁོང་རྒྱར་གྱི་རྒྱན་དྲུག་མཆོག་གཉིས་དང་། །འཕགས་བོད་ཀྱི་པཎ་གྲུབ་ཚད་ལྡན་གྱིས། །འགྲེལ་པས་བཀྲལ་ཞིང་ཉམས་བསྟར། །འདི་དབུ་མ་སྣང་མེད་སྤྲོས་བྲལ་དང་། །ཕྱག་ཆེན་འཁོར་འདས་མཉམ་པར་སྦྱོར། །རྫོགས་ཆེན་བློ་འདས་ཁ་ཡན་གྱི། །ཡེ་ཤེས་མཐོང་བའི་རྣལ་འབྱོར་བའི། །དྲན་རིག་ལྷུན་གྲུབ་ཆེན་པོར་གཅིག །དེ་འོན་ཀྱང་ལམ་གྱི་འཇུག་སྒོ་དང་། །རྟོག་པའི་ལམ་ཁྱེར་བོགས་འདོན་སོགས། །མངོན་གསུམ་གནད་ཀྱི་ཉམས་མྱོང་ལ། །བུལ་མགྱོགས་ཡོད་ཀྱི་གྲུབ་པའི་མཐའ། །ཇི་བཞིན་མངོན་དུ་བྱུང་ནས་འཛིན། །བློས་བྱས་ཞི་གནས་ལྟེངས་པོ་དང་། །འཇུར་དྲན་རང་སའི་འཆིང་བ་ཅན། སོ་སོར་རྟོག་པའི་ཤེས་རབ་ཀྱིས། །གནས་ལུགས་རང་ཞལ་འགེབས་པ་ལ། །རྣམ་དག་ལྟ་བར་རློམ་པ་འཁྲུལ། །བདག་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །རིག་པ་གཞི་གྲོལ་གྱི་གནད་གོ་ནས། །སྟོང་འབྱམས་ཕྱོགས་འཛིན་ཕ་མཐར་བསྐྲད། །བློ་ཁྲིམས་མེད་ཁ་ཡན་ཟང་ཐལ་ཀློང་། །གང་ཤར་ཡེ་ཤེས་ཆེན་པོར་དག །བཟང་རྟོག་ངན་རྟོག་


JLAZ014_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མ་བསྟན། །ཐ་མལ་རིག་པ་ཀློང་ཆེ་དང་། །སྤང་བླང་ཡེ་གྲོལ་ཆེན་པོར་སོང་། །ཉམས་རྟོགས་བཟང་པོའི་ཤུབས་ནས་དོན། །གཅེར་བུ་ལྷིང་བ་བཟོ་མེད་ངང་། །གདོད་མའི་རྒྱལ་ས་འཛིན་པ་ལགས། །དེ་སྐད་རང་བབ་ཐོལ་བྱུང་གཏམ། །འོག་མིན་རྡོ་རྗེའི་ཀེའུ་ཚང་དུ། །ཀློང་ཆེན་མཁྱེན་བརྩེའི་འོད་ཟེར་གྱིས། །ཉམས་ལ་ཤར་ནས་གླུ་རུ་བླངས། །རིགས་རུས་ཞིང་ས་གཤིན་པོའི་དོགས། །ལུང་རྟོགས་འདབ་མ་རྔམ་བྱེད་པ། །ཞབས་དྲུང་སྐུ་གསུམ་ཀློང་གྲོལ་ལ། །ཕུལ་བས་དགྱེས་པ་བསྐྱེད་གྱུར་ཅིག །ཅེས་སོ། །ལར་ལས་དང་པོ་པ་ལ་ངེས་འབྱུང་བསྐུལ་ཞིང་སྐྱོབ་སེང་བ་ལའང་མགུར་མ་འདི་བྱིན་རླབས་ཆེ། ནང་གི་རྩ་མདུད་གྲོལ་བའི་སྐབས་སུ་རང་ཉམས་ཀྱི་སྣ་ཁ་མནོན་པ་རྡོ་རྗེའི་གླུར་འཆར། དཀར་ཕྱོགས་ལ་དགའ་བའི་ལྷ་འདྲེ་དག་ཀྱང་སྣང་བ་འགྱུར་བ་ཡིན་བས། ཙནྡྲཤྲཱི་ཆེད་དུ་བསྐུལ་བའི་དོར། རྔ་ཡབ་དཔལ་རི་འོད་ཕུང་གི་ཀློང་ན། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྗེ་བཞུགས་ཡོད། །སྤྲང་པོའི་བློ་གཏད་ཞུ་ས་དེ་མ་ནོར། །གསོལ་འདེབས་རེམ་ཤོག་རྡོ་རྗེ་ཡི་སྤུན་གྲོགས་ཚོ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དབུས་ན། །ཐེག་པའི་མཐར་ཐུག་རྫོགས་ཆེན་དེ་བཞུགས་ཡོད། །སྤྲང་པོའི་ཉམས་ལེན་འཇུག་


JLAZ014_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་དེ་མ་ནོར། །ཐོད་རྒལ་སྒོམ་ཤོག་རྡོ་རྗེ་ཡི་སྤུན་གྲོགས་ཚོ། །ལྟ་བ་མཐའ་བྲལ་བྱར་མེད་ཀྱི་ཀློང་ན། །མངོན་སུམ་རིག་པའི་ཐིག་ལེ་དེ་བཞུགས་ཡོད། །སྤྲང་པོའི་སྒོམ་པ་ཡིད་དཔྱོད་དང་མ་ནོར། །དབྱིངས་རིག་གཟིར་ཤོག་རྡོ་རྗེ་ཡི་སྤུན་གྲོགས་ཚོ། །སྒོམ་པ་བློ་འས་སྐྱིད་ཉལ་གྱི་ཀློང་ན། །སོར་བཞག་ཡེ་བབ་རྫོགས་ཆེན་དེ་བཞུགས་ཡོད། །སྤྲང་པོའི་ཉམས་ལེན་བཅོས་མ་དང་མ་ནོར། །ལྷོད་དེ་སྡོད་ཅིག་རྡོ་རྗེ་ཡི་སྤུན་གྲོགས་ཚོ། །སྤྱོད་པ་ཆམ་གྲོལ་གཏད་མེད་ཀྱི་ཀློང་ན། །རང་གྲོལ་གཉུག་མ་ཡེ་རྫོགས་དེ་བཞུགས་ཡོད། །སྤང་པོའི་བྱ་བཞག་ཚུལ་འཆོས་དང་མ་ནོར། །ཞབས་བྲོ་ཁྱོགས་ཤོག་རྡོ་རྗེ་ཡི་སྤུན་གྲོགས་ཚོ། །དམ་ཚིགས་མ་འབུམ་སྡེ་ཡི་ཀློང་ན། །ཡེ་བསྲུངས་ཆེན་པོ་བསྲུང་མཚམས་ལས་བརྒལ་སོང་། །སྤྲང་པོའི་འདུན་མ་ཆོས་མིན་དང་མ་ནོར། །ཉམས་དཀའ་སྐྱོང་ཤོག་རྡོ་རྗེ་ཡི་སྤུན་གྲོགས་ཚོ། །འབྲས་བུ་ཅོག་བཞག་སྐུ་གསུམ་གྱི་ཀློང་ན། །བཅིང་མེད་གྲོལ་མེད་རེ་དོགས་ལས་འདས་སོང་། །སྤྲང་པོའི་རྣམ་རྟོག་འོག་གཏུམས་དང་མ་ནོར། །གཞི་རྩ་ཆོད་ཤོག་རྡོ་རྗེ་ཡི་སྤུན་གྲོགས་ཚོ། །འཁོར་འདས་གཉིས་མེད་ཁྱབ་གདལ་གྱི་ཀློང་ན། །ཁམས་གསུམ་ལུས་ཅན་ཕ་མ་རུ་འདུག་པས། །སྤྲང་པོའི་སེམས་བསྐྱེད་ཕྱོགས་


JLAZ014_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རིས་དང་མ་ནོར། །སྨོན་ལམ་ཐོབ་ཤོག་རྡོ་རྗེའི་སྤུན་གྲོགས་ཚོ། །བདག་ཅག་འདིར་འདུས་སྐལ་ལྡན་གྱི་ཚོམ་བུ། །ལས་སྨོན་དག་པའི་མཆེད་ལྕམ་ཞིག་ལགས་པས། །རྔ་ཡབ་དཔལ་རིར་རིག་འཛིན་གྱི་ཚོམ་བུར། །ཉམ་ང་མེད་པ་སེང་གེ་ལྟར་མཆོངས་འགྲོ། །ཞེས་སོ། །ཡང་ཉམས་སྣང་ལ་བུད་མེད་ཅིག་གིས། སྐུ་གསུམ་གྱི་ཞིང་ཁམས་ལ་གོ་བ་བསྐྱེད་པའི་གསུང་མགུར་ཅིག་དགོས་ཟེར་བ་ལ།་ ཨེ་མ་ཧོ། །འཁོར་འདས་བདག་མེད་གཞི་དབྱིངས་ཀྱི་ཀླིང་ན། །གདོད་མོའི་མགོན་པོ་ཀུན་བཟང་དེ་བཞུགས་ཡོད། །ཞལ་ཕྱག་འཛིན་པ་དག་པ་དེ་ཨ་ཧོ། །གཞོན་ནུ་བུམ་སྐུའི་བླ་མ་དེ་མཁྱེན་ནོ། །ངེས་པ་ལྔ་ལྡན་བདེ་སྟོང་གི་ཞེང་ན། །རིགས་ལྔའི་སངས་རྒྱས་ལོངས་སྐུ་དེ་བཞུགས་ཡོད། །ཁ་སྦྱོར་ཡན་ལག་བདུན་ལྡན་དེ་ཨ་ཧོ། །ཟུང་འཇུག་རྡོ་རྗེའི་བླ་མ་དེ་མཁྱེན་ནོ། །མངོན་དགའ་ལ་སོགས་ལྔ་ཚོམ་གྱི་ཞིང་ན། །ཕྱེད་སྤྲུལ་ལོངས་སྐུའི་སངས་རྒྱས་དེ་བཞུགས་ཡོད། །བྱར་མེད་ས་ལམ་སྦྱོང་བ་དེ་ཨ་ཧོ། །ཡི་ཤེས་སྙིང་པོའི་བླ་མ་དེ་མཁྱེན་ནོ། །རིགས་འདུས་ཟངས་མདོག་དཔལ་རི་ཡི་ཞིང་ན། །རྒྱལ་ཀུན་འདུས་ཞལ་མཚོ་སྐྱེས་རྗེ་བཞུགས་ཡོད། །སྐྱེ་འཆིའི་མིང་འདོགས་ཟད་པ་དེ་ཨ་ཧོ། །འཇའ་ལུས་


JLAZ014_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་བླ་མ་དེ་མཁྱེ་ནོ། ཐ་མལ་རིག་པ་སྤྲོས་བྲལ་གྱི་ཀློང་ན། །གཉུག་མའི་རང་བཞིན་རྫོགས་ཆེད་དེ་བཞུགས་ཡོད། །ཆོས་ཀྱི་འདུ་ཤེས་ཟད་པ་འདི་ཨ་ཧོ། །བྱར་མེད་ལྷུག་པའི་བླ་མ་མཁྱེན་ནོ། །དངས་མ་ལྔ་ལྡན་དྷཱུ་ཏི་ཡི་ཀློང་ན། །རིག་པ་དངོས་མེད་ཁྱབ་གལ་དེ་བཞུགས་ཡོད། །ཅིར་སྣང་དག་པ་རབ་འབྱམས་དེ་ཨ་ཧོ། །ཡེ་གྲོལ་ཆོས་སྐུའི་བླ་མ་དེ་མཁྱེན་ནོ། །ཕུང་ཁམས་སྐྱེ་མཆེད་འདུས་བྱས་ཀྱི་གྲོང་ཁྱེར། །མཁའ་འགྲོའི་གསང་མཛོད་རང་བྱུང་གི་ཡེ་ཤེས། །སྣང་ཚད་དཔེ་ཆར་ཤར་བ་དེ་ཨ་ཧོ། རང་བྱུང་རིག་པའི་བླ་མ་དེ་མཁྱེན་ནོ། །སྒོམ་པ་རང་གསལ་ལྷུན་གྲུབ་ཀྱི་ཞིང་ན། །འཕོ་མེད་བྱ་བྲལ་སངས་རྒྱས་དེ་བཞུགས་ཡོད། །ལྷོད་དེ་སྡོད་བའི་ལྟ་བ་དེ་ཨ་ཧོ། །ངེས་པ་དོན་གྱི་བླ་མ་དེ་མཁྱེན་ནོ། །མཉམ་བཞག་ལྟ་སྟངས་གང་འགྲོ་ལ་ཐོང་ཞོག །སེམས་འཛིན་ཡིད་བྱེད་ལ་བབ་ཏུ་སྒྱུར་ཐོང་། །བཏང་བཞག་ཆེད་འཛིན་བློས་བྱས་ཀྱིས་ཅི་བྱེད། །མ་བསྒོམས་སངས་རྒྱས་ཀ་དག་ལ་འདུག་གོ །ཆིག་ཆད་གཞི་རྫོགས་ཨ་ཏི་ཡི་ཐེག་པར། །ས་ལམ་བརྩི་བའི་འོད་བརྒྱལ་ནི་མ་དགོས། །ལུས་རྒྱའི་སྦུབས་ནས་ཆོས་ཟད་དང་མཇལ་ནས། །འཇའ་ལུས་རྡོ་རྗེའི་གསང་ལམ་ལ་ཆས་འགྲོ། །ཞེས་སྨྲས་པས། འོ་ན་སེམས་ཅན་


JLAZ014_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འབད་པ་མེད་པར་མི་གྲོལ་བཅིས་ལན་ཟེར། །ཨེ་མ་ཧོ། སེམས་ཉིད་འདི་ནམ་མཁའ་སྟོང་པ་འདྲ། །ཡེ་ཤེས་དང་ལྡན་པས་ཁྱད་བར་འཕགས། །འོད་གསལ་འདི་ཉི་མ་ཟླ་བ་འདྲ། །དངོས་པོ་དང་བྲལ་བས་ཁྱད་པར་འཕགས། །རིག་པ་འདི་ཟད་ཐལ་ཤེལ་གོང་འདྲ། །སྒྲིབ་གཡོགས་དང་བྲལ་བས་ཁྱད་པར་འཕགས། །རྣམ་རྟོག་འདི་དངོས་མེད་བསེར་བུ་འདྲ། །ལྷག་མཐོང་དང་ལྡན་པས་ཁྱད་པར་འཕགས། །ལྟ་སྒོམ་འདི་བུ་ཆུང་གཞོན་ནུ་འདྲ། །འདུ་ཤེས་དང་བྲལ་བས་ཁྱད་པར་འཕགས། །བདག་བུ་རྒྱལ་ཁྱུང་གི་ཕྲུག་གུ་འདི། །སྒོ་ངའི་སྦུབས་ནས་གཤོག་རྩལ་རྫོགས། །ཕྱི་ལུས་ཀྱི་ཤུན་པ་དོར་མ་ཐག །དབྱིངས་ནམ་མཁའི་ཀློང་དུ་མི་འཕྱོ་རེ། །ཁོང་བྱ་བྲན་རྣམས་ད་དུང་ལང་ཚོ་སྐྱོད། །དེ་འདབ་མའི་ཉམས་རྩལ་མ་རྫོགས་ལན། །ཆོས་རྫོགས་པ་ཆེན་པོ་ཡེ་གྲོལ་ལ། །ས་ལམ་གྱི་བསྐྱར་ནས་གྲོལ་བ་མེད། །དབྱིངས་ནམ་མཁའ་ལྟ་བུའི་མཁའ་ཀོང་ན། །སེམས་རྣམ་རྟོག་གྱ་གྱུའི་བསླུ་བྲིད་མཁན། །འདིས་འཁོར་འདས་བར་ལག་ཕྱེ་ཕྱེ་ནས། །སེམས་གཉུག་མའི་རང་ས་ཟིན་དུས་མེད། །བདག་གང་ཤར་གདོད་མར་ཤེས་པ་དེས། །ལྟ་གསོམ་ལ་མིང་འདོགས་བྱ་རྒྱུ་ཟད། །བློ་


JLAZ014_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་མེད་རང་ཡན་དུ་བསྡད་ན་ཡང་། །དོན་བདེན་བའི་གཤིས་ལ་འཕོ་འགྱུར་མེད། །ཕྱི་འབྱུང་ལྔ་ལུས་ཀྱི་མཚམས་ཁང་དང་། །སྙིང་ཨ་ལྦ་དྷཱུ་ཏིའི་མལ་སྒྲོམ་དུ། །སེམས་ཚོགས་དྲུག་རང་སའི་སྐུ་མཚམས་བྱས། །ལུས་བཙོན་འཇུག་གི་ཚམས་ལ་རེ་དགོས་སྤངས། །གཞི་ཀ་དག་བསམ་ངོ་བྲལ་བའི་ངང་། །ལམ་ཡིན་ལུགས་རང་སར་འཇོག་ཤེས་པས། །སྒོམ་ཡིད་དཔྱོད་ཀྱི་ས་ལམ་བརྩི་དོན་མེད། །འདི་སྐྱིད་ཉལ་རྒྱབ་པའི་ལག་རྗེས་ལགས། །ཚུལ་དེ་སྐད་ཐོལ་བྱུང་རིག་པའི་མགུར། །ཁྱེད་དག་སྣང་ཅན་གྱི་དྷ་ཀི་ནི་ར། །སྤྲང་ཆོས་མེད་མཁྱེན་བརྩེའི་འོད་ཟེར་གྱིས། །ཉམས་ཐོལ་ཤར་ཡི་གེའི་ལམ་ནས་གདམས། །ཞེས་སོ། །འདིའི་ཚེ་བདག་ཅག་དཔོན་སློབ་རྣམས་ཀྱིས་ཉིན་མཚན་ཐུན་མཚམས་ཀུན་ཏུ་མགུར་གླུ་རང་འཐེན་པས་སྣང་བ་བདེན་མེད་དུ་ཞིག །སྒྱུ་མ་དང་རྨི་ལམ་ལྟ་བུའི་ཉམས་མཐའ་ཡས་བང་ཤར་ནས་སྒྲོ་ཤིང་ཁྲོན་པོ་ཞིག་ལ་མདུད་པ་བྱས་པ་ལོ་དུས་སུའང་མ་བསྐམས་པར་སྐྱེས། །སྙིང་རྗེ་ཆེན་པོ་སྟོབས་སུ་གྱུར་པས་མི་དད་པ་དག་ཀྱང་སླར་བྱམས་པར་གྱུར། བྱ་དང་བྱིའུའི་ཚོགས་ཀྱང་དགའ་བར་བྱེད་པས་འདབ་ཆགས་ཀྱི་གཏམ་རིག་པ་རང་ཤར་ཞེས་བྱ་བའང་བྲིས། འཁོར་བ་ལ་ངེས་འབྱུང་བློ་རྡེག་ཏུ་སྐྱེས་ནས་ཐམས་ཅད་སྒྲུབ་པ་ལ་ཡིད་གཏོད་ཅིང་ཐུགས་དམ་དགེ་སྦྱོར་ལ་བརྩོན། །ཁྱད་པར་


JLAZ014_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཁྱིད་ཀྱི་སྐབས་དཔའ་བོ་མཁའ་འགྲོ་འདུ་བའི་རྟགས་ཁྱད་པར་ཅན་མང་ཞིང་། ས་ལ་སྐྱོང་གི་ཌཱཀྐིའམ་མི་མ་ཡིན་ཆ་མ་འཚལ་བའི་རྗེས་ཉིད་ལག་མི་འདྲེན་པའི་སླད་ཙམ་མོ། །ཧོ་ཧོ། །འཁོར་འདས་སྣང་སྲིད་ཐམས་ཅད་རང་གི་སེམས། ཁ་བཏགས་རྙེད་པ་སོགས་བྱུང་། དེ་ལྟ་ནའང་ཀུན་རྫོབ་འཁྲུལ་པའི་རྟགས་སྣང་ར་རི་ལ་ཡ་མཚན་དུ་རློམ་པ་དང་བདེན་རྫུན་གྱི་དགས་ངས་་ནི་བྱེད་དོན་མ་མཆིས་ཏེ་ཆོས་ཀྱི་བྱིན་རླབས་ལ་ངེས་པ་འདྲེན་པའི་སླད་ཙམ་མོ། །འཁོར་འདས་སྣང་སྲིད་ཐམས་ཅད་རང་གི་སེམས། །སེམས་འདིས་བརྟགས་ན་ཡུལ་གྱི་སྣང་བ་ཀུན། །བདེན་བདེན་ཡོད་ཡོད་འདྲ་སྟེ་ཡུལ་ཅན་ཀློང་། །རྣམ་པར་དཔྱད་ན་ཆུ་ཤིང་སྙིང་པོ་འདྲ། ཡོད་མེད་མཐའ་བྲལ་ཕྱོགས་ལྷུང་ཞིག་པའི་ཀློང་། །དབུ་མ་ཙམ་དུ་འཛིན་པའང་བློ་ཡིས་བྱས། །དེ་ཕྱིར་ཆོས་མེད་སྤྲང་པོ་ཉལ་ནས་སྡོད། །ཤིན་ཏུ་རྣམ་དག་ཐ་མལ་རིག་པ་འདི། །སུས་ཀྱང་མ་བྱས་གང་ནས་བྱུང་བ་མེད། སྤྲིའུ་ལྟ་བུའི་སེམས་འདི་ཙབ་ཙུབ་ལག་འབྱེད་མཁན་ཁྱོད་ཀྱིས་བྱས། །སེམས་རིག་གདར་ཤ་ཆོད་པའི་རྣལ་འབྱོར་པ། །རིག་པ་འགྱུར་མེད་ཀློང་དུ་ཉལ་ནས་སྡོད། །རྡོ་རྗེ་སྙིང་པོ་ཐེག་པ་ཀུན་གྱི་རྩེ། །གཞན་དང་མི་འདྲ་ཀུན་གྱིས་མ་རྟོགས་པ། །ཚིག་གིས་མི་མཚོན་དཔེ་ལས་བྱང་བ་མེད། །ཀློང་ཆེན་ཀུན་ཏུ་བཟང་མོའི་བྷ་ག་ནས། །ཕྱིན་


JLAZ014_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་དོན་བརྒྱུད་ཚུལ་དུ་སྙིང་ལ་བབས། །མཚུངས་མེད་དཔལ་ལྡན་བླ་མའི་བཀའ་དྲིན་།ཡིན། །རང་སེམས་བླ་མའི་དང་དུ་ཉལ་ནས་སྡོད། །ལྟ་རྒྱུ་མེད་པ་ལྟ་བའི་བཞུགས་ཚུལ་དུ། །མི་འདུག་སྙམ་པས་རྒྱས་འདེབས་ཡུལ་ལ་ཤོར། །སྒོམ་རྒྱུ་མེད་པ་སྒོམ་པའི་ལ་བཟླ་ལ། །ཡེངས་ལ་ཤོར་བས་སྒོམ་ཆེན་ཕལ་ཆེར་བསླུས། །སྤྱོད་པའི་གནད་ལ་དུས་ཚོད་གཅེས་ན་ཡང་། །མཐར་འཛིན་གུད་དུ་བཅད་པས་ཕལ་ཆེར་ནོངས། །ལྟ་སྒོམ་སྤྱོད་པའི་མིང་འདོགས་ཟད་པ་འདི། །རོ་ལྟར་ཉལ་བའི་སྤྲང་པོའི་འདུན་མའི་རྩེ། །གོ་བའི་ལྟ་བས་སྙིང་པོའི་དོན་མ་མཐོང་། །ཉམས་ཀྱི་ལྟ་བས་གནས་ལུགས་རང་ཞལ་བསྒྲིབས། །ཚིག་གི་ལྟ་བས་བྱ་བྲལ་བྱ་བྱེད་མང་། །ཡེ་ནས་ལྷུམས་སུ་ཞུགས་པའི་ལྟ་བ་འདི། །གཞན་་ལ་བཤད་ན་ཁྲེལ་བགད་ག་ཤར་བྱེད། །རང་གིས་བསམས་ནས་འོག་གཏེར་མཐོང་འདྲ། །ཇི་སྲིད་འདུ་ཤེས་ཞིག་པར་མ་གྱུར་བར། །དེ་སྲིད་ལྟ་བར་རློམ་ཡང་རྣམ་རྟོག་ཡིན། །ཀུན་རྟོག་དབྱིངས་སུ་ནུབ་པས་རྣལ་དུ་འབྱོར། །དབྱིངས་ནས་རིག་རྩལ་རྫོགས་པས་ཨ་ལ་ལ། །ལངས་ཡང་ཆོས་སྐུ་ཉལ་ཀྱང་རྫོགས་པ་ཆེ། །གཤིས་ལུགས་སྤྲོས་བྲལ་ཡེ་ཡིན་ཆེན་པོ་ལ། ལྟ་སྟངས་སེམས་འཛིན་ཞགས་པས་བཅིངས་དོན་མེད། །བག་མེད་རོ་ཉལ་


JLAZ014_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་ས་ལམ་རྫོགས། །ཧ་ཧ་ཧ་ཞེས་འདར་ཉལ་སྤྲད་ནས་འདུག་པའི་ཚེ། སྐད་ཅིག་མ་དེར་དུམ་པ་ཞིག་རྣལ་དུ་ཤོར་བའི་རྨི་ལམ་ན། བདེ་སྟོང་ཡེ་ཤེས་ཆེན་པོའི་ལང་ཚོ་རྔམ་ཞིང་། བདེན་གཉིས་ཟུང་དུ་འཇུག་པའི་ཟུར་མིག་ཅན། གསལ་སྟོང་བློ་བྲལ་ཆེན་པོའི་བྱད་དབྱིབས་མཛེས་པའི་བཞིན་བཟང་མ་ཞིག་ཁོ་བོའི་མདུདན་དུ་ཁྲོང་གིས་འོངས་ནས། ངེད་ཀྱི་ལག་པ་ལ་ཤིན་ཏུ་ཆགས་ཤིང་འཕྲེང་བའི་ཚུལ་གྱིས་དམ་དུ་བཟུང་ནས་འདི་སྐད་ཅེས་ཟེར་རོ། །ངེད་སྐོར་གཅིག་མཚོ་སྣར་འགྲོ་བ་ཡིན། ཟླ་བ་བཅུ་དྲུག་ཙམ་ལས་འགོར་མི་ཡོང་། འདི་ཁ་གནས་ཀྱི་ཁྱད་སྐྱེ་བོ་ཕོ་མོ་གྲ་གསུན་ལ་མ་ངེས་པ་མང་པོ་ཡོང་འདུག་པས་དེ་ཐམས་ཅད་ལ་ཞལ་འཇལ་ཙམ་རེ་དང་འབྲེལ་པ་ཐོགས་ཙམ་རེ་གནང་བ་ཞུ་ཨེ་གོ །ཞེས་ཤིན་ཏུ་འཕྲེང་བའི་ཚུལ་གྱིས་ཟེར་བས། རྣམ་ཐར་བཞི་ལྡན་གྱི་དྲན་པ་ཆོས་ཉིད་བློ་འདས་ཀྱི་ངང་དུ་དར་གཅིག་བརྒྱལ་ནས་མི་འདུག་གོ །དེར་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྣང་ཆའི་རྟེན་འབྲེལ་ལུགས་ལྡོག་ཏུ་སྣང་བས་ངས་ཀྱང་ལག་པའི་ཚིགས་པ་ལ་བརྡ་བྱས་ནས་ཟླ་བ་བཅུ་ཉིས་ལས་འགོར་མི་ཡོང་བྱས་པས། དེས་ཀྱང་ལག་པས་བརྡ་སྣ་ཚོགས་སུ་སྟོན་པའི་བརྡ་ཐབས་ཅིར་ཡང་བྱས་ཏེ་སོང་། རྒྱུད་སྡེ་ནས་གསུངས་པའི་བརྡ་ལན་སྟོན་པའི་སྣང་བ་གཡེལ་བས་བརྡ་


JLAZ014_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འཕྲོད་པ་ནི་ཅང་མེད། དེར་གཉིད་དེ་སད་ཙ་ན་སེམས་ལ་སྐྱོ་ཤས་ཤིན་ཏུ་ཞེ་བ་ཞིག་ལངས། ཤེས་པ་འདི་ཆད་ཆོད་ཡད་ཡུད་བར་དོའི་སྣང་བ་འདྲ་བ་ཞིག་ཏུ་སོང་ནས་གདའ། དེར་ཧར་གྱིས་ལངས་ནས་ལུས་གནད་དྲང་པོར་བསྲངས། རླུང་རོ་དྲག་ཏུ་བུད། མིག་བར་སྣང་ལ་ཧར་རེར་ལྟས་ཏེ་སེམས་ཉིད་ངལ་གསོ་བའི་ཕྱག་རྒྱ་བྱས་པ་སྡད་ཙ་ན་ཀླུ་འདི་འདྲ་ཞིག་སྙིང་ལ་ཀམ་ཀམ་ཤར་བྱུང་། །ཕ་ཨོ་རྒྱན་རྗེ་ལ་སྙིང་ནས་འདུད། །སེམས་གཞི་རྩ་ཆོད་པར་བྱིན་གྱིས་རློབས། །བུ་སེམས་ཀྱིས་སེམས་ལ་བལྟ་བ་འདི། །གཉུག་མའི་དྲན་པ་མ་ལགས་པས། །བུ་ད་ལྟའི་ཤེས་པ་བཟོ་མེད་དང་། །མ་ཡེངས་ཅམ་དུ་ཅོག་གེ་ཞོག །བུ་དྲན་པས་ཆེད་དུ་བཟུང་བ་འདི། །སྒོམ་གྱི་གནད་ཚང་མ་ཡིན་པས། བུ་རང་བབ་དྲན་རིག་སོ་མའི་ངང་། །ཆེད་འཛིན་མེད་པའི་ངང་ལ་ཞོག །བུ་གནས་ཚད་སྒོམ་དུ་འདོད་པ་ནི། །ཞི་ལྷག་ཟུང་འབྲེལ་མ་ལགས་པས། །བུ་གནས་འཕྲོར་དགག་སྒྲུབ་མེད་པའི་ངང་། །རིག་པ་ཁ་ཡན་གཏད་མེད་ཞོག །བུ་ཞལ་གཟིགས་ལུང་བསྟན་བྱུང་བ་འདི། །ཀུན་བཟང་དགོངས་པ་མ་ལགས་པསབུ། །བུ་རེ་དོགས་ཁོང་གྲོལ་སོ་མའི་དང་། །གཏད་མེད་བདེན་མེད་ཆེན་པོར་ཞོག །བུ་མངོན་ཤེས་བརྟག་པ་གསལ་བ་འིད། །གདོད་མའི་གཞི་དབྱིངས་མ་ལགས་པས། །བུ་


JLAZ014_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྟོག་ངན་རྟོག་ལུང་མ་བསྟན། །རང་གྲོལ་ཀློང་ཡངས་ཆེན་པོར་ཞོག །བུ་གཞན་གྱི་བཀུར་བཟོད་བྱེད་པ་འདི། །གྲུབ་རྟགས་མཐར་ཐུག་མ་ལགས་པས། །བུ་སྐྱེ་འཆིར་བག་ཚ་མེད་པའི་ངང་། །རང་མཐོང་མེད་པའི་གཤིས་ལ་ཞོག །བུ་ཟང་ཟང་ལོངས་སྤྱོད་འདུ་བ་འདི། །ལམ་རྟགས་ཡོན་ཏན་མ་ལགས་པས། །བུ་ནོར་རྫས་སྒྱུ་མར་ཤེས་པའི་ངང་། །བདག་མེད་རིག་པའི་ཀློང་དུ་ཞོག །བུ་མངའ་ཐང་རྗེ་ཆེར་འཕེལ་བ་འདི། །ཆོས་ཟད་འབྲེལ་བུ་མ་ལགས་པས། །བུ་བྱ་བྲལ་སྟབས་བདེ་ཀྱི་ནའི་ངང་། ཚུལ་འཆོས་ཞིག་པའི་ངང་དུ་ཞོག །བུ་སྒོམ་བློའི་བག་ཆགས་འཁོར་ཡུག་འདི། །ཉིན་མཚན་འདྲེས་པ་མ་ལགས་པས། །བུ་ཉིད་སྣང་སྒོམ་གྱིས་མ་བསླུས་པར། །གཏད་མེད་སྤྲོས་བྲལ་ངང་ལ་ཞོག །བུ་གཉིད་ལ་སྒོམ་བློས་སླེབས་པ་འདི། །དབུ་མའི་འོད་གསལ་མ་ལགས་པས། །བུ་རླུང་སེམས་རོ་གཅིག་ཁྱབ་བདལ་ངང་། །བསྒོམ་མེད་བློ་འདས་ཆེན་པོར་ཞོག །བུ་བློས་བྱས་མཐའ་བརྒྱད་སྤྲོས་བྲལ་འདི། །ཀ་དག་ཕྱོགས་ཡན་མ་ལགས་པ། །་བུ་རིག་གདངས་ལུག་རྒྱུད་འབྲལ་མེད་ངང། །སྣང་རིག་ཟུང་འཇུག་ཆེན་པོར་ཞོག །བུ་བསྐྱོད་རིམ་གསལ་བརྟན་ཨ་འཐས་


JLAZ014_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

འདེ། །མ་ཧཱ་ཡོ་ག་མ་ལགས་པས། །བུ་ཞལ་ཕྱག་འཛིན་ཞེན་ཞིག་པའི་གླིང། །རིག་སྟོང་མཉམ་རྫོགས་ཆེན་པོར་ཞོག །བུ་དགའ་བཞིའི་ཉམས་ལ་ཞེན་པ་འདི། །ཨ་ནུ་ཡོ་ག་མ་ལགས་པས། །བུ་རླུང་སེམས་དབུ་མར་འདུས་པའི་ངང་། །བདེ་སྟོང་བློ་འདས་ཆེན་པོར་ཞོག །བུ་སྲོག་ཐུར་གནས་ལ་གོམས་པ་ཙམ། །ཐབས་ལམ་མཐར་ཐུག་མ་ལགས་པས། །བུ་མཁས་པ་བཞི་ཡི་གནད་ཤེས་པས། །སོར་རྟོག་ཡེ་ཤེས་ངན་ལ་ཞོག །བུ་སྐུ་གསུམ་ལྷུན་གྲུབ་ཤེས་པ་ཙམ། །ཨ་ཏིའི་མཐར་ཐུག་མ་ལགས་པས། །བུ་ལྷག་མཐོང་རྡོ་རྗེ་ལུག་རྒྱུད་དང་། ཡིད་དཔྱོད་རྫུན་ཕུགས་བརྡེབ་ལ་ཞོག །བུ་རགས་ལུས་དངས་མར་འགྱུར་བ་ཙམ། །ཕུང་པོ་ལྷག་མེད་མ་ལགས་པས། །བུ་གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་ཀློང་། །ནང་དབྱིངས་བཙན་ས་ཟིན་པར་གྱིས། །བསྐྱེད་རྫོགས་རྒྱུད་སྡེའི་མན་ངག་མཐིལ། །གབ་པ་མངོན་ཕྱུང་གསང་བའི་གཏམ། །མཁས་བཙུན་བརྒྱ་ཡི་ཞལ་བསྡུར་ཀྱང་། །འདི་ལས་ལྷག་པ་སུ་ཡིས་གཟུངས། །རང་བྱུང་པདྨ་ཡབ་ཡུམ་དང་། །ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །ལབ་སྲས་རྒྱུད་པའི་བཀའ་དྲིན་ལ། །ཚིག་འདི་ཁོ་བོའི་བློ་ལ་ཤར། །དོན་དེ་ཉམས་ལེན་མཐར་


JLAZ014_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་ཡིན། །དཔལ་གྱི་བསམ་ཡས་མཆིམས་ཕུ་ཡི། །འོག་མེན་རྡོ་རྗེའི་གསང་ཕུག་ཏུ། །ཀློང་ཆེན་དགོངས་པའི་མཛོད་ནས་བྲིས། །ཙ་གསུམ་མཁས་འགྲོས་བཟོད་པར་བཞེས། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །ཡང་འགའ་འགའི་ཆོས་སྐད་ལ་བློན་རྣེམ་ནུར་སྐྱེད་པའི་ཚེ། །ངའི་བླ་མ་ཨུ་རྒྱན་ཆོས་རྗེ་དང། །ངའི་རིག་འཛིན་དྲི་མེད་འོད་ཟེར་ཞབས། ངའི་ཕ་རྒན་རྒྱས་སྲས་འགྲོ་འདུལ་གླིང། །ངའི་མ་རྒན་ཡི་ཤེས་མཚོ་རྒྱལ་རྣམ། །དུས་དེ་རིང་དྲན་ནས་ཚུགས་ཐབས་མེད། །ཕྱི་སྣང་བ་སེམས་ཀྱི་རོལ་རྩལ་དུ། །ཐག་ཆོད་ཀྱང་འཛིན་པའི་འཕྲོ་འདུ་རྒོད། །རྐྱེན་ཡུལ་སྣང་གི་བདེ་སྡུག་གྱོན་ཅན་མས། །གཤེས་རིག་པའི་དཔཱ་བོ་འཁྲུལ་དུ་བཅུག །དཀོར་ནག་པོའི་ནུས་མཐུ་རི་ལས་ལྕི། །དུས་སྙིགས་མའི་སྤྱོད་པ་རླུང་ལས་འཚུབས། །ལས་སྒྲིབ་བའི་གོང་བུ་གསེར་ལྕི། །ང་བསམས་བཞིན་སྙིང་རླུང་དབང་མེད་ལངས། །དྲན་རིག་ལ་འཕོ་འགྱུར་མེད་པ་དེ། །ལྟ་སྒོམ་གྱི་གནད་དུ་ཆེ་སྐད་ཀྱང་། །ཚོགས་དྲུག་རང་སྟོང་གི་རྩལ་མ་རྫོགས། །འདུ་ཤེས་མ་ཟད་པ་ཡི་རེ་མུག །རྗེས་ཐོབ་ཀྱང་རྟོག་པའི་དྲ་བར་ངེས། །གནས་མི་མེད་ལུང་སྟོང་ཆེན་པོའི་ནང་། །ཕུང་པོ་འཇའ་ལུས་སུ་བསྒྲུབ་བསྒྱུ་ལ། །རྣམ་གཡེང་


JLAZ014_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་རི་ཁྲོད་དུ། །འགྲོ་དོན་མིང་བཏགས་ཀྱི་ངག་འཁྱལ་སྒྲོགས། །རྒྱུ་དྲན་རྟོག་གཞི་མེད་རྩ་བྲལ་ལ། །རྐྱེན་རྣམ་རྟོག་ངན་བས་མི་བརྫི་ཡང་། །རླུང་། དབུ་མར་ཞུགས་གནས་གཉིས་པོ་ལས། །ཐིམ་པའི་རང་རྩལ་མ་རྫོགས་དེས། །ཉམཚན་དབྱེར་མེད་དུ་ལམ་ཟློས། །ཀུན་གཞི་ལས་ལས་རླུང་དུ་གཡོས་པ་དེས། །རྨི་ལམ་སྣ་ཚོགས་ཀྱི་ཆོ་འཕྲུལ་སེམས། །དེས་ཆོས་སྐུར་གྲོལ་ལ་ཐེ་ཚོམ་སྐྱེ། །ཕྱི་དུས་ཀྱི་རྣལ་འབྱོར་དབང་ཕྱུག་ཚོ། །དྲན་པ་ལ་སྒོམ་གྱི་རྩ་བར་བྱེད། །རྩེ་གཅི་ལྟ་བར་རློམ་པ་དང་། །དཔྱད་ན་ནམ་མཁའི་རྣལ་འབྱོར་དུ། །ང་ཁས་ལེན་བྱས་ཀྱང་མི་གནོང་ཙམ། །སྔ་དུས་ཀྱི་གྲུབ་པའི་རིག་འཛིན་དང་། །རྫོགས་པ་ཆེན་པོའི་རྒྱུད་སྡེ་ཡི། །ལྟ་སྤྱོད་དང་ལམ་རྟགས་ཀྱི་ཡོན་ཏན་ལ། །བསམས་ན་དང་པོའི་ལས་ཅན་ཁྱོད། །ད་དུང་དབེན་པའི་རི་ཁྲོད་བསྟེན། །འདེ་དྲང་དོན་དང་བསྟུན་པའི་སྐྱོ་གླུ་ཡིན། །དེས་དོན་དང་བསྟུན་པའི་གསུང་ཅོང་ཡིན། །དགོངས་པ་ཅན་གྱི་ཅོ་འདྲི་ཡིན། །བྱང་ཆུབ་དོན་གཉེར་དབང་ཕྱུག་རིགས། །གང་ན་བཞུགས་པ་ཆ་མ་ཚལ། །རྟོག་གེའི་ཚིག་སྦྱོར་ཤེས་པ་ཡི། །ང་རྒྱལ་རང་རྩིས་ཙམ་མིན་བའི། །ཉམས་རྟོགས་རྒྱུད་ལ་འབྱོར་བའི་གཏམ། །


JLAZ014_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གསར་པས་ལན་གཅིག་གདབ་པར་རིགས། །རང་གིས་རང་ལ་དེ་སྐད་སྨྲས་པའི་ཚུལ། །མི་ཤེས་ཁེངས་པ་ཆེ་བའི་ཨུ་ཚུགས་ཅན། །མ་རྟོགས་བློས་བྱས་ལྟ་སྒོམ་མཆོག་ཏུ་འཛིན། །ཕྲལ་སྣང་སྲིད་པའི་ཕུན་ཚོགས་རྔམ་པ་དེར། །འདི་འདྲའི་ཡི་གེ་རྩེད་མོའི་ཚུལ་དུ་བསྐུར། །དེའི་ཚེ་རྡོ་རྗེ་ཕུར་པ་ལ་བསྙེན་པ་དུང་ཕྱུར་ངག་བཅད་གཅིག་གི་ཐོག་ནས་སོང་བའི་པདྨོ་དྷ་མཱ་འདུ་བ་ཤིན་ཏུ་ལ་འཁྲུགས་པའི་ཚེ། ན་ཚ་ལམ་འཁྱེར་གྱི་མན་ངག་སྐུ་གསུམ་རང་གྲོལ་ཞེས་བྱ་བ། དྲང་སྲོང་རིག་པའི་ཡེ་ཤེས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་བཅུ་གཉིས་རྩ་བ་མ་རིག་པ། །དེ་ཡི་ལུགས་འབྱུང་བསྐྱེད་པ་ཟོ་ནད་ཀྱི། །གཉེན་པོ་ཨོ་རྒྱན་སྨན་གྱི་བླ་མ་ལ། །འདུད་དོ་དུག་གསུམ་ན་ཚ་ཞི་བར་མཛོད། །ན་ཚ་སྡིག་སྒྲིབ་འདེད་པའི་ཕྱགས་མ་ཡིན། །ན་ཚ་བླ་མར་སྒོམ་ལ་གསོལ་བ་ཐོབས། །ན་བ་བརྡེག་བཙོག་བྱས་པའི་རྣམ་སྨིན་ཡིན། །རྣམ་སྨིན་སུས་ཀྱང་མི་མྱོང་རང་ཐོག་འབབ། །བབས་པའི་ལས་སྐལ་ཟིན་ན་བློ་བདེ་ལྟར། བླ་མ་དཀོན་ཅོག་དྲིན་གྱིས་ལྷོངས་པ་ཡིན། །ན་ཚ་དངོས་གྲུབ་ཡིན་པས་ལྷ་གསོལ་གྱིས། །ན་ཚ་ལས་ངན་འཛད་པའི་སྔ་ལྟས་ཡིན། །ན་བའི་ངོ་བོར་མ་བལྟ་ན་མཁན་ལྟོས། །སེམས་ཀྱི་ཐོག་ཏུ་ན་ཚ་མ་


JLAZ014_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པར། །ན་ཚའི་སྟེང་དུ་རིག་པ་རྗེན་པར་ཞོག །ན་ཚ་ཆོས་སྐུར་འཆར་བའི་གདམས་ངག་ཡིན། །ལུས་ནི་བེམ་པོ་སེམས་ནི་སྟོང་པ་ཉིད། །བེམ་པོར་ཅིས་གནོད་སྟོང་པར་གང་གིས་ཚུགས། །ན་ཚའི་གཤིས་ལ་བྱུང་གནས་འགྲོ་གསུམ་འཚོལ། །ན་ཚ་གློ་བུར་བྱུང་བའི་རྣམ་རྟོག་ཡིན། །རྣམ་རྟོག་ཡལ་ཚེ་ན་ཚ་རང་སར་དེངས། །རིག་པ་གློ་འདས་གསལ་སྟོང་ཆེན་པོར་གྲོལ། །ན་ཚ་ཡོངས་སྐུར་འཆར་བའི་མན་ངག་ཡིན། །བསྐལ་བར་བསགས་པའི་སྡིག་སྒྲིབ་ན་ཚས་འདག །ཉམས་རྟོགས་དངོས་གྲུབ་འགུགས་པའི་ཕོ་ཉ་ཡིན། །ལུས་ཀྱི་གཅེས་འཛིན་བོར་ལམ་ལ་གཅོད་ཀྱི། །དམིགས་པ་གསལ་པོས་ཤ་ཁྱེར་ཁྲག་ཁྱེར་ཐོང་། །རེས་འགའ་ཁྲོལ་ཚགས་ཅན་གྱི་སྟོང་ར་སྒོམ། །ནས་ཏལ་མར་ཕུག་ལ་རླུང་གིས་ཐོན། །རྗེས་ཤེས་དབྱིངས་རིག་ཟང་ཐལ་ངང་ལ་ཞོག །ན་ཚ་སྤྲུལ་སྐུར་འཆར་བའི་མན་ངག་ཡིན། །ན་བ་འདི་ཀོ་རྩ་གསུམ་ཐུགས་རྗེའི་མཐུ། །ན་བ་འདི་ཀོ་དཀོན་ཅོག་རྣམ་གསུམ་དྲིན། །ན་བ་འདི་ཀོ་སྡིག་སློང་བསྒྲུབ་པའི་མཐུ། །སྒྲུབ་པའི་བུད་ཤིང་འདི་ལས་ལྷག་པ་མེད། །ཡི་མུག་ལོག་ལྟའི་རིམ་གྲོ་མ་བྱེད་པར། །ལས་ངན་ཟད་པའི་རྟགས་ཡིན་དགའ་བ་སྒོམས། །དབེན་པ་གསུམ་གྱི་སྒོ་གསུམ་ཉེར་བསྡམས་ཤིང་། །མཉེས་པ་གསུམ་གྱི་གཙོ་བོ་སྒྲུབ་པ་ཡིས། རྩ་བ་


JLAZ014_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཐུགས་དམ་བསྐང་ནུས་པའི། །སྐུ་གསུམ་དབྱིངས་རིག་འདུ་བ་འཁྲུགས་པའི་ཚེ། །མཁྱེན་བརྩེའི་འོད་ཀྱིས་དབེན་པའི་མལ་ནས་གདམས། །དགེ་བས་དུག་གསུམ་ནས་ལས་གྲོལ་གྱུར་ཅིག །དེའི་ཚེ་སྒོམ་ཆེན་ཤྲཱི་ནཱ་ཐའི་མཚན་ཅན་ཕྱོགས་དེར་ཕེབས་པ་དང་འགྲིག །ཉེ་རིགས་ཀྱི་རྨོངས་ཞེན་ཐུགས་ལ་བཅངས་ནས་ཕྲད་དུ་ཕེབས། སྔར་རྣ་ཐོས་ཙམ་ལས་མཇལ་གླེན་མེད་པས་གང་ཅིའི་གསུང་གླེང་སྨར་བའི་ལྷོངས་ཤིག་ལ། ཁྱོད་རིག་པ་ཚེ་རབས་འདུག །བླ་མ་སུ་ལ་གཏུགས་པ་ཡིན། དང་པོ་ཡིན་ན་སྨིན་གྲོལ་གླིང་དུ་ཆོས་སྒོར་ཞུགས། རྒྱུད་གསང་བ་སྙིང་པོ་ལའང་བསླབ་གཉེར་ཞིག་བྱས་ན་ཡོང་རྒྱུར་འདུག་སྟེ་གསུངས། གཞན་སྣང་ཟིལ་གྱིས་གནོན་བའི་གསུང་གང་ཡང་འབྱོན་གྱིན་འདུག་གོ །དེར་རང་གིས་དག་པའི་སྣང་བས་བསྟུད་དེ་དཔལ་གསང་བ་སྙིང་པོ་དང་རྒྱུད་བཅུ་བདུན་ལ་སོགས་པའི་ཆོས་འབྲེལ་ཡང་ཞུས་པ་ན། དོ་ཀེར་ཅན་ལ་ཆོས་མི་འཆད། ཅེས་པ་ལས་བརྩམས་ཏེ་ཐབས་ལ་མཁས་པའི་ཙོ་འདྲིའང་མཛད། དྲང་གཏམ་རང་དུ་སྣང་སྟེ་དཔྱད་ཕྱིར་འདི་སྐད་ཅེས་ཞུས་སོ། །དེ་ཤིན་ཏུ་བདེན། སྤྱིར་སྲིད་ཞི་མཉམ་ཉིད་དུ་འདྲེས་པའི་ལྟ་བ་མྱོང་ཐོག་ཏུ་མཁེལ་པར་རལ་པ་ཐོར་ཚུགས་སུ་བྱེད་པས་མཚོན་ཧེ་རུ་ཀ་པའི་ཆས་བྱེད་པའི་འདི་གསང་སྔགས་ཀྱི་བླ་འཚོང་། །


JLAZ014_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་མཁའ་འགྲོའི་ཁྲེལ་ས། སྤྲང་འཁྱམས་ཟོག་པོ་རྣམས་ཀྱི་རྣམ་ཐར་དུ་འདུག་ངེད་ཀྱི་འདི་རྒྱ་གར་གྱི་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་འོད་གསལ་གྱི་དང་དུ་གསལ་གྱི་ངང་དུ་མཇལ་བ་ཞིག་བྱུང་བ་ནས་གཟུངས་སྤྱི་བོར་གླེགས་རལ་དང་བཅས་འཆིང་སྙིང་འདོས་པ་ཞིག་བྱུང་བས་སྣང་བ་རྒྱལ་བཏགས་ནས་བཅིངས་བཏང་བ་ཡིན། ཟོག་པོ་དང་གྲུབ་ཐོག་གང་དུ་ངོས་བཟུང་ཡང་ཆོག་པ་ཡོད། ཁྱད་པར་གསང་སྔགས་ཀྱི་ཆོས་ཉན་བ་ལ་ཁོག་ཡངས་པའི་དབང་དུ་བཏང་ནས་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་། སློབ་མ་རྣམས་འཁོར་གྱི་རྣམ་རོལ་དུ་དག་སྣང་སྦྱར་བའི་ལུགས་ཀྱང་ཡོད་པས་ད་རེས་དགོངས་པ་མི་ཁྲེལ་བ་ཞུ་བྱས་པས་ཐུགས་སྙེགས་ཅུང་ཟད་ཆག་ དེའི་ཚེ་རྩེད་མོའི་ཚུལ་དུ་ཡི་གེ་འདི་བཞིན་བྲིས་ནས་ཕུལ་ལོ། །ཨེ་མ་ཧོ། །རུས་ནི་ཆོས་རྗེ་འབྲུག་པའི་བུ། །ཆོ་འབྲང་གནུབས་ཀྱི་རིགས་སུ་གཏོགས། །མངའ་རིས་ལ་དབང་བ་མིན་ན་ཡང་། །རབས་ལ་ཡས་འདེད་ཐོངས་ཙམ་ལགས། །པུ་ཏྲ་ནས་ཤཱཀྱཱི་བསྟན་ལ་ཞུགས། །ཨུ་པ་ས་ཀའི་རྣམ་ཐར་བསྐྱངས། །ཤ་མ་ཎེ་ཀ་ཏའི་སྡོམ་པ་མ་ནོས། །འཇུག་སྒོ་ལ་གོ་རིམ་འཕྱུགས་སྙམ་མེད། །ཐོས་བསམ་དེ་ཕྱོགས་མེད་གྲུབ་མཐར་བྱས། །བཤེས་གཉེན་ཀུན་ལ་དག་སྣང་སྦྱངས། །གསང་སྔགས་སྔ་འགྱུར་གྱི་


JLAZ014_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་རུ་ཞུགས། །བཙན་ཐབས་སུ་རྟོགས་ལྡན་བྱས་སྙམ་མེད། །རྟེན་འབྲེལ་དེ་ཧཱུྃ་ཆེན་ཀཱ་རས་བསྒྲིགས། །སྨིན་གྲོལ་དུ་བྱང་ཆུབ་རྡོ་རྗེས་བཙུད། །རྩོད་མེད་ཀྱི་རིག་འཛིན་རྣམས་ཀྱིས་བསྐྱངས། །བླ་མ་ལ་ནོར་འཁྲུལ་བྱུང་སྙམ་མེད། ཞེན་ལོག་གི་བསྒྲུབ་ཚུགས་རྣག་གིས་བཟུང་། །ཉམས་ལེན་ལ་ཞུན་ཐར་པདྨས་མཛད། །གཏད་མེད་ཀྱི་རིག་པ་ཆོས་སྐུར་ཤར། །ལྟ་བ་ལ་གོལ་འཕྱུགས་བྱུང་སྙམ་མེད། །ཁྱེད་ཤེས་ཀྱིས་གསུང་བའི་ཐུགས་རྒྱུད་བསྐུལ། །དོན་རྒྱུད་དེ་ཨོ་རྒྱན་ཆོས་རྗེས་སྩལ། །བོགས་འདོན་དེ་མཛོད་ཆེན་བདུན་གྱིས་བཏོན། །སྒོམ་པ་ལ་གོལ་ཤོར་ཡོད་སྙམ་མེད། །ཟླ་དགའ་ཟས་འཚོལ་དུ་མ་འབྱམས་ཤིང་། །སྤྲོས་བཅས་དང་སྤྲོས་མེད་དགེ་སྦྱོང་ཀུན། །འཁོར་གསུམ་ཡོངས་དག་གི་མཚམས་སྦྱོར་བྱས། །སྤྱོད་པ་ལ་ཚུལ་འཆོས་ཤོར་སྙམ་མེད། ཀུན་མཁྱེན་ཆེན་པོའི་བཀའ་དྲིན་ལ། །མདོ་རྒྱུད་རྒྱ་མཚོའི་མེ་ལོང་མཐོང་། །ཕྱི་ནང་གི་གྲུབ་མཐའི་ཁྱད་པར་ཤེས། །བླུན་སྒོམ་དང་མུན་རྡོས་བསླུས་སྙམ་མེད། །རལ་པ་ཐོར་ཚུགས་ཀྱི་ལན་བུ་ཅན། །གསང་སྔགས་ཀྱི་བསྟན་པ་དར་བ་དང་། །སྣང་བ་ཟིལ་གནོན་གྱི་རྟེན་འབྲེལ་ཡིན། །ལེགས་འདོད་དང་ཚུལ་འཆོས་བྱས་སྙམ་མེད། །མཁྱེན་གཉིས་ཀྱི་གཏེར་


JLAZ014_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་བརྡོལ་བ་འདི། །ལུང་བསྟན་གྱི་བདེན་པས་རབ་བསྐུལ་ནས། །སྔོན་སྦྱངས་ཀྱི་དད་སྟོབས་བསྟན་པ་ཡིན། །མུ་ཅོར་གྱི་ཚིག་སྐམ་ཡིན་སྙམ་མེད། །སྟན་ཐོག་ཏུ་བསྒྲུབ་ཚུགས་འཛིན་བ་འདི། །འགྲོ་སམ་ཕོངས་པ་མ་ལགས་ཏེ། །ཁོང་གྲུབ་ཐོབ་གོང་མའི་བཤུལ་ལམ་ཡིན། །གདུལ་བྱ་མེད་པ་ཡིན་སྙམ་མེད། །ཆུ་དང་གྲུབ་མཐའ་བླ་མ་གསུམ། །རང་གི་ཡུལ་ན་བཟང་བ་དེ། །རང་རང་སོ་སོའི་མཐོང་སྣང་ཡིན། །རྒྱུད་བཤད་བློ་ལ་འཛིན་པ་ལ། །ངོ་མཚར་ཆེ་སྙམ་མི་བགྱི་སྟེ། །རྒྱུད་དོན་བདེ་བླག་རྟོགས་པ་ལ། །མཁས་པའི་དབང་ཕྱུག་མི་ཟེར་རམ། །དེ་ཕྱིར་ཏནྟྲ་བཅོ་བརྒྱད་བཅུད། །རྒྱུད་རྒྱལ་གསང་བ་སྙིང་པོ་ལ། །རྒྱལ་པོ་ཨིནྡྲ་བྷོ་དྷིའཾ། །ལུང་བསྟན་རྡོ་རྗེ་མན་ཆད་ནས། །ངག་དབང་ཆོས་དཔལ་ཡན་ཆད་ལ། །རྒྱ་བོད་རྒྱུད་འགྲེལ་དགུ་ཙམ་མཐོང་། །གཞི་རྒྱུད་བདེ་གཤེགས་སྙིང་པོ་ལ། །བྲག་ཕུག་ནང་དུ་འགྲེལ་པ་བྱེད། །འདི་ལས་ཟབ་པའི་འགྲེལ་བ་ནི། །ངས་ནི་ནམ་ཡང་མ་མཐོང་ངོ། །ཞེས་ཕུལ་བས་དག་སྣང་ཆེ་རུ་སོང་། །དེ་ནས་ཐུགས་ནང་གཞིན་པར་གྱུར་ནས་གང་ཆིའི་གསུང་བགྲོས་གླེངས་བས་ཁོང་པ་གཤེགས་འདུས་པ་དང་གཤིན་རྗེ་ཚེ་བདག་གི་


JLAZ014_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྒྲུབ་ཚད་དུ་འཁྱོལ་བའི་རྣལ་འབྱོར་དུ་གོ་ནས་སླར་ཆེད་དུ་གདན་དྲངས་ཏེ་དེ་དག་གི་དབང་ལུང་།ཡོངས་སུ་རྫོགས་པ་ཉན་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས། ནང་རྒྱུད་ཡིད་བཞིན་གྱི་ནོར་བུ་འདིའི་རྒྱུད་པ་ཁུངས་སྟོང་དུ་ཉེ་བ་ལ། པཎ་ཆེན་རིན་པོ་ཆེ་ཡེ་ཤེས་རོལ་པའི་རྡོ་རྗེས་དྭ་རི་དྲའི་བརྟུལ་ཞུགས་ཀྱིས་དབུས་གཙང་ལ་སྟོད་ལྷོ་བྱང་ཐམས་ཅད་དུ་བཀའ་བརྒྱད་ཁོ་ནའི་ཆེད། ལ་ཆུ་ཕྲང་གསུམ་ལ་དཀའ་བ་སྤྱད། ཡར་རྗེ་ནས་བཟུང་བདེ་འདུས་ཁོ་ན་ཡང་ཚར་རྙེར་ལྔ་གསན་རྗེས་རྗེ་རིགས་ནམ་མཁའི་རྣལ་འབྱོར་ལ་སྤྲོས་པ་ཆོད་པའི་ཚེ་དཔལ་གྱི་མགུར་ལས། །དེ་ཕྱིར་རིག་འཛིན་ཕྱི་རབས་འབྱོན་པ་རྣམས། །རྒྱུད་ལུང་མན་ངག་ཐམས་ཅད་སྟོང་ཀྱང་སླ། །བཀའ་བརྒྱད་རྣམ་གསུམ་ཉམས་སུ་མ་འཇུག་ཅིག །གསུངས་པས་གདམས་པྲན་ལ་སྡུག་བཙིར་མ་བྱས་པར་རྒྱུད་སྡེ་ཆེན་པོས་གཞུང་བསྲངས་པའི་ཆོས་ཀྱི་རྣམ་གྲངས་འདི་དག་ལ་དོན་གཉེར་ཆེན་པོས་ཀློག་པ་ཐོས་བསམ་གྱི་འཁོར་ལོ་བདག་གིར་བཟུང་བ་ལགས། ཀྱེ་ཧོརྗེ་དུས་གསུམ་ཀུན་མཁྱེན་པད་འབྱུང་དང་། །ཆོས་ཐེག་པའི་ཡང་རྩེ་རྫོགས་པ་ཆེ། །ཁོང་སྔོན་བྱོན་གྱི་རྒྱལ་བློན་བྱང་ཆུབ་སེམས། །རྒྱ་བོད་ཀྱི་གྲུབ་ཐོབ་ཡོངས་ལ་འདུད། །ཡོངས་ད་ལྟ་སྙིགས་མ་ལྔ་བོའི་


JLAZ014_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དུས། །མི་ཕལ་ཆེར་ལོག་པའི་ལམ་ལ་འཕྱན། །ཚུལ་མི་དགེ་བཅུ་ལ་སྤྱད་པའི་མཐུས། །ཡིད་ཅན་ཀུན་ངན་འགྲོའི་དུཁ་མྱོང་། །བོད་རྟགས་འཛིན་གྱི་ཆོས་གཟུགས་ཕལ་མོ་ཆེ། །ཐོས་བསམ་ལ་ནན་ཏན་མི་བྱེད་པར། །མདའ་ལྔ་སྙིང་ཞུགས་ཀྱི་སྤྱོད་པས་གཡེང། །འདི་བསམས་བཞིན་སྙིང་རླུང་གཅོང་གིས་ཟིན། །སྔོན་ཚེ་ལོ་བརྒྱ་པའི་གནས་དུས་ལ། །རྗེ་ཤཱཀྱ་ཐུགས་པ་འཛམ་གླིང་བྱོན། །ཆོས་དྲང་དོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར། །ངེས་དོན་གྱི་མདོ་ཡང་གྲངས་མེད་གསུངས། །ལམ་བསླབ་པ་གསུམ་གྱི་རྒྱུད་བསྡམས་ཤིང་། །ཉན་ཐོས་འདུལ་བའི་བསྟན་པ་དར། །བཀའ་བདེན་པ་བཞི་ལ་ནན་ཏན་མཛད། །སྲིད་པ་ཐ་མའི་བྱང་སེམས་མང་། །དེ་དེང་སང་ཡིན་ན་དགའ་བ་ལ། །དེ་དེང་སང་ཡིན་ན་སྐྱིད་པ་ལ། །གནས་འོག་མིན་གསང་ཆེན་རོལ་པ་དང་། །རིམ་ལ་ཡ་དང་ཨོ་ཌི་ཡ། །ཚུལ་ངེས་མེད་ཀུན་ཏུ་སྤྲུལ་བསྒྱུར་གྱི། །སྐུའི་བཀོད་པས་འབྲས་བུའི་ཐེག་པ་བསྟན། །དེ་རྒྱུད་སྡེ་བཞི་དང་ཡོ་ག་གསུམ། །ཐབས་ཤེས་དང་མན་ངག་རང་བྱུང་རྒྱུད། །དོན་ཡང་དག་ལམ་ལ་བཀྲི་བར་གཅིག །འཇུག་སྒོ་ལ་ཟབ་ཁྱད་ལྷག་བར་ཆེ། །འཕགས་ཡུལ་དུ་གསར་རྙིང་དབྱེ་བ་མེད། །མངོན་ཕྱུང་དང་གབ་པའི་གནད་ཡོད་དེ། །མཁན་


JLAZ014_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་ཆོས་རྒྱལ་སྐུ་དྲིན་ལ། །བོད་གངས་ཆེན་འདིར་གཅིག་དར་དར་མོད་དེ། །མི་ཁྲིམས་མེད་གདོལ་པའི་ཀུན་རྟོག་གིས། །བཟང་ངན་དང་ཕྱོགས་ཆའི་སྡེ་རིས་ཕྱེ། །ཆོས་རྫོགས་པ་ཆེན་པོར་ཡག་སྒྲོགས། །ཀྱེ་ཉི་ཟླ་ནམ་མཁར་རྒྱུ་བ་འདི། །ཆུང་བྱིས་པའི་ལག་གིས་དགག་བྱ་མིན། །ཁོང་ཀུན་ཏུ་བཟང་པོ་བཀའ་བཙན་པས། །རིག་འཛིན་གྱི་སྤྲུལ་པ་རིམ་པར་བྱོན། །དོན་དམ་པ་རིག་པ་སོ་མའི་རྒྱུད། །ཀློང་ཆེན་པོ་དགོངས་པའི་གསང་མཛོད་བརྡོལ། སྣང་ཀུན་བརྡ་དང་དཔེ་ཆར་ཤར། །བཀའ་བརྒྱུད་བཤད་པའི་བསྟན་པ་དར། །དགོངས་བརྒྱུད་སྒྲུབ་པའི་སྲོག་ཤིང་ཚུགས། །བྱིན་བརྒྱུད་ཡེ་ཤེས་རང་སར་ཕེབས། །རི་སུལ་ཀུན་རྣལ་འབྱོར་ཞིག་པོས་ཁེངས། །འཇའ་ལུས་རྡོ་རྗེའི་ལམ་སྲོལ་བཏོད། །དེ་ལྕེ་བཙུན་སེང་གེ་དབང་ཕྱུག་དང་། །མེ་ལོང་རྡོ་རྗེ་ཀློང་ཆེན་པ། །སོ་ཟུར་གནུབས་དང་སྐོར་རོང་ཁམས། །དྲག་རྩལ་རྡོ་རྗེ་ཉང་རལ་སོགས། །བཀའ་གཏེར་བསྟན་སྐྱོང་མང་པོའི་དྲིན། །བསྒྲུབ་བརྒྱུད་གོང་མས་རྫོགས་ཆེན་གྱི། །བསྟན་བའི་མེ་རོ་ཀུན་ནས་སློང་། །དོན་རིག་པ་འོད་གསལ་སྙིང་པོའི་གཟུངས། །དུས་དེང་དུའང་སྦས་པའི་རྣལ་འབྱོར་པ། །ཀུ་སུ་ལུའི་སྤྲང་པོ་རྣམས་ལ་གདམས། །


JLAZ014_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འབྱོར་ལྡན་གྱི་ཁེངས་སེམས་བལྟར་སྣང་ཙམ། །བདུད་དམ་སྲི་འབྱུང་པོའི་ལུང་བསྟན་འུམ། །ཕུགས་བློ་ཡི་རེ་བ་ཡི་དམ་བརྟན་། །གཞི་ཀ་དག་ཆེན་པོས་བསླུ་མ་མྱོང་། །འདི་གྲུབ་རྟགས་རྒྱ་པོ་ཅིས་མ་ཡིན། །སེམས་སྟོང་གསལ་ཞི་གནས་འཛིན་པ་ཅན། །ཡིད་རྟོག་དཔྱོད་ཀྱི་ལྷག་མཐོང་གཡོ་འཁྲུལ་པོ། །དབྱིངས་ལུང་མ་བསྟན་གྱི་བྱར་མེད་གསུམ། །འདི་གསུམ་པོ་རྫོགས་ཆེན་ཁྱུ་ནས་བུད། །སྒོམ་དྲན་འཛིན་གཉེན་པོའི་འཆིང་བ་དང་། །བློས་ཆེད་འཛིན་བྱས་པའི་སྟོང་ཉམས་ཅན། །བློ་གོ་ཡུལ་དྲེད་པའི་རྒྱས་འདེབས་གསུམ། །ཁྱེད་གསུམ་ནས་རྫོགས་ཆེན་ཁུད་ནད་བུད། །སེམས་འདུ་ཤེས་གྲུང་པོའི་ལྟ་སྒོམ་དང་། །བློ་གོ་རར་འཐུམས་པའི་ཉམས་ཞེན་དང་། །ཡིད་མྱང་བྱའི་དྲི་མས་སྤགས་ཏེ་གསུམ། །ཁྱེད་གསུམ་ཡང་རྫོགས་ཆེན་ཁྱུ་ནས་བུད། །བདག་འཆིང་བ་ཅན་གྱི་བྲ་བྲལ་བ། །སྔོན་སྐྱེ་བ་འགའ་ལ་སྤྱངས་པའི་མཐུས། །ཚེ་ད་རེས་ཐོས་གྲོལ་ཆེན་པོར་སོང་། །ཁྱེད་མཆེད་གྲོགས་རྣམས་ཀོ་ལོང་མི་མཛད་མཁྱེན། །འདི་ཁ་ཚིག་འུད་གོག་ཏུ་སོང་དོགས་ཀྱང་། །ཀློང་ཆེན་པོ་དགོངས་པའི་གསང་མཛོད་བརྡོལ། །སེམས་ལས་རླུང་དབུ་མའི་རྒྱལ་སར་བཏོན། །རྩ་ཨ་ལྦ་དྷཱ་


JLAZ014_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཏིའི་མདུད་གྲོལ་དང་། །མི་རྨོངས་པའི་བློ་གྲོས་ལྐོག་གྱུར་གཉིས་འགལ་བ་ལྟག་སྤྲོད་དུ་སྣང་བའི་ཚེ། །སྟོང་ཉིང་སྙིང་རྗེའི་གདངས་ཀྱི་གྱུར། །ཤར་བ་ཤིང་ཤུན་འཇམ་པའི་དོགས། །འོག་མིན་རྡོ་རྗེའི་བྲག་ཏུ་བྲིས། །དགེ་བས་འཁོར་བ་དོང་སྤུགས་ཤོག །ཅེས་སྨྲས་ནས་མཚམས་དམ་པས་བཅད་འོད་གསལ་སྤྲོས་པ་མེད་པའི་ངང་མདངས་སྣང་གྲག་ཐམས་ཅད་ཧཱུྃ་ལྔའི་རྒྱལ་གླུར་ལེན་པའི་སྐབས་ཤིག་གཉིད་དུ་སོང་བའི་རྨི་ལམ་ན་རྩི་ཤིང་ནགས་ཚལ་གྱི་སྨན་ལྗོངས་མཐོང་ན་དགའ་བ་ཞིག་ཏུ་བུད་མེད་ལྔས་ཁྲིད་བྱུང་བས། དེའི་ཁྲོད་ནས་རྒན་པ་རང་གིས་མ་ཡིན་སྙམ་པ་ཞིག་གིས་ང་ལ་ཤིན་ཏུ་བརྩེ་བའི་རྣམ་འགྱུར་ཕ་མཐར་མི་དཔོགས་པར་སྟོན། བུ་ཆུང་ལ་གཅེས་ཁ་བྱེད་པ་ལྟར། མགུལ་པར་འཁྱུད་པ་དང་། གདོང་གུག་པ་དང་། །འོ་བྱེད་པ་ལ་སོགས་ངོ་ཚ་དང་ཚུལ་འཆོས་པའི་རྣམ་འགྱུར་སྤངས་ནས། བུ་ཆུང་དང་མའི་འདུ་ཤེས་གྱི་ངང་ནས་བྲག་ཕུག་ཤིན་ཏུ་ཡངས་པ་སློབ་དཔོན་ཆེན་པོའི་དབུ་རྗེས་ཡོད་པ་ཞིག་ཏུ་ཁྲིད། དེར་ཁོང་རྣམས་ཀྱིས་འདི་མཚོ་རྒྱལ་གྱིས་ཕུར་པ་བསྒྲུབས་པའི་གཟིམས་ཕུག་ཡིན། འདི་ཨུ་


JLAZ014_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱི་དབུ་རྗེས་ཡིན་ཞེས་དེད་ལ་གནས་བཤད་ཀྱི་ཚུལ་དུ་བཤད་ནས། ཁོང་རང་རྣམས་སྐད་གྲ་ཤིན་ཏུ་སྙན་པས་མཎྜལ་གསོལ་དཱེབས་ཡིད་འཕྲོག་པ་ཞིག་བྱས་སོང་། དེའི་ཁོང་ལ་སྐད་ཅིག་མ་དེར་དེའི་ཁྲོད་ན། འདི་སླར་འབྲུག་པ་དགེ་སློང་དང་གླེང་སྐབས། སྤ་གོ་སྟག་ཚང་གི་མཚོ་རྒྱལ་གཟིམ་ཕུག་ཡིན་བ་ངོ་ལེགས་པར་འཕྲོད། བུད་མེད་ཅུང་གཟུགས་མི་སྡུག་པ་ཞིག་འདུག་པ་དེས་བསྐུལ་ནས་ཐམས་ཅད་ཀྱིས་ངེད་ལ་གདོང་གཏད་དེ། བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །སོགས་ཤློ་ཀ་གཅིག་རྒྱ་གླིང་བཏང་བའི་སྐད་ལས་ཀྱང་སྙན་ཅིང་དངས་སངས་པར་ཟེར་བས་སྣང་བ་ཟི་སྦིར་བ་ཞིག་བྱུང་། དེའི་མོད་ལ་རྣག་གི་ཕུ་བོ་ཡིན་རྒྱུད་ཞིག་ཀྱང་ཁྲོང་གི་བྱུང་ནས་དེས་བསྐུལ་མཁན་བྱས། ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སོགས་ཤློ་ལོ་ཀ་གཅིག་ཤིན་ཏུ་སྙན་པའི་སྐད་གྲ་སྡེབས་ནས་ཟེར་མ་ཐག །རང་གི་སྣང་བ་ལ། ད་འདི་ཚོར་ཡར་ཀླུངས་རྟེན་གསུམ་མཇལ་དུ་འགྲོ་ཡོང་། སྨོན་ལམའདེབས་ལུགས་ཤིག་བསླབ་དགོས་སྙམ་ཙ་ན་དོ་དིར་གྱིས་གྱེས་སོང་། དེའི་ཁྲོད་ནས་ད་རང་རི་སྲིང་མོ་ཡིན་སྙམ་པ་ཞིག་ད་རུང་བསྡད་ནས། བསླབ་དོན་འདུ་ཞུ་རྒྱུ་ཡོད་དེ་འགོལ་འགོལ་ཤིག་རྩ་བ་ནས་མ་བྱུང་ཟེར་ནནས་རྣ་བ་ལ་ཁ་གཏུགས་ཏེ། ཉིད་རང་ལུས་དབེན་པར་བཞུགས་དང་། སྟོན་དཔྱིད་ལ་སོགས་པའི་འཚོ་ཆས་ནི་འབད་མེད་དུ་ཡོང་། ངག་དབེན་པར་བཞུགས་དང་། ཟེར་བའི་མོད་ལ་སྐད་ཤུགས་ཆུང་དུ་ཆུང་


JLAZ014_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཏང་གོ་རྒྱུ་ཡེ་མ་བྱུང་ཤུབ་བུ་ཤུབ་བུ་དེ་གོ་རྒྱུ་མི་འདུག་དེ་ལས་གསལ་པར་སྨྲོས་དང་བྱས་པས། ད་དུང་སྐད་ཤུག་ཆུང་དུ་བཏང་། ཡར་ཐོས་པ་ཧིག་ལ་མི་ཆེན་ཚོ་ལའང་ངོ་འཛིན་ཆེར་གནང་གཞན་འདྲ་ཟེར། འཕྲོས་རྣམས་གོ་རྒྱུ་ཡེ་མ་བྱུང་། དེར་མི་ལམ་ཡིན་པར་ཤེས་ཏེ་འདི་ལུང་བསྟན་འདྲ་ཟེར་རྒྱུ་ཡིན་པ་སྲིད་སྙམ་ནས་ལྟོས་པ་མེད་པ་དྲན་པ་སྤྲོས་བྲལ་གྱི་ངང་དུ་མཉམ་པར་བཞག་པས། རྨི་ལམ་འཁྲུལ་པ་ཡིན་པར་ལོས་ཀྱང་བདེན། །མཁའ་འགྲོ་རང་རྩལ་ཡིན་པས་ལོས་ཀྱང་བདེན། །ལུང་བསྟན་བལྟར་སྣང་ཡིན་པར་ལོས་ཀྱང་བདེན། ཐམས་ཅད་ཀུན་རྫོབ་ཡིན་པར་ལོས་ཀྱང་མེད། བདག་ཉིད་མཁའ་འགྲོའི་དབང་དུ་མ་གྱུར་ཞིང་། །མཁའ་འགྲོ་བདག་གི་དབང་དུ་འདུས་པ་ལས། དྲན་རིག་སྨྲོས་བྲལ་དབྱིངས་ལ་བཞག་ཙ་ན། །གཉིད་སད་བུ་མོ་གར་སོང་ཆ་མེད་ཐལ། །དེར་རྗེས་ཐོབ་ཀྱི་ཤེས་པ་ལ་སྐྱོ་ཤས་ཚད་མེད་པ་ཞིག་ལངས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རང་རང་གི་ལས་ལ་སྤྱོད་པའི་སྡུག་བསྔལ་དཔག་ཏུ་མེད་པར་མྱོང་བ་རྣམས་ཡིད་ལ་ལམ་ལམ་ཤར་ནས་སྙིང་རྗེ་དཔག་ཏུ་མེད་པ་སྐྱེས། ངའི་བླ་མ་ཨུ་རྒྱན་ཡབ་ཡུམ་དེ་སྙིང་ལ་དྲན་ནས་ཚུགས་ཐབས་དང་བྲལ། ད་ཅིའི་མཁའ་འགྲོ་རྣམས་ཡིད་ཡུལ་དུ་ལམ་ལམ་གསལ་ཞིང་


JLAZ014_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ་རྒྱན་མཁའ་འགྲོའ་གླིང་ལ་གཤེགས་སོང་སྙམ་པའི་མདོ་ལ་སྐྱོ་གླུ་རྒྱང་འབོད་འདི་ཐལ་ལོ། །ད་ལྟ་སྐྱིད་མོ་གདའ་བ་དགོན་མཆོག་གི་ཐུགས་རྗེ། །ཕྱི་མ་འདྲོས་ལེགས་བསྒོམ་སྒྲུབ་ཀྱི་འབྲས་བུ། །འཇིག་རྟེན་མི་དང་སྣང་བ་བསྟུན་དང་དགོས་པ་མི་འདུག །ངའི་སྙིང་གྲོགས་དམ་པའི་ལྷ་ཆོས་ལ་ཕེབས་ཤིག །མི་རྟག་འཆི་བ་དྲན་པ་ངེས་འབྱུང་གི་རྩ་བ། །སྙིང་པོའི་སྒྲུབ་ལ་གཞོན་བ་དོན་ལྡན་གྱི་གཙོ་བོ། །འཇིག་རྟེན་འཁོར་བའི་ཕ་ཞིས་ལ་ཆགས་འང་དགོས་པ་མི་འདུག །ངའི་སྙིང་གྲོགས་དབེན་པའི་རི་ཁྲོད་ལ་ཕེབས་གཏོང་། །ལྟ་བ་མཁའ་ལྟར་དག་པ་དོན་བརྒྱུད་ཀྱི་བྱིན་རླབས། །སྒོ་པ་མ་བཅོས་རང་གསལ་ཚོགས་གཉིས་ཀྱི་འབྲས་བུ། །སྡེ་དགོན་ཆོས་པའི་ཞེན་པ་བྱེད་དགོས་པ་མི་འདུག །ངའི་སྙིང་གྲོགས་དབེན་གནས་བྲག་སྐྱིབས་ལ་ཕེབས་གཏོང་། །འཆི་བདག་ནམ་ཡོང་མེད་པའི་གནས་ཚུལ་ལ་བསམས་པས། །ཚེ་འདིའི་ལེགས་ཉེས་སྟོན་ཀའི་འཇའ་སྤྲིན་ལྟར་གོ་བྱུང་། །སྐྱིད་སྡུག་རྨི་ལམ་སྒྱུ་མར་ཞེན་ད་དགོས་པ་མི་འདུག །ངའི་སྙིང་གྲོགས་གོང་མའི་རྣམ་ཐར་ལ་སོམས་ཤིག །གནས་བཟང་བག་རིའི་བ་གམ་བརྗིད་ཆགས་ཀྱི་ཕུག་ཏུ། །ཨོ་ལོས་སྙིང་ནས་དམ་པའི་ལྷ་ཆོས་ལ་བསམས་ཀྱང་། །ལས་ཤུགས་བདེན་པའི་རྔ་སྒྲས་ཡིད་ཀྱི་ཆོམ་


JLAZ014_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྐུན་བྱས་ཏེ། །སྣང་བ་ཡུལ་ཕྱེར་ཤོར་སྐྱོ་གླུ་ཞིག་ཐོལ་ལོ། །འོད་གསལ་ཉི་ཟླའི་སྒྲོན་མ་ནུབ་རི་ལ་གཟིམས་པས། །སྣ་ཚོགས་རྟོག་པའི་རྒྱུ་སྐར་ལང་ལོང་དུ་གཡོས་བྱུང་། །བག་ཆགས་ཀུན་གཞིའི་གཟའ་སྐར་ངན་སོང་གི་གཏིང་རྡོ། །ངའི་ཤར་རིའི་མགྲོན་པོ་སྐྱོ་སངས་ལ་ཕེབས་ཤིག །སྐྱོ་གྲོགས་རང་སེམས་དཀར་པོ་བདེ་སྟོང་གི་ཡེ་ཤེས། །ཉམས་རྟོགས་ལང་ཚོ་རྔམ་པའི་འཇོ་སྒེག་དང་སྦྲགས་ནས། གཏད་མེད་བདེན་པའི་རྒྱང་གླུས་སེམས་གཞོ་ཞིག་ཐོང་ལ། །ངའི་སྣང་སེམས་ཀ་དག་སྤྲོས་བྲལ་ལ་སྦྱོར་དང་། །མཛའ་གྲོགས་གློ་སྙིང་ཐུབ་པོ་རྫོགས་ཆེན་གྱི་སྒེག་མོ། །ཀུན་བརྟགས་དུཁའི་སྣང་བ་མཐའ་གྲོལ་དུ་ཐོང་ལ། །སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་འཛུམ་མདངས་ཀྱི་ངང་ནས། །ངའི་སྣང་བཞིའི་འོད་གསལ་ཟད་ས་ལ་སྐྱོལ་དང་། །མཛའ་མོ་ཐུགས་བསྐྱེད་དཀར་པོ་ཀུན་བཟང་གི་ཌཱ་ཀྐི། །དབྱིངས་རིག་གཞོན་ནུ་བུམ་སྐུའི་ཁང་མཛེས་ཀྱི་ནང་དུ། །དྲན་རིག་འཕོ་འགྱུར་མེད་པ་གཡུང་དྲུང་གི་ཁྲི་ལ། །ངའི་རིགས་པ་ཅོག་གཞག་འཁྱིལ་པ་ཞོག་དང་། །ཚིག་མཐའ་ཤེས་བྱས་གཞལ་བ་ངར་འཛིན་གྱི་ཅོང་རྡོ། །དོན་མཐའ་རྟོགས་པས་གཅོད་པ་གྲུབ་ཐོབ་ཀྱི་བཤུལ་ལམ། །བྱར་མེད་རྒྱལ་པོ་སྙིད་ཉལ་ལྷུག་པ་ཡི་མལ་དུ། །ངའི་སྐྱོ་


JLAZ014_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་འོད་གསལ་སྦུབས་འཇུག་ལ་ཕེབས་དང་། །སོ་དཀར་གཞོན་པའི་མི་ཚེ་ཡད་ཡུད་ལ་ལངས་སོང་། །དབུ་དཀར་རྒན་པོའི་ཚེ་རྩིས་སྐུག་ལོང་ནི་མི་གདའ། །ད་ནི་མི་ཚེའི་ཉི་མ་ནུས་རི་ལ་ལངས་སོང་། །ངའི་ལམ་སྣ་ཨུ་རྒྱན་ཆོས་རྗེ་ཡིས་མཛོད་དང་། །གནས་བཟང་མི་མེད་ལུང་སྟོང་ཕ་གཞིས་སུ་བཟུང་ནས། །ལྕེ་བཙུན་ཆེན་པོའི་རྣམ་ཐར་མི་འཁྱོངས་དོ་ཟིན་ན། །མཁའ་སྤྱོད་དབུ་མའི་ལམ་ལ་བཙན་ཐབས་སུ་འཁྲོད་པའི། །ངའི་ཡེ་ཤེས་མཚོ་རྒྱལ་བསུ་མ་ལ་ཕེབས་དང་། །ཅི་ཤར་དག་པ་རབ་འབྱམས་ཉམས་མྱོང་ཤར་ན། །གནས་ཀྱིས་གང་ཟག་རློབ་པའི་རེ་དོགས་ཀྱང་མ་དགོས། །དམ་ཚིག་ཟླ་ཞུན་དཀར་པོའི་བས་མཐའ་ཞིག་བཙལ་ནས། །ངའི་མི་ཚེ་ལྷག་མ་སྒོམ་སྒྲུབ་ལ་སྒྲིལ་གཏོང་། །སྒྲུབ་གནས་ཆུ་ཤིང་འཛོམ་པ་དབང་ཆེན་གྱི་ཕོ་བྲང་། །ལ་ལྦ་དཀར་པོའི་ལྡིང་གུར་འོད་གསལ་གྱི་ཁང་མཛེས། །མཁའ་འགྲོ་གླུ་དབྱངས་སྒྲོག་པའི་ཞགས་ཚལ་གྱི་གླིང་ནས། །ངའི་སྐྱོ་གྲོགས་བུང་པའི་དབྱངས་རྟ་ལ་དྲངས་སོ། །ཞེས་བླངས་པས་གཅིག་པོར་བྲོ་འཁྲབ་སྙིང་འདོད་ཚད་ཚད་ཀྱི་ཉམས་འུར་བ་བྱུང་ངོ། །བླ་མ་ལ་ཕྱག་འཚལ་ལོ། །རེ་ཞིག་གི་ཚེ་ཉི་འོག་གི་རྒྱལ་པོའི་ལུང་གིས་བོད་ཆུང་དུའི་ལྗོངས་ཀྱི་ཕྱིང་སོང་དུ་དབང་བསྐུར་བའི་


JLAZ014_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱིས་ཁེངས་པའི་རོ་བོ་ནམ་མཁའི་དབྱིངས་ལ་ཅོ་འདྲི་བ་ཞིག་ཡོད་ཅེས་གྲག་གོ །དེས་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཕུང་པོ་བྱ་བ་ལས་ཀྱི་འཁོར་ལོས་བསྐྱེད་བསྲེངས་བའི་ངོ་མཚས་གྱི་རྟོགས་པ་བརྗོད་པ་དང་། བསྔོ་བ་སྨོན་ལམ་གྱི་མཐའ་བསྡུས་པའི་ཡི་གེའི་བརྩམ་གཞི་དགོས་ཞེས་བདག་ལ་བསྙད་པར་མཛད་དོ། །དེ་ཡང་འདི་སྐད་དུ། རང་ཕྱོགས་ཀྱི་གྲུབ་མཐའ་ལྷུང་བ་དངོས་ཅག་པ་དང་དབང་ཕྱོགས་ཀྱི་མིའི་བདག་པོ་ལ་བསྟོད་ར་གང་ཆེ་དགོས་ཞེས་པ་ཙམ་གྱི་སྙིང་པོར་སྣང་། དེར་འདི་སྙམ་དུ། ཀྲི་ཀྲིའི་རྨོ་ལྟས་དང་མཚུངས་པར་སྡེ་པ་བཅོ་བརྒྱད་དུ་གྱེས་པའང་ཤཱཀྱ་སེང་གེའི་ཕྲིན་ལས་ཀྱི་དབང་གིས་ཡིན། གདུལ་བྱའི་དབང་གིས་བསྟན་པའི་རྣམ་གྲངས་ཐ་དད་དུ་ཤར་བ་ལ་རྩ་བའང་ཐ་དད་པར་དབྱེ་ན་འཆོས་པ་རྨོངས་བས་གཡོགས་པའོ། །དེ་ལྟ་ནའང་འཕེན་བྱེད་ཡི་ཀུན་རྟོག་ཇི་ལྟ་བུ་ཡིན་ཀྱང་རྫོགས་བྱེད་ཀྱི་ལས་དགེ་བའི་ཕུང་པོར་རྫོགས་པ་ཉིད་དུ་དཔྱད། །རྒྱལ་བ་བུ་རམ་ཤིང་པའི་བསྟན་པའི་བབ་ཚུལ་གཞུང་ཚུགས་པར་སྔོན་དུ་བཏང་ནས་གནས་སྐབས་ཀྱི་བརྗོད་བྱེད་ལ་སྙན་དང་གསལ་བའི་རབས་བཏགས་དང་ཟོལ་གྱི་བསྟོད་པའི་ངག་གནྡྷ་རྦ་རབ་དགའི་གླིང་བུའི་སྒྲ་གངས་སུ་བསྒྱུར་ནས་ཤོག་བརྒྱ་ལ་ཉེ་བ་ཞིག་བྲིས།


JLAZ014_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་སྐྱོང་གི་ཚུལ་བུས་ཟུག་རྡུའི་རྨ་ལ་ཕན་པའང་འཇིག་རྟེན་ན་ཆོས་ཅན། །བརྩམ་གཞིའི་ཡི་གེ་འགྲུབ་ལ་ཕན་པའི་དངོས་པོར་གྱུར་པས་ཡི་རངས། །གཅམ་བུའི་ངག་གི་ཡི་གེའི་ལམ་ནས་གྱ་གྱུར་བསྟོད་ཅིང་གནང་བྱིན་འདྲ་ཡང་ཐོབ་པོ། །རྒྱུ་དེས་རེ་ཞིག་གི་ཚེ་མཚམས་ལ་ལྷུར་འདོན་གྱི་བརྡའ་འགྲེལ་གླེང་རབས་ཆོས་ཚིགས་སྤྲུལ་པའི་གཙུག་ལག་ཁང་གི་ཕྱོགས་ག་ལ་བ་དེར་བྱ་བྲལ་རྣལ་འབྱོར་བསླབ་ཉན་ཐོས་ཀྱི་ཚ་བྱད་བྱས་ཏེ་བདེགས་དགོས་པའི་ཕོ་ཉ་བ་ཤུགས་ལྡན་གྱི་བཞོན་བར་བཅས་པས་མདུན་བདར་བྱུང་ངོ། །དེའི་ཚེ་སྔོན་ནས་སྨན་བཙུན་མཆེད་ལྔ་ས་འགྱུར་མེད་ངེས་པའི་ལུང་གིས་བླང་དོར་བྱི་གནས་བསྟན་པ་དེ་ཡིད་ཡུལ་དུ་ལྷམ་མེར་ཤར། རང་བྱུང་ལྷན་སྐྱེས་མའི་ཌཱ་ཀིས་ཀྱང་བཤོལ་པའི་བརྡར་སྟབས་ཅིར་ཡང་སྟོན་ཏོ། །དེང་འདི་སྙམ་དུ། འདི་ཕྱི་ཐམས་ཅད་ནམ་ཡང་བསླུ་བ་མེད་པ་དེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུང་ལས་གཞན་དུ་ག་ལ་ཞིག །ཚུལ་དེས་རང་རེ་བྱ་བྲལ་རྣལ་འབྱོར་པའི་མགོ་བཏགས་ནི་དུས་རིང་མོ་ཞིག་ནས་ཁོང་རྣམ་པ་ལ་ཞུས་ཟིན། བྲལ་སྣང་ཟང་ཟིང་གི་དངོས་པོ་དང་ཁེ་གྲགས་སྙིང་ལ་འདོད་པ་ཞིག་ཡིན་ན་བསྒྲུབ་པའི་དམ་བཅའ་རླུང་ལ་བསྐུར་ནས་དེར་བགྲོད་པ་ཡིན་མོད། ཨོཾ་མ་ཎི་པདེྨ་ཧཱུ། གཞན་བཞུགས་པ་རང་དྲག །བསྟན་པ་དང་སེམས་ཅན་ལ་ཕན་རླབས་པོ་ཆེ་ཐོགས་པ་ཞིག་ཡིན་ན་དེར་བགྲོད་བ་ཞིག་ཡིན་མོད། ཨོཾ་མ་ཎི་པདེྨ་ཧཱུྃ། །གཞན་བཞུགས་པ་རང་དྲག །


JLAZ014_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་སྦས། ལྐོག་ཏུ་བྲིས། །ངོ་སོ་གཞན་གྱིས་འདོན་པའི་བྱ་བྱ་དེ་སུ་ལས་ཀྱང་བྲེལ་བ་ཞིག་སྔར་ཡང་བྱས་ཟིན། ད་ཡང་དེ་ཀ་ལས་འོས་མེད་བྱས་པས་རང་གིས་རང་ལ་བདེན་ནོ་བདེན་ནོ་ཞེས་སྨྲ་ཞིང་གཉའ་ཤིང་སྐམ་ལྟར་རེངས་ནས་སུའི་ཁ་ལ་ཡང་ཉན་པ་མི་འདུག་གོ །དབྱིངས་བྲག་སྟོད་ལ་བཞུགས་པའི་ཐད་དཀར་གྱི་རྒོད་པོར་འཁོར་ལོ་གསུམ་སྟབས་མཛེས་པའི་མདའ་སྒྲོ་ཅིག་འདོད་དེ། །རྒོད་པོ་གནམ་འཕང་བཅས་པས་གནང་ཐབས་རང་ཟད་སོང་། །གླང་ཆེན་སྨྱོན་པ་ལྟ་བུ་གུབ་ཐོབ་ཀྱི་གཤེགས་ཤུལ། །སྟོང་གངས་དཀར་འགྲིམ་པའི་སེང་གེ་དཀར་མོར། །ཐད་འདོགས་སྒོ་ཁྱི་རེ་བ་མང་པོ་དང་འདུག་སྟེ། །སེང་གེ་གངས་ལ་ཟིན་བསམ་ཐོངས་ན་མི་འདུག །ཁྱུང་ཆེན་མཁའ་ལྡིང་ལྟ་བུ་གྲུབ་ཐོབ་ཀྱི་གཤེགས་ཤུལ། །ནགས་རླུང་ནག་འཚུབ་མའི་རྒྱལ་སྟག་གི་ཁྲ་ཆུང་། ཐ་ཤལ་བོང་བུའི་པགས་པའི་མཐོངས་འདུག་ལ་འདོད་དེ། སྟག་མོ་རི་སུལ་འགྲིམ་པ་ཐུབ་ས་ན་མི་འདུག །གཡུ་འབྲུག་སྔོན་མོ་ལྟ་བུ་གྲུབ་ཐོབ་ཀྱི་གཤེགས་ཤུལ། །རྟོགས་པ་གདེང་དུ་གྱུར་པའི་ལྟོས་མེད་ཀྱི་བྱ་


JLAZ014_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ། །གཏོ་ཆོག་གྲོང་འཁྱམ་བྱེད་པའི་ཨ་ཡ་ཅིག་རེ་སྟེ། །ངོ་བསྲུང་ཕྱོགས་ཆ་སྤངས་པས་ཕེབས་ན་མི་འདུག་ རང་གདངས་ལྟག་ཚུགས་ཅན་གྱི་རྣལ་འབྱོར་ལ་ལྟོས་དང་། །ཧེ་ཧེ་བྱས་པས་འགའ་ཞིག་ན་རེ། ཧ་ཅང་རང་ཐུགས་གཏུམ་མ་དྲག་དམ་ཟེར། །ཀུན་མཁྱེན་གྱིས། བསྡད་པའི་ཚེ་ན་འགྲོ་བའི་བློ་སྣ་འདོན། །ཕྱིན་པར་གྱུར་ན་བསྡད་པ་ལེགས་ཟེར། །ཅི་ཟེར་འདི་ཟེར་རང་བཞིན་ཆ་མེད་པའི། །ཞེས་དང་། ཆོས་གཙོར་བཞག་ནས་བྱ་ལམ་བསྒྲུབས་ན་ཡང་། །འཇིག་རྟེན་མ་ཤེས་བྱ་བྱེད་ནོར་ཞེས་ཟེར། །ཅུང་ཟད་བསྟུན་ན་མཐུན་འཇུག་ཆེ་ཞེས་སྨྲ་། །དུས་ངན་འཁོར་ལ་བསམས་བཞིན་སྐྱོ་བ་འཕེལ། །ཞེས་གསུངས། གཞན་གྱི་རྣམ་པར་རྟོག་པའི་རྣམ་འགྱུར་འདི་ལ་མཐའ་མེད། རང་གི་དགོངས་པས་ཞིབ་མོར་དཔྱད་པ་དེ་ལ་ནོར་འཁྲུལ་མི་འདུག་གོ་བྱས་སོ། །དུས་དེའི་ཚེ་སླར་ཡང་གནས་དང་གང་ཟག་གི་རྟེན་འབྲེལ་དུ་ཆུད་པའི་ཆེ་བ་དབྱུང་ཞིང་སྐྱོ་ཤས་དང་ངེས་འབྱུང་གི་གདུང་བ་དྲག་པོས་སྲིད་པ་དེའི་འཆིང་ཞེན་བཙན་ཐབས་སུ་གཅོད་པའི་རྒྱལ་སྲིད་རིན་ཆེན་བདུན་གྱི་མགུར་ཀླུ་འདི་བསྒྲགས་སོ། །ལྟ་བ་བློ་འདས་ཀྱི་ཕོ་བྲང་ན། །སྒོམ་པ་ཡེངས་མེད་ཀྱི་རྒྱལ་པོ་བཞུགས། །སྤྱོད་པ་མཐའ་གྲོལ་གྱི་མངའ་ཐང་ཆེ། །དཔོན་


JLAZ014_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་གོ་ཆོད་པ་ཞིག་དེ་ན་གདའ། །འཇིག་རྟེན་པའི་མི་དཔོན་གང་དགྱེས་མཛོད། །མ་བཅོས་ལྷུན་གྲུབ་ཀྱི་འདུན་ཁང་ན། །སྣང་རིག་ཟུང་འཇུག་གི་བཙུན་མོ་བཞུགས་། །བདེ་གསལ་སྟོང་ཉིད་ཀྱི་བཞིན་རས་མཛེས། །སྨན་གྲོགས་གོ་ཆོད་པ་ཞིག་དེ་ན་གདའ། །གཡོན་ཅན་གྱི་སྒེག་མོ་གང་དགྱེས་མཛོད། །ཞེན་མེད་རང་གྲོལ་གྱི་མངའ་རིས་ན། །ལུང་རྟོགས་ཡོན་ཏན་གྱི་བློན་པོ་བཞུགས། །ཐོས་བསམ་སྒོམ་སྒྲུབ་ཀྱི་བློ་གྲོས་ཆེ། །མི་འདུན་སྟབས་མཁས་པ་ཞིག་དེ་ན་གདའ། །དཔྱད་འཁྱོག་པོར་བཏང་རྣམས་གང་དགྱེས་མཛོད། །རྒྱུད་ལུང་མན་ངག་གི་མཛོད་ཕུགས་ན། ཡང་དག་ཡིད་བཞིན་གྱི་ནོར་བུ་བཞུགས། །དགོས་འདོད་ཀུན་འབྱུང་གི་ནུས་པ་ཆེ། །གསེར་གྱི་ཡང་ཞུན་ཞིག་དེ་ན་གདའ། །ཟབ་དགུའི་མཆིང་བུ་རྣམས་གང་དགྱེ་མཛོད། །དབྱིངས་རིག་ཟང་ཐལ་གྱི་གྲོང་ཆེན་ན། །ཐེག་བརྒྱད་ཟིལ་གནོན་གྱི་གསེར་འཁོར་བཞུགས། འཁོར་འདས་དབང་བསྒྱུར་གྱི་འོད་ཟེར་ཆེ། །རྒྱལ་ཐབས་སྤྱི་བླུགས་ཤིག་དེ་ན་གདའ། །འཁོར་ལོས་བསྒྱུར་རྒྱལ་རྣམས་གང་དགྱེས་མཛོད། །བདེན་གཉིས་ཟུང་འཇུག་གི་ནགས་ཁྲོད་ན། སྐུ་གསུམ་རང་ཆས་ཀྱི་གླང་པོ་བཞུགས། །ཤིན་ཏུ་རྣལ་འབྱོར་གྱི་ཐེག་པ་ཆེ། །


JLAZ014_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

འགྲན་གྱི་དོ་མེད་ཅིག་དེ་ན་གདའ། །ས་བསྲུང་དབང་པོ་རྣམས་གནག་དགྱེས་མཛོད། །ཐོས་བསམ་ཕྱོགས་མེད་ཀྱི་ནེའུ་ཐང་ན། །སྒོམ་པ་རྣག་གསལ་ཕྱི་ཅང་ཤེས་བཞུགས། །ས་ལམ་ཆིག་ཆོད་ཀྱི་བང་འགྲོས་མགྱོགས། །རྫུ་འཕྲུལ་ཤུགས་ལྡན་ཞིག་དེ་ན་གདལ། ཨ་ཤྭ་མཇུག་རིང་རྣམས་གང་དགྱེས་མཛོད། །དཀྱིལ་འཁོར་གསུམ་ལྡན་གྱི་གཡུལ་ངོ་བ། །བསྲུང་བསློག་གསད་གནན་གྱི་དམག་དཔོན་བཞུགས། །འོད་ཟེར་སྤྲོ་བསྡུའི་དམག་མི་རགས། །རྒྱལ་འགོང་ཚར་གཅོད་ཅིག་དེ་ན་གདའ། །ཀ་ཊ་ཀ་ཚོགས་རྣམས་གང་དགྱེས་མཛོད། །དེ་མི་དབང་ང་ཡི་ཁྱད་ནོར་ཡིན། །རྒྱལ་ཕྲན་ཀུན་ལ་ཡོད་མ་ལགས། །ནམ་འཆི་ཆ་མེད་ཀྱི་རི་སུལ་ན། །ཚེ་སྲོག་ཧུ་བ་འདེབས་ཀྱི་འཆི་བདག་བཞུགས། །ཅིས་ཀྱང་མི་ལྡོག་བའི་ནུས་མཐུ་ཆེ། །དགྲ་འཇིགས་གོ་ཆོད་པ་ཞིག་དེན་གདའ། །གློ་བུར་གྱི་དགྲ་བོ་གང་དགྱེས་མཛོད། །ལས་འབྲས་བསླུ་མེད་ཀྱི་ཚོང་འདུས་ན། །བདེ་སྡུག་རྣམ་འབྱེད་ཀྱི་ཚོང་དཔོན་བཞུགས། །བཟང་ངན་འདོར་ལེན་གྱི་ནོར་ཉམས་ཆེ། །དཔྱད་ཤིན་ཏུ་བཟོད་པ་ཞིག་དེ་ན་གདའ། །གཡོ་འཁྲུལ་གྱི་རྒྱ་བ་གང་མཉེས་མཛོད། །འཁོར་བ་སྡུག་བསྔལ་གྱི་འགྲམ་ན། །ཞེན་པ་རང་ལོག་གི་མ་ཉན་དཔོན་བཞུགས། །ཐེག་པ་སྣ་ཚོགས་ཀྱི་སྒྲོལ་


JLAZ014_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་མཁས། །མི་དལ་འབྱོར་དོན་ལྡན་ཞིག་དེ་ན་གདའ། །འདོད་གདུངས་ཀྱི་དེད་དཔོན་གང་དགྱེས་མཛོད། ཤེས་པ་རང་གསལ་གྱི་སྤངས་ལྗོངས་ན། །རྣམ་རྟོག་འཚོ་སྐྱོང་གི་རྫི་བོ་བཞུགས། །ཤར་གྲོལ་རྗེས་མེད་ཀྱི་རི་ལུག་མང་། །མི་སེམས་བསྐྱེད་ཅན་ཞིག་དེ་ན་གདའ། །གླ་འདོད་ཀྱི་རྫི་བོ་གང་དགྱེས་མཛོད། །ནང་དོ་རྗེ་ལུས་ཀྱི་གཙང་ཁང་ནང་། །ཕུང་ཁམས་གནས་དག་གི་ལྷ་ཚོགས་བཞུགས། །བ་བཅོལ་ལྷུན་གྲུབ་ཀྱི་ཞལ་ཕྱག་མཛེས། །ལྷ་བྱིན་རླབས་ཅན་ཞིག་དེ་གདའ། །ཕྱི་འདུས་བྱས་ཀྱི་ལྷ་ཁང་གང་དགྱེས་མཛོད། །དེ་འཁོར་བ་དཔེ་ལ་གྲས་པ་ཡིན། །མྱང་འདས་དོན་ལ་སྦྱར་བ་ཡིན། །ཟུང་འཇུག་གནད་འགག་ཤེས་པ་ཡིན། །སྙིང་གཏམ་གྲོས་སུ་བཏབ་པ་ཡིན། །ཡིན་ལུགས་བཞི་ཡི་མགུར་དབྱངས་འདི། །གསུང་གི་དབེན་གནས་མཆིམས་ཕུ་ཡི། །དབང་ཆེན་ནགས་ཀྱི་དུར་ཁྲོད་ཆེ། །མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག །སྡིག་ཅན་སྐྱེ་བོའི་རྒྱུ་འགྲུལ་མེད། །བྱ་ཚོགས་སྙན་པའི་གསུང་གླུ་ཀྱུར། །ན་བུན་དཀར་པོའི་མགུལ་དར་མཛེས། །གཡའ་ཆུ་བསིལ་བ་ལྟུང་ལྷུང་འབབ། །བུང་བ་མང་པོ་འཕུར་ལྡིང་གཡོ། །ཉམས་ཉམས་རྩོལ་མེད་འཆར་བའི་གནས། རང་བྱུང་བྲག་གི་ཁང་མཛེས་


JLAZ014_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ནང་། །རྡོ་རྗེའི་སྙིང་པོའི་རྣལ་འབྱོར་པ། །དབང་ཆེན་མཁྱེན་བརྩེའོ་འོད་ཟེར་གྱིས། །བློ་ལ་ཤར་ནས་བྲིས་པས་ལགས། །དེར་ནམ་དུས་སྟོན་སེར་དང་ཐུག །ནུབ་མོ་ཨོ་དཀར་དུ་གྲགས་པའི་ངན་སེམས་ཅན་འདིས་ས་ལའི་འཁྲི་ཤིང་གི་རྩེར་འཛེགས་ནས་བྱ་ལྦང་གི་ཕྲུག་གུ་ཆུང་ཆུང་དེ་གྲངས་མེད་གསོད་ཀྱིན་འདུག་པའི་འཇིགས་སྐྲག་གིས་སྐད་ཤིན་ཏུ་མི་བཟད་པ་ཐོས་པ་དང་། །སྙིང་རྗེ་དྲག་ནས་སྡུག་བསྔལ་བཟོད་བླག་མེད་པ་བྱུང་། །ཨུ་རྒྱན་རིན་པོ་ཆེ་མཁྱེན། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་བདེ་བ་ཁབ་རྩེ་ཙམ་མེད་པ་འདི་ཀས་མཚོན། སྨན་དང་མྱུ་གུས་འཚོ་བའི་འདབ་ཆགས་འདི་ལྟ་བུ་ལའང་ཚེ་སྲོག་གློ་བུར་དུ་གཅོད་པའི་འཇིགས་སྐྲག་དང་སྡུག་བསྔལ་དོས་དྲག །འདི་དག་གིས་ཀྱང་རང་གི་ཕ་དང་མ་བྱས་ཤིང་བརྩེ་བས་བསྐྱངས་པའི་གྲངས་མི་ཆོད། །ད་ལྟ་རང་གི་འདུ་ཤེས་འཁྲུལ་དུ་བཅུག །བྱ་ལྦང་དེ་དངོས་ཡིན་པའི་འདུན་པ་བཏང་ན། དེ་མ་ཐག་གཟུགས་ཕུང་སྦྲའི་ཚོན་ཐག་ཤོར་བའམ། ལྟགས་རློན་མེ་ལ་བསྲེགས་པ་ལྟར་འདུས་ཤིང་སྐྱི་བུང་བུང་མི་བྱེད་པའི་དབང་མི་འདུག་འཁོར་བ་ཟུ་ཆུའི་འཁྱུད་མོ་ལྟ་བུ་ཡིན་པས་སྐྱེ་བ་འདི་ཀའི་ཕྱི་མ་དུད་འགྲོ་འིད་ལྟ་བུ་ཞིག་གི་ལུས་མི་ལེན་པའི་ངེས་པ་ཅི་ཡོད། དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །ཞེས་པས་གྱིང་


JLAZ014_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་ཁ་འཐོར་གྱི་དུད་འགྲོ་ཕལ་ཆེར་ལ་སྡུག་བསྔལ་འིད་ཀ་ཡོད། དེ་ཡང་སེམས་ཅན་དམྱལ་བའི་ཚོད་དུ་བྱས་ན་ཆུང་དུ་ཙམ་ཡིན། ད་འདི་ལ་གཞན་ཐབས་ནི་མི་འདུག་བཏང་སྙོམས་སུ་བཞོག་ན་སེམས་བསྐྱེད་ཀྱི་ཁས་བླངས་འཆོར། མི་འཇིགས་པའི་སྐྱབས་སྦྱིན་པ་བྱང་སྡོམ་གྱི་བསླབ་བྱ་ཡང་ཡིན་སྙམ་ནས་མུན་པའི་སྨག་དང་གྲང་ཟུག་གི་རེག་བྱ་ལྡང་འདུག་མང་པོའི་ངལ་བ་ཁྱད་དུ་བསད་ནས་འུར་རྡོས་དཀྲོགས་པས་ཞག་ཤས་རེ་ཁྱད་ཡོང་གི་འདུག །སྤྱོད་འཇུག་ལས། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམས་ན་ཡང་། །ཕན་འདོགས་བསལ་བ་དང་ལྡན་ཏེ། །བསོད་ནམས་དཔག་མེད་ལྡན་གྱུར་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསམ་འདོད་ཅིང་། །རེ་རེའང་ཡོན་ཏན་དཔག་ཏུ་མེད། །བསྒྲུབ་པར་ནུས་པ་སྨོས་ཅི་དགོས། །ཞེས་གསུངས། ད་ལེགས་པར་བསམས་ཙ་ན་ངན་སོང་ལྟ་ཅི། མཐོ་རིས་ནའང་བདེ་བ་ཁབ་རྩེ་ཙམ་མི་འདུག །མ་བརྟགས་པའི་སྣང་ངོར་འཁོར་དང་འབྱོར་བས་དྲེགས་པའི་སྡེ་དཔོན་འདི་ཚོ་སྐྱིད་པ་ལྟར་སྣང་ཡང་། དགྲ་མི་སྡུག་པ་དང་ཕྲད་དགོས། རང་བས་ཆེ་བའི་དགོངས་པ་མ་ལོངས་དགོས། མཉམ་པོས་དོ་བ་བསྡོས་དོགས། དམན་པས་སྐུར་པ་བཏབ་ཀྱི་


JLAZ014_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པ་ལ་སོགས་སྡུག་བསྔལ་ཁོ་ན་ལས་མི་འདུག །འཇིག་རྟེན་བར་མའི་འགྲོ་བ་འདི་དག་ཤོ་ཞེ་སྡང་། མགུ་འཁང་བཅོ་བརྒྱད། སྡུག་ཡུས་ཁོང་བསྲན། འདོད་བསྐྱངས་མིན། སྙིང་མི་སྡུག་པ་དད་གདག་གཤིབས་ཐོད་པ་དུད་འགྲོག་སོགས་སེམས་སྐྱིད་པ་ཞོགས་ལས་ཙམ་མེད་པའི་ཚོད་དུ་དགའ། །དབུལ་པོ་ལྟོ་གོས་ཀྱི་འཕོངས་པ་འིད་དག་ནི་ཉིན་བཟའ་རྒྱུ་མེད། མཚན་གོན་རྒྱུ་མེད་པ་ཁྲལ་ནག་གི་ཁར་སྡུག་སྒུར་བཙུགས་པས་མི་ཆོད། །དཔོན་པོ་དཔྱ་ཁྲལ་སོགས་ལ་ནེམ་ནུར་བྱུང་ན་དམྱལ་བ་མངོན་སུམ་ལྟ་བུའི་མནར་སྤྱོད་དང་ཁྲིམས་ལུགས་ལུས་ཐོག་ཏུ་མྱོང་བས་ སྐྱིད་པོ་ཟེར་བ་གང་ནའང་མི་འདུག །ཅི་ཚུགས་བྱེད་སྙམ་ནས་སེམས་སྡུག་ལངས་པ་ལ་ཚད་མེད་བ་ཞིག་གི་བར་དུ་མ་ཎི་འདྲེན་གྱིན་བསྡད་ཙ་ན། དེ་ཁའི་དང་ལ་འདུ་ཤེས་འདི་འཁྲུལ། ཀུན་གྱི་གཞི་མདོ་ཆེན་མོ་བྱ་བའི་ཐང་ཡངས་པོ་ཞིག་ཏུ་སླེབས། དེ་བ་མ་བཅོས་རང་བྱུང་བྱ་བའི་མཆོད་རྟེན་ཆེན་པོ་ཞིག་བྱུང་འདུག །མཆོད་རྟེན་དེ་ལ་བསྐོར་བ་བྱེད་མི་མང་བ་འདུག་པའི་ཁྲོད་ནས་རྟོགས་ལྡན་ཞིག་དང་གྲྭ་བ་ཞིག་ཆོས་གཏམ་ཆུ་ཁོལ་ཁོལ་བཏང་བ་མཐོང་། དེར་གྲ་བ་ན་རེ། ཁྱོད་རྟོགས་ལྡན་གྱི་རིགས་ལས་ཟོག་ཆེ་བ། མི་ཐམས་ཅད་མགོ་བོ་བསྐོར་དོན་དམ་པའི་གནས་ལུགས་ནི་མ་གོ །


JLAZ014_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའ་རྒྱ་མཚོའི་མཐའ་དཔྱོད་ནི་མི་ཤེས། ཆང་དང་བུད་མེད་ལ་བསྙེན་པ་བཏང་ནས་སྡོད། བྱེད་ལུགས་འིད་ཚོ་མགོན་པོ་རྡོ་རྗེ་འཆང་གིས་གསན་ན་ཅི་གསུང་ཧ་གོ་ཟེར་ཧ་ལས་ལས་བྱེད་ཀྱིན་འདུག་རྟོགས་ལྡན་ན་རེ་བཞུགས་བཞུགས། འབྲུག་སྨྱོན་གྱི་མགུར་འབུམ་ན་ད་ལྟ་འདུལ་བ་དང་སུ་མཐུན་ཟེར། བཅོམ་ལྡན་འདས་དང་རྒྱན་དྲུག་མཆོག་གཉིས་མཐུན་ལས་ཆེ། གཞན་འདུལ་བ་ཡི་གེར་བྲིས་པའི་སྣག་ཚ་དང་ཤོག་བུ་མཐུན་ཡོང་ཟེར་བ་དེ་ཁྱོད་ཀྱིས་མགོ་འདུག །མི་མགོ་བསྐོར་བ་ལ་ཆོས་བརྫུ་བྱས་ནས་བསྐོར་བ་དང་། རྒྱ་བ་བྱས་ནས་བསྐོར་བ་ལ་ཁྱད་ཡོད་པ་ཨར་ཡིན། ཆང་དང་བུད་མེད་ནི་རྟོགས་ལྡན་ཁས་ངན་པ་བྱུང་ན་མ་གཏོགས་ཧུ་ཧུ་ཧུ། ཟེར་གྱི་འདུག་པས་གྲ་པ་ཞེ་སྡང་ལངས། རྟོགས་ལྡན་ལ་གང་བཟང་བརྡེག་གྲབས་བྱས། ཁོང་གཉིས་ལས་འཐབ་སྤྲོད་དུ་ཉེ་བར་ངས་སེམས་ཀྱི་མ་བཟོད། ཁོང་གཉིས་ཀྱི་བར་དུ་འཚངས། དེ་འདྲ་མི་མཛད་པ་ཞུ་ཟེར་གྱི་ཡོད་ཙ་ན། བསྐོར་མི་བ་གཞན་ཞིག་ན་རེ། ཁོང་གཉིས་པ་ཆེང་བཙན་གྱི་ཁེངས་པས་གཏན་དུ་དག་སྣང་སྦྱར་རེས་མེད་པར་འདི་ཀ་བྱེད་ཅིང་འདུག །ད་ཁྱེད་རང་ཆ་ལུགས་གྲ་མིན་གྲུབ་མིན་སྣང་བ་གདོང་འདེད་ལྟ་བུ་ལ། གཏིང་བསམ་བ་བཟང་པོ་འདུག་པས་རྒྱལ་བའི་བཀའ་དཔང་


JLAZ014_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བཞག་པའི་གཟུ་ཅིག་ཐོང་དང་ཟེར་དེར་ངས་རིག་པ་གཟེངས་བསྟོད་འོ་ན་གསན་པ་ཞུ། སེམས་ཉིད་ངལ་གསོའི་ལུང་བསྟན་ལས། བོད་ཁམས་མི་རྣམས་དམ་སྡོམ་བྲལ། །དེ་དུས་གངས་དཀར་ཏི་སེ་ནས། །ཡར་ལྷ་ཤམ་པོའི་བར་དག་ཏུ། །བཙུན་པའི་གཟུགས་ཅན་བྱེ་བ་གཅིག །བཙུན་པར་མོས་ཙམ་འབུམ་ཕྲག་གཅིག་ཚུལ་བཞིན་སྡོམ་པ་སྲུང་བ་ནི། །ལྔ་བརྒྱ་ལྷག་ལས་མི་འབྱུང་ངོ། །བཙུན་གཟུགས་མངན་སྡོམ་ཉམས་མང་། །དེ་དུས་སྡེ་ཡིས་ཅི་ཞིག་བྱ། །ཞེས་གསུངས་པའི་ལུང་བསྟན་མངོན་དུ་གྱུར་ནས་ཆོས་གཟུགས་ཕལ་ཆེར་ཁྱིམ་པ་ལས་བསམ་སྦྱོར་ལོད་ཅིང་། ཡོན་གནས་སུ་ཁས་འཆེས་ནས་ཞི་མ་དགུའི་ཟས་དང་། བདོག་དགུའི་དངོས་པོ་ལ་ལོངས་སྤྱད་པས་ཀྱང་མོ་ཆོག་པར། བསོད་སྙོམས་ཙམ་བྱེད་ཀྱང་བྱེའུ་དང་ཁྲ་ཐུག་པ་ལྟ་བུའི་སྒྱུ་གཤེད་ཀྱིས་བླངས་ནས་ཁྱིམ་པ་སུན་འབྱིན་ཁོ་ན་ལྷུར་བྱེད་པ་འདི་ལའང་བཅོམ་ལྡན་འདས་ཐུགས་བློ་བདེ་པོ་ཡོད་སྐད་མི་འདུག །གསུང་རབ་སྡེ་སྣོད་ལས། ངས་ཤའི་ཟས་སུ་ལའང་མ་གནང་མི་གནང་གནང་བར་མི་འགྱུར་རོ། །རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་བཤད་དོ། །ཞེས་དང་དེང་ཕྱིན་ཆད་དུ་ངའི་ཉན་ཐོས་རྣམས་ཤ་བར་མི་


JLAZ014_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ངོ། །ཞེས་བཤད་པ་མ་གཏོགས་བཤས་རིའི་ནང་དུ་ཚག་ལུག་གི་མགོ་ལ་རྟགས་གསལ་བཀོད་ཤོག་གསུངས་པ་མ་མཐོང་། དེ་བཞིན་དུ་ཆད་ལ། གང་ཞིག་ཆང་གི་བཏུང་བ་རྩེའི་རྩེ་མོ་ཡན་ཆད་འཐུང་བར་བྱེད་པ་དེ་ནི་ངའི་ཉན་ཐོས་མ་ཡིན་ལ། ང་ནི་དེའི་སྟོན་པ་མ་ཡིན་ནོ། །ཞེས་ཆང་ལ་བོར་ཀྱང་ཤ་ཆང་གཉིས་ནི་དགེ་སློང་དུ་རློམ་པོ་རྣམས་ཀྱིས་ཀྱང་ལྟོའི་དངས་མར་བྱེད་པས་དེ་ཀ་གཅིག་པོས་སྡོམ་པ་ཡུལ་མེད་དུ་སངས་ནས་མི་འདུག་པས་ཁྱེད་བཙུན་པ་རྣམས་ནས་ཀྱང་གནས་དབྱུང་གི་འཇིགས་པས་ཆུང་མ་དངོས་སུ་མ་བསྟེན་པ་ཙམ་ལ་སྡོམ་པ་གཙང་བའི་རློམ་སེམས་ཀྱི་ཀུན་ལ་ཁྱད་དུ་བསད་པ་འདི་མ་མཛད་པར་དགའ་བོའི་མདོ་སོགས་ལའང་ཐུགས་བསམ་ལེགས་པོ་བཞེས་པ་ཞུ། །བློ་གྲོས་རབ་གསལ་གྱིས་ཞུས་པའི་མདོ་ལས་ཀྱང་བསླབ་པ་དང་ཚུལ་ཁྲིམས་ཇི་ལྟར་བསྲུང་བར་བགྱི། འཇམ་དཔལ་གྱི་སྨྲས་པ། དགེ་སློང་རྣལ་འབྱོར་པས་ཚུལ་ཁྲིམས་དང་། ཚུལ་ཁྲིམས་འཆལ་བ་དང་། ཚུལ་ཁྲིམས་བསྲུངས་པ་ལ་སོགས་པའི་འདུ་ཤེས་སྣ་ཚོགས་པ་དང་ལྡན་བ་ནི་ལྷའི་བདེ་བ་ཉམས་སུ་མྱོང་ནས་སླར་ངན་སོང་དུ་འཁོར་བར་འགྱུར་རོ། །གང་ལ་སྡོམ་པ་དང་སྡོམ་བ་མ་ཡིན་བའི་རློམ་སེམས་མེད་ཅིང་། རྟོག་པ་མེད་པ་


JLAZ014_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་མྱ་ངན་ལས་འདས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །ཞེས་བཤད། ཡང་རྟོགས་ལྡན་རྣམས་ཀྱི་ཆོས་ལུགས་ཙམ་དང་། སྒོམ་ཞྭ་པུས་འཁྱུད་ཀྱི་སྲུང་བ་ཙམ་ལ་བརྟེན་ནས་ཉོན་མོངས་པ་ལྔ་ལ་འབྱོལ་ཉོག་ཏུ་སྤྱོད་ཅིང་ད་དུང་བདག་ཅག་ནི་གསང་སྔགས་པའོ་ཞེས་ཆང་ལ་སོགས་པར་བག་འཛེ་མ་མེད་པར་སྤྱད་ནས་སྨྱོན་པར་གྱུར་བའི་ཚེ་བག་མེད་ངོ་ཚ་དང་བྲལ་བའི་སྤྱོད་པ་བརྟུལ་ཞུགས་ཆེ་བའི་མིང་སྙན་པོ་འདོགས་པ་འདི་ཡང་ཐེག་པ་ཆེན་པོའི་བསྟན་པ་ལ་རྨ་འབྱིན་ཆེན་པོ་ཞིག་ཏུ་འདུག །བསྐྱེད་རྫོགས་ཀྱི་ནུས་པ་མངོན་དུ་གྱུར་ནས་དུག་བདུད་རྩིར་བསྒྱུར་ཞུས་ཤིང་། ཆང་གིས་བཟི་བའི་ནུས་པ་ཟིལ་གྱིས་གནོན་ཐུབ་བ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང་། གྲུབ་ཆེན་བིརླ་པ་སོགས་ཀྱི་རྣམ་པར་ཐར་པ་དང་སྤྱོད་ཡུལ་ཡིན་པ་མ་གཏོགས་གསང་སྔགས་མོ་པས་སྤྱོད་པའི་གང་ཟག་ལ་མ་ཞུགས་པ་རྣམས་ཀྱི་བཏུང་བར་མ་གསུངས་ཏ། རྒྱུད་ལས། སུ་ཞིག་ཆང་གི་མྱོས་གྱུར་བ། །དེ་ལ་གེགས་ནི་མང་པོ་འབྱུང་། །སྔགས་པ་ཆང་གི་མྱོས་གྱུར་གང་། །དུ་འབོད་གནས་སུ་འཚོད་པར་འགྱུར། །ཅེས་གསུངས། དེང་སང་གི་བླ་མ་གྲུབ་ཐོབ་ཏུ་རློམ་པ་རྣམས་ཆང་གིས་བཟི་ཐུབ་པ་འདུག་གང་མི་འདུག་མི་འདུག་ན་གོ་བཅད།


JLAZ014_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ན་རྒྱུད་དུ་རྟོགས་པ་ལ་མཉམ་རྗེས་མེད་པའི་གདེང་ཡོད་ཀྱང་ཆང་གིས་བཟི་བ་དང་སྨྱོན་པ་ལ་ཁྱད་པར་མེད་སྨྱོ་བ་དང་དུས་མཚུངས་པར་ཐུགས་དམ་དང་སྒོམ་གྱི་དྲན་པའི་ཚུགས་ཁ་མ་ཤོར་བ་ལྟ་ཅི། འདུ་ཤེས་མ་འཁྲུལ་བ་ཙམ་ཡང་མེད་མོད། དེ་བཞིན་དུ་མཚོན་བྱེད་དཔེའི་དབང་ནོད་ཅིང་རྡོ་རྗེ་ཐེག་པའི་སྒོ་རུ་ཞུགས་པ་ཙམ་ནས་བགྲོད་བྱ་བུད་མེད་ལ་ཚ་མཚོམ་མེད་པར་འཇུག་པ་འདི་ཡང་ཁྱབ་གདལ་དུ་དར་བ་ཞིག་སྣང་སྟེ། མ་འོངས་འགོང་པོས་བསླད་པའི་ཆང་ལྟ་ལ། །སྟོང་ཉིད་ཟུང་འཇུག་ཅེས་སུ་འཆད་པ་དང་། །གསང་བ་སྔགས་ཀྱི་བསྟན་པ་ཉམས་པའི་དུས། ཉོན་མོངས་སྤྱོད་ཁ་བདེ་བ་ཆེན་པོ་ཞེས། །ཞེས་པའི་ལུང་བསྟན་མངོན་དུ་གྱུར་པ་མ་ལགས་སམ། །ཁ་ཅིག་རླུང་གི་ནུས་པས་དངས་མ་བཙན་ཐབས་སུ་འཆིང་ནུས་པ་དང་། དེས་མཚུངས་ཐུར་ལམ་གྱི་ཕྱག་རྒྱ་ལམ་ལ་མ་ཞུགས་བའི་སྐྱེ་བོའི་ཁྲོད་དུ་མཚར་སྟོན་མཆོར་དགོག་དུ་བྱས་ནས་རྩ་རླུང་ཤེས་བའི་རློམ་སེམས་སུ་བྱེད་པ་ཐོས་ཏེ། དེ་དག་ནི་གསང་སྔགས་ཟབ་མོའི་དམ་ཚིག་དང་སྡོམ་པ་ཆུ་ལ་རྡོ་འཕངས་པ་བཞིན་དུ་འདོར་བའི་བསྟན་པའི་ཆོམ་རྐུན་པ་ཉིད་དུ་ངེས་ལ། དབང་གསུམ་པའི་སྲོག་རྩོལ་ཉམས་ལེན་རང་ལུས་ཐབས་ལྡན་གྱི་ལམ་མཐར་ཕྱིན་ནས། །གཞན་ལུས་བདེ་ཆེན་པོར་དབང་བཞི་ལུགས་


JLAZ014_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་གི་རྩལ་རྫོགས་ནས་འཕོ་མེད་ཀྱི་གདེང་ཐོབ་པ་ཙམ་གྱིས་ཀྱང་མི་ཆོག་པར། འདོད་པའི་ངོ་བོ་ཀ་དག་ཆགས་གྲོལ་ཆེན་པོར་རྟོགས་པས་ཉོན་མོངས་ཀྱི་འཛིན་ཆས་སོར་རྟོག་པའི་ཡེ་ཤེས་སུ་འཆར་བ་ཞིག་མེད་ན། འཕོ་མེད་ཀྱི་གནད་ཤེས་པ་ཙམ་ནི་གནས་སྐབས་སུ་རླིག་པ་བཅད་པའི་དུད་འགྲོ་དང་འདྲ་ཞེས་རྩ་རླུང་རྡོ་རྗེའི་དྲ་མིག་ནས་བཤད་ཅིང་། མཐར་ཐུག་དེ་ལ་གྲོལ་བ་ཐོབ་པའི་རྟེན་འབྲེལ་མེད་ཀྱི་སྟེང་དུ་ལྡོག་འགྲམ་གྱི་མན་ངག་གནན་དུ་མ་སོང་བས། སྲོག་རླུང་དང་། གྲང་བ་ལ་སོགས་པའི་ནད་རྐྱེན་སྣ་ཚོགས་པ་མཁའ་འགྲོའི་བཀའ་ཆད་དང་བསྡོངས་ནས་འཇུག་པ་ད་ཁྱེད་ཚོས་མ་རིག་པ་འདུག་བྱས་པས། ཁོང་གཉིས་ཀའི་མཚང་ལ་ཕོག་དྲགས། འཐབ་མོ་བྱེད་འཕྲོ་རང་སར་བཞག །མགོ་ཐུམས་བསྒྱུར་ནས་ཞུམ་ཞུམ་ལངས་སོང་བས་གཞན་ཞིག་ན་རེ། བྱུང་བྱུང་དེ་ཀ་ཡིན་རྗེས་སུ་ཡི་རང་། གདམས་ངག་རྣམ་ཐར་གྱི་སྒོ་ནས་སྟོན་པ་དེ་ཚོ་ལ་ཟེར་གཞན་བྱས་བྱས་བྱུང་བྱུང་རང་བྲིས་པས་ཅིག་ཡོང་། ཁྱེད་ལ་རང་ཡུལ་ན་སྒོམ་ཆེན་པ་ཨ་ཐོ་བ་ཙམ་གྱི་མཐོང་ཡང་མི་འདུག །ངོ་ཤེས་འདྲིས་མེད་ཀྱི་ལུང་པ་ཚོར་ནི་སྙན་པ་འུར་ལངས་པ་ཞིག་འདུག་བདེ་འདྲ་ཅི་ཞིག་གམ་སྙམ་པ་ཁོ་ན་བྱུང་བས། ད་བྱས་ཙ་ན་བཞུགས་ས་ལ་འཁོས་མི་འདུག་ཀྱང་ནད་ན་ཉམས་མྱོང་ཡོད་ངེས་ཤེས་པ་དེ་མི་གོ་བ་ཅན་ཚོས་རིག་པར་འདུག །ད་


JLAZ014_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་གི་གྲུབ་མཐའ་དང་། ལྟ་བའི་ཞེ་ཕུགས་གང་ལ་གཏོད་ཚིག་ཉུང་ལ་མཐའ་ཆོད་པ་ཞིག་གསུང་བ་ཞུ་དང་ཟེར་བྱུང་བས། སེམས་ཅན་བློ་མང་བ་བཞིན་དུ་གྲུབ་མཐའ་རྣམ་གྲངས་མང་བས་འདུལ་བ་འདི་སྟོན་པ་རྡོ་རྗེ་འཆང་གི་ཁྱད་ཆོས་སུ་འདུག་པས་ཐམས་ཅད་ལ་དག་སྣང་སྦྱང་བ་ལས། མདོ་རྒྱུད་དང་མན་ངག་ཟབ་མོའི་ཚིག་དེ་ཁ་ལ་ཉུང་མ་མུར་མུར་བྱེད་དོན་ཟབ་མོ་དེ་དགྲ་ལྟར་སྤངས་ནས། ངའི་ཆོས་ལུགས་ལས་ཟབ་པ་དང་ཁ་མཆེ་བ་མི་ཡོང་། ང་རང་ལས་འགྱངས་ཆེ་བ་དང་། ཚུལ་ཁྲིམས་གཙང་བ། གྲུབ་པ་ཐོབ་པ་མི་ཡོད་ཞེས་སྡེ་དང་རུས་སུ་བཅད་པའི་གྲུབ་མཐའ་ཞིག་ང་ལ་སྟོན་རྒྱུ་མེད། རང་ངོ་སོ་སོར་གཞུང་ལུགས་དང་མན་ངག་འདི་རང་ལེགས་བསམ་པ་ཀུན་ལ་ཡོད། ངེད་ཅག་རྡོ་རྗེ་སྙིང་པོ་པ་ལའང་ཀུན་མཁྱེན་པོའི་གཞུང་གིས་རྒྱན་དྲུག་མཆོག་གཉིས་རྗེས་ཕེར་ངེས་པ་དེ་ཀ་ལགས། དེ་ལས་རྣམ་པར་དག་རྒྱུ་ཅི་ཡོད་རྗེས་འཇུག་གི་གྲུལ་མི་བཏུབ་པ་ནི་སུའི་ཁྲོད་ནའང་ཡོད་པ་དེ་ཡིན་མོད། དུས་ཚོད་དང་འབྲེལ་བའི་སྤྱོད་པ་ལ་རྒྱུ་འབྲས་འགལ་འདུ་མེད་པ་ནི། རྒྱུའི་ཐེག་པ་ནས་ཉོན་མོངས་པ་དང་འདོད་པའི་ཡོན་ཏན་གཉེན་པོ་བརྟེན་ནས་སྤང་བྱར་གསུངས་པ་ཐམས་ཅད། འབྲས་བུའི་ཐེག་པ་ནས་བླང་བྱར་གསུངས་པ་ཡང་རྡོ་རྗེ་ཐེག་པའི་ལམ་ཐབས་དང་


JLAZ014_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་བསམ་གྱི་མི་ཁྱབ་པས་འཕགས་ཤིང་། དབང་པོ་རྣོན་པོའི་གདུལ་བྱ་ལ་རྗེས་སུ་བསྟན་པས་སྤང་རྒྱུའི་ངོ་བོ་ལམ་དུ་ལོངས་པས་མཐར་ཐུག་གཉིས་ཀ་སྤང་བྱའི་བདག་ཉིད་ཅན་དུ་མཚུངས་པ་ཡིན་པ་གོ་དགོས། དཔེར་ན་རྨ་བྱས་དུག་ཟོས་དང་གཞན་གྱིས་ཟོས་པ་ལ་ཁྱད་པར་ཅི་འདྲ་འདུག་དེའི་ངོ་བོར་ང་ལྟ་བ་རྣམ་པར་དག་པའི་ཤེས་རབ་ཀྱི་བྱེད་པ་པོས་བྱས་ཤིང་ཐབས་ཀྱིས་ཟིན་པས་ཁུར་བོར་བ་ཡིན། ཡང་ངའི་བླ་མ་ཨུ་རྒྱན་ཆོས་ཀྱི་རྒྱལ་པོ་དེས། རྒྱལ་པོ་ཆེན་པོ། ངའི་གསང་སྔགས་འདི་ལྟ་བ་གཙོ་ཆེ་ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བ་མཛད། ལྟ་བའི་རྗེས་སུ་སྤྱོད་པ་ཤར་ན་དགེ་སྟོང་སྡིག་སྟོང་དུ་གོལ་ནས་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བར་འགྲོ། སྤྱོད་པའི་རྗེས་སུ་ལྟ་བ་མ་ཤོར་བ་མཛོད། སྤྱོད་པའི་རྗེས་སུ་ལྟ་བ་ཤོར་ན་དངོས་པོ་མཚན་མ་ཅན་གྱིས་བཅིངས་ནས་གྲོལ་བའི་དུས་མ་མཆིས། ཞེས་གསུངས། གསང་སྔགས་མོས་པས་སྤྱོད་པ་ལམ་ཐད་དྲང་དུ་འཁྲིད་པའི་གནད་འདི་ལས་ཟབ་པ་མི་འདུག་སྙམ་པ་ཡོད། གཞན་དུ་སྡོམ་པ་ཉི་ཤུ་པ་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཅེས་སྡོམ་པ་གསུམ་ཀར་ཉེས་པ་བསྐྱེད་པ་བཀག་ཅིང་། ཡོན་ཏན་བསྐྱེད་པ་བཀག་པ་གང་ནའང་མེད་པས་གནང་བཀག་


JLAZ014_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་མི་འགལ་བའི་ངོ་བོ་དང་། མིག་འཕྲུལ་ལྟ་བུར་སེམས་ཅན་གྱི་ཁམས་ཤིན་ཏུ་གློ་བུར་དྲི་མེས་མ་དག་པ་སངས་རྒྱས་ཀྱི་གོ་འཕང་དག་པ་ཆེན་པོའི་དབྱིངས་ལ་སྦྱོར་བའི་ཐེག་པའི་རྩེ་རྒྱལ་རང་བཞིན་རྫོགས་པ་ཆེན་པོ་སྒོམ་མེད་ཡེ་གྲོལ་རང་བབ་ཅོག་བཞག །གནས་འགྱུ་བར་འགྱེལ། ཡེ་བཞག་ངར་སྒོམ་འདུ་ཤེས་གཏད་མེད། ཐ་མལ་གྱི་རྣམ་རྟོག་དགའ་བ་དང་། སྡུག་པ་དང་། སྐྱིད་པ་དང་། ངུ་བྲོ་བ་ལ་སོགས་ཏེ་བཟང་ངན་རེ་དོགས་ཀྱི་རྣམ་རྟོག་ལྕགས་ཀྱི་པར་བུར་བཅུག་ཀྱང་མི་འཆུན་པ་དེ་ཀོ །ད་ལྟའི་རིག་པ་རྗེན་ཧུར་ཧུར། ཁས་ལེན་ཐམས་ཅད་དང་བྲལ་བའི་ངང་དུ་མ་ཡེངས། མ་འཁྲུལ། དམིགས་པ་གང་ལ་གཏད། མིན་བྱས་ན་ཡིན། ཡིན་བྱས་ན་མིན། གད་མོ་འཆོར། དགོག་རྒྱུ་མེད་གྲུབ་མཐའ་ཞིག །སྨ་སྙིང་མི་འདོད། ཁ་ཕྱ་ར་ར། མིག་ཧུར་ཧུར་སེམས་ཅན་ཐམས་ཅད་ཀྱི་གྲོལ་ས་ཆེན་པོ་ཁོ་ལ་རྫོགས་པའི་སངས་རྒྱས་ཁོང་གིས་ཀྱང་མིང་འདོགས་མ་ཤེས། ཀུན་ཏུ་བཟང་པོས་ཀྱང་ལབ་རྒྱུ་ཟད་ནས། རེས་འགའ་སྣང་ཆ་ཡིན་ཞེས་ངོ་ཚ་དང་བྲལ་བའི་གཟུགས་སྔོ་ཧྲེང་ཧྲེང་གཡོ་འགུལ་མེད་པ་ལྟར་བྱེད། རེས་འགའ་སྟོང་ཆ་ཡིན་ཞེས་གཏིང་གསལ་བརྗོད་དུ་མེད་པའི་ངང་དམངས་ནམ་མཁའི་སྟོང་པ་ལས་ཀྱང་དང་སངས། གུ་


JLAZ014_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས། ཧར་ཆེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ལབ་ལབ་མང་པོ་རྫུན་ཕུགས་རྡིབ། རྒྱུད་སྡེ་དང་མན་ངག་ཟབ་མོའི་ཁ་སྤོ་མཐའ་དག་ད་ལྟའི་དྲན་རིག་ཧེ་ཧེ། ཟེར་མ་ཤེས། ལབ་མ་ཤེས། སྨྲ་མ་ཤེས། ད་དེ་གའི་ངང་དུ་གཞོག་ཐོང་། ཟེར་གྱི་ཡོད་ཙ་ན་ཉམས་སྣང་དེས་ད། སྣང་བ་ལ། ངའི་རྣམ་རྟོག་རྫུན་པོའི་ཆེ་འདིའི་བདེ་བླག་དང་གཡོ་འཁྲུལ་ལ་ཨཱ། གང་ཟག་དགའ་མོ་ཞིག་ཡིན་ན་མཁའ་འགྲོའི་གསང་ལུང་ཡིན་བྱས་ཀྱང་ལོས་འོང་། བསམ་གྱིས་མི་ཁྱབ་པའི་དོན་བསམས་ཙ་ན་ཀུན་ཏུ་རྟོག་པ་ཨོཾ་ཨཱཧཱུྃ། ལར་ཐུགས་དམ་བསྐྱངས་པའི་ལམ་རྟགས་སམ། འདོད་ཁམས་ཀྱི་བདག་པོའི་ཆོ་འཕྲུལ་གང་ལའང་གསལ་སྣང་ཅི་རིགས་པ་འབྱུང་བ་བཤད་སྟེ། དོན་དམ་པར་འོད་གསལ་འདུས་མ་བྱས་ཀྱི་ཀློང་དུ་དགག་སྒྲུབ་རེ་དོགས་ལས་འདས་པར་བརྡལ་མ་ཤེས་ན་འཇུངས་ཤོར། རང་རེ་ཚོའི་ནང་གི་རྟོགས་པ་དང་ཕྱིའི་སྤྱོད་ལམ་གཉིས་རྫོགས་པ་ཆེན་པོ་ལ་སོགས་པའི་རྒྱུ་ལུང་མན་ངག་དང་བཏུན་ན་གར་ཡང་ཕྱིན་པར་མི་འདུག་པས། ཡེ་ཤེས་ཀྱི་རྩལ་རྫོགས་པའི་དག་པར་བ་འབྱམས་དང་མངོན་པར་མཁྱེན་པ་ཡིན་སྙམ་པ་ནི་མེད། ནང་དུ་དགོངས་པའི་རྩལ་རྫོགས་པ་དང་། ཕྱི་རུ་རེ་དགོགས་ཀྱི་གཟེབ་ལས་གྲོལ་ཞིང་ཚད་མེད་ཐུགས་རྗེའི་འཇུག་པ་མངོན་པ་ཆོས་


JLAZ014_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པས། རང་རེ་ལ་དག་སྣང་ཆེ་ཞིང་སུ་འཇུག་རྣམས་ཀྱི་ཐུགས་ལ་དེ་ལྟར་གཞག་པ་ཞུ། ཞེས་སྨྲས་ནས་རང་གིས་རང་ཉིད་ལ་བསླབ་བྱ་སྙིང་གཏམ་གྱི་མགུར་བཅའ་ཡིག་ཆེན་མོ་ཞེས་བྱ་བ། །སྐྱབས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཀྱི་ངོ་བོ། །དུས་སྙིགས་མའི་སྐྱབས་གནས་གངས་ཆེན་གྱི་ལྷ་ཅིག །དྲན་པས་སྙིང་གི་མུན་སེལ་ཨོ་རྒྱན་རྗེ་མཁྱེན་ནོ། །བདག་ལས་ངན་སེམས་ཅན་ལ་ཐུགས་རྗེ་ཡི་གཟིགས་ཤིག །སེམས་གཞི་མེད་རྩ་བྲལ་མྱང་འདས་ཀྱི་རྫོང་ཆེན། །ཡིད་རྟོག་པའི་དྲ་བ་འཁོར་བ་ཡི་ཅོང་རྡོ། །ཁོང་གཉིས་ཀྱི་སོ་མཚམས་སྐྱོ་ཤས་སུ་ཤར་བའི། །གྲོས་སྙིང་གཏམ་དྲན་པའི་མེ་བཙའ་ལ་འདེབས་སོ། །ལས་ནག་པོར་བསགས་པས་ལུས་ངན་དེ་བླངས་ཤིང་། །གཤིས་སྤྱོད་ངན་སྟོན་ལ་ཡིད་སྐྱོ་ཞིག་ཤོར་བས། །སྐྱབས་དཀོན་ཆོག་རིན་ཆེན་བཏང་སྙོམས་སུ་མ་བཞུགས། །སྙིང་རྗེའི་འདབ་ཆགས་འཇིགས་སྐྲག་ལས་སྐྱོབས་ཤིག །ལས་འཁོར་བ་སྡུག་བསྔལ་རང་བཞིན་དུ་སྟོན་པ། །རྗེ་རྒྱལ་བས་གསུངས་པའི་དམ་ཆོས་ཀྱི་འཇུག་སྒོ། བདག་ལས་ཉོན་ཅན་གྱི་བདེ་བ་རུ་མཐོང་བས། །སྡུག་འཁོར་བར་གཏན་འཁྱམས་ད་ལྟ་ཕན་ཐལ་ལོ། །མགོན་བླ་མའི་བྱིན་རླབས་སྙིང་དབུས་སུ་བབས་པས། །


JLAZ014_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལས་རུང་བླ་མ་ཕྱི་རོལ་ན་མ་བཞུགས། །སེམས་ཆོས་སྐུར་གྲོལ་བས་བག་ཆགས་ཀྱི་རྟེན་ལ། སྙིང་དམར་པོར་སྟོན་པའི་བསླབ་བྱ་འདི་འཆད་དོ། །གནས་ངན་སོང་སྡུག་བསྔལ་འདི་འདྲ་རུ་མཐོང་བས། །འདིས་དལ་འབྱོར་རྙེད་དཀའ་མངོན་སུམ་དུ་བསྟན་མོད། །ཁྱོད་དལ་འབྱོར་མི་ལུས་སྟོང་ཟད་དུ་མ་གཏོང་། །ལས་བྱས་པ་དོན་ལྡན་ལྷ་ཆོས་ལ་རེམ་མཛོད། །ཆུང་བྱིས་པའི་མི་ཚེ་ཐལ་རྩེད་ལ་ཟད་འདུག །ལུས་ལང་ཚོའི་མཛེས་པ་འཆི་བདག་གིས་བཅོམ་འགྲོ། །གཏམ་ལྟོ་གོས་ཁོལ་པོ་མི་ཚེ་ལ་རེམ་ཡང་། །ལུས་དྲེས་མས་བསྡམ་ཚེ་ཕན་པ་ཞིག་མི་འདུག །ལས་དཀར་ནག་ཁྲ་གསུམ་མ་རུལ་པའི་ས་བོན། །འབྲས་བུ་རང་ཐོག་སྨིན་པ་མངོན་སུམ་དུ་ཨེ་གཟུགས། །འདིས་ངན་སོང་གསུམ་གྱི་བརྒྱ་ཆར་ཡང་མི་ཕོད། །འཛོལ་དགེ་སྡིག་བླང་དོར་ལ་མ་ཤོར་བ་དགོས་སོ། །ཆོས་ཞུས་བློ་ཐོབ་བློས་འཁོ་བ་ལས་མི་གྲོལ། །གཟུགས་རང་བྱུང་ཙམ་གྱི་ཉན་ཐོས་སུ་མི་འགྲོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་མ་ལྡན་དུ་ཟིན་ཀྱང་། །ཚོང་བུན་སྐྱེད་ཁྱིམ་པའི་འཚོ་འཛིན་ལ་མ་རེམ། །ཉན་རང་ཞི་བདེ་ར་གཞོལ་བ་གནས་སྐབས་ཀྱི་བདེ་བ། །ཐེག་ཆེན་གཞན་དོན་བསླབ་པ་བྱང་སེམས་ཀྱི་དོན་རྡོ། །འཇག་ཚོ་བླ་ན་མེད་པའི་གསང་ཆེན་


JLAZ014_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱངས་ནས། །རྟེན་འདི་ལ་བྱང་ཆུབ་ཐོས་ངེས་ཤིག་བྱེད་དགོས། །ལུས་ལོག་པའི་འཚོ་བས་གཟི་བྱིན་དང་ལྡན་ཞིང་། །ནོར་གསོག་བསྐྲུན་མཁས་པོའི་ཐོད་ཤམ་དང་འགྲིག་འགྲིག །ཡིད་མི་དགེའི་ཟློས་གར་ངན་སོང་ལ་ཆས་པའི། །གྲོགས་གྲ་སའི་ཞེན་པ་སྙིང་དབུས་ནས་ཆོད་མཛོད། །མགོར་སྐྲ་ཡི་ལྭ་ལྦ་མུ་སྟེགས་ལའང་ཡོད་མེད། གོས་རས་གོས་གྱོན་པས་རྟོགས་ལྡན་དུ་མི་འགྲོ། །ཕ་གྲུབ་ཐོབ་གོང་མའི་ཤུལ་ལམ་ལ་འབྱོན་ནས། །གནས་དབེན་པར་བསྐྱེད་རྫོགས་ཉམས་ལེན་ལ་འབུངས་མཛོད། །བློ་བླ་མར་གཏོད་བ་སྐྱབས་འགྲོ་ཡི་མཐར་ཐུག །དོན་གཞན་དོན་ལྷུར་ལེན་སེམས་བསྐྱེད་ཀྱི་ངོ་བོ། །དྲན་ཤེས་བཞིན་སྐྱོང་བ་མདོ་སྔགས་ཀྱི་ལམ་ཁྱེར། །ལས་ཤེས་ཤེས་མང་པོའི་ཕེར་ཡོད་དེ་ཞོག་མཛོད། གཉེན་ཉེ་པའི་གདུང་སེམས་ལྷ་བདུད་ཀྱི་གཡབ་མོ། །དགྲ་དར་མའི་ཡ་བཟུང་དམྱལ་བ་ཡི་ལམ་མཁན། །མི་གཞན་ཟེར་ཁ་མངའི་རེ་དོགས་ལ་ཉན་ན། །ཆོས་མཐུན་རྐྱེན་འཛོམ་པ་ལོག་ལམ་ལ་བསྒྱུར་ཡོང་། །གཏམ་སྙན་པའི་གྲགས་པ་ང་རྒྱལ་གྱི་ཅོང་རྡོ། །ནོར་ཁ་དྲག་འཛོམ་པ་ལྷ་ཆོས་དང་རྒྱབ་འགལ། །མིའི་ཁྱུ་ནས་བུད་པ་བྱ་བཏང་གི་ཡང་རྩེ། །ཚོའི་


JLAZ014_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་ཆགས་མེད་བློ་བདེ་ལ་སྐྱེ་ལ་མཛོད། །གནས་དབེན་པར་བསྒོམ་པའི་མཐུ་ནུས་དང་ཡོན་ཏན། །ཁོང་འཇིག་རྟེན་ཁྱིམ་པའི་རྐྱེན་སེལ་ལ་བཙོངས་ནས། །འགྲོ་དོན་ཕྲིན་ལས་ཆེ་བའི་ང་རྒྱལ་གྱི་སྟོང་སྦོས། །བདུད་མངོན་སུམ་འགྲུབ་པའི་གཡང་ས་ལ་གཟབས་མཛོད། །སྐྱབས་བླ་མ་དཀོན་ཅོག་ཐུགས་རྗེ་ལ་བརྟེན་ནས། ཟས་མཐུན་རྐྱེན་མི་བྲེལ་ལྷུད་ལྷུད་དུ་བབས་ཀྱང་། །ལས་རྒྱུ་འབྲས་ཕྲ་ཞིབ་རྩིས་གྲངས་སུ་ཐོབ་ལ། །སྡིག་ཤ་ཆང་ཟས་ལ་བག་ཡོད་ཀྱི་རོལ་མཛོད། །ནང་བདག་འཛིན་ཁོང་བསྲན་མ་ཞིག་པ་དེ་ཀོ །ཕྱི་དུར་ཁྲོད་ཉུལ་བའི་བརྟུལ་ཞུགས་ལ་ཆས་ཀྱང་། །ཕུགས་སྤྲང་སྙོགས་ཁྱེར་བའི་སྔ་ལྟས་སུ་འདུག་པས། །གནས་དབེན་པར་སྒྲུབ་པའི་རྒྱལ་མཚན་རང་ཚུགས་མཛོད། །ཡུལ་ས་ཕྱོགས་གང་དང་ཅི་འདྲ་རུ་འདུག་ཀྱང་། །འཁོར་རལ་རོལ་ཆགས་སྡང་ས་བོན་དེ་སྤངས་ལ། །སྟབས་བདེ་པོ་ཐ་མལ་སྨྱོ་སྤྱོད་ཀྱི་ངང་ནས། །བློ་བདེ་པོ་ཀ་དག་ཆོས་ཟད་རང་སྐྱོང་མཛོད། །སྐབས་འགའ་རེ་དགོས་པ་དོན་ལྡན་གྱི་རྒྱུ་བར། །བློ་ཆོས་མཐུན་མཆེད་གྲོགས་རེ་གཉིས་ལས་མང་བའི། །སེམས་ལང་ཤོར་ཤ་ཆང་བདུད་གཅོད་ཀྱི་རྟོག་བཙུན། །རྗེས་ཉུལ་བའི་བླ་ཆུང་དེ་འདྲ་ཞིག་མ་མཛད། །དུས་ཀུན་ཏུ་མི་རྟོག་


JLAZ014_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་དེ་མང་ན། །ཟས་དཀོར་ནག་བག་མེད་བྱུང་རྒྱལ་དུ་སྤྱད་དགོས། །རང་གཅིག་པོའི་ཟས་གོས་ཤུགས་འབྱུང་དུ་སླབས། །ཕ་གྲུབ་ཐོབ་གོང་མའི་རྣམ་ཐར་ལ་གཟིགས་མཛོད། །གསོན་དད་པས་བྱིན་པའི་ཟང་ཟིང་གི་དངོས་པོ། །གཤིན་འགག་ལ་ཐུག་པའི་ཉེར་དཔྱད་ཀྱི་རྣམ་གྲངས། །འདིས་ཐར་བའི་སྲོག་རྩ་བཙན་ཐབས་སུ་གཅོད་པས། །ཁབ་སྐུད་པ་བརྒྱུས་ནས་མཆོད་སྦྱིན་ལ་ཐོང་མཛོད། །དགྲས་ལོག་བསྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོགས་འདོན། །གཏམ་མ་ཉེས་ཁ་ཡོགས་དགེ་བསྐུལ་གྱི་ལྕག་འདེབས། འདི་ཆགས་ཞེན་འཇིག་པའི་བླ་མ་རུ་འདུག་པས། །ཁོའི་དྲིན་ལན་འཁོར་ཐབས་མེད་པ་རུ་གཟིགས་མཛོད། །སྙིང་ཉེ་བོའི་གདུང་སེམས་གཟུང་འཛིན་གྱི་བརྟོད་ཕུར། །གྲོགས་མཛའ་བའི་མཇལ་ཕྲད་དགེ་སྦྱོར་གྱི་བདུད་གཅོད། །ཁ་མི་དགེའི་བང་མཛོད་ཉེས་ལྟུང་གི་འབྱུང་ཁུངས། །ཐོན་མཛད་ན་ཁོང་དེ་གསུམ་ལ་སྒྲིམ་མཛོད། །ཡོངས་དྲག་ཞན་གྱི་ནང་བར་མ་ཡི་ཐད་ནས། །ལས་བཟང་ངན་རྣམ་འགྱུར་ཇི་འདྲ་རུ་སྟོན་ཀྱང་། །དེ་མ་ཤེས་མ་རིག་རྫུ་བག་དང་འགྲོགས་ནས། །སྟོབས་བཟོད་པའི་གོ་ཆ་བཙན་པོ་རུ་བགོས་ཤིང་། །དུས་སྙིགས་མའི་འགྲོ་བ་རྒྱལ་བས་ཀྱང་དགུལ་དཀའ། །ཕན་བཏགས་པའི་


JLAZ014_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་ལྡན་ལོག་བསྒྲུབ་ཀྱིས་སྦྱོར་ཞིང་། །གནས་དབེན་པར་འདུག་ཀྱང་བརྙས་དམོད་ཀྱིས་གཙོར་བ། །དེ་ཀུན་ཀྱང་རྨི་ལམ་སྒྱུ་མ་རུ་སྒོམ་མཛོད། །ལུང་རྟོགས་པའི་ཡོན་ཏན་རྒྱལ་བསྟན་གྱི་སྙིང་པོ། །ཆོས་འཆད་སྤེལ་རྩོམ་པ་བསྟན་འགྲོ་ལ་སྨན་ཀྱང་། །ཡུལ་བསོད་ནམས་དམན་བས་གཞན་དོན་དུ་མི་འགྱུར། །སེམས་འཁྲི་བ་ཆོད་ནས་སྒྲུབ་པ་ལ་འབུངས་མཛོད། །དུས་བསྐལ་པ་སྙིགས་མའི་སྤྱོད་ཚུལ་དང་ལུང་བསྟན། །མ་འགྲོ་དྲུག་ཡོངས་ཀྱི་སྤྱི་གཙུག་བ་བབས་འདུག །ཆོས་ཚུལ་བཞིན་སྤྱད་པ་ཉིན་སྐར་ལས་དགོན་པས། །མ་ཌཱ་ཀྐིའི་གཅེས་ནོར་ཁྱབ་གདལ་དུ་མ་སྒྲོགས། །ལས་བསྲུང་བཟློག་གསད་པའི་བརྟུལ་ཞུགས་ལ་གོམས་ཁྱང་། །དགྲ་འཆི་བདག་བདུད་པོར་ལས་སྦྱོར་ནི་མི་འགྲོ། །གཞན་བསྟན་པའི་སོ་ནམ་བྱེད་མཁན་ནི་དཀོན་པས། རྔ་བརྡུང་ན་བྱ་བཏང་སྨྱོ་བ་རང་ཡིན་མོད། །ཁྱུ་མང་པོའི་ཚོགས་དཔོན་མགུ་འཁང་གི་རང་བཞིན། །མི་ཆེན་པོའི་ངོ་འཛིན་རེ་དོགས་ཀྱི་འབྱུང་ཁུངས། །སྐྱབས་ཀུན་འདུས་ཨོ་རྒྱན་ཆོས་རྗེ་ལ་ཞུས་ནས། །ལམ་ཟབ་མོ་རྫོགས་པ་ཆེན་པོ་ལ་ཞུགས་མཛོད། །ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་གི་སླ་ལུགས། །ནང་རྣམ་རྟོག་གྱ་གྱུའི་བྱ་བྱེད་ཀྱི་སྐྱེན་ལུགས། །འདི་བསམས་བཞིན་ཐམས་ཅད་མི་རྟག་


JLAZ014_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན། །ད་འཆི་ཆོས་མ་རན་དགུ་རན་ལ་འདུག་གོ །སྐྲ་དག་པ་རབ་འབྱམས་ཞི་ཁྲི་ཡི་ཚོམ་བུ། །གཟུངས་གླེགས་བམ་མཛེས་པ་རིག་འཛིན་གྱི་བླ་རྡོ། །སྐྱབས་སྐུ་གསུམ་བླ་མའི་དྲིན་རྟེན་དུ་མཛོད་དང་། །གནས་ཟངས་མདོག་དཔལ་རི་ཐག་རིང་ན་མི་འདུག །ལུས་དག་པར་རབ་འབྱམས་བདེ་གཤེགས་ཀྱི་དཀྱིལ་འཁོར། །རླུང་ཉི་ཁྲི་ཆིག་སྟོང་སྐྱེ་མེད་ཀྱི་བཟླས་པ། །སེམས་མ་བཅོས་སྤྲོས་བྲལ་རང་བབ་ལ་ཞོག་དང་། །བློས་བཏགས་པའི་བསྐྱེད་རྫོགས་ལ་ཡིད་སྨོན་ནི་མ་དགོས། །འགལ་མ་འགལ་རྩོད་པར་གཞུང་ལུགས་ལ་ལོས་མཁས། །ཆོས་ཁ་འཛིན་བསྒྲུབ་པར་དབང་ཡོད་རྣམས་བཙན་དྲག །གཤིས་བརྗོད་མེད་བློ་འདས་རྫོགས་ཆེན་གྱི་ཁྱད་ཆོས། །རྐྱེན་ཆོས་སྐུར་འཆར་བ་འོད་གསལ་ཕ་ཕོགས། །ཕྱི་སྣང་བ་དཀར་དམར་རྟེན་འབྲེལ་གྱི་འཆར་སྒོ། །ནང་རིག་པ་བཟོ་མེད་ལྷུན་གྲུབ་ཀྱི་རྫོང་ཆེན། །ང་ནམ་མཁའ་རྣལ་འབྱོར་ཡིན་སྙམ་པ་མེད་དེ། །བློ་གཏད་མེད་ཡེངས་གྲོལ་ཀློང་ཆེན་གྱི་ཐུགས་རྗེ། །གྲོས་སྙིང་གཏམ་དེ་ཀོང་རང་ལ་ཡིན་མོད། །གཞན་གསང་མཁན་བྱུང་ན་ངོ་མཚར་གྱི་རང་བཞིན། །དོན་རྒྱལ་སྲས་སྤྱོད་པའི་ངང་ཚུལ་དུ་གདའ་བས། །སྐྱབས་རིག་འཛིན་རྒྱ་མཚོ་མཐུན་


JLAZ014_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལ་བཞེངས་ཤིག་འདི་ཁམས་གསུམ་རིགས་དྲུག་སེམས་ཅན་གྱི་ཚོགས་དང་། །སྒོས་བློ་སྙིང་གཏོད་པའི་ཡོན་སྦྱོར་དང་འཁོར་སློབ། །གཞན་གཏམ་བུའི་ངོ་འཛིན་སྣ་ཚོགས་ཀྱི་འདུད་པའི། །ལས་འབྲེལ་ཐོགས་ཀུན་ལ་སྨོན་ལམ་དུ་ཞུའོ། །ཞེས་སྨྲས། འབྲུག་པའི་རྟོགས་ལྡན་ཞིག་གནས་འབྲེལ་ལ་འོངས་པ་ལོག་ཁར་ངེད་ཀྱི་ཕུག་སྒོ་འགག་ཏུ་དག་སྣང་གི་ཕྲད་དུ་བྱུང་། གནས་ཚུལ་འདྲ་གླེང་བས་སྒྲུབ་ཚུགས་དང་མོས་གུས་ནོར་ཉེན་རང་ཞིག་འདུག །ཉམས་རྟོགས་སྐོར་ལ་དྲི་མོལ་བྱས་པས་བླ་མ་ཉམས་མྱོང་ཅན་གྱིས་མ་ཟིན་པའི་ཉམས། སྒོམ་ལྕགས་ཀྱུ་དང་འཇའ་ཚོན་མ་སོགས་ཞི་ལྷག་གི་ཆོས་སྐད་གྱི་མདོ་མང་པོ་སྨྲ་བ་སྣང་། ཁོའི་སྙིང་རུས་དང་སྒྲུབ་ཚུགས་ལ་འཕོངས་ནས་བཀའ་རྒྱུད་གོང་མའི་དགོངས་པ་འདི་འདྲ་ཡིན་པ་འདྲ་ཞེས་རྗེ་མི་ལ་དང་། ཡང་དགོན་པ། དྭགས་པོ་ལྷ་རྗེ་རྣམས་ཀྱི་བཞེད་སྲོལ་དཔང་པོར་བཞག་ནས་འཇམ་པོའི་ངག་གིས་སྨྲས་པས་ལག་པ་འདར་སིལ་སིལ་བྱེད་པ་དང་སྦྲགས་ཐུགས་བདེན་ཟེར་སྒོམ་ཆེན་པ་རྒན་པོའི་རང་མཐོང་ལྟག་ཚུགས་དེ་རང་མི་བྱེད་པའི་གོ་བ་ལེན་པ་ཞིག་འདུག་བས་སེམས་ལ་ཤིན་ཏུ་ཕན་པར་བྱུང་སོང་། ཆོས་འབྲེལ་ཞིག་དགོས་ཟེར་བ་ལྟར་བྱས། ཁ་ས་ང་ནས་


JLAZ014_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་འདིར་བཅར་ན་ཡོད་རྒྱུར་འདུག་སྟེ་སྐུ་གཉེར་བས་ཁོང་སྤུན་གཉིས་རྒན་པས་མཚམས་བྱས། གཞོན་པས་མཚམས་གཡོག་བྱས་ནས་ཡོད་ཟེར་བའི་རྒྱུས་ཡོད་ལས་མ་བྱུང་། མདང་ཉིན་ནས་གཅོད་ཌཾ་གྱི་སྐད་ཐོས་པས་སེམས་ཤིན་ཏུ་སྤོར་བ་ཞིག་བྱུང་བས་མར་ལམ་མཇལ་དུ་ཡོད་པ་ཡིན་ཟེར་འཕྲེང་འཕྲེང་ལྟར་བྱེད་ཀྱི་འདུག་པས་ཁོའི་བསམ་པ་རྫོགས་པའི་སླད་དུ་མགུར་འདི་འཐེན་ནོ། །ཨེ་མ་ཧོ། །ཆོས་ཉིད་མངོན་སུམ་མཇལ་བ་སྤྲོས་བྲལ་གྱི་བླ་མ། །གཏད་མེད་དྲན་པས་ལྟ་བ་མོས་གུས་ཀྱི་མཐར་ཐུག །ཐིག་ལེ་ཕྱིན་མི་བཞུགས་ཤེལ་སྤུག་གི་ཟེར་གདངས། །འོད་གསལ་རྫོགས་ཆེན་སྒོམ་ན་དེ་ལྟར་དུ་མཛོད་ཅིག །བཀོད་པ་བྱང་ཆུབ་སེམས་མཆོག་བདེ་སྟོང་གི་ཌ་ཀྐི། །གཡོ་བའི་རླུང་གི་འགྲེམས་པ་ཐབས་ལམ་གྱི་རྩ་བ། །གནས་ཡུལ་ཕྱིན་མི་བཞུགས་རྩ་འཁོར་དང་དབྱེར་མེད། །བདེ་ཆེན་ཨ་ནུ་སྒོམ་ན་དེ་ལྟར་དུ་མཛོད་ཅིག །གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྷུན་གྲུབ་ཀྱི་ཡི་དམ། །དཀྱིལ་འཁོར་གསུམ་གྱི་སྒོམ་པ་བསྐྱེད་རིམ་གྱི་སྙིང་པོ། །ཞི་ཁྲོ་ཕྱིན་མི་བཞུགས་ལྷན་སྐྱེས་ཀྱི་རང་གདངས། །རྣལ་འབྱོར་ཆེན་པོ་སྒོ་ན་དེ་ལྟར་དུ་མཛོད་ཅིག །ཡེ་ནས་བསྲུངས་མཚམས་བྲལ་བ་དམ་ཚིག་གི་ཁྱད་ཆོས། ཉམས་


JLAZ014_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་རྩ་གདར་ཆོད་པ་ཆོས་ཉིད་ཀྱི་གཤིས་ལུགས། །ཉམས་བྱ་གདོད་ནས་དག་པ་ཀ་དག་གི་ངོ་བོ། །ལྟ་བའི་ཀློང་བཤགས་སྒོམ་ན་དེ་ལྟར་དུ་མཛོད་ཅིག །ཟབ་མོའི་སྙན་བརྒྱུད་སྒོམ་པ་ཉམས་ལེན་གྱི་གནད་འགགས། །དབུ་མའི་རྩ་མདུད་གྲོལ་བ་ལམ་རྟགས་ཀྱི་ཡོན་ཏན། །ས་ལམ་ཕྱི་ན་མི་བཞུགས་རང་རིག་ལ་རྫོགས་འདུག །སངས་རྒྱས་ལག་བཅངས་སྒོམ་ན་དེ་ལྟར་དུ་མཛོད་ཅིག །ཅེས་སྨྲས། དུས་དེའི་ཚེ་ཉེ་སྐོར་གྱི་གྲོང་པ་རྣམས་ནས་སེམས་ཅན་རྒྱགས་པ་དང་ལུས་བོངས་ཆེ་བ་ལ་སོགས་རླམ་སེམས་ཀྱི་བསད། དེའི་མཆིན་པ་ལ་སོགས་སྡིག་ཟས་ཀྱི་ཕུད་དེ་ཐུགས་ད་པ་དང་སྒོམ་ཆེན་པ་ཚོ་ལ་ཕུལ་ཤོག་ཅེས་ཁྱེར་ཡོང་གི་འདུག་གོ །སྟེར་བ་དག་དག་སྣང་ལོས་ཡིན་ཏེ། གསོད་ནུས་པ་དེ་སྙིང་ཁམས་ཤིན་ཏུ་ཆེ། ཁོང་ཚོའི་སྣང་བ་ལ་གསོད་པའི་ཉེས་པ་ཆེན་པོ་དེ་མི་བརྩི་བར། ཕྲན་ཆེགས་བྱིན་པ་ལ་ཕན་ཡོན་ཆེན་པོ་འོང་དུ་རེ་བས་ཁོང་རང་ཚོའི་ཉེས་པ་འདག་པ་དང་། སེམས་ཅན་དེ་ངེད་ཚོས་ལྕགས་ཐག་འཐེན་འཐེན་བྱས་ཆོག་པ་ལྟ་བུའི་རེ་བ་ཆེན་པོ་ཞིག་བདོག་སྟེ་གནས་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་ཚིག་གུ་ཙམ། །རིལ་བུར་དྲིལ་ཡང་ས་ཡི་ལང་མི་འགྱུར། །ཅེས་སེམས་ཅན་


JLAZ014_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་རང་གི་མ་བྱས། ཁོང་འཇིག་རྟེན་པས་དེ་ལྟར་རིག་སྟེ་གསོད་ནུས་ཀྱང་། རང་རེ་ཆོས་པ་ཚོས་བཟའ་ནུས་པའི་ཁ་ན་མི་འདུག །དེ་ཅིའི་ཕྱིར་ན་སྐྱེ་བ་སྔོན་མའི་ཕ་དང་། མ་དང་། སྤུན་དང་། མཛའ་བཤེས་ལ་སོགས་པ་ཡིད་ལ་གཅེས་དགུ་དེ་ཚོ་དེང་སང་དུད་འགྲོ་ཟེར་བའི་སྒུར་པོ། ཏིག་མུག་ཅན། །བླང་དོར་ལ་རྨོངས་པ། མགོ་ལ་རྭ་ཅན། སུག་བཞིས་ས་ལ་འགྲོ་བའི་ལུས་སྟབས་འདི་འདྲ་ཞིག་ཏུ་སོང་བས་ཕམ་དང་གཉེན་བཤེས་དེ་དག་ཡིན་སྙམ་པའི་རྣམ་རྟོག་ཙམ་ཡང་མེད་པར་གྱང་ར་སྟོང་པར་བཅུག །འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་ལས་ཕྱིར་ལྡོག་ཅིང་། སྙིང་རྗེ་ཆེན་པོ་དང་ཞེ་འགྲས་པས་མཐོང་བ་ཙམ་གྱིས་ཡིད་དུ་མི་འོང་བའི་སྡིག་ཅན་ཤན་པ་ཟེར་བ་དེའི་ལག་ཏུ་རང་གི་སྐྱེ་བ་སྔོན་མའི་ཕ་དང་། མ་དང་། སྤུན་ཟླ་གཉེན་གཤེས་ལ་སོགས་པ་དེ་དག་མཐར་ཆགས་སུ་རྩིས་སྤྲོད་བྱས་པ་ཆེ། མ་རྒན་དེ་དག་ལུས་འདར་ཕྲི་ལི་ལི། མིག་མཆི་མ་ཁྲམ་ཁྲམ། དབུགས་སྤུད་པ་ལྷེད་ལྷེད་པའི་ངང་ནས་འདི་སྙམ་དུ། ད་ཅི་དྲག་ཀྱི་ཧུད། འབྲོས་ས་ནི་མེད། འཕུར་ནི་མི་ཐུབ། ད་ལྟ་ཉིད་དུས་འདིར་དིམ་ན་དིམ་ན་སྙམ་པའི་སྡུག་བསྔལ་དོས་དྲག་ལ་ལྕིད་ཆེ། འཇིགས་སྐྲག་གི་སྣང་བ་


JLAZ014_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་མེའི་དོང་ཁར་ལྷགས་པ་ལྟ་བུའི་ངང་དེར། ལུས་གནམ་ས་བསྒྱུར། བྲང་དྲོད་ཚ་ལམ་ལམ་བྱེད་ཅིང་མིག་སྔོ་ཧུར་ཧུར། ལྟ་བཞིན་པ་དེའི་ལྟོ་བ་གྲིས་ཁ་ཕྱེ། ལག་པ་ཤད་དེ་བཏང་ནས་འགུལ་བ་ཙམ་ཡང་མེད་པར་འཇིག་རྟེན་ཕྱི་མའི་ལམ་པོར་བཏང་བ་ཡིན་འདུག་པས། འཇིག་རྟེན་ཁྱིམ་པའི་མཆོད་གནས་ལ་དགེའ་རྒྱུ་མི་འདུག་གོ །ཨོ་རྒྱན་རིན་པོ་ཆེ་མཁྱེན་ཞེས་ཡང་ཡང་སྨྲས། མཆི་མ་དབང་མེད་དུ་ཤོར། འཕགས་པ་ཀ་ཏུ་ཡ་ནས། ཁྱིམ་བདག་ཅིག་གི་སྒོར་བསོད་སྙོམས་ལ་བྱོན་ཙ་ན། ཁྱིམ་བདག་ངེས་བུ་ཆུང་ཞིག་པང་བར་བཟུང་། ཉ་ཤ་ཞིག་ཞིམ་ཞིམ་ལྟར་བཟའ། ཁྱི་མོ་ཞིག་རུས་པ་བཟའ་བ་ལ་རྡོ་བརྡེག་ཅིང་སྲུང་བ་གཟིགས་པ་འཕགས་པའི་མངོན་ཤེས་ཀྱི་དཔྱད་པས། སྐྱེ་བ་དེ་ཁའི་ཕ་ཉར་སྐྱེས་པའི་ཤ་བཟའ། མ་ཁྱིར་སྐྱེས་བ་ལ་རྡོ་བ་རྡེག་ རང་ཉིད་གསོད་པའི་དགྲ་བུར་སྐྱེས་པ་པང་ན་འཚོ་བར་མཁྱེན་པས་ཐུགས་ཤིན་ཏུ་མུག་སྟེ་ཚིགས་སུ་བཅད་པ། ཕ་ཤ་བཟའ་ཞིང་མ་ལ་བརྡེག །ལས་ངན་དགྲ་བོ་པང་ན་བཟུང་། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས་བ་ལྟར། སྐྱེ་བ་སྔ་ཕྱིའི་ལུས་སྟབས་འགྱུར་བ་འདིས། ཕ་མའི་ཤ་བཟའ་བ་


JLAZ014_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཚམ་ཚོམ་མེད་པའི་སྙིང་ཁམས་འདི་ཡི་རེ་མུག་སྙམ་ནས་ཤིང་བརྩེ་ཤུམ་ཤུམ་ཡོད་ཙ་ན། སྙིང་རྗེ་ཆེན་པོའི་གཤིས་སྟོང་པ་ཉིད་ཀྱི་བརྟུལ་ཞུགས་སུ་ཤར་ནས་ག་རེ། ད་བསད་ཟིན་པ་ལ་ཡི་མུག་སྒོམ་པ་ཁོ་ནས་མི་ཕན། རྒྱལ་བ་ཐབས་མཁས་ལ་ཐུགས་རྗེའི་འཇུག་པ་ཚད་མེད་པའི་ཕྱིར་རྡོ་རྗེ་ཐེག་པ་ལ་སྡུག་བསྔལ་བདེ་བར་བསྒྱུར་བའི་མན་ངག་ཀྱང་ཡོད་པའི་ཕྱིར། བསྙན་སྒྲུབ་ཟབ་མོ་ཚད་དུ་ནི་འཁྱོལ། ལྟ་བ་རྣམ་པར་དག་པ་ན་ཡིད་དཔྱོད་དང་ཕོ་ཚད་ལ་མི་རེ་བར་ཕྱོགས་ལྷུང་དང་བྲལ། དེ་ལ་ཉན་ཐོས་ཐེག་པ་ལྟ་བུའི་གུ་དོགས་དང་། སྐྱེ་བོ་ཕལ་པ་ལྟ་བུའི་བག་མེད་པའི་བཟའ་བཏུང་གི་རང་ཉིད་ལ་སྒྲིབ་པའི་ཕུང་པོ་མི་བཟད་པར་བསྐྱེད་ཅིང་། གཞན་ལ་ཕན་པ་མེད་བའི་ཐབས་ལ་རྨོངས་པ་དེ་འདྲ་ནི་མ་ཡིན་སྙམ་ནས་གཟུངས་སྔགས་རྣམ་པར་དག་པའི་སྔགས་ཀྱིས་བཏབ། །སྟོང་ཉིད་རྒྱུ་འབྲས་སུ་ཤར་བའི་བདེན་པ་མི་འགོག་ཕྱིར་སྡིག་བཤགས་ལ་དམིགས་ནས་ལོ་ལྟར་ལུགས་གཉིས་གསུམ་ཅི་འགྲུབ་དང་། ཉའུ་བརྒྱ་དང་དྲུག་ཅུ་ཁ་ཡན་རེ་སྲོག་སྐྱོབ་པའི་དམ་བཅའ་ལྷུར་བླངས་། གསང་སྔགས་ཀྱི་དམ་ཚིག་ཁྱད་དུ་མི་གསད་པའི་ཕྱིར་ཆོས་ཉིད་ལ་ཆོས་ཉིད་ཀྱི་རོལ་པའི་གསལ་སྣང་བཟང་པོའི་རྣལ་


JLAZ014_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་དུ་ཤར་བས་སེམས་ཅན་དེའི་ལུས་ཀྱི་འབྲེལ་པས་ཚོགས་རྫོགས་པར་བྱས་ཏེ་བསྔོ་སྨོན་གྱི་མཚམས་སྦྱོར་དྲག་པོས་རྣམ་པ་ཀུན་ཏུ་རྒྱས་དཱེབས་པ་ཡིན་ཏེ། བདག་ཉིད་ལ་དགའ་བ་རྣམས་ནས་ཕྱིན་ཆད་སྲོག་ལ་བབ་ཀྱང་སྲོག་གཅོད་ཀྱི་ལམ་འིད་སྤངས་ཤིག །ཅིའི་ཕྱིར་ན་དྲན་པ་ཉེར་བཞག་ལས། སེམས་ཅན་གཅིག་གི་སྲོག་བཅད་ཀྱང་བར་གྱི་བསྐལ་པ་གཅིག་ཏུ་ཉི་ཚོ་པའི་དམྱལ་བར་འཚོད་པར་གསུངས་ཤིང་། །དེ་ལྟ་བུའི་སྦྱིན་པ་གནས་ལའང་། མདོ་ལས། ཤ་དང་ཆང་གི་སྦྱིན་པ་དང་། །དུག་དང་མཚོན་ཆའི་སྦྱིན་པ་སོགས། །ཞེས་མི་དགེ་བའི་ལས་སུ་དངོས་རྒྱུད་ཀུན་ནས་འགྱུར་བར་བཤད་པས་སྦྱིན་པ་དེ་ལྟ་བུ་ཡང་གནས་མ་ཡིན་ནོ། །ལམ་ཁྱེར་མི་ཤེས་པ་རྣམས་ནས་ཤ་བཟའ་བ་ཡང་སྤོང་ཅི་ཐུབ་ཀྱིས་ཤིག །དེ་ལྟ་བུའི་བདེན་པའི་ཚིག་ཀུན་ཏུ་འགྲུབ་པར་གྱུར་ཅིག །ཅེས་བརྗོད་ནས་ལྟ་བ་ཉམས་ཀྱི་གླུ། །ཧོ་ཧོ། དང་པོར་བྱ་བ་སེམས་ཀྱིས་བཏང་། །རྣམ་གཡེང་སྤངས་ནས་ཆོས་སྤྱོད་བརྩོན། །བྱ་བའི་ལས་ལ་ཞེན་ལོག་སྒོམ། །བར་དུ་བྱ་བ་བློ་ཡིས་ཐོང་། །བྱ་བྱེད་མང་པོ་དགོས་མེད་ཤེས། །བྱས་པས་ཟིན་པ་མེད་པར་གོ །ད་ལྟ་བྱ་བ་རྟོགས་པས་ཐོང་། །བྱ་བའི་འདུ་ཤེས་ཐད་ཀར་ཞིག །བྱར་མེད་རྒྱལ་པོའི་བཙན་ས་ཟིན། །དང་པོ་དཀའ་


JLAZ014_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་སྙིང་རུས་བྱས། །ཡི་དམ་བསྒོམས་ཤིང་རིག་པ་བགྲངས། །དམིགས་རྟེན་བཅས་ནས་དྲན་པ་རྟེན། །བར་དུ་བསྐྱེད་རིམ་རང་ལ་ཤར། །རིགས་སྔགས་བཟླས་བརྗོད་ལྷུན་གྲུབ་ཤེས། །མཉམ་རྗེས་དྲན་པའི་སོ་པ་ཚུགས། །ད་ལྟ་བསྐྱེད་རྫོགས་རིག་པར་གྲོལ། །འབྱུང་འཇུག་སྔགས་སུ་རང་ཤུགས་ཤར། །བྱ་བཙལ་མེད་པའི་ཉམས་ཤིག་ཤར། །དང་པོའི་བཟའ་བཏུང་སྡིག་པར་ཤེས། །ལས་འབྲས་བསམས་ནས་ཚོད་ཀྱིས་རོལ། །གྱིནའི་ཟས་ཀྱིས་ཕོ་བ་བརྒྱངས། །བར་དུ་བཟའ་བཏུང་ཚོགས་སུ་ཤེས། །བག་ཡོད་དང་ནས་སྐྱེ་མཆེད་ཁམས། །སྣང་སྟོང་ལྷ་སྐུའི་ཞལ་དུ་ཕུལ། །ད་ལྟ་བཟའ་བཏུང་ཆོས་ཉིད་ལ། ཆོས་ཉིད་ཁྱབ་གདལ་དང་ནས་རོལ། །ཟས་ཀྱི་བུ་ལོན་ཅི་ལ་ཟེར། །དང་པོ་ཉོན་མོངས་དྲུག་ཏུ་ཤེས། །ཉོན་མོངས་སྤངས་ནས་གཉེན་པོ་བསྟེན། །དམ་ཆོས་འདུལ་བའི་གཞུང་ལམ་བསྲངས་། །བར་དུ་ཉོན་མོངས་རྩ་གདར་བཅད། །བྱུང་ཁུངས་བརྟགས་ནས་ཟིལ་གྱིས་མནན། །མགུ་བ་སྟོང་ཉིད་ངང་ལ་བཞག །ད་ལྟ་ཉོན་མོངས་དབྱིངས་ནས་ཤར། །དབྱིངས་སུ་གྲོལ་བས་སྤོང་གཉེན་མེད། །འདོད་ཡོན་ཆོས་ཉིད་རོལ་པའི་རྒྱན། །བྱད་དང་ཁ་དོག་མ་འགྱུར་ཀྱང་། །ཀློང་དང་


JLAZ014_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པར་གྱུར་བ་དེས། །འཇིགས་པ་མེད་པའི་ཉམས་ཤིག་ཤར། །དོགས་པ་མེད་པའི་ངར་ཞིག་ཐོན། །ཐོགས་པ་མེད་པའི་ཆོས་ཤིག་ཤེས། །འགྱུར་བ་མེད་པའི་ལུང་ཞིག་ཐོབ། །གཏད་སོ་མེད་པའི་གདེང་ཞིག་ཤར། །འདྲ་འདྲ་ཀུན་གྱིས་ལྷ་ཕྱག་འཚལ། །མཉམ་མཉམ་ཀུན་གྱིས་སྐྱབས་སུ་རེ། །སྐལ་ལྡན་ཀུན་གྱིས་བླ་མར་མཐོང་། །སྐལ་མེད་ཀུན་གྱིས་གཤེ་ཞིང་སྡང་། །སེམས་ཉིད་ཆོས་སྐུའི་རྩལ་རྫོགས་ཤིང་། །སྣང་བ་སྒྱུ་མར་ཤེས་པ་དེས། །ཆེན་པོས་བཀུར་ཀྱང་རློམ་སེམས་མེད། །ངན་པས་སྨད་ཀྱང་སྡང་སེམས་མེད། །ལས་དང་བསམ་པ་སྨོན་ལམ་ཀུན། །ཐ་དད་འཁོར་བའི་ཆོས་ཉིད་དུ། །གོ་བས་བརྟགས་ན་གད་མོ་འཆོར། །མ་དཔྱད་རང་ཤར་རང་གྲོལ་དང་། །ཆགས་སྡང་ཞེས་བྱ་ཅི་ལ་ཟེར། །བདག་ལ་འབྲེལ་བ་ཐོགས་ཚད་ཀུན། །བདག་གིས་འདྲོངས་པར་སྨོན་ལམ་འདེབས། །སྐྱེ་འཆིའི་སྡུག་བསྔལ་ཞི་བར་ཤོག །དུས་འདིར་མཆོད་རྟེན་དམར་པོ་ནས་རྐྱེན་སེལ་འདྲ་ལ་ཡོང་དགོས་ཚུལ་གྱི་བསུ་བའི་ཡི་གེ་འདུག་ ལན་འདི་བྲིས། །དབེན་པར་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ། །ཚེ་བཙན་གོང་པའི་ངོ་བསྲུང་ཙམ་གྱི་སླད། །རྔ་བརྡུང་གཏོར་རྒྱག་མི་རྩས་མདོས་གྱེར་སོགས། །བསྒྲུབ་འབྲས་བཟོང་དུ་འཚོང་བའི་རིགས་


JLAZ014_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། ཅེས་པ་ལ་སོགས་སེམས་ལ་གང་ཤར་བཅོས་བསྒྱུར་མེད་པ་བྲིས་པའི་མཇུག་ཏུ། ལོག་པར་ལྟ་ན་ཁྱོད་ཀྱི་ལས་སུ་ཟད། །ང་རང་སྐྱེ་མེད་རང་གྲོལ་དེ་སྐད་ལོ། །ཞེས་བསྐུར་ཡང་ཁོང་འདི་སྐབས་ངོས་ལ་དག་སྣང་ཤར་བ་དང་འགྲིག་པས་ཁ་སང་དེད་ཀྱིས་དེ་སྐད་ཞུས་པ་ལ་ཐུགས་མ་འཁྲུགས་ལས་ཆེ་གསུང་ཞིང་དེ་ནས་བཟུང་ལོ་སྐོར་ལྷག་ཙམ་གཤོར་འདེགས་ཁལ་བཅུ་རེའི་འཛིན་ཐམ་བྱུང་། ངེད་བྱ་བྲལ་བ་ལ་ལྟོ་ཕྱིད་ཙམ་བྱུང་ཚེ་གཤོར་འདེགས་ཀྱི་དགོས་པ་མི་འདུག །མ་ལྡངས་མི་ཕྱིད་པ་བྱུང་ན་ཁྱེད་ཞུ་ས་བཟང་པོ་ཚོར་ཞུས་ཆོག་པ་བགྱིད་དོ་ཞེས་དངས་པ་མི་སྟོན་པའི་འཛིན་ཐམ་ཕམ་ཕུལ་བྱས་ཀྱང་། ངེད་རང་བསམ་བ་རྫོགས་པའི་སླད་དུ་ཅི་ནས་ཀྱང་ལོངས་ཤིག་ཅེས་གསུངས་པ་ལ། མཆོག་སྤྲུལ་མངའ་རིས་པཎ་ཆེན་གྱི་སྡོམ་གསུམ་རྣམ་ངེས་ལས། དད་གསུམ་ལྡན་བའི་སེམས་ཅན་དོན་མི་ཕྱེད། །སེམས་མི་བསྲུང་དང་བསླུ་བ་བཅུ་གཉིས་པ། །ཞེས་རྩ་ལྟུང་བཅུ་གཉིས་པར་གསུངས་པས་བློས་བླངས་པའི་རྫས་སྟེར་བ་པོའི་བསོད་ནམས་རྫོགས་པའི་སླད་དུ་བདག་གིར་བྱས་ཏེ་སྟོང་མཆོད་ཀྱི་མཆོད་འབྲུ། འཆི་ངེས་ཀྱི་སྲོག་བསླུ་སོགས་ཀྱི་ཆེད་དུ་བཏང་ནས། གནས་མིན་དུ། གོད་ཟག་


JLAZ014_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བྲེ་གང་ཡང་མ་བྱས། མགོན་པོ་ཀླུ་སྒྲུབ་དང་། རྒྱལ་བ་ཀློང་ཆེན་པའི་རྣམ་པར་ཐར་བ་ལ་ཡིད་ཕྱོགས་ནས་བསྔོ་སྨོན་རྣམ་དག་གི་རྒྱས་འདེབས་པ་ལས། མཆོད་ཡོན་གོ་ལྡོག་བའི་འགྱིབ་ལན་གྱིས་བརྔན་པ་དང་། ཚིག་གི་གཏང་རག་བསྐྱེད་པ་སོགས་ཕལ་ལ་མི་བགྱིད་པས་བརྒྱ་བཤིག་སྟོང་འགུགས་ཀྱི་ཐབས་ལ་རྨོངས་པར་མཐོང་བའང་འདུག་གོ །ཀ་དག་འོད་གསལ་ཆོས་སྐུའི་ཕོ་བྲང་དུ་ཉལ་བས། ཁ་བཤད་ནེ་ཚོའི་འདོན་པ་གཏིང་བརྗེད་ལ་ལངས་སོང་། །ག་ནས་བལྟས་ཀྱང་མཐོ་བ་ཨ་ཏི་ཡི་ཐེག་པ། །ང་རྒྱལ་རང་མཐོང་མ་ལགས་རྫོགས་ཆེན་གྱི་ཁྱད་ཆོས། །ཅ་གས་བསགས་པའི་ཟང་ཟིང་རི་རྒྱལ་ཙམ་ཡོད་ཀྱང་། །ཆ་མེད་བར་དོའི་འཕྲང་ལ་འཁྱེར་དབང་ནི་མི་འདུག །ཇ་སིགས་རྟ་ནོར་གསེར་དངུལ་རྨི་ལམ་སྒྱུ་མ་ཡི་རང་བཞིན། །ཉ་མོ་གང་ས་ལ་སྙག་སྙག་རི་ཁྲོད་ལ་ཕེབས་དང་། །ཏ་ན་ག་ནའི་གསང་སྤྱོད་ཉམས་མྱོང་ལ་སྦྱངས་པས། །ཐ་མལ་རིག་སྟོང་རྗེན་པའི་མཛའ་གྲོགས་དང་མཇལ་བྱུང་། །ད་ལྟ་སྣང་ཟོས་བདེ་བོའི་རྒྱང་གླུ་ཞིག་བླངས་ནས། །ན་ཆུང་མཁའ་འགྲོ་འདུ་བའི་གླིང་མཆོག་ལ་ཆས་འགྲོ། །པ་ར་རི་རའི་རྣམ་རྟོག་གཏད་མེད་དུ་སྒྱུར་ནས། །ཕ་རྒན་རིག་འཛིན་པདྨའི་རིང་ལུགས་ལ་


JLAZ014_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་པས། །བ་གླང་ལྟ་བུའི་འདུ་ཤེས་ཆོས་སྐུ་རུ་གྲོལ་སོང་། །མ་བཅོས་ལྷུག་པའི་སྤྱོད་པ་བྱུང་རྒྱལ་དུ་བསྐྱངས་བཏང་། །ཙ་རི་བསྐོར་བའི་སྙིང་རུས་སྒོམ་སྒྲུབ་ལ་མཛོད་དང་། །ཚ་གྲང་འོ་བརྒྱལ་མི་དགོས་ཆོས་སྐུ་དང་མཇལ་ཡོང་། །ཛ་ལན་དྷ་རའི་ཐུགས་སྲས་ནག་པོ་ཡི་ཞབས་ཀྱང་། །ལྦ་ལྟར་གལ་དུ་ཚུད་པའི་སྣང་ཚུལ་ལ་གཟིགས་ཤིག །ཞ་མོ་པདྨ་འཐོང་གྲོལ་སྤྱི་གཙུག་ཏུ་བཞག་པས། །ཟ་འདྲེ་ལྟོགས་འགོངས་རྣམས་ཀྱི་སྣང་བ་ཡང་འགྱུར་སོང་། །འ་ཅག་བྱིན་རླབས་ཆེ་བའི་མཐུ་ནུས་ནི་མ་ལགས། །ཡ་གི་ཟངས་མདོག་དཔལ་རིའི་ཨོ་རྒྱན་གྱི་ཐུགས་རྗེ། རྭ་བར་གཏི་མུག་སྒོམ་པའི་ཕག་ཐོམ་ནི་མ་ཡིན། །ལ་ཀླུངས་གཏད་མེད་ཉུལ་བའི་གཅན་གཅན་གྱི་བུ་རྒྱུད། །ཤ་ཁྲག་ཟས་ལ་རིངས་པའི་སྣང་ཚུལ་དང་བསྟུན་ནས། །ས་ལམ་དབུ་མའི་སྦུག་ཏུ་ཚིག་ཆོད་ལ་བཅད་བཏང་། །ཧ་ཅང་ངལ་དུ་བ་མ་དགོས་རྫོགས་ཆེན་གྱི་ལྟ་བ། །ཨ་དོན་སྐྱེ་མེད་ཀ་དག་རང་རིག་ལ་རྫོགས་འདུག །ཧ་རིའི་དྲི་བསུང་འཐུལ་བའི་ཉེ་རྒྱུ་ལ་བརྟེན་ནས། །ཨ་ཧཾ་འབར་འཛག་ཞུ་བདེའི་གསང་ལམ་ལ་ཆས་འགྲོ། །འདིའི་ཚེ་གནས་ཀྱིས་གང་ཟག་བྱིན་བརླབས་པའི་དག་སྣང་མཐའ་ཡས་པ་ཤར། རིག་པའི་


JLAZ014_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་སྣང་ཕྱོགས་མེད་དུ་རྒྱས་ནས་འཁྲིད་པ་རྣམས་ལ་རྒྱལ་ཡུམ་ཤེར་ཕྱིན་གྱི་དགོངས་པ་རང་བཞིན་ཐེག་མཆོག་རྒྱལ་པོའི་གཤིས་ལུགས་སུ་བཀྲལ་བ་སློབ་དཔོན་ནཱ་ག་རྫུནའི་དགོངས་བཅུད་ཚིག་གསུམ་དོན་བརྒྱ་མ་ཞེས་བྱ་བ་སྤྲོས་བྲལ་ལག་བཅངས་མའི་མགུར། གསོན་དང་དད་ལྡན་བུ་སློབ་རྣམས། །རིག་སྟོང་བློ་ལས་འདས་པ་ཡི། །སྨྲ་བསམ་བརྗོད་དུ་མེད་པ་དང་། །བུ་ཆུང་ལྷ་ཁང་བལྟ་བ་ལྟར། །འདུ་ཤེས་ལུང་མ་བསྟན་པ་གཉིས། །འདྲ་འདྲ་ནང་ནས་ནོར་ས་ཡོད། །བརྗོད་མེད་ཡེ་སྟོང་ཟང་ཐལ་དང་། །ལྟོས་གྲུབ་ཤེས་བྱའི་སྒྲིབ་པ་གཉིས། །འདྲ་འདྲའི་ནང་ནས་ནོར་ས་ཡོད། །སོ་སོར་རྟོག་པའི་ཤེས་རབ་དང་། །རྟོག་པས་བཏགས་པའི་རིག་ཤེས་གཉིས། །འདྲ་འདྲའི་ནང་ནས་ནོར་ས་ཡོད། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་དང་། ཉན་ཐོས་འགོག་བའི་སྙོམས་འཇུག་གཉིས། །འདྲ་འདྲའི་ནང་ནས་ནོར་ས་ཡོད། །མ་སྐྱེས་གདོད་ནས་དག་བ་དང་། །རྒྱང་ཕན་པ་ཡི་ཆད་ལྟ་གཉིས། །འདྲ་འདྲའི་ནང་ནས་ནོར་ས་ཡོད། །མི་འགག་རིག་པའི་གསལ་ཆ་དང་། །སོ་སོ་སྐྱེ་བོའི་འཁྲུལ་སྣང་གཉིས། །འདྲ་འདྲའི་ནང་ནས་ནོར་ས་ཡོད། །ནམ་མཁའི་ངོ་བོ་ཉིད་ཀློང་དང་། །ཕུར་བུ་པ་ཡི་གྲུབ་མཐའ་གཉིས། །


JLAZ014_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་འདྲའི་ནང་ནས་ནོར་ས་ཡོད། །སོ་སོ་རང་རིག་ཡེ་ཤེས་དང་། །གསལ་ཆ་མེད་པའི་མི་རྟོག་གཉིས། །འདྲ་འདྲའི་ནང་ནས་ནོར་ས་ཡོད། །རང་ཆས་ལྷུན་གྲུབ་སྤྱོད་ཡུལ་དང་། །ཐོ་ཅོ་སྨྱོན་པའི་བརྟུལ་ཞུགས་གཉིས། །འདྲ་འདྲའི་ནང་ནས་ནོར་ས་ཡོད། །དུས་གསུམ་རྒྱལ་བའི་ཡུམ་ཆེན་ལ། །དབྱིངས་ཆེན་ཀ་དག་ངོ་བོ་དང་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ལྔ། །འདུས་མ་བྱས་པའི་ཐུགས་རྗེ་གསུམ། །ཕྱོགས་རིས་མེད་པར་ཚང་བར་ཤེས། །དེ་ཕྱིར་གཉུག་མའི་དྲན་པ་ཡིས། །རྒྱུན་ཆད་མེད་པའི་ཕྱག་འཚལ་ལོ། །དགོངས་པ་ཀློང་ནས་གྲོལ་ཙ་ན། །བསླབ་གཉེར་ཟེར་བ་བརྫུན་དུ་གདའ། །ཚིག་གི་གྲུབ་མཐའ་ང་མི་འཛིན། །སྣང་བ་སྒྱུ་མར་གོ་ཙ་ན། །ཚུལ་འཆོས་ཟེར་བ་ཐོག་རེ་ཆེ། །ང་ཅག་གྲུབ་ཐོབ་བརྒྱུད་པའི་བུ། །དྲན་རྟོག་གཞི་མེད་རྩ་བྲལ་ལ། །རང་རྩིས་སྐྱེ་བ་མི་སྲིད་དེ། །ཁྱོད་ཅག་རྫོགས་པའི་སངས་རྒྱས་ཀྱི། །དགོངས་པ་རྣལ་མར་སྦྱོར་བའི་ཕྱིར། །གང་ཤར་རིག་པའི་མདའ་ཡིས་བསྐུལ། །དགེ་བས་གནས་ལུགས་རྟོགས་པར་ཤོག་ ཡང་ཆོས་ཞུ་བ་རྣམས་ཕྱི་ནང་གི་འབྱུང་བ་ལ་ཐུགས་པས་ཡིད་སྐྱོ་བ་སྙམ་བྱེད་ཅིང་དེས་འབྱུང་གི་ཕ་ཕོགས་ལ་


JLAZ014_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ན་སྐྱོ་བ་ཆོས་དབྱིངས་སུ་ཞི་བའི་གླུ། །སྐྱབས་པད་འབྱུང་རྗེ་ལ་གསོལ་བ་འདེབས། །ཁྱེད་གསོན་དང་དད་ལྡན་བུ་སློབ་རྣམས། གནས་ཉམས་དགའ་དཔལ་གྱི་མཆིམས་ཕུ་ལ། །མི་ཕལ་པས་བལྟས་ན་སྐྱོ་བསུན་ཅན། །དབྱར་ཞོད་ཆེན་གྱི་ཁང་ཁྱིམ་སྒྱེལ་ལ་ཁད། །བྲག་ཕུག་ཀུན་ཐིགས་པའི་བླ་བྲེ་བྲེས། །ས་གཞི་ཀུན་བརླན་གཤེར་གྱི་འདམ་རྫབ་མོད། རི་ཀླུངས་ཀུན་རྨུགས་པའ་གོས་ཀྱིས་གཏུམས། །བད་ཀན་དང་རླུང་གི་འདུ་འཁྲུགས་མང་། །དགུན་དུས་སུ་གང་ངར་ལྕགས་ལས་ཚ། །བྲག་སེང་ནས་ལྷགས་པའི་བང་ཆེན་མང་། །ཐལ་བ་དང་ཁ་ཆར་བུ་ཡུག་འཚུབས། །དེ་སྤྱི་མཐུན་གྲུབ་པའི་གསལ་སྣང་ཡིན། །དེད་རྣལ་འབྱོར་གྱི་དགོངས་པས་བལྟས་ཙ་ན། །འདི་རྟ་མཆོག་རོལ་པའི་ཕོ་བྲང་དངོས། །སྐྱིད་འདོད་དང་འདུ་འཛིའི་གཡེང་རྐྱེན་མེད། །ཤ་ཆང་དང་སྡིག་ཟས་གསེར་ལས་དཀོན། །ངེས་འབྱུང་དང་སྐྱོ་ཤས་དབང་མེད་སྐྱེ། །ཁྱེད་སྤུན་གྲོགས་རྣམས་རང་རིག་རྟ་གདར་ཆོད། །ཕྱི་ཡུལ་སྣང་ལ་ཁ་བའི་བུ་ཡུག་འཚུབས། །དེ་བུ་ཡུག་འཚུབ་བ་མ་ལགས་ཏེ། །སེམས་སྣང་བའི་ཡུལ་ལ་ཤོར་བས་ལན། །བློ་ནང་དུ་ཁུག་དང་སྒོམ་ཕུག་ཚོ། །རླུང་འུར་འུར་གྱི་སྒྲ་སྐད་སེམས་


JLAZ014_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཟན། །གྲང་ཟུག་གི་རེག་བྱ་སྙིང་ལ་རྒྱབ། །དེ་རླུང་ཆེན་གྱི་ཟུག་རྡུ་མ་ལགས་ཏེ། །ནང་བདེ་དྲོད་ཀྱི་ནུས་རྩལ་ཆུང་བས་ལན། །ལམ་གཏུམ་མོར་སྦྱོངས་ཤིག་སྒོམ་ཕྲུག་ཚོ། །མི་མ་ངེས་ཀྱིས་འདུག་པའི་བྲག་ཕུག་ལ། །ཉམས་གྲིབ་ཁྱི་རིག་པ་འཐིབས་སོ་སྙམ། །ནང་ལས་ཉོན་གྱི་གྲིབ་ལས་མ་གྲོལ་ན། །ཕྱི་ཡུལ་སྣང་གི་གྲིབ་ལ་བྱོལ་མི་ཚར། །དེ་བྲག་ཕུག་བཙོག་པ་མ་ལགས་ཏེ། །རིག་པ་ལ་ཀུན་གཞིའི་གྲིབ་ཀྱིས་མནན། །སེམས་རིག་གདར་ཆ་ཤོད་ཅིག་སྒོམ་ཕྲུག་ཚོ། །གནས་སྐུ་བཞིའི་གྲོང་ཁྱེར་བུ་འབྱོན་པ་ལ། །འབེམ་ལུས་སྲོགས་ནུས་པའི་སྙིང་ཁམས་དགོས། །ཕྱི་སྣང་བའི་ཡུལ་གྱི་སྐྱིད་སྡུག་ལ། །ནང་འཛིན་པའི་སེམས་ཀྱི་བྱ་ཤོར་ན། །ཆོས་བྱས་སོ་སྙམ་ཡང་སྡུག་ཡུས་ཡིན། །དཀའ་བ་དང་དུ་ལོངས་ཤིག་སྒོམ་ཕྲུག་ཚོ། །ཕྱི་འཇིག་རྟེན་སྐྱེ་བོའི་ཡ་ག་དང་། ནང་མཉམ་འགྲོགས་ཟླ་བོའི་བྱེད་སྤྱོད་དག །ཅུང་ཡིན་མིན་ཙམ་ཡང་མི་བཟོད་ན། །ཁ་ཆོས་སྐད་མཐོན་པོ་ངག་འཁྱལ་ཡིན། །སེམས་བཟོད་པ་སྒོམས་ཤིག་སྒོམ་ཕྲུག་ཚོ། །ཞེས་སྨྲས་པས་ཐམས་ཅད་སྣང་བ་འགྱུར། རབ་རྣམས་ཀྱིས་འདུ་འཛི་དང་ཡུལ་འཁོར་སྤངས། །ཆོས་ལ་འབྲོས་ཤིང་ཚེ་དང་སྒྲུབ་པ་སྙམ་པར་དམ་འཆའ་བ།


JLAZ014_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་གིས་ལོ་གསུམ་གྱི་སྒྲུབ་པའི་ཞབས་ཏོག་ཐ་མས་ཀྱང་སྔོན་འགྲོ་འབུམ་ཐེར་དང་། བླ་མའི་རྣལ་འབྱོར་འབུམ་ཕྲག་གཅིག་ནས་འབུམ་བརྒྱ་ཐམ་པའི་བར་གསོག་པའི་ལམ་སྲོལ་ཚུགས། །རང་ཉིད་ཀྱིས་ཀྱང་སྒྲུབ་ཚུགས་བཟུང་བའི་རྟེན་འབྲེལ་དང་ཁྱད་པར་མིག་ལྟོས་འིད་དང་ལའང་གཅིས་པ་ཡིན་ནོ། །དུས་འདི་ཙམ་ནས་སྤྲོས་བཅས་ཀྱི་དགེ་སྦྱོར་ལ་ཞེན་པ་རང་བཞིན་གྱིས་དག །ལུས་གནད་ཀྱང་ཅི་བདེར་གནས་པ་ཞིག་ཡོད་པས་གཞན་དག་བག་ཡངས་ཀྱི་རྟོག་པ་བསལ་བའི་སླད། རྒྱ་གར་གྱི་རིག་འཛིན་རྣམ་བརྒྱད་སོགས། །རྫོགས་ཆེན་གྱི་གྲུབ་ཐོབ་ཡོངས་ལ་འདུད། ལྟ་བ་ནམ་མཁའ་མདུང་བསྐོར་འདིས། །ཐེ་ཚོམ་གྱི་དྲ་བ་རང་སར་བཅད། །རྩོལ་མེད་ཨ་ཏིའི་དགོངས་པ་ཡིན། །ཆད་ལྟའི་རིགས་དང་མ་ནོར་བ་མཛོད། །སྒོམ་པ་ཤུགས་འབྱུང་རང་གསལ་འདིས། །བློས་བྱས་ཀྱི་ལྟ་སྒོམ་ཟིལ་གྱིས་གནོན། །ལྷུན་གྲུབ་རྫོགས་ཆེན་གྱི་དགོངས་པ་ཡིན། །སྡུག་བཙིར་འཇུར་དྲན་དང་མ་ནོར་བ་མཛོད། །སྤྱོད་པ་གཏད་མེད་རང་གྲོལ་འདིས། །རྐྱེན་ངན་དང་བདེ་སྡུག་ཟིལ་གྱིས་གནོན། །སྲིད་གསུམ་ཟིལ་གནོན་གྱི་དགོངས་པ་ཡིན། །དགེ་སྟོང་སྡིག་སྟོང་དང་མ་ནོར་བ་མཛོད། འབྲས་བུ་ཁྱད་ཆོས་དྲུག་ལྡན་འདིས། །མཚན་མའི་ཆོས་སྐུ་ཟིལ་གྱིས་གནོན། །


JLAZ014_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་བུམ་སྐུའི་དགོངས་པ་ཡིན། །ཐ་ཆད་རྒྱལ་འཕེན་དང་མ་ནོར་བ་མཛོད། །ལྟ་སྒོམ་སྤྱོད་འབྲས་བཞི་པོ་འདི། །གྲུབ་མཐའ་ཀུན་གྱི་སྙིང་པོ་ཡིན། །རྟོག་པས་བཏགས་ན་འཁྱེར་སོ་མང་། །ཤེས་པ་སྐད་མའི་མཚང་རིག་ན། །ཐ་སྙད་ཀུན་ནེ་རོའི་འདོན་པ་འདྲ། །འཁོར་འདས་ཟེར་བའི་འགལ་འདུ་ཅན། །འཁྲུལ་གྲོལ་གཉིས་ཀྱི་ཆོ་འཕྲུལ་ཡིན། །དཔྱད་ན་ལག་པའི་ལྟོ་རྒྱབ་འདྲ། །ཁྱེད་དག་སྣང་དམ་ཚིག་ལྡན་པ་རྣམས་དྲན་པ་རང་གྲོལ་ཆེན་པོའི་ཀློང་། །སྤྲོས་བཅས་ཀྱི་དགེ་སྦྱོར་ཡལ་དུ་ཆུག །ཉལ་བས་གཏན་གྱི་འདུན་མ་འགྲུབ། །ཆོས་མེད་འདི་ཆོས་པའི་ཡང་རྩེར་གདའ། །འོད་གསལ་གཉིད་ཀྱི་ཀློང་ན་གསལ། །ཉམས་རྟོགས་མལ་གྱི་ནང་ནས་རྙེད། །རྩ་མདུད་ལུས་ཀྱི་རྒྱ་ནས་གྲོལ། །སངས་རྒྱས་ཕྱི་ནས་འཚོལ་བ་དང་། །ས་ལམ་གྱི་སྒུག་སྡོད་ཡི་རེ་མུག །དབྱིངས་རིག་ཟུང་འཇུག་ཆེན་པོའི་ཀློང་། །ཡེ་ཤེས་བླ་མའི་ས་མཆོག་ནོན། །དེ་བདེན་རྫུན་གྲུབ་ཐོབ་ཡོངས་ལ་དྲིས། །འཁོར་བ་དོང་སྤྲུགས་ཀྱི་ལྗགས་བསྙེན་མཛོད། །དེ་ནས་དཔལ་གྱི་བསམ་ཡས་མཆིམས་ཕུའི་ལོ་གསུམ་གྱི་དམ་བཅའ་རྫོགས་པར་ཉེ་བའི་ཚེ་འཚོ་བ་ངན་ངོན་ལ་བརྟེན་པའི་ཁར་ཤིང་ཆུ་གདུག་པ་ཅན་གྱི་རྐྱེན་བྱས། ཚེ་རབས་སུ་བསགས་པའི་ལས་ངན་


JLAZ014_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷག་མ་དང་། དཀར་ལན་ཆགས་ཀྱི་རྣམ་སྨིན་རང་གི་ལུས་ཐོག་ཏུ་སྨིན། །རྒྱབ་ན་གླེ་གཅོང་གི་ན་ཚ་ནི་རྡོས་བརྡུངས་པ་ཙམ། མདུན་ན་ཁྲག་རླུང་གི་ཟེར་ཁ་མདའ་གཟེར་བལྟ་བུས་མནར། རྐང་པ་ལ་འབམ་གྱི་བསྣུན་གཞི་རི་ལྕི། ལུས་ཟུངས་ཐམས་ཅད་ཟད་དེ་ལོ་བརྒྱ་ལོན་པའི་རྒྱས་འཁོགས་བཞིན་དུ་ཉམ་ཐག །ལྟོ་ཆོས་ཀྱི་དང་ཁ་ཡང་འགགས། ཁ་སྟབས་ཤོར། གཟུགས་སྟོབས་འཁུམས། གོམ་གསུམ་ཕྱིན་ན་སྒྱིད་པ་འདར། ད་ལྟ་ཕྲལ་དུ་ཤི་ན་རང་ངོ་ནས་ཇོ་བོ་བཀའ་གདམས་པའི་རྣམ་ཐར་ལ་ཡིད་ཕྱོགས་ནས་བློ་ཕུགས་ཆོས་དང་ཆོས་ལུགས་སྦྲང་ལ་གཏད་ནས་གཏད་པ་བཞིའི་མགོ་ནོན་པའི་ལུགས་ཙམ་བྱས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ལ་བློ་གདེང་ཚུད་པས་ཐེ་ཚོམ་དང་འཚེར་ངད་ཅི་ལ་སྲིད་ཀྱང་། གཙོ་ཆེར་པ་མ་རྒས་འཁོངས་སྙིང་རེ་རྗེ། དེ་བཞིན་རང་ལ་སྙིང་ནས་བློ་གཏོད་པའི་ཡོན་བག་དང་འཁོར་སློབ་དད་པ་ཅན་འགའ་ཙམ་གྱི་བསམ་དོན་གྱི་རེ་བ་མ་རྫོགས། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་བསྟན་པའི་ཞབས་ཏོག་དང་། སེམས་ཅན་ལ་ཕན་རྒྱ་ཆེར་གདགས་པའི་ཡིད་སྨོན་མངོན་དུ་མ་གྱུར་པ་བློ་ལྷག་ལུས། ཨོ་རྒྱན་རིན་པོ་ཆེ་མཁྱེན་ནོ་ཞེས་ཡང་ཡང་བརྗོད། དེ་ལྟ་ནའང་རྩ་བརྒྱུད་རིག་འཛིན་རྒྱ་མཚོའི་ཐུགས་རྗེས་སེམས་


JLAZ014_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཏུ་ནད་ཀྱི་ཁུར་བཀའ་པའི་དུཁ་མྱོང་མ་དགོས་པར། ནད་ཐོག་ཏུ་རིག་སྟོང་ཀློང་གསལ་ཆེན་པོའི་མི་བཙའ་བཏབ་པས། ན་ཚ་དང་ནར་འཛིན་གྱི་དྲན་རྟོག་ཐམས་ཅད་མཐའ་གྲོལ་ཀློང་ཡངས་ཆེན་པོར་འུབ་ཀྱིས་ཆུད། གདམས་ངག་ལ་ངེས་ཤེས་སྐྱེས། རྐྱེན་ངན་ལ་བསྙེངས་མ་ཤོར། དེ་ཞི་བ་མོར་དཔྱད་ན་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ་ཅི་བྱུང་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔའི་སྟེང་དུ་མ་གཏོོགས་གཞན་དུ་མི་འབྱུང་བ་ནི། ན་བ་ལ་མཚོན་ན་གཟུགས་ལ་ན་ཚའི་ཟུག་རྔུ། ཚོར་བས་དེ་ཉིད་ཟུག་ཏུ་ཤེས་པ། འདུ་ཤེས་ནི་སྐད་ཅིག་འབྲེལ་ཆགས། །འདུ་བྱེད་ཀྱིས་ཀྱང་ན་བར་བྱེད། །རྣམ་པར་ཤེས་པས་ཟུག་གི་རང་བཞིན་ལ་སྤྱོད་པ་སོགས་སྡུག་བསྔལ་བདེ་བའི་ཆོས་ཉིད་འཕགས་པའི་ཡེ་ཤེས་ཀྱིས་ཟིལ་གྱིས་གནོན་པའི་གནད་གོ །དེའི་ཚེ་དད་པ་དམ་ཚིག་དང་ལྡན་པའི་བུ་སློབ་འདྲས་ཚོགས་བསྐངས་བགྱིས་པ་ན། རང་སྣང་དག་བའི་ནམ་མཁའི་ལ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་དབུ་སྐྲ་ཐོར་ཚུགས་ཀྱི་སྐེད་ཆིངས་སྦ་སྨྱུག་ལྷས་མ་ཅན་གྱི་བསྡམས་པ་ཞི་དང་མཇལ། དག་པའི་སྣང་བ་ཕ་ཕོགས་སུ་བྱིན། སྣང་བ་ཐམས་ཅད་བདེ་སྟོང་ཁྱད་གདལ་ཆེན་པོར་འདྲེས། གྲུབ་ཐོབ་རིན་ཆེན་པོ་ཆེས་ཚེའི་བར་ཆས་སེལ་བའི་མཚན་མར་


JLAZ014_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གོ །མོས་གུས་ལྷག་པར་འབར་བས་མགུར་འདི་བཞེངས་སོ། །རྗེ་གྲུབ་ཐོབ་ཆེན་པོ་ལ་ཕྱག་འཚལ་ལོ། །ལྟ་བའི་ཡང་རྩེ་རྫོགས་ཆེན་ཨ་ཏི་རྟོགས། །སྒོམ་པའི་མིར་མེད་ལྟ་བའི་ངང་དུ་གྲོལ། །སྤྱོད་པའི་རྒྱལ་པོ་སྒྲུབ་པའི་རྒྱལ་མཚན་བཙུགས། །ད་ནི་སྤྲང་པོ་ཤི་ཡང་མི་འགྱོད་ཙམ། །དད་གཤིན་དཀོར་ཟས་གྲིབ་གྱི་གར་བུ་ཡིས། །ཐར་པའི་གཉའ་གནོན་རྟོགས་པའི་ཞལ་རས་སྒྲིབ། །རྒྱལ་སྲས་ཀུན་གྱི་སྨད་པ་གོ་ལགས་ནས། །གྱི་ནའི་སྲོག་འཚོ་ཙམ་ལས་བག་མེད་དུ། །སྤྱད་པའི་ནོངས་པས་མ་གོས་བློ་རེ་བདེ། །དེ་ཕྱིར་ངན་དོན་ས་པའི་ཤུན་པ་ལ། །བཏུང་བ་བགྱིས་ཏེས་རྒྱ་ཇའི་བམ་པོ་དང་། །དཀོན་མཆོག་མཆོད་པའི་རྒྱུ་རུ་བསྔོས་བྱས་ཀྱང་། །གཞན་གྱི་དང་པས་བྱིན་པའི་བཏུང་བ་ཞིག །རྟོག་མེད་ངང་ལ་རོལ་པས་རྐྱེན་བྱས་ནས། །ལན་ཆགས་དཀོར་གྱི་ལ་ཡོགས་ཕྲལ་དུ་ཕོག །ནག་པོའི་ཇ་ཡིས་རྣམ་བཞིའི་འདུ་བ་དཀྲུགས། །ནམ་སྨད་གཉིད་ཀྱི་མུན་པ་སངས་པའི་ཚེ། །བྱང་ཁོག་ནང་དུ་ཁྲག་རླུང་སྟོད་འཚངས་ཞུགས། །འབྱུང་འཇུག་དབུགས་ཀྱི་འགྱུ་བའང་གཅོད་ལ་ཁད། །ལངས་ན་མི་བདེ་འདུག་ན་མི་བཟོད་ཅིང་། །འགུལ་བར་དཀའི་བའི་དུཁས་མནར་ནས་འདུག །རྐྱེན་ངན་ལས་སུ་ཤེས་པའི་སྤྲང་པོ་ངས།


JLAZ014_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཀུན་གྱི་འབྱུང་གནས་བླ་མ་དེ། །བདེ་ཆེན་འཁོར་ལོའི་གཙུག་ཏུ་གསལ་བཏབ་ནས། །མྱུར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་སྒོམ། །ན་ཚ་སྡིག་སྒྲིབ་འདག་པའི་ཕྱགས་མ་ཡིན། །དེ་ཕྱིར་བླ་མའི་ཐུགས་རྗེར་ཤེས་བྱས་ཤིང་། །ན་ཚ་བླ་མར་བསྒོམས་ཏེ་དབང་བཞི་ཟླངས། །བླ་མའང་རང་གི་སེམས་སུ་ཤེས་བྱས་ཏེ། །སེམས་ཉིད་ཡེ་སྟོང་རྩ་བྲལ་ངང་དུ་གློད། །དེ་ལ་ན་མཁན་མ་གྲུབ་ཆོས་ཀྱི་སྐུ། །ན་བ་རང་བཞིན་རྣམ་དག་ལོངས་སྤྱོད་རྫོགས། །ན་ཚ་རྟོགས་པས་ཟིལ་གནོན་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་ངང་ན་འཆིང་གྲོལ་ཟད། །རྫོགས་པ་ཆེན་པོ་གཞི་གྲོལ་ཀློང་ཡངས་དང་། །རྐྱེན་གནན་རྡོ་རུས་ཐུག་པའི་ཐུགས་རྗེ་ཡིས། །བསྙེན་སྒྲུབ་ཤིན་ཏུ་བྲེལ་བའི་ཐུན་མ་ཆོགས། །དོན་ཡོད་གྲུབ་པས་སྣུམ་གྱི་ཁ་ཏོག་སྟོན། །རུས་ཚིགས་འཁྲུམས་ཤིང་བྲང་གཞུང་འགས་སྙམ་བྱེད། །དབུགས་ཀྱི་ཕྱིལ་གཟེར་གྱིས་འཕྲེང་ཕྱུར་ཀྱང་། །སྟོང་ཉིད་ངང་དུ་ན་ཚ་བག་ལ་ཞ། །སྨན་དང་གཉེན་པོའི་དཔྱད་ལ་རེ་དོགས་སྤངས། །དེ་ཚེ་ཀུན་གཞིའི་སེམས་ལ་འིད་སྙམ་དུ། །ཆུ་བུར་ལྟ་བུའི་ཚེ་སྲོག་ཡ་མ་བརླ། །མདང་ནུབ་ཉལ་དུས་བདེ་བར་བཙལ་མོད་ཀྱི། །ནང་པར་ལྡང་དུས་


JLAZ014_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་ཀའི་ཟུག་རྡུས་མནར། །དེ་བཞིན་དོ་ནུབ་ཉལ་དུས་མིར་འདུག་ཀྱང་། །སང་ཞོགས་རོ་ལ་མི་འགྲོ་ཡིད་བརྟན་མེད། །འཆི་བ་ཡོང་ལ་དཀའ་ཚོགས་མི་འདུག་པས། །སོས་དལ་ལེ་ལོའི་དབང་དུ་མ་སོང་བར། །དེ་རིང་ཉིད་ནས་འཆི་གྲབས་ཁོ་ན་མཛོད། །ད་ལྟ་ན་ཚོད་ཡོལ་ལ་མ་ཐུག་ཀྱང་། །མི་ཚེའི་ཉི་མ་ནུབ་རིའི་ཕང་པར་ཉལ། །འཆི་བདག་མདུན་ན་བཞུགས་པ་མ་མཐོང་འདུག །ཅིས་ཀྱང་དགོས་མེད་སོགས་ཤིག་མཁྱེན་བརྩེའི་འོད། །དུག་སྤྲུལ་ནག་པོ་པང་དུ་བབས་པ་ལྟའི། ཤ་ཆང་སྡིག་པའི་ཟས་ལ་བག་མེད་བསྟེན། །བཟང་ཇ་རིན་ཐང་ཅན་འདི་དཀོར་རྔམ་ཆེ། །གྱི་ན་ཐ་ཤལ་ཙམ་གྱིས་འཚོ་བར་མཛོད། །ཆོས་རྣམས་ཀུན་གྱི་མཐའ་རྟེན་སྨོན་ལམ་ཡིན། །སྡུག་ཡུས་ཁོང་བསྟན་ཙམ་ལ་གཏད་པ་མེད། །རང་འདོད་བརྟན་པ་བྲལ་བའི་ལྷག་བསམ་གྱིས། །འཁོར་བ་དོང་སྤྲུགས་སྨོན་ཅིག་མཁྱེན་བརྩེའི་འོད། །ཅེས་དང་ཡང་། །ཨ་ཧོ། །གདོད་ནས་སྟོང་གསལ་ལྷ་སྐུ་ལ། །ཀུན་བརྟགས་བསྐྱེད་རིམ་གྱི་ལྷད་མ་འདེབས། །སྣང་ཞེན་ཕྱག་རྒྱར་རྫོགས་པའི་ངང་། །ཞལ་ཕྱག་འཛིན་ཞེན་སྒྱུར་ལ་ཞོག །འབྱུང་འཇུག་སྔགས་ཀྱི་རང་བཞིན་ལ། །ལྕེ་མཆུའི་བཟླས་བརྗོད་ཐང་རེ་


JLAZ014_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཆད། །གྲག་སྟོང་སྔགས་སུ་རྫོགས་པའི་ངང་། །སྒྲ་ཚིག་འདུ་འཕྲོ་སྒྱུར་ལ་ཞོག །དྲན་རྟོག་ཆོས་སྐུའི་རོལ་རྩལ་ལ། །སེམས་འཛིན་རྫོགས་རིམ་མདུད་པ་ཁྲོལ། །རིག་སྟོང་སྤྲོས་བྲལ་རྗེན་བའི་ངང་། །སྐྱེ་འགག་རྩིས་འདེབས་སྒྱུར་ལ་ཞོག །འཁོར་འདས་རིག་པར་རྫོགས་པ་ལ། །འོད་ཟེར་སྤྲོ་བསྡུ་རྟོག་པའི་ཆོས། །རོ་གཅིག་ཀློང་ཆེན་ཡངས་པའི་ངང་། །བཏང་བཞག་ཆེད་འཛིན་སྒྱུར་ལ་ཞོག །ལྷ་འདྲེ་སེམས་ཀྱི་ཆོ་འཕྲུལ་ལ། །བཟང་ངན་འདོར་ལེན་གཉིས་སུ་མེད། །དབྱིངས་རིག་ཟུང་འཇུག་ཆེན་པོའི་ངང་། །དམིགས་གཏད་རང་སར་སྒྱུར་ལ་ཞོག །ན་ཚི་སྒྲིབ་པའི་བུད་ཤིང་ལ། །དུཁའི་རྣམ་རྟོག་སྣ་མ་བསྐྱིལ། །ན་མཁན་དམིགས་མེད་རྩ་བྲལ་ངང་། །བདེན་འཛིན་དབྱིངས་སུ་གཏོར་ལ་ཞོག །དེ་སྐད་དུས་མཐའི་རྣལ་འབྱོར་པ། །འོག་མིན་རྡོ་རྗེའི་བྲག་ཕུག་ཏུ། །བསྙེན་སྒྲུབ་ཟབ་མོར་གཞོལ་བའི་ཚེ། གྲུབ་ལྷོངས་ཕྱི་ནང་གསང་གསུམ་གྱིས། །རྟེན་ཅིང་འབྲེལ་འབྱུང་ཚོགས་པ་ལས། །འཁྲུལ་འབྱམས་རྨི་ལམ་ཟ་ཟེར་ཐལ། །འཁུ་འགྲིགས་ལྷན་སྐྱེས་འདྲ་ཡིས་སྟོན། །བྱང་ཁོག་གློ་གཅོང་དམ་པོས་བཅིངས་། །རྣག་དྲིའི་དད་པ་ཟད་མི་ཤེས། །གློ་བུར་ཡམ་པོའི་


JLAZ014_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ཀྱིས་ཟིན། །གློ་ལུད་སྣ་ཆུད་ཙ་ར་ར། །སྐབས་ཤིག་འདུ་ས་འཁྲུགས་པའི་ཚེ། །བློ་ལ་ཤར་ནས་ཡི་གེར་བྲིས། །བློ་བྲལ་རིག་པའི་ངོ་བོ་ལ། །ན་ཚ་སྡུག་བསྔལ་མིང་ཡང་མེད། །དེ་ཕྱིར་དགོངས་པའི་རྩལ་རྫོགས་ནས། །བར་གཅོད་རྐྱེན་གྱིས་མི་བརྗི་ཞིང་། །སྒྲུབ་བ་མཐའ་རུ་ཕྱིན་ནས་ཀྱང་། །ཁམས་གསུམ་སེམས་ཅན་མ་ལུས་པ། །བདག་ཉིད་གཅིག་པོས་འདྲོངས་པར་ཤོག །ཅེས་ན་ཚ་དབྱིངས་ཐོག་ཏུ་སྙོམས་པས་གནས་ལུགས་དོན་གྱི་ཀུན་ཏུ་བཟང་པོའི་རང་ཞལ་མཐོང་། དེའི་ཚེ་ཞལ་གདམས་ཀ་ཁ་སུམ་ཅུ་མ་འདི་བྱུང་ངོ། །སྤྱིར་བོད་འབངས་ཡོངས་ལ་བཀའ་དྲིན་ཆེ། སྒོས་སྤྲང་པོ་བདག་གི་སྐྱབས་གནས་མཆོག །རྗེ་སངས་རྒྱས་ཀུན་འདུས་ཨོ་རྒྱན་རྗེར། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །བུ་ཀ་དག་སྤྲོས་བྲལ་ཕྱོགས་ཡན་ལ། །ཁ་དོག་བཟོ་དབྱིབས་མཚོན་པ་མེད། །ག་པུར་དབྱིངས་སུ་ཡལ་བ་ལྟར། །ང་བདག་རྩ་གདར་ཆོད་ལ་ཞོག །བུ་ཅ་ཅོའི་ཚིག་ལ་མ་ཞེན་བར། །ཆ་མེད་བས་མཐའི་ནགས་ཁྲོད་དེར། །ཇ་ཆང་འདོད་ཡོན་མ་བསམས་པར། །ཉ་ལྟར་རིག་པ་གཅེར་བུར་ཞོག །བུ་ཏ་ན་གྷ་ནའི་སྤྱོད་པ་འདི། །ཐ་མལ་གྱི་ལམ་དུ་མི་ལྷོངས་པས། །དྭ་ཕྲུག་ས་མཐར་འཁྱར་བ་ལྟར། །ན་དགའ་ཤི་སྐྱིད་ངང་


JLAZ014_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞོག །བུ་པ་སངས་ལྟ་བུའི་ལྷག་བསམ་གྱིས། །ཕ་རོལ་ཀུན་ལ་དག་སྣང་སྦྱང་། །བ་མོ་ཉི་མས་བཞུ་བ་བཞིན། །མ་རིག་ཡུལ་ནས་ཐོན་ལ་ཞོག །པུ་ཙ་རི་ཏྲ་སོགས་གནས་སྐོར་ལ། །ཚ་གྲང་དཀའ་སྤྱད་མི་དགོས་ཀྱི། །ཛ་ཧུའི་རྒྱུན་ལྟར་ཏིང་ངེ་འཛིན། །ལྦ་ལྟར་རིས་སུལ་འགྲིམ་ལ་སྒོམས། །བུ་ཞྭ་གོས་འོད་ཟེར་དོན་གཉེར་དང་། །ཟ་མའི་ཆེད་དུ་མ་རྒྱུག་པར། །འ་ཅག་སྐྱེ་འཆིའི་དགྲ་བོ་ལ། །ཡ་ང་མེད་པའི་སྒོམ་སྒྲུབ་རེམ། །བུར་གན་ལྟ་བུའི་བློ་རེངས་་ཀྱིས། །ལ་ཀླུང་ཁྱི་བཞིན་ཉུལ་བ་དེ། །ཤ་ཟ་འབྱུང་པོའི་གདོན་དང་འདྲ། །ས་སྡེ་གཅིག་ཏུ་སྒྲུབ་ཚུགས་བཟུང་། །བུ་ཧ་ལ་ལྟ་བུའི་རྣམ་རྟོག་འདིས། །ཨ་དོན་སྐྱེ་མེད་དོན་ལ་སྒྲིབ། །རྨ་བྱ་ལྟ་བུའི་བརྟུལ་ཞུགས་ཀྱིས། །དུག་ལྔ་ལམ་ཁྱེར་བཙན་ཐབས་སྦྱངས། །དེ་སྐད་གེགས་སེལ་ཉམས་ཀྱི་གླུ། །བློ་འདས་ཀུན་ཏུ་བཟང་པོ་ཡིས། །བུ་གཅིག་མཁྱེན་བརྩེའི་འོད་ཟེར་ལ། །འོག་མིན་རྡོ་རྗེའི་བྲལ་ཡུག་ཏུ།་ །མར་ངོའི་ཚེས་བཅུའི་ཐོ་རངས་ཁ། །གསལ་རིག་རྗེན་པའི་ངང་ནས་སྩལ། །ཉི་ཤར་ཡི་གེའི་ལམ་དུ་བཞག །སེམས་ཅན་ཀུན་ལ་ཕན་ཐོགས་ཤོག །ཞེས་སོ། །དེ་ནས་སྦྱིན་པའི་བདག་པོས་ཚེ་རིང་ལྗོངས་བྱང་ཆུབ་ལྗོན་པའི་ཚལ་དུ་གནས་ཁང་ཀ་བ་ཉི་ཤུའི་ས་བཀོད་ལེགས་པར་བསྐྲུན་པའི་ས་འདུལ་གྱི་ཆེད་དུ་དཔལ་ཆེན་


JLAZ014_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོའི་ཏིང་འཛིན་ཡེ་ཤེས་ཀྱི་རོལ་པ་རྣམ་པར་བཀོད་པའི་རྩལ་ལས་རང་ཤར་བའི་རིགས་ལྔ་ཡི་ཤེས་ཀྱི་ཌཱ་ཀྐིའི་བྲོས་སྦྱངས་ཤིང་། སྒོམ་ཆེན་དྷ་རྨཱའི་མཚན་གྱིས་བྱ་ཁྲུང་གཱ་རུ་ན་བསྒྲུབས་པས་ས་གཞི་ལས་སུ་རུང་བར་བྱས། གཞི་དེར་ས་བདག་གདུག་པ་ཅན་གནས་པའི་ཅལ་སྒྲོགས་ལ་བརྟེན་ནག་པོའི་ཕྱོགས་ཀྱིས་ཡིད་ལ་ཟུག་རྡུར་གྱུར་པའི་སྐྱེ་བོ་སྣང་བ་ལ་ཤིན་ཏུ་བདེན་པར་འཛིན་པ། གྱ་གྱུ་དང་བཅས་ཤིང་། གཏི་མུག་གི་རང་བཞིན་ལ་ཁོར་ཁོར་ཡུལ་ཏུ་སྤྱོད་པ་གང་ཞིག་གིས་ཡིད་ལ་འཕྲིགས་པ་མི་བཟོད་པ་བཀུར་ནའང་། ཡུལ་བདག་སྲིད་པའི་ལྷ་རབས་མ་སངས་གཡའ་སྤང་སྐྱེས་གཅིག་མི་དཀར་གྱོན་པ་ནེམ་སོང་ལ་ལྦའི་ཞྭ་ཐོད་ཅན་ཞིག་ཏུ་བྱས་ནས་ཅོག་ཅོག་ཅིག་གི་ཁར་རྡོར་དྲིལ་ཐོད་རྔ་དང་བཅས་པ་ཚར་གཉིས་བཞག་པ་ངོས་ལ་བཏུད་དེ་ཕུལ་རྗེད་དར་དཀར་གྱི་གཡབ་མོ་དང་བཅས་སོང་། །བརྡ་དོན་ལ་རྣམ་པར་དཔྱད་དེ་ཉེས་སྐྱོན་མེད་པར་སྟངས་བཅད། གནས་གཞི་གེགས་མེད་དུ་གྲུབ་སྟེ་ཡུན་དུ་གཏན་ཆགས་དགོས་པར་གསོལ་བ་འདེབས་པ་ལ། ག་རེ་བྱ་བཏང་ལ་གན་ཀྱི་འཁྱེར་སོ་མ་དགོས་མོད་ཀྱི་དགོས་པ་ཁྱད་པར་བ་དང་ལྡན་པ་ལ་དགོངས་ནས་སངས་རྒྱས་ཀྱི་གཞི་འཛིན་པའི་བསླབ་པའང་བཅས། གནས་ལ་སྲེད་པ་དང་རྟག་འཛིན་སྤོང་ཕྱིར་ལྗོངས་གྱུ་བའང་གསུངས།


JLAZ014_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རིག་པ་ལ་གཏན་སྲིད་ཟིན་པའི་རྣལ་འབྱོར་པ་གང་བྱས་ཀྱང་བདེ་སྙམ་པའི་ཚེ། རྨི་ལམ་གྱི་སྣང་ཆ་རྫུན་པོ་ཆེར་འཕྱིང་དབར་སྟག་རྩེའི་ཕོ་བྲང་ཡིན་རྒྱུའི་སེང་གཡེངས་ཁ་ཤར་བལྟ་དེར། རྒོད་ཚང་བ་སྣ་ཚོགས་རང་གྲོལ་བཞུགས་ཁྲི་མཐོན་པོ་ཞིག་ཁར་བཞུགས་ནས་ཕྱོགས་དེར་སྤྱན་ཕུར་ཚུགས་སུ་གཟིགས་ཤིང་ཕྱག་མཉམ་པར་བཞག་པ་ཞིག་མཐོང་བས་དུས་ད་ལྟ་བ་དང་མ་འོངས་པའི་ལུང་བསྟན་གཉིས་ཤེས། སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་ཆུང་ཟད་ཕན་ནམ་སྙམ་སྦྱིན་པའི་བདག་པོ་ལའང་དེ་དེ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་སྤྲོ་བ་བསྐྱེད། ལམ་གླུ་རིང་མོ་འདི་ཡང་བྱས་སོ། །ཀ་ལ་པིངྐའི་ལུང་བསྟན་དྲིན་ཅན་བླ་མས་གནང་བྱུང་། །ཁ་སྨྲས་གླེང་གཞིར་འཇིགས་ན་རྣལ་འབྱོར་དབང་པོ་མ་ཡིན། །གནས་བསམས་ཀྱང་ད་ནི་རེ་དོགས་མཐའ་ལས་གྲོལ་སོང་། །ང་ཅག་པདྨའི་བུ་བརྒྱུད་ལས་འཕྲོས་དཔའི་གང་ཟག །ཅ་ཅོ་བྲག་ཅའི་སྒྲ་ལ་ཁུ་ལན་བྱིས་པས་སྦྱིན་ཡོང་། །ཆ་ལུགས་པ་ལྟར་སྣང་ངན་ཡང་འཕགས་བའི་ནོར་གྱིས་ཕྱུག་པས། །ཇ་ཆང་སྒྱུ་མའི་ནོར་ལ་ཆགས་སྲེད་ཞེན་པ་མི་གདའ། །ཉ་ལྟར་ཆགས་མེད་ཞེན་མེད་གྲུབ་ཐོབ་གོང་མའི་ཤུལ་ལམ། །ཏ་ཐཱ་ག་ཏའི་བསྟན་པ་དེང་སང་བོད་ན་དར་ཀྱང་། །ཐ་དད་ཟུང་དུ་འཇུག་པའི་གསང་


JLAZ014_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཉེ་ལམ་མི་ཤེས། །ད་ལྟ་ཤི་ཡང་མི་འགྱོད་གདེང་ཆེན་བློ་ལ་ཁོལ་འདུག །ན་འཆི་རྐྱེན་ངན་བྱུང་ཡང་རང་རིག་སྐྱེ་མེད་སྤྲོས་བྲལ། །པ་སངས་ལྟ་བུར་དཀར་བའི་དག་སྣང་ཁྱེད་ཀྱིས་སྦྱངས་དང་། །ཕ་མ་འབྲེལ་ཐོགས་ཀུན་ལ་སྨོན་ལམ་འན་བུས་བཏ་ཆོག །བ་ལང་ལྟ་བུའི་སྐྱེ་འགྲོ་དབང་པོ་རྣམ་རིག་གཙང་ཡང་། །མ་རིག་རྨོངས་པའི་མལ་དུ་ངན་སོང་སྒྲུབ་པ་སྙིང་རྗེ། །ཙ་ར་ཟན་གོང་གཟོད་པའི་གྲོང་སྔགས་སྡིག་ཅན་རྣམས་ཀྱང་། །ཚ་གྲང་དམྱལ་བ་མྱོང་དུས་འོ་བརྒྱལ་ཅི་འདྲ་བྱེད་པ། །ཛབོྷྱ་རྦད་བའི་དྲག་སྔགས་གྲོང་ཁྱེར་ཧྲལ་པོའི་རྒྱན་ཆ། །ལྦ་ལྟར་ཕུགས་སུ་ཡིབས་བ་བྱང་ཆུབ་སེམས་དཔའི་ཤུལ་ལམ། །ཞྭ་མོས་གྲུབ་མཐའ་འཛིན་པ་སྙིགས་མ་ལྔ་བོད་དུས་རྟགས། །ཟ་ལན་ཚོགས་གསོག་རིམ་པ་ལྔ་བརྒྱ་ཐ་མའི་དགེ་རྩ། །འ་ཅག་བསྐྱེད་རྫོགས་ཟུང་འབྲེལ་ཚོགས་གཉིས་མཉམ་རྫོགས་བྱས་ནས། །ཡམཱནྟ་ཀ་བྱུང་དུས་པདྨ་འོད་དུ་དེངས་འགྲོ། །ར་གན་གསེར་གྱིས་གཡོགས་པའི་ཚུལ་འཆོས་བསླུ་བྲིད་མི་ཤེས། །ལྭ་ལྦ་ལྟ་བུར་རྒྱུ་སྤུན་ཕྱི་ནང་མེད་པར་བྱས་ནས། །ཤ་ཟ་སྲིན་པོས་བསྐོར་བའི་རྔ་ཡབ་པདྨ་འོད་ཀྱི། །ས་འཛིན་དག་པའི་སྤོ་ལ་པད་འབྱུང་མཇལ་བར་དེངས་འགྲོ། །ཧ་ལའི་བློ་ངན་འཆང་བའི་སྐྱེ་འགྲོ་


JLAZ014_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བ་དཀའ་ཡང་། །ཨ་དོན་སྐྱེ་མེད་སྒོམས་ཚོ་རིང་ལྗོངས་ལ་ཞུས་ནས། །སྐུ་གསུམ་རྩལ་ཆེན་རྫོགས་པ་བདེ་བ་ཆེན་པོའི་ཕོ་བྲང་། །ཀུན་རྟོག་དབུ་མར་ཐིམ་པ་འོད་གསལ་ཆེན་པོའི་འཆར་གཞི། །འཁོར་ལྔའི་མདུད་པ་གྲོལ་བ་ལྷན་སྐྱེས་ཕོ་ཉའི་གར་མཁན། །སྨོན་ལམ་རྣམ་པར་དག་པའི་ཞིང་མཆོག་ཉིད་ལ་དེངས་འགྲོ། །ཞེས་ཀྱང་སྨྲས་སོ། །དེར་ལོ་གསུམ་གྱི་དམ་བཅའ་ནི་མཐར་ཕྱིན། །གནས་དེ་ཉིད་དུ་འདུག་རིང་རང་གིས་ཟས་ཕུད་ཐུད་ནས་བཅད་དེ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་ལ་བྲག་དམར་ཀེའུ་ཚང་དུ་མཆོད་པ་ལྔ་ཚར་མར་མེ་དང་བཅས་པ། སྣྲོན་དང་སག་གཉིས་ལ་བརྒྱ་མཆོད་ཆ་རེ་རེ་མ་ཆག་པ་དང་། བླ་མ་དགོངས་འདུས་ཀྱི་སྨན་སྒྲུབ། ཚོགས་ཀྱི་འཁོར་ལོ་ཁྲི་ཚོར་ཉེ་བ། མཁའ་འགྲོའི་མེ་མཆོད་མང་ཙམ་དང་། གྲོལ་བའི་ཁ་སྐོང་བཅས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལས་བཞིའི་སྦྱིན་སྲེག་སོགས་སྤྲོས་བཅས་ཀྱི་ཚོགས་གསོག་ཀྱང་ཅི་ནུས་བགྱིས། ཤི་གསོན་གྱི་དངོས་པོ་ཆུང་ཟད་འབྱོར་བ་ཡང་དཀོར་ལ་ཇི་མི་སྙམ་པའི་བརྟུལ་ཞུགས་ཀྱི་གནས་མིན་དུ་གོད་ཟེག་ཕྲན་བུའང་མ་བྱས་པར་མར་ཐོག་ཏུ་བརྗེས་པས་སྟོང་མཆོད་ཀྱི་མར་ཡོངས་རྫོགས་འདེངས། འདབ་ལྡན་གཡུང་དྲུག་འཁྱིལ་པའི་ཚལ་དུ་དགེ་བསྐུར་གྱི་སྤྲོ་བ་བསྐྱེད་དེ་མཆོད་རྩམ་མཆོད་འབྲུ་ཡོངས་སུ་རྫོགས་པའི་རྐྱེན་སྦྱར་སྤྲེལ་ཟླའི་ཆོས་བརྒྱད་ལ་འབུ་


JLAZ014_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཤུབས་ནས་ཐོན་པ་བཞིན་དུ་མི་འགྱུར་ལྷུན་གྱིས་གྲུབ་པའི་གནས་སུ་ཕྱིན། ཞིང་པ་རྣམས་ཐན་པས་ཉམ་ཐག་པ་ལ་ཕན་དུ་རེ་བའི་སེམས་བསྐྱེད་ཁོ་ནས་ཧས་པོ་རིའི་རྩེ་ནས་བསངས་བརྔན་དང་བཀའ་ནན་རབ་བརྗིད་བྱེད་པའི་ལུགས་བྱས་པ་ལྷ་འདྲེ་རྣམས་ཁྲེལ་དགོད་མི་བྱེད་ལས་ཆེ། ཚེས་བཅུའི་ཉིན་སངས་རྒྱས་དངོས་དང་མཚུངས་པའི་ཇོ་བོ་བྱང་ཆུབ་ཆེན་པོའི་སྐུ་མདུན་དུ་སྟོང་མཆོད་ཀྱི་སྤྲིན་ཀུན་ཏུ་བཟང་པོའི་མཆོད་པའི་རྣལ་རོལ་དུ་རྒྱས་ཐེབས་པར་བྱས། གནས་སྐབས་དང་མཐར་ཐུག་ཀུན་དུ་བསྟན་པ་དང་སེམས་ཅན་གྱི་སྨན་ཡོན་བླ་ན་མེད་པར་འགྱུར་ཞིང་། རང་ལ་ཤི་གསོན་གྱི་འབྲེལ་པར་ཐོགས་པ་མཐའ་དག་བྱང་གྲོལ་རྣམ་མཁྱེན་གྱི་གོ་འཕང་ལ་འགོད་པའི་སྨོན་ལམ་རླབས་པོ་ཆེ་བཏབ། བར་ཁང་གཡུ་ཞལ་དུ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་ཚེ་མཁན་སློབ་རྗེ་འབངས་རྣམས་ཀྱི་ཐུགས་རྗེ་དང་སྐྱོ་བའི་ཉམས་ཤིན་ཏུ་འཕེལ་བ་བྱུང་། དུས་དེའི་ཚེ་རང་གི་ལུས་ལ་མནབས་པའི་གྱོན་པ་དང་། དཔེ་ཆ་ཙམ་ལས་གཞན་པའི་ཟང་ཟིང་ཅི་ཡང་མི་འདུག་པས། བྱ་བྲལ་ཀུན་སྤངས་པའི་མིང་གདགས་སུ་རུང་བ་ཙམ་ཡོད། གང་ཞིག་སྲིད་པའི་གྲིང་ཁྱེར་འདི། །ཆགས་པ་ཙམ་ནས་འཇིག་པའི་ཆོས། །དེ་ཕྱིར་མ་དང་བུ་གཅིག་པུ། །བྲལ་བའི་སྡུག་བསྔལ་གཟུགས་གྱུར་ན། །སྙིང་ཡང་


JLAZ014_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་པར་འགས་པ་ལྟའི། །ཆོ་ངེ་འདོན་པ་དེ་ཡི་སེམས། །དབུགས་འབྱིན་སླད་དུ་འདི་གདམས་སོ། །ཕ་དྲན་པས་སྙིང་གི་མུན་སེལ་མཆོག །དཔལ་ཨོ་ཌི་ཡ་ནའི་སློབ་དཔོན་རྗེས། །དུས་སྙིགས་མའི་སེམས་ཅན་བསྐྱབ་ཏུ་གསོལ། །ཁྱེད་ཚུར་ལ་གསན་དང་དད་དམ་ཅན། །སྤྱིར་འཁོར་བ་སྡུག་བསྔལ་རྒྱ་མཚོ་འདིར། །བློས་ལེགས་པར་བརྟགས་པ་ན་སྙིང་རླུང་ལྡང་། །སྟོད་ཡ་གི་སྲིད་པའི་རྩེ་མོ་ནས། །སྨད་ན་རག་དམྱལ་ཁམས་བཅོ་བརྒྱད་ཡན། །སྡུག་བསྔལ་རྒྱུ་ཆགས་ཀྱི་འཁྲུལ་འཁོར་ཅན། །དེ་མ་རིག་ཁམས་གསུམ་སེམས་ཅན་ཀུན། །བདེ་འདོད་སྡུག་བསྔལ་གྱི་ས་བོན་འདེབས། །སེམས་སྐྱོ་ཤས་དང་ངེས་འབྱུང་མ་སྐྱེས་པས། །བློ་དམ་པའི་ཆོས་ལ་འགྱུར་མ་ཉན། །སྡུག་བལྟར་སྣང་ཚེ་འདིའི་འདུན་མ་ལ། །གཏམ་ཐ་ཤལ་ཙམ་གྱི་རྗེས་འབྲངས་ནས། །ཞེན་ཆགས་ཀྱི་འཁོར་ལོ་བསྐོར་ཆེས་པས། །སྡུག་བསྔལ་རྣལ་གསུམ་གྱི་རྒྱལ་ཚུད། །དེ་དམ་ཆོས་མ་ནུས་པ་ཁོ་ནས་ལན། མི་ཁོ་བོའི་ཐ་ཤལ་དུ་བས་ནའང་། །གཞོན་ནུའི་ལང་ཚོ་གསར་བ་ནས། །སྐྱོ་ཤས་དང་ངེས་འབྱུང་ཁོ་ན་བསམས། །ནམ་འཆི་ཆ་མེད་ཀྱི་བློ་སྣ་བསྟུངས། །ཅིས་ཀྱང་དགོས་མེད་ཀྱི་སེམས་ཐག་བཅད། །གཏམ་ཁེ་གྲགས་ཀྱི་ཕྱོགས་སུ་སེམས་མ་བཏང་། །ན་དགའ་ཤི་སྐྱིད་ལ་སྐྱབས་གནས་བཅོལ། །རང་བྱུང་གི་གནས་


JLAZ014_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་བརྗོད་མེད་བསྐྱངས། །རི་སུལ་དང་དབེན་གནས་གཉན་པོ་འགྲིལ། །སྔར་མི་ལོ་བཅུ་གཅིག་སྒྲུབ་པར་འབུངས། །དུས་ད་ལྟ་དགོངས་པའི་བཙན་ས་ཟིན། །རྐྱེན་ངན་དང་སྡུག་བསྔལ་ཅི་བྱུང་བྱང་། །རང་ཤར་རང་གྲོལ་དུ་ལམ་གྱིས་ལྷོངས། །སྒྱུ་མ་དང་རྨི་ལམ་ལྟ་བུར་འབྱོངས། །བདེ་སྡུག་ཀུན་འདོ་གསལ་སྟོང་བ་ཉིད། །ཁྱོད་འཇིག་རྟེན་བ་སྡུག་བསྔལ་རང་རྒྱུད་ལ། །བཟོད་དུ་མེད་པར་སྤྱོད་པ་འདི། །དོན་རང་སེམས་ལྐོག་ཏུ་གྱུར་བསལ་ན། །ད་སྡུག་བསྔལ་སྤངས་པས་འཕོངས་པ་མེད། །སྡུག་བསྔལ་ཤར་བའི་མཁན་པོ་ལྟོས། །དེས་སྡུག་བསྔལ་གྱི་རང་མཚང་ངེས་པར་འཇིག །སྡུག་བསྔལ་ལ་རྟོག་པས་བརྟགས་པ་ན། །འཁོར་བའི་རང་བཞིན་སྡུག་བསྔལ་ཏེ། །སྔོན་བདེ་སྐྱིད་ཕུན་སུམ་ཚོགས་པའི་དུས། །ཉེས་མེད་དུ་རྒྱལ་པོ་ཆད་པས་མནར། །དགོངས་ཕོག་གི་འཕོ་འགྱུར་ཅིར་ཡང་ཤར། དེ་འགྱུར་བའི་སྡུག་བསྔལ་ཆེན་པོར་གྲགས། །དུས་གཏན་དུ་ཚེ་འདིའི་ཁེ་གྲགས་ལ། །ཆགས་ནས་དགྲ་འདུལ་གཉེན་སྐྱོང་སོགས། །ལུས་སེམས་ལ་བདེ་བའི་སྐམས་མི་རྙེད། །ཕྲལ་བལྟར་སྣང་བདེ་བར་སྣང་བ་ཀུན། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བལྟར་མི་མངོན། །དུས་ད་རེས་སྙིང་ལ་བརྩེ་བའི་སྲས། །སྔོན་ལས་དབང་གི་བདེན་པ་མཐུ་ཆེ་བས། །དུས་གློ་བུར་སྐུ་ཚེ་བཏང་བ་དེས། །སེམས་བཟོད་བླག་མེད་


JLAZ014_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟུག་རྡུས་བཅིངས། །དུས་ཉིན་མཚན་བར་མེད་དུཁས་མནར། །འདི་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་སུ་གྲགས། །ཚུལ་དེ་ཕྱིར་སྡུག་བསྔལ་གསུམ་པོ་འདི། ཁོང་སེམས་ཅན་ཀུན་གྱི་གཉའ་ན་འདུག །འདི་གཞན་མིན་ཞིག་རང་ལ་འབྱུང་བའང་མིན། །སྔར་ཆོས་རྒྱལ་བཙུན་མོ་འབྲོམ་བཟའ་ལ། །སྲས་གཅིག་ལས་མེད་པའི་པདྨ་གསལ། །ཡབ་གཅེས་པའི་ངང་ཚུལ་མ་བཟོད་བཞིན། །དབང་མེད་དུ་འཇིག་རྟེན་ཕ་རོལ་སོང་། །ཕ་ཨོ་རྒྱན་ཆོས་རྗེའི་ཐུགས་རྗེ་ཡིས། །རོ་ལ་རྣམ་ཤེས་བཀུག་པའི་ཚེ། །མིག་བལྟ་ཞིང་སྨྲ་བ་ཤེས་ནའང་། །ཚེ་ཟད་པ་བསྲིང་བའི་མཐུན་མེད་པས། །ཞག་གཅིག་ཀྱང་བསྡད་དབང་ག་ལ་ཡོད། །དུས་དེ་ཚེ་རྗེས་སུ་བཟུང་བའི་མཐུས། །དག་མ་དག་གི་སྐྱེ་བ་མང་རྒྱུད་མཐར། །སྔོན་སྨོན་བའི་འབྲས་བུ་སྟོངས་གྱུར་ནས། །རིག་འཛིན་གྱི་ཟློས་གར་ལས་འབྲེལ་རྩལ། །ལོ་བཅུ་བདུན་ཙམ་ནས་སྙིང་ཐིག་བཏོན། །ཁོང་ལས་ཅན་ཡོངས་ལ་སྤེལ་རྒྱུ་ལ། །གློ་བུར་བདུད་ཀྱི་ཆོ་འཕྲུལ་མཐུས། །གཉལ་རྒྱ་འགྲོ་ལ་ཡི་རྩེ་མོ་རུ། །མཚོན་སྣ་ཚོགས་ཀྱི་ཆར་པ་ཕབ་ནས་དཀྲོངས། །ཁོང་ལྷོ་བྲག་མར་པ་ཐུགས་བརྩེ་ཞིང་། །ལུས་ཤ་ནས་ཆད་པའི་སྙིང་གི་བུ། །སྲས་དར་མ་མདོ་སྡེ་སྐད་བ་དེ། །རྐྱེན་དྲག་ཤུལ་ཅན་གྱི་རྟ་གྲིར་བཀུམས། །དབུ་ཀླད་ས་ལ་བཀྲམ་ནས་གཤེགས། །རྗེ་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཞེས། །བོད་བདེ་སྐྱིད་འབྱུང་བའི་ཡིད་བཞིན་ནོར། །སྐུ་བལྟ་བས་


JLAZ014_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་མི་ཤེས་པ་དེ། །ས་མཐར་དྭ་ཕྲུག་བཞིན་དུ་ཐལ། །ཚུལ་དེ་ཕྱིར་ལས་དང་དེ་འབྲས་ནི། །བྱང་སེམས་དང་འཕགས་པས་ཀྱང་བདག་གིར་མཛད། །མགོན་ཤཱཀྱ་ཐུབ་པའི་ཞབས་པད་ལ། །སེང་ལྡེང་གི་ཚལ་བུས་གནད་ཚུལ་བཞིན། །ལས་སུས་ཀྱང་བཅོས་སུ་མི་ཏུབ་པ། །དེ་བདག་གིར་བཞེས་ལ་ཐུགས་ཁྲལ་བསྐྱངས། །བོད་གངས་ཁྲོད་ཀྱི་ཆོས་པ་མི་ལ་དང་། །དྭགས་པོ་ཟླ་འོད་བརྒྱུད་པར་བཅས། །ཀློང་ཆེན་དང་ཟུར་པ་མེས་བདོན་སོགས། །གསར་རྙིང་གི་གྲུ་ཐོབ་ཕལ་མོ་ཆེ། །རྐྱེན་ངན་ལ་བརྟེན་ནས་ཆོས་དང་མཇལ། །སྡུག་བསྔལ་ལ་བརྟེན་ནས་དངོས་གྲུབ་ཐོ། །འཁོར་གསུམ་སྟག་ཆས་ཀྱི་དྲུང་འཁོར་དང་། །གསེང་གཡུའི་ལན་ཚར་གྱི་སྒེག་ཆོས་ཅན། །སྟོབས་འབྱོར་མངའ་ཐང་གིས་དྲེགས་པ་འདིས། །དུས་གཏན་གྱི་འདུན་མ་བསླུ་བསླུ་འདྲ། །མི་ཕལ་ཆེར་དུད་འགྲོ་དངོས་དང་མཚུངས། །འདིར་རྨི་ལམ་ཙམ་གྱི་འདུན་མ་ལ། །རྟག་ཆས་སུ་བཟུང་ནས་གཡོ་སྒྱུས་འཚོ། །ཚེ་གཏན་གྱི་འདུན་མ་ཉེས་པ་ལ། །དོགས་པ་ཙམ་ཡང་བྱེད་མཁན་མེད། །དུས་རྒྱལ་བའི་གསུང་རབ་རྒྱ་མཚོ་མཐོང་། །རྟག་པར་བྱང་ཆུབ་སེམས་མཆོག་བསྐྱེད། །རང་བྱུང་གི་གནས་ལུགས་རྟོགས་པའི་མཐུས། །འཁོར་འདས་ཀྱི་གནད་མཚང་རིག་བ་དེས། །དུད་འགྲོའི་ཁྲོད་ནས་ཅང་ཤེས་ཙམ། །སྐྱིད་སྡུག་མདང་གི་རྨི་ལམ་འདྲ། །མདང་ནུབ་བདེན་ཀྱང་དེ་རིང་ཡལ། །དེ་ལ་དགོངས་ནས་ཐུགས་ཁྲལ་བསྐྱུངས། །


JLAZ014_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་བློ་རྩེ་ཐོད། །དམ་པའི་ལྷ་ཆོས་སྙིང་ལ་ཕུར། །ད་ནི་དུས་ངན་སྙིགས་མའི་དུས། །སུ་ལ་བལྟས་ཀྱང་བློ་སྣ་སྐྱོག །གང་ལ་གཞིགས་ཀྱང་སྙིང་པོ་མེད། རི་སུལ་འགྲིམ་པའི་རྣལ་འབྱོར་ལ། སེམས་ཅན་མོས་པ་ཐ་དད་ཀྱང་། །སྨོན་ལམ་ཕྱོགས་རིས་བྲལ་བར་འདེབས། །ལས་ཀྱི་བསྡུས་པའི་འཁོར་སློབ་དང་། །གློ་སྙིང་གཏོད་པའི་ཡོན་བདག་ཀུན། །དམ་པའི་ཆོས་ལ་བློ་ཕྱོགས་ནས། །གཏན་འདུན་ཚེ་འདིར་འགྲུབ་པར་ཤོག །སྒྲུབ་པ་ནན་ཏན་དང་འབྲེལ་བའི་སྐོར་ཏེ་སྐབས་གཉིས་པའོ། །ད་ནི་བྱ་བ་ལས་ཀྱི་འཁོར་ལོ་དང་འབྲེལ་བའི་གཏམ་བཤད་པར་བྱ་སྟེ།


JLAZ014_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་ཐར་སྒྲུབ་པ་ནན་ཏན་དང་འབྲེལ་བའི་སྐོར་ཏེ་སྐབས་གཉིས་པ།next