Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
ཞུ་ལན་སྨན་མཆོག་བདུད་རྩིའི་འཕྲེང་བ
   
   
   
   
   
   


 
previousཞུ་ལན་སྨན་མཆོག་བདུད་རྩིའི་འཕྲེང་བ next

ཞུ་ལན་སྨན་མཆོག་བདུད་རྩིའི་འཕྲེང་བ


JLD001_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཞུ་ལན་སྨན་མཆོག་བདུད་རྩིའི་འཕྲེང་བ་བཞུགས་སོ། །


JLD001_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ། གངྒཱ་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གསང་བདག་རྡོ་རྗེ་འཆང་ཆེན་པོ་ཁྱེད་ནི། གླང་པོ་ཆེའི་རྣ་བ་ཅན་ཡིན་པས། ཐེག་པའི་ཡང་རྩེ་ཞིག་བསྟན་དུ་གསོལ། ཁྱེད་ནི་བཟང་པོའི་རྒྱན་དང་ལྡན་པ་ཡིན་པས། ལྟ་བ་མི་མཐུན་པ་ཟིང་ཟིང་བ་ཐམས་ཅད་སྤངས་པའི་ཡང་དག་པའི་ལྟ་བ་ཞིག་བསྟན་དུ་གསོལ། ཁྱེད་ནི་རྣམ་པར་གནོན་པ་ཡིན་པས། ལྟ་སྒོམ་སྤྱོད་གསུམ་ལ་ཐེ་ཚོམ་གྱི་དྲ་བ་གཅོད་པའི་ཆོས་ཤིག་བསྟན་དུ་གསོལ། ཁྱེད་ནི་རིན་པོ་ཆེའི་འབྱུང་ཁུངས་ཡིན་པས། ཞི་གནས་དང་ལྷག་མཐོང་


JLD001_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བའི་ཆོས་ཤིག་བསྟན་དུ་གསོལ། ཁྱེད་ནི་བདེན་པའི་སྤྲིན་ཡིན་པས་ཉོན་མོངས་པ་རྣམ་པར་རྟོག་པའི་མེ་འབར་བ་གསོད་པའི་ཆོས་ཀྱི་ཆར་ཆེན་པོ་དབབ་པའི་གདམས་པ་ཞིག་བསྟན་དུ་གསོལ། ཁྱེད་ནི་འབར་བའི་མེ་ལྕེ་ཅན་ཡིན་པས། དངོས་པོ་དང་མཚན་མར་འཛིན་པའི་བུད་ཤིང་སྲེག་པའི་གདམས་པ་ཟབ་མོ་ཞིག་བསྟན་དུ་གསོལ། ཁྱེད་ནི་གཟུགས་མཛེས་པ་ཡིན་པས། ཟག་མེད་ཀྱི་བདེ་བ་སྐྱེ་བའི་གདམས་ངག་མཐོང་བས་མིག་མཆི་མས་གང་བའི་གདམས་པ་ཞིག་བསྟན་དུ་གསོལ། ཁྱེད་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་པས། དབང་པོ་རྣོན་པོའི་རྟེན་གྱི་གང་ཟག་གིས་


JLD001_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་ཆོད་ཅིང་དོན་རྟོགས་པ། བླུན་པོ་བ་གླང་རྫིས་ཀྱང་ཚིག་ཟིན་ཅིང་དོན་རྟོགས་པའི་ཆོས་ཁ་གསལ་ལ་ཚིག་ཉུང་བ་དོན་རྒྱ་ཆེ་བ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་མྱུར་དུ་རྟོགས་པའི་ཆོས་ཅན། མ་ཏི་བྷ་དྲ་ཤྲཱིས་ཞུས་པ་དང༌། བདག་ལས་ཀྱི་རྡོ་རྗེས་གསོལ་བ་བཏབ་པའི་དོན་དུ་གདམས་པ་ཐུན་མོང་མིན་པ་ཞིག་བསྟན་དུ་གསོལ། ཞེས་ཞུས་པ་དང༌། བདག་ལ་རོ་ཐུན་མོང་མིན་པ་སོ་ཕྲག་ནས་བབས་ལྕེའི་སྟེང་དུ་འཁྱིལ་ཏེ་མིད་ཚད་བྱུང་བས། དེ་བླ་མ་ཁྱོད་ཀྱི་ཐུགས་རྗེ་ཡིན་པ་འདྲ། སྐུ་གཟུགས་མི་སྟོན་པའི་གཞོམ་མེད་ཀྱི་སྒྲ་འདི་སྐད་གསུང༌། ལས་ཀྱི་རྡོ་རྗེ། མ་ཏི་བྷ་དྲ་ཤྲཱི་ལ་ངའི་གསང་ཚིག་འདི་རྣམས་རྣ་བར་སྐྱོལ། ཡབ་ཀུན་ཏུ་བཟང་པོའི་དགོངས་པ། ཡུམ་ཀུན་ཏུ་བཟང་མོའི་སྙིང་གཏམ། རྡོ་རྗེ་འཛིན་པ་བདག་གི་གསང་ཚིག་ཐེག་པའི་ཡང་རྩེ། སྨན་མཆོག་ཆེན་པོའི་སྒྲུབ་པ་ལ་སེམས་ཉིད་འོད་གསལ་གྱི་རྩད་ཚོད་གསུང༌། ལས་ཀྱི་རྡོ་རྗེ་བདག་གིས་ཞུས་པ། འོད་གསལ་གྱི་ངོ་བོ་ཇི་ལྟ་བུ་ལགས་ཞུས་པས། ལས་ཀྱི་རྡོ་རྗེ་འོད་གསལ་གྱི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་འདུས་གསུང༌། ལས་ཀྱི་རྡོ་རྗེས་ཞུས་པ། འོད་གསལ་བསྒོམ་པའི་དུས་སུ། གོལ་ས་མཆིས་སམ་མ་མཆིས་ཞུས་པས། ཁྱོད་ཀྱི་དྲི་བ་དེ་ཤིན་ཏུ་ལེགས། གང་ཟག་གིས་མ་གོ་ན་གོལ་ས་ཡོད། དེ་ལ་བཞི་ཡོད། གོལ་ལུགས། གོལ་རྟགས། ཉེས་སྐྱོན། གོལ་བའི་འབྲས་བུའོ། །ངོ་བོའི་གོལ་


JLD001_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ནི། སྤྱིར་ངོ་བོ་ཞེས་བྱ་བ་སྟེ། རང་གི་རིག་པའི་གནས་ལུགས་ཅིར་ཡང་གྲུབ་པ་མེད་པའི་སྟོང་གསལ་དུ་ཡེ་གདོད་མ་ནས། ད་ལྟའི་ཤེས་པ་བཅོས་ལྷད་དང་བྲལ་བ་འདི་ཀ་ལྟར་ཡོད་པ་ཡིན་ཏེ། དེ་ཀའི་སྟེང་དུ་མི་འཇོག་པར་གང་ཟག་གིས་སྟོང་ཉིད་དུ་བསྒོམས་པས། སྟོང་འཛིན་གྱི་བློ་དང་མ་བྲལ་བས། སྟོང་པ་བྱང་ཆད་བྱ་བར་གོལ་བ་ཡིན་གསུངས། གོལ་བའི་རྟགས་སུ་ཡར་སངས་རྒྱས་མེད། མར་དམྱལ་བ་མེད། ཐམས་ཅད་མ་གྲུབ་པ་སྟོང་པ་ཉིད་ཡིན་ཟེར་དུ་འོང༌། གོལ་བའི་ཉེས་སྐྱོན་ནི་ཐམས་ཅད་སྟོང་པར་འདུག་སྙམ་པའི་བློས། ཡར་མོས་གུས་དག་སྣང༌། སྐྱབས་འགྲོ་སེམས་བསྐྱེད། བྱམས་སྙིང་རྗེ་ལ་སོགས་པའི་ཆོས་སྤྱོད་ཐམས་ཅད་བོར་ནས། ཚེ་འདིའི་བྱ་བ་ལ་འཇུག །མར་མི་དགེ་བའི་ཆོས་ལ་འཇོལ་ཉོག་ཏུ་སྤྱོད། དེར་བདེན་པ་ལོག་པར་སྤྱད་པས་འགྲོ་ས་རྡོ་རྗེ་དམྱལ་བ་ལས་མེད། དེ་ལྟར་ལོག་པར་སྤྱད་པའི་འབྲས་བུས་ནི། ཡར་དགེ་བའི་ཕྱོགས་སུ་བདེན་པ་ལོག་པས་མུ་སྟེགས་ཀྱི་ཆད་པར་ལྟ་བར་སྐྱེ། མར་རྒྱུ་འབྲས་ཀྱི་ཕྱོགས་སུ་བདེན་པ་ལོག་པས། སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས། ལས་ཀྱི་རྡོ་རྗེ། སྟོང་ཉིད་རྟོགས་ཟེར་བ་མང་བར་གདའ་སྟེ། དོན་དམ་པའི་གནས་ལུགས་རྟོགས་པ་ཉུང་བར་གདའ། ལས་ཀྱི་རྡོ་རྗེ། རང་བཞིན་ལ་གོལ་ས་བཞི་ཡོད་དེ། དེ་ལ་


JLD001_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རང་བཞིན་གྱི་གོལ་ས་ནི། རིག་པ་སྟོང་པའི་རང་མདངས་སྐུ་དང་ཡེ་ཤེས་སུ་གསལ་བ་འདི་ལ། སྐུ་ལ་ཞལ་ཕྱག་དང༌། ཡེ་ཤེས་ལ་ཁ་དོག་གམ། མཚན་མའི་རིགས་ཅན་དུ་གྲུབ་པ་མེད་དེ། སྟོང་པའི་རང་མདངས་གསལ་བའི་ཆ་ཙམ་དུ་གསལ་སྟོང་དབྱེར་མེད་དུ་བཞུགས་པ་ལ་གང་ཟག་གིས་གསལ་སྟོང་དབྱེར་མེད་ཟུང་འཇུག་ཏུ་མ་ཤེས་པས། རིག་པ་སྣང་བར་གོལ་བ་བྱ་བ་ཡིན་གསུངས། གོལ་བའི་རྟགས་སུ་ཆོས་སྐད་ཐམས་ཅད་ཡ་བྲལ་དུ་འོང༌། ཟུང་འཇུག་གི་ཆོས་སྐད་བསྟན་ན། ཁོའི་བློར་མི་ཤོང༌། གོལ་བའི་ཉེས་སྐྱོན་ནི། ཐམས་ཅད་སྣང་བ་དངོས་པོ་ཅན་དུ་འདུག་སྙམ་པའི་བློས་སེམས་ཆོས་ཕྱོགས་ཀྱི་ཆོས་ལ་བློ་མི་འཇུག །གྲུབ་མཐའ་ཁ་འཛིན་ཆེས་པས། ཐམས་ཅད་མཁྱེན་པའི་ལམ་དང་བྲལ། སྣང་བ་ཨ་འཐས་པས་གྲོལ་རྒྱུ་མེད་པ་ཡིན། གོལ་བའི་འབྲས་བུ་ནི། ཕྱི་སྣང་བའི་འོད་གསལ་ལ་ཆགས་པས། གཟུགས་ན་སྤྱོད་པའི་ཁམས་སུ་སྐྱེ། ནང་རིག་པ་གསལ་སྟོང་དུ་མ་ཤེས་པས་བློ་ཕྱོགས་གཅིག་ཏུ་འཁོར་ཏེ་གྲོལ་བའི་དུས་མ་མཆིས། ལས་ཀྱི་རྡོ་རྗེ། འོད་གསལ་ཟིན་ཟེར་བ་མང་བར་གདའ་སྟེ། གསལ་སྟོང་ཟུང་འཇུག་ཏུ་འབྱོངས་པ་ཉུང་བར་གདའ། ལས་ཀྱི་རྡོ་རྗེ། ཐུགས་རྗེ་ལ་ཡང་གོལ་ས་བཞི་ཡོད། གོལ་ལུགས་ནི། རིག་པ་སྟོང་གསལ་གྱི་རང་མདངས་མི་འཆར་དགུ་འཆར་གྱི་རྣམ་རྟོག་འདི། ཇི་ལྟར་ཤར་ཀྱང་རིག་


JLD001_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ལས་མ་འདས་ཏེ། གང་ཟག་གིས་དེ་ལྟར་མ་གོ་བས། རིག་པ་སྟོང་པར་གོལ་བ་བྱ་བ་ཡིན་གསུངས། གོལ་རྟགས་སུ་ལུས་ངག་ཡིད་གསུམ་ཚེ་འདིའི་བྱ་བ་འབའ་ཞིག་ལ་སྤྱོད། གོལ་བའི་ཉེས་སྐྱོན་ནི། གང་ཟག་གི་རྟོག་པ་ཆོས་སྐུར་མ་ཤར་བའི་བློས་གང་ཤར་རྣམ་རྟོག་གི་དྲ་བས་བཅིངས་ནས་དགེ་སྦྱོར་དྲེད། བག་ཆགས་ངན་གོམས་གཙོ་ཆེ་བས་ཚེ་འདི་ཁོ་ན་སྒྲུབ། གཉིས་འཛིན་ཐེ་ཚོམ་རེ་དོགས་ཀྱི་སྒྲོག་གིས་བཅིངས་པས་རང་གིས་རང་བཅིངས་པ་ཡིན། གོལ་བའི་འབྲས་བུ་ནི། རྣམ་རྟོག་གི་གོལ་ས་མ་ཤེས་པས་བག་ཆགས་སུ་ཨ་འཐས། རྒྱུ་འབྲས་ཀྱི་ཉེས་དམིགས་མ་ཤེས་པས་ཡེངས་མ་ལམ་ལ་མི་ཚེ་ཟད། ཤི་ནས་ཁམས་གསུམ་དུ་གོལ་བ་ཡིན། ལས་ཀྱི་རྡོ་རྗེ། རྟོག་པ་མེད་ཟེར་བ་མང་བར་གདའ་སྟེ། ཤར་གྲོལ་གྱི་མཚང་རྟོགས་པ་ཉུང་བར་གདའ་གསུངས། ལས་ཀྱི་རྡོ་རྗེས་ཞུས་པ། གོལ་ས་གསུམ་པོ་དེ་མ་ཆོད་ན་དོན་མི་འདུག་པས་གོལ་ས་གསུམ་པོ་ཇི་ལྟར་གཅོད་ཞུས་པས། གསང་བདག་གི་གསུང་ནས། ལས་ཀྱི་རྡོ་རྗེ། རིག་པའི་ངོ་བོ་སྟོང་པ་འདི། སུས་ཀྱང་མ་བཅོས་པ། རྒྱུ་མེད་པ། རྐྱེན་མེད་པ། ཡེ་གདོད་མ་ནས་གནས་པ་ཡིན་གསུངས། འདི་ལ་བཅས་བཅོས་མ་བྱེད་པར་ཁོ་རང་གང་འདུག་གི་སྟེང་དུ་ཞོག་དང་གོལ་ས་མེད་པ་དེ་ཀ་དག་གི་ཀློང་དུ་འཚང་རྒྱ་བ་ཡིན་གསུངས། དེ་བཞིན་དུ་རང་བཞིན་འོད་གསལ་བ་


JLD001_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འདི། ཡེ་ནས་སྟོང་པ་དང་དབྱེར་མེད་དུ་ལྷུན་གྱིས་གྲུབ། དེའི་རྩལ་ཐུགས་རྗེ་འགག་མེད། གང་ཤར་ཀྱང་རང་བཞིན་གྱིས་མ་གྲུབ་པས་གསུམ་ག་ཟུང་འཇུག་ཆེན་པོར་ཤེས་པར་གྱིས་དང༌། དབྱེར་མེད་དུ་འཚང་རྒྱ་བ་ཡིན་གསུང༌། ལས་ཀྱི་རྡོ་རྗེ་བདག་གིས་ཡང་ཞུས་པ། ལྟ་སྒོམ་སྤྱོད་གསུམ་གྱི་གོལ་ས་གང་ལགས་ཞུས་པས། གསང་བདག་གི་གསུང་ནས། ལས་ཀྱི་རྡོ་རྗེ་ཡང་ཉོན་ཅིག །དང་པོ་ལྟ་བའི་གོལ་ས་ལ་ལྔ་སྟེ། ལྟ་བ་ཉིད་ཀྱི་གོལ་ས། གནས་ཀྱི་གོལ་ས། གྲོགས་ཀྱི་གོལ་ས། ཉོན་མོངས་ཀྱི་གོལ་ས། ཕྱོགས་འཛིན་གྱི་གོལ་སའོ། །དང་པོ་ལྟ་བ་ཉིད་ཀྱི་གོལ་ས་ནི། ཆོས་སྤྱིའི་ལྟ་བ་སྟོང་པ་མཐའ་བྲལ་དུ་འདོད་པ་ལས། གསང་སྔགས་འདིའི་ལུགས་ཀྱི་རྣལ་འབྱོར་བ་མངོན་སུམ་རྗེན་པར་འདོད། དེ་གཉིས་ཡང་དོན་དམ་པ་རྟོགས་ན་དབྱེ་བ་མེད་དེ། མ་རྟོགས་ན་སྤྱིའི་ལྟ་བ་ནི། ཡིད་དཔྱོད་ཀྱི་ཚིག་གི་ལྟ་བ་ལ་དོན་རང་ཐོག་ཏུ་མི་འབེབས་ཏེ། གོལ་བའི་ལྟ་བ་ཡིན། མངོན་སུམ་གྱི་ལྟ་བ་ལ་ཡིད་མི་ཆེས་པར་ཡིད་དཔྱོད་ཚིག་གི་ལྟ་བ་ལ་གདང་དུ་བྱས་ནས། ཐམས་ཅད་གཏད་མེད་ཡིན། བྱར་མེད་མཐའ་བྲལ་ཡིན་ཟེར་ནས་དགེ་སྡིག་ཆོས་ལ་འཇོལ་ཉོག་ཏུ་སྤྱོད་ཅིང༌། ལས་ལ་བཟང་ངན་མེད། དགེ་བ་བྱས་པས་ཕན་མ་བཏགས། སྡིག་པ་བྱས་པས་གནོད་མ་བསྐྱལ། ཐམས་ཅད་མཉམ་ཉིད་ཟང་ཐལ་ཡིན་ཟེར་ནས་ཐ་མལ་ཉིད་དུ་སྡོད་དེ། དེ་རྣམས་ནག་པོ་ཁ་འབྱམས་ཀྱི་ལྟ་བ་ཞེས་བྱ་སྟེ། ལྟ་བ་


JLD001_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་གོལ་བའི་རྩ་བ་ཡིན། མ་ཏི་བྷ་དྲ་ཤྲཱི་མངོན་སུམ་གཉིས་མེད་རང་གསལ་གྱི་ལྟ་བ་དང་རྒྱུ་འབྲས་ཟབ་མོ་ཟུང་འཇུག་ཏུ་སྤྱོད་དགོས། གནས་ཀྱི་གོལ་ས་ནི། སྤྱིར་གནས་སྐབས་ཀྱི་ལྟ་བ་རྟོགས་པའི་གང་ཟག་དེས་མཐར་ཐུག་གི་ལྟ་བ་ཀློང་དུ་གྱུར་པར་བྱེད་པ་ལ་རི་ཁྲོད་ལ་སོགས་པ་དབེན་ཞིང་དྭངས་པའི་གནས་སུ་འགྲོ་དགོས། གནས་སྐབས་ཀྱི་ལྟ་བ་ཡོད་ཀྱང་དེ་སྐྱོང་བ་ལ་རི་ཁྲོད་འགྲིམ་དགོས། གནས་ངན་པས་ལྟ་བ་གོལ་བ་ཡིན། མ་ཏི་བྷ་དྲ་ཤྲཱི། གནས་སྐབས་ཀྱི་ལྟ་བ་རི་ཁྲོད་དུ་སྐྱོང་དགོས། གྲོགས་ཀྱི་གོལ་ས་ནི། གནས་སྐབས་ཀྱི་ལྟ་བ་ཡོད་པའི་གང་ཟག་དེ། ཆོས་དང་མཐུན་པ་ཉོན་མོངས་པ་མི་འཕེལ་བའི་གྲོགས་དང་འགྲོགས་དགོས། གྲོགས་ངན་དང་འགྲོགས་ན་ངན་པའི་སྤྱོད་པས་མི་གོས་པ་མི་སྲིད། དེས་ཚེ་འདིར་ཁྲིད་ནས་ལྟ་བ་སྐྱོང་དུ་མི་སྟེར། ཉོན་མོངས་པ་འཕེལ་བ་གོལ་བའི་རྩ་བ་ཡིན། ལས་ཀྱི་རྡོ་རྗེ་དང་མ་ཏི་བྷ་དྲ་ཤྲཱི། དེར་མ་གོལ་བར་འདོད་ན། འགྲེལ་མེད་ཀྱི་གྲོགས་ལ་འཕྲེང་ཐག་ཆོད་ལ་གཅིག་པུར་སྡོད་གསུངས། བཞི་པ་ཉོན་མོངས་པའི་གོལ་ས་ནི། གནས་སྐབས་ཀྱི་ལྟ་བ་ཡོད་པའི་གང་ཟག་དེས། ཉོན་མོངས་པ་འབུར་འཇོམས་ལམ་དུ་མི་སློང༌། ཕྱི་རོལ་གྱི་རྐྱེན་གང་ཡང་རུང་བས་ཉོན་མོངས་པ་སློང༌། དེར་སྐད་ཅིག་མས་ཀྱང་ལས་གསོག་པས། ཡུན་དུ་ལོན་ན་ལས་ངན་པ་སྤྱོད། ཚོགས་དྲུག་གི་སྣང་བ་ལ་དུག་ལྔས་ལས་ངན་སོ་སོར་གསོག །དེ་ཡང་གནས་སྐབས་དང་


JLD001_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་ཏུ། དེ་དག་གི་འབྲས་བུ་འབྱུང་བས། ཉོན་མོངས་པ་གང་སྐྱེས་ཀྱང༌། སྐད་ཅིག་མ་ལ་དྲན་པས་བཟུངས་ནས་ཤེས་པ་ལྷོད་ཀྱིས་གློད། ཉོན་མོངས་པ་དེ་ལས་གྲུབ་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བསྒོམ། ཉོན་མོངས་པ་ལམ་དུ་སློངས་པར་བྱིན་གྱིས་རློབ་པའི་གསོལ་བ་གདབ། ཁྱད་པར་བླ་མ་ལ་སྙིང་ཐག་པ་ནས་གསོལ་བ་གདབ། ཉོན་མོངས་པའི་ས་བོན་དེ་སྔགས་ཀྱིས་སྦྱངས་ནས་ཡི་དམ་དུ་བསྒོམས་ལ་སྙིང་པོ་བགྲང༌། དེའི་རྗེས་ལ་ལྟ་བའི་ངང་དུ་གློད་ལ་བསྔོ་བ་སྨོན་ལམ་རྒྱ་ཆེར་གདབ། དེ་ལྟར་ལམ་དུ་སློངས་ན་ཡོན་ཏན་ནི་གནས་སྐབས་དང་མཐར་ཐུག་ཏུ་དེ་དག་གི་འབྲས་བུ་ཐོབ། དེ་ལྟར་ལམ་དུ་མ་སློངས་ན་ཉོན་མོངས་པའི་འདམ་དུ་སོང་ནས་ལྟ་བ་ཀློང་དུ་མི་འགྱུར་ཏེ། གོལ་བའི་རྩ་བ་ཆེན་པོ་ཡིན། ལས་ཀྱི་རྡོ་རྗེ་དང་མ་ཏི་བྷ་དྲ་ཤྲཱི་མ་གོལ་བར་འདོད་ན། ཉོན་མོངས་པ་གང་སྐྱེས་པའི་གཉེན་པོ་བསྟེན། ལམ་དུ་སློངས་པར་གྱིས། ལྔ་པ་ཕྱོགས་མཐུན་གྱི་གོལ་ས་ནི་གནས་སྐབས་ཀྱི་ལྟ་བ་ཡོད་པའི་གང་ཟག་ཐམས་ཅད་ཀྱང་གྲུབ་མཐའ་རང་གཞུང་གི་ལྟ་བ་ཤ་སྟག་ཏུ་གོལ་ནས་ལུང་སྐྱབས་དང༌། བདག་གཞན་དང༌། མཐོ་དམན་དང༌། ཕྱོགས་རིས་དང༌། བཟང་ངན་དུ་ཕྱེ་ནས་སངས་རྒྱས་ཀྱི་ལྟ་བ་མཐའ་བྲལ་ཆེན་པོ་ལ་གང་ཟག་གིས་སྤར་ཚོད་བློ་ཚོད་བྱེད་པ་གོལ་བའི་རྩ་བ་ཡིན། ལས་ཀྱི་རྡོ་རྗེ་དང་མ་ཏི་བྷ་དྲ་ཤྲཱི། དེར་མ་གོལ་བར་འདོད་ན། ལྟ་བ་མཐའ་བྲལ་སྟོང་ཡངས་ཆེན་པོར་ཤེས་པར་གྱིས། དོན་གཉིས་པ་སྒོམ་པའི་


JLD001_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གོལ་ས་ལ་བཞི། སྒོམ་ངོ་བོའི་གོལ་ས། གནས་ཀྱི་གོལ་ས། གྲོགས་ཀྱི་གོལ་ས། སྐྱོན་གྱི་གོལ་ས། ཉོན་མོངས་ཀྱི་གོལ་སའོ། །དང་པོ་སྒོམ་ངོ་བོའི་གོལ་ས་ནི། བླ་མས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རྗེན་པར་ངོ་སྤྲད་ཀྱང་སློབ་མས་མ་གོ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་འཕྲིག་མ་ཆུད་དེ། གསལ་སྟོང་དབྱེར་མེད་དུ་མ་ཤེས་པས་གོལ་ཏེ། དེ་ཡང་བླ་མའི་གདམས་ངག་གི་ལུགས་ལྟར་ཉམས་སུ་བླངས་པས་ལུས་སེམས་ཀྱི་བདེ་བ་བག་ཙམ་ལ་ཞེན་ནས་འདོད་ཁམས་ཀྱི་མིར་གོལ། སེམས་གང་དུའང་མི་རྟོག་པ་ཙམ་དུ་ཆགས་ན། གནས་གཙང་མའི་ལྷར་གོལ། གསལ་ལ་རྟོག་པ་མེད་ཙམ་ལ་ཆགས་ན། གཟུགས་ཁམས་ཀྱི་ལྷར་གོལ། བདེ་བ་ལ་མི་རྟོག་པར་ཆགས་ན་འདོད་ཁམས་ཀྱི་ལྷར་གོལ། སྟོང་པ་ལ་མི་རྟོག་པར་ཆགས་ན། གཟུགས་མེད་ཁམས་ཀྱི་ལྷར་གོལ། དེ་དག་ནི་ཁམས་གསུམ་དུ་གོལ་བ་ཡིན། དབང་པོའི་ཡུལ་རྒྱུན་དུ་འགགས་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་གོལ། གཉིད་འཐུག་པོ་ལོག་པ་ལྟར་བྱུང་ཚོར་མེད་པར་འགགས་ན། ཅི་ཡང་མེད་པའི་སྐྱེ་མཆེད་དུ་གོལ། ཤེས་ངོ་ལ་གསལ་སྣང་འགགས་ན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་གོལ། གསལ་ངོ་ལ་བདེ་བའི་མདངས་ཙམ། སྣང་ངོ་ལ་ཅི་ཡང་མེད་པ་རྒྱུན་ཆགས་སུ་


JLD001_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ན། ཡོང་མིན་མེད་མིན་གྱི་སྐྱེ་མཆེད་དུ་གོལ། འདི་དག་ནི་ཞི་གནས་ཕྱོགས་གཅིག་ཏུ་ལྷུང་བ་ཞེས་བྱ་སྟེ། འདི་ནས་ཤི་འཕོས་ནས་ཁམས་གསུམ་དང་རིགས་དྲུག་ཏུ་འཁོར། ལས་ཀྱི་རྡོ་རྗེ་དང་མ་ཏི་བྷ་དྲ་ཤྲཱི། སྒོམ་གྱི་གོལ་ས་གཅོད་མ་ཤེས་ན། གླེན་སྒོམ་གྱི་ཁམས་ལྡོག་འཁོར་བས་དགོས་པ་མེད། གཞན་ཡང་ལུས་སེམས་སོ་སོ་སྐྱེ་བོས་མཐོང་བ་ལྟར་འདོད་ན། ཐ་མལ་རང་རྒྱུད་དུ་གོལ། ཡོད་མེད་ཕྱོགས་གཅིག་ཏུ་འཛིན་ན། མུ་སྟེགས་རྟག་ཆད་དུ་གོལ། སེམས་ལས་མ་གཏོགས་ཡུལ་གུད་དུ་འདོད་ན། ཉན་ཐོས་རང་རྒྱལ་དུ་གོལ། །སྣང་བ་སེམས་སུ་འདོད་ན་སེམས་ཙམ་དུ་གོལ། སྣོད་བཅུད་ལྷ་རུ་འདོད་ན་སྔགས་སུ་གོལ། གོལ་བའི་མཐའ་མ་ཆོད་པའི་སྒོམ་གྱིས་ཅི་བྱེད་གསུང༌། འོ་ན་གོལ་ས་གཅོད་པའི་ཐབས་ཤིག་ཞུ་དང་བྱས་པས། གསང་བདག་གི་ཞལ་ནས། དེར་མ་གོལ་བར་འདོད་ན། མ་ཏི་བྷ་དྲ་ཤྲཱི་བཞིན། དང་པོར་ཐོས་པས་རྒྱ་བསྐྱེད། བར་དུ་ངོ་སྤྲོད་ཀྱི་གདམས་པས་གནང་དུ་བསྣུན་པར་བྱ། ཐ་མར་ཉམས་སུ་ལེན་པའི་དུས་སུ་གོང་གི་གོལ་ས་དེ་རྣམས་བསམ་གཏན་ལ་ཞེན་ཅིང་ཆགས་པ་ཡིན་མོད། དཔེ་ནི་རི་བོང་ཁྲ་ཚང་དུ་ཉལ་བ་དང༌། མདའ་མཁན་གྱི་བསམ་གཏན་དང་འདྲ་བས་གོལ་དུ་མེད། ཉམས་ཀྱི་སྣང་བ་ལ་ཅི་ཤར་ཡང་གང་ཤར་གྱི་ཐོག་ཏུ་བཅས་བཅོས་དང་རེ་དོགས་དགག་སྒྲུབ་མེད་པར་གློད་ལ་


JLD001_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཞོག་དང༌། གང་ཤར་ལ་འཛིན་པ་མེད་ན་གོལ་སར་ལྷུང་དུ་མེད་གསུངས། གཉིས་པ་གནས་དང་གྲོགས་ཀྱི་གོལ་ས་བསྟན་པ་ནི། སྒོམ་ཡོད་པའི་གང་ཟག་དེ། གནས་མི་མེད་མཚན་ཉིད་དང་ལྡན་པར་བསྒོམ་དགོས། གནས་དགོན་འདུ་འཛི་ཅན་དང༌། ཉོན་མོངས་པ་གྲྭ་རྒྱས་པའི་སར་བསྡད་ན། གྲིབ་དང༌། དཀོར་དང༌། ཆགས་སྡང་དབང་གིས་གོལ་འགྲོ། གྲོགས་ངན་དང་འགྲོགས་ན། སྒོམ་འཕེལ་འཕྲོ་འཆད། རང་སྡུག་རང་གིས་ཉོས་པ་ཡིན། ལས་ཀྱི་རྡོ་རྗེ་དང་མ་ཏི་བྷ་དྲ་ཤྲཱི། ཆོས་གཤའ་མ་གཅིག་བྱེད་ན་གནས་ངན་དང་གྲོགས་ངན་གྱི་འཁྲི་བ་བཙན་ཆོད་དུ་སྤོང་བ་ཟབ་བོ་གསུང༌། གསུམ་པ་སྒོམ་གྱི་གོལ་ས་བསྟན་པ་ནི། སྒོམ་སྐྱོང་བའི་དུས་སུ། བྱིང་བ། རྒོད་པ། འབྱམས་པ་གསུམ་ཡིན་ཏེ། བྱིང་བ་ལ་གནས་ཀྱིས་བྱིང་པ། གྲོགས་ཀྱིས་བྱིང་བ། དུས་ཀྱིས་བྱིང་བ། ཟས་ཀྱིས་བྱིང་བ། འདུག་སྟངས་ཀྱིས་བྱིང་བ། སྒོམ་གྱིས་བྱིང་བའོ། །དང་པོ་གནས་ཀྱིས་བྱིང་བ་ནི། ནགས་རོང་དམའ་བའམ། ཡུལ་དགོན་ཉམས་པ་དང་གྲིབ་ཅན་དུ་བསྡད་པས་ཤེས་པ་རྨོངས། ཐིག་ལེ་མི་གསལ། རིག་པ་འཐུམ། གཉིད་ཆེ། ལུས་ལྕི། དེ་ལ་ཁྲུས་དང་བཤགས་པ་བྱ། གནས་དྭངས་ཤིང་མཐོ་བའི་སར་འགྲོ། འདུག་ས་གསལ་བར་བསྒོམ། གློ་དཀར་གྱི་


JLD001_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བསེར་བུ་འབུག །དམིགས་པ་གངས་ཀྱི་རྩེ་མོ་དང༌། ལུས་གཅེར་བུར་བསྡད་ནས་བསྒོམས་པས་སེལ་ལོ། །གཉིས་པ། གྲོགས་ཀྱིས་བྱིང་བ་ནི། མི་གྲིབ་ཅན་དང་ལྷན་ཅིག་ཏུ་བསྡད་པས་འབྱུང་བ་ཡིན། བཤགས་པ་དང་ཁྲུས་བྱ། མི་དམ་ཉམས་དང་གྲིབ་ཅན་བསྲུངས་པས་སེལ་ལོ། །གསུམ་པ། དུས་ཀྱིས་བྱིང་བ་ནི། དཔྱིད་དང་དབྱར་གྱི་དུས་སུ་འཐིབས་ཤིང་བྱིངས་ན་གངས་རི་ལ་སོགས་པ་མཐོན་པོར་ཕྱིན་ལ་བསྒོམས་པས་སེལ་ལོ། །བཞི་པ། ཟས་གོས་ཀྱིས་བྱིང་བ་ནི། མིའི་ཟས་གོས་གྲིབ་ཅན་གྱིས་བྱིང་འགྲོ་བས། སྒྲུབ་པའི་དུས་སུ་མིའི་ཟས་གོས་གྲིབ་ཅན་ལ་འཛེམས་པས་སེལ་ལོ། །ལྔ་པ་འདུག་སྟངས་ཀྱིས་བྱིང་བ་ཡིན། ལས་དང་པོ་པས་འགྲོ་འདུག་དང་ཉལ་པོ་ལ་སོགས་པ་བྱས་ན་བྱིང་འགྲོ་བས་སྒོམ་པའི་དུས་སུ་བཞུགས་སྟངས་གསུམ་མམ། རྡོ་རྗེ་སྐྱིལ་ཀྲུང་བཅས་ལ་ཤེས་བ་ཧུར་འདོན་དབང་པོ་ལ་མདངས་བཏོན་ལ་སེང་ཡེར་རེ་བསྒོམས་པས་སེལ་ལོ། །དྲུག་པ་སྒོམ་གྱིས་བྱིང་བ་ནི། བསྒོམ་པའི་དུས་སུ་ཤེས་པ་སྨད་ནས་བསྒོམས་པས་མུར་ཐོམ་མེ་མཆིས་པ་ཞིག་འོང༌། དེ་བྱིང་བ་ཡིན་པས་སྒྲོན་མེའི་གསལ་ཚོད་སྦྱར་བའི་དབང་པོ་མཁའ་ལ་བཏེག་པས་སེམས་ཉིད་གསལ་ཧྲིག་གིས་རིག་པ་ལ་ངར་བཏང་བས་སེལ་ལོ། །ལས་ཀྱི་རྡོ་རྗེ། སྒོམ་གྱི་བགེགས་སེལ་གང་ཟག་བརྩོན་འགྲུས་ཅན་མིན་པས་མི་སེལ། ཉོན་མོངས་པའི་གོལ་ས་ནི། སྒོམ་སྐྱོང་བའི་


JLD001_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་ལ་ཉོན་མོངས་པའི་དགྲ་རྐུན་མང་བས་རྩ་བ་དུག་ལྔ་པོས་བསྐྱེད་ནས། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འཆར་བས། དེས་སྒོམ་གནས་སུ་མི་སྟེར་འཁོར་བར་འཁྲིད། དེ་དག་ལམ་བུ་གཅིག་པ་སྟོར་བ་ལྟ་བུའི་འདུ་ཤེས་ཀྱིས་མ་ཡེངས་པར་བྱས་ནས། པང་དུ་དུག་སྦྲུལ་བྱུང་བ་བཞིན་དུ་སྤངས་ཤིང་ཤེས་བཞིན་གྱི་དྲན་པས་བཟུངས་ལ་ལྟ་བའི་སྐབས་ཀྱི་ལམ་ཁྱེར་དེ་ལྟར་ཉམས་སུ་བླང་ངོ༌། །དེ་ལྟར་མ་བྱས་ན་སྐད་ཅིག་མ་ལ་ལས་ངན་གསོག་གོ །དེ་ལྟར་མ་གོལ་བར་འདོད་ན། ཤེས་བཞིན་གྱི་མེལ་ཚེ་དང་མ་བྲལ་བར་སྤོང་ལེན་ལ་བརྩོན་པར་གྱིས་གསུང༌། ལར་ལྟ་སྒོམ་ལ་བརྟན་པ་མ་ཐོབ་ཀྱི་བར་ལ། རི་དྭགས་རྨས་མ་བཞིན་དུ་གཅིག་པུར་བྱོལ་ཞིག །ཉོན་མོངས་པ་ལ་དུག་སྦྲུལ་མཐོང་བ་ལྟར་འབྲོས་པ་གནད་ཆེ། རྒོད་པའི་སྐྱོན་ལ་གཉིས། གནས་དང་རྐྱེན་གྱིས་རྒོད་པའོ། །གནས་ཀྱིས་རྒོད་པ་ནི། གནས་མཐོ་ཞིང་དྲངས་པར་བསྒོམས་པས་རིག་པ་དྭངས་ནས་ཤེས་པ་མི་གནས་པ་རྣམ་རྟོག་རྒོད་ཅིང་འཕྲོ་བར་འོང་། གང་འཕྲོས་པ་ལ་རང་དགར་བཏང་ན་ཉོན་མོངས་པའི་དབང་དུ་འགྲོ་བས་རིག་པས་མཚམས་སུ་ཕབ་ལ་གཏད། དེས་མ་ནོན་ན་ཉན་ཐོས་ཀྱི་གཟིགས་སྟངས་སམ་ལྟ་སྟངས་ལ་འཇུན། རེས་འགའ་སྟན་ལ་ཤེས་པ་གཏད་ལ་འཇུན། ནུབ་མོ་རྐང་མཐིལ་གྱི་རྩ་བཞག་གོར་ལྟ་བུའི་


JLD001_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཐིག་ལེ་ནག་པོའི་ནང་དུ་སེམས་ཞུགས་ལ་ཉལ་ལོ། །རྣམ་རྟོག་སིབ་ཀྱིས་བྱུང་བ་དང༌། ངོས་བཟུངས་ལ་ཕཊ་བྱ་སྟེ། རླུང་བཟུངས། དེའི་རྗེས་ལ་ལྷོད་ཀྱིས་གློད་ལ་བཞག །ཡང་ན་རྟོག་པ་རྐྱང་དེད་བྱས་ལ་མ་རྙེད་པའི་ངང་ལ་བཞག་པས་སེལ་ལོ། །གཉིས་པ་རྐྱེན་གྱིས་རྒོད་པ་ནི། ཕྱི་རོལ་གྱི་རྐྱེན་གང་ཡང་རུང་བ་རྟོག་པས་བླངས་ནས་ཉོན་མོངས་པའི་ཕྱོགས་སུ་བློ་རྒོད་ཅིང་འཕྲོ་ན། ཅི་བྱེད་དགོས་པ་མི་འདུག་སྙམ་པའི་འདུན་པ་བཏང་ལ། བྱམས་པ་དང་སྙིང་རྗེ་ཞེན་ལོག་ཐབས་ཤེས་རབ་མོས་གུས་ཀྱིས་ཉམས་སུ་བླངས། དེས་ན་ལྟ་བའི་སྐབས་ཀྱི་ལམ་སློང་བ་ལ་ནན་ཏན་བྱའོ། །དོན་གསུམ་པ་འབྱམས་པའི་སྐྱོན་ལ་གཉིས་ཏེ། མ་གོ་བས་འབྱམས་པ་དང༌། རྐྱེན་གྱིས་འབྱམས་པའོ། །དང་པོ་མ་གོ་ནས་འབྱམས་པ་ནི། སྒོམ་ཐུན་དུ་གཅོད་མ་ཤེས་པས་ཇི་ཙམ་བསྒོམས་ཀྱང་བོགས་མེད། གདམས་པ་དང་བླ་མ་ལ་ལོག་ལྟ་སྐྱེ། ཉམས་རྟོགས་དང་གོ་ཤན་མ་ཕྱེད་པས། བླུན་སྒོམ་དུ་སོང༌། དེ་ལ་བླ་མ་ལ་གསོལ་བ་གདབ། གདམས་པ་ལ་ངེས་ཤེས་སྐྱེད། སྒོམ་ཐུན་དུ་བཅད་ལ་གྲངས་མང་བར་བྱའོ། །བྱ་བ་དང་མ་འདྲེས་པར་སེང་ཡེ་རེ་བསྒོམ། གསལ་དུས་སུ་འཕྲོ་བཅད་ལ་བསྒོམ། དེས་འབྱམས་པ་ཆོད་ནས་ཉམས་ལེན་གོང་ནས་གོང་དུ་འཕེལ་བར་འགྱུར། གཉིས་པ་རྐྱེན་གྱིས་འབྱམས་པ་ནི། ཕྱི་རོལ་གྱི་རྐྱེན་གྱིས་


JLD001_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ལྔ་ཚོགས་དྲུག་གི་སྣང་བར་འབྱམས་ཏེ། གཡེངས་ནས་དྲན་པས་མ་ཟིན་པའོ། །དེ་ལ་གཉེན་པོས་འཕྲལ་དུ་སླེབ་པར་བྱས་ནས་སྣང་བའི་འཛིན་པ་དུ་མ་བུར་བཅད། སྒྱུ་མ་ལྟ་བུར་ཤེས་པར་བྱའོ། །ལས་ཀྱི་རྡོ་རྗེ་གོ་ལས་དེ་དག་ཆོད་པར་འདོད་ན། ཕག་སྣ་ལ་གཏུན་པོ་ཐོང་གསུང༌། ཡང་གསང་བའི་བདག་པ་ལ། ལས་ཀྱི་རྡོ་རྗེས་ཞུས་པ། གསང་སྔགས་པ་ཉོན་མོངས་ལམ་དུ་འཁྱེར་བ་མ་ལགས་སམ་ཞུས་པས། གསང་བདག་གི་ཞལ་ནས། ཉོན་མོངས་ལམ་དུ་འཁྱེར་བ་ཨ་ཅང་ཆི་སྟེ། དུག་གིས་ལྟོ་ཡོང་བ་རྨ་བྱ་ལས་མེད། ཉོན་མོངས་མ་སྤངས་པར་ལམ་དུ་འཁྱེར་ནུས་པའི་གང་ཟག་དེ། ཨུ་དུམ་ཝ་རའི་མེ་ཏོག་ལས་ཀྱང་དཀོན། གང་ཟག་དབང་པོ་རབ་ལ་ཉོན་མོངས་པ་གྲོགས་སུ་འཆར་ཏེ། ཐ་མ་ལ་དུག་ཏུ་འགྱུར་བས་སྤོང་བ་ཟབ། དང་པོ་སྤོངས་པ་ཇི་ཙམ་ན་ཀློང་དུ་གྱུར་ནས་ཉོན་མོངས་དང་འདོད་པའི་ཡོན་ཏན་ཐམས་ཅད་སྒྱུ་མར་ཤར་ནས་ཞེན་ཆགས་གང་ཡང་མི་སྐྱེ། བྱུང་ཡང་དགག་མི་དགོས། གནོད་པ་མེད། མ་བྱུང་ཡང་སྒྲུབ་བློ་མི་སྐྱེ། རེ་བ་མེད། དེ་ཙ་ན་ལམ་དུ་སློངས་པའི་ཚད་ཡིན། མངོན་ཞེན་མ་ལོག་གི་བར་དུ་ཉོན་མོངས་ལམ་དུ་འཁྱེར་བས་སྦྲང་བུ་རྩིའི་བཅུད་ལ་འཁོར་བས་འབྱར་བ་དང་འདྲ། ལས་ཀྱི་རྡོ་རྗེ་དང་མ་ཏི་བྷ་དྲ་ཤྲཱི། ས་ལམ་གྱི་ཆོད་ལུགས་དེ་ལྟར་གྱིས་དང་གསུང༌།


JLD001_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གསུམ་པ་སྤྱོད་ལམ་གྱི་གོ་ལས་ལ་གཉིས། སྤྱོད་པ་དུས་མིན་གྱི་གོལ་ས་དང༌། སྤྱོད་པ་སྤྱིའི་གོལ་ས་གཉིས། དང་པོ་དུས་མིན་གྱི་གོལ་ས་ནི། བུང་བ་ལྟ་བུའི་སྤྱོད་པ་ཐོས་བསམ་སྒོམ་གསུམ་སྔོན་དུ་འགྲོ་བས་ཏེ། ལས་དང་པོ་བའི་སྤྱོད་པ་ཡིན་པ་ལ། བརྟུལ་ཞུགས་ཀྱི་དུས་སུ་སྤྱད་ན་ལོག་པའོ། །རི་དྭགས་ལྟ་བུའི་སྤྱོད་པ་ནི། ཉམས་ལེན་གྱི་དུས་ཀྱི་སྤྱོད་པ་ཡིན་པ་ལ། བརྟུལ་ཞུགས་ཀྱི་དུས་སུ་སྤྱད་ན་ཏིང་ངེ་འཛིན་གཞན་གྱི་དབང་དུ་འགྱུར་བས་ལོག་པའོ། །ལྐུགས་པ་ལྟ་བུའི་སྤྱོད་པ་ནི། ཉམས་ལེན་གནད་དུ་བསྣུན་པའི་སྤྱོད་པ་ལ། བུང་བ་ལྟ་བུའི་དུས་སུ་སྤྱོད་ན་ཚིག་གི་དོན་མ་ཕྱེད་པས་ལོག་པའོ། །ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་སྤྱོད་པ་ནི། རང་ཉམས་སྐྱེས་པའི་དུས་སུ་སྤྱོད་པ་ལ། ཏིང་ངེ་འཛིན་ལ་བར་ཆད་དུ་འགྱུར་ལ། དྲོད་མེད་ནས་ལོག་པའོ། །སྨྱོན་པ་ལྟ་བུའི་སྤྱོད་པ་ནི། ཉམས་བསྟེན་པའི་དུས་སུ་སྤྱོད་པ་ལ། ཉམས་བག་རེ་སྐྱེས་པའི་དུས་སུ་སྤྱད་ན། དོན་གྱི་མཐའ་མི་རྙེད་པས་ལོག་པའོ། །སེང་གེ་ལྟ་བུའི་སྤྱོད་པ་ནི། ལྟ་བ་ཀློང་དུ་གྱུར་པའི་དུས་སུ་སྤྱོད་པ་ལ། ཉམས་ལེན་གྱི་དུས་སུ་སྤྱད་ན་ལོག་པའོ། །དེ་ཉིད་ཀྱི་སྟེང་དུ་མ་གྱུར་ཅིང་སྣང་བ་གཞན་གྱིས་ལོག་པར་འགྱུར་བས་ལོག་པའོ། །ཁྱི་ཕག་ལྟ་བུའི་སྤྱོད་པ་ནི། དབང་གི་དུས་སུ་སྤྱོད་པ་ལ། དུས་མིན་གྱི་ཚེ་སྤྱད་ན་ཌཱ་ཀིའི་ཆད་པ་འོང་བས་ལོག་པའོ། །སྤྱོད་པ་མ་


JLD001_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་སྤྱད་ན་རང་སྣང་ཆོས་ཉིད་དུ་འཆར་བས། གཞན་སྣང་མ་དད་པ་བསྒྱུར་ནུས། གསང་བ་གོལ་ནུས། རྫུ་འཕྲུལ་གང་ཡང་སྒྲུབ་ནུས་ཏེ། སྣང་བ་འབྱུང་བ་ལ་དབང་བསྒྱུར་ནུས་པའོ། །གོང་གི་སྤྱོད་པ་དེ་རྣམས་ལོག་ན་སྤྱོད་པའི་གོལ་སར་ཤེས་པར་བྱ་སྟེ་འབྲས་བུ་མི་འབྱུང་ངོ༌། །ལས་ཀྱི་རྡོ་རྗེ་དང་མ་ཏི་བྷ་དྲ་ཤྲཱི། སྤྱོད་པ་ཆོས་སྤྱིའི་གཞུང་དང་མཐུན་པར་གྱིས། གཉིས་པ་ཆོས་སྤྱིའི་སྤྱོད་པའི་གོལ་ས་ནི། འཕྲལ་གྱི་སྤྱོད་པ་གཟོ་ཡང་ཆོས་དང་མི་མཐུན་ན། སངས་རྒྱས་ཀྱི་ལམ་དུ་མི་འགྲོ་བས་ཚུལ་འཚོས་ཞེས་བྱ་སྟེ། སྤྱོད་པའི་གོལ་ས་ཡིན། ལས་ཀྱི་རྡོ་རྗེ། ལར་སྤྱོད་པའི་དུས་སུ་མ་གོལ་བར་འདོད་ན། སྤྱོད་པ་ཅི་ལྟ་བུ་བྱེད་ཀྱང་སངས་རྒྱས་ཀྱི་ལམ་དུ་འགྲོ་བ་ཞིག་གྱིས་དང་གསུང༌། དོན་བཞི་པ་འབྲས་བུའི་གོལ་ས་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གོ །དང་པོ་གནས་སྐབས་ཀྱི་གོལ་ས་ནི། གདམས་བ་ཟབ་མོ་ཉམས་སུ་བླངས་པའི་ཐུན་མོང་གི་འབྲས་བུ་ལ་མཆོག་ཏུ་བཟུངས་ནས། ང་རྒྱལ་དང་རློམ་པ་སྐྱེས་ན་མཐར་ཐུག་གི་འབྲས་བུ་འགག་པའི་གོལ་ས་ཡིན། འབྲས་བུ་ཐོབ་ཀྱང་རེ་དོགས་མ་ཞིག་ན་འབྲས་བུ་རྒྱུར་གོལ་བ་ཡིན། ལས་ཀྱི་རྡོ་རྗེ་དང་མ་ཏི་བྷ་དྲ་ཤྲཱི། རེ་དོགས་ཀྱི་རྒྱུ་གཞི་མེད་དུ་ཤེས་པར་གྱིས་དང་གསུང༌། ཡང་ལས་ཀྱི་རྡོ་རྗེ་ས་ཞུས་པ། མངོན་སུམ་དུ་རིག་པའི་གནད་འདི་


JLD001_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ན། སེམས་བསྐྱེད་དགོས་སམ་མི་དགོས་ཞུས་པ། གསང་བདག་གི་ཞལ་ནས། ཐེག་པ་ཆེན་པོའི་གསང་སྔགས་སེམས་བསྐྱེད་ཀྱིས་ཁྱད་པར་ཆེ་བ་ཡིན་མོད། འཆི་བ་དང་མི་རྟག་པ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་དུས་བཞིར་མ་དྲན་ན། ཚེ་འདི་པར་ད་ལྟ་རང་འགྲོ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་དུས་རྟག་ཏུ་མ་བསྒོམས་ན། མིང་ཐེག་པ་ཆེན་པོར་ཁས་ལེན་ཀྱང་ཉན་ཐོས་དང་རང་རྒྱལ་དུ་གོལ་ཟིན། རྒྱུ་འབྲས་ཆ་ཕྲ་མོ་ལ་སྐད་ཅིག་གིས་འདོར་ལེན་མ་ཤེས་ན། རྟོགས་པ་མཐོ་ཡང་མི་དགེ་བ་སྣ་ཚོགས་འབྱུང༌། ལས་ཀྱི་རྡོ་རྗེ་ཆོས་གཤའ་མ་ཞིག་བྱེད་ན་རྟོགས་པ་དང་གོང་གི་དེ་རྣམས་འབྲེལ་བ་ཞིག་དགོས་གསུང༌། ཡང་ལས་ཀྱི་རྡོ་རྗེ་ཞུས་པ། ལམ་ཉམས་སུ་ལེན་པ་ལ་བར་ཆད་གང་ཆེ་ཞུས་པས། གསང་བདག་གི་ཞལ་ནས། དང་པོ་ལམ་ལ་འཇུག་པའི་དུས་སུ་བློ་ཕྱིན་ཅི་ལོག་ཏུ་འཁྲིད་པའི་རྐྱེན་གང་བྱུང་ཡང་བར་ཆད་ཡིན། ཁྱད་པར་དུ་སྐྱེས་པ་ལ་བུད་མེད་བདུད་དུ་ཆེ། བུད་མེད་ལ་སྐྱེས་པ་བདུད་དུ་ཆེ། ཐུན་མོང་དུ་ལྟོ་གོས་བདུད་དུ་ཆེ་གསུང༌། ཡང་ཞུས་པ། ད་ལྟའི་གསང་སྔགས་པ་ཕལ་ཅིག་ཕྱག་རྒྱ་མ་བསྟེན་པ་བོགས་ཆེ་ཟེར་བ་གདའ་བ་དེ། ཇི་ལྟར་ལགས་ཞུས་པས། གསང་བདག་གི་ཞལ་ནས། ལམ་གྱི་བོགས་འདོན་པའི་ཕྱག་རྒྱ་མ་གསེར་ལས་དཀོན། བུད་མེད་ངན་པ་


JLD001_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་བྱི་ཕོ་ལ་བྱེད། དག་སྣང་སྙིང་སྡུག་པ་ལ་བྱེད། ཚོགས་གསོག་བྱི་ཕོ་ལ་འབུལ། ཞེན་ལོག་ལྷ་ཆོས་ལ་བྱེད། ཉན་ན་ཁྱི་ལ་ཡང་སྤྱོད། དད་པ་ཁ་ནས་སྐྱེ། ལྡོག་ན་སྙིང་ནས་ལྡོག །སེར་སྣ་མིག་སེར་ཆེ། ཡར་འགྲོ་བའི་ལས་མི་གསོག་པར། མར་འདྲེན་པའི་ལྕགས་ཀྱུ་བྱེད། ཆོས་འཕེལ་བའི་བོགས་འདོན་པ་མི་ཡོང་བར་ཆགས་སྡང་དང་སྡུག་བསྔལ་གྱི་སྣ་བསུ་བྱེད། ཆགས་པས་གྲོལ་དུ་རེ་ནས་བསྟེན་པར་གདའ་སྟེ། ཉོན་མོངས་འཕེལ་བའི་རྒྱུར་སོང༌། ཁམས་རྒྱས་པའི་རྟེན་ཡོང་དུ་རེ་ཙ་ན། ཉམས་འགྲིབ་ཀྱི་ཐུམ་པོ་ཁྱེར་ཡོང༌། དམ་ཚིག་མི་བསྲུང་བའི་བུད་མེད་འཕྱོན་མ་བདུད་མོ་ཡིན་གསུང༌། བསྟེན་དུ་རུང་ཙམ་དེ་གང་ལགས་ཞུས་པས། གསང་བདག་གི་ཞལ་ནས། གོང་གི་སྐྱོན་དེ་རྣམས་ལས་ལོག་པ་ཞིག་ཡིན། ཁྱད་པར་དུ་ཆོས་ལ་མོས་པ། བློ་ཆེ་བ། ངང་རྒྱུད་རིང་བ། དད་པ་དང་སྙིང་རྗེ་ཆེ་བ། ཕ་རོལ་ཏུ་ཕྱིན་པ་དྲུག་རྒྱུད་ལ་ཚང་བ། བླ་མའི་བཀའ་སྩལ་མི་ལྕོག་པ། སྒྲུབ་པ་བོ་ལ་གུས་པ། སྔགས་ཀྱི་དམ་ཚིག་མིག་འབྲས་བཞིན་དུ་བསྲུང་བ། དབང་གི་དུས་མིན་པར་གཡེམ་མི་འཆོར་བ། གཙང་སྦྲ་ལ་གནས་པ་ཞིག་བྱུང་ན་ལམ་གྱི་གྲོགས་སུ་འགྲོ་སྟེ། དེ་ལྟ་བུ་ཤིན་ཏུ་དཀོན་པས། དེ་ལྟ་བུ་ཡང་ཆགས་པ་ཅན་དྲངས་པའི་དོན་ཡིན་ཅིང༌། དབང་པོ་རབ་ཀྱི་ཆོས་སྐལ་


JLD001_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཐ་མལ་པ་རྣམས་ལ་ཉོན་མོངས་པ་རང་དགར་འགྲོ་བས་དེ་ལས་ལྡོག་དགོས་སྔགས་ཀྱི་སྒོར་ཞུགས་ནས་དམ་ཚིག་མ་བསྲུངས་ན། སངས་རྒྱས་པ་ལ་རེ་བ་མ་བྱེད་ཨང༌། ཡང་ལས་ཀྱི་རྡོ་རྗེས་ཞུས་པ། ཆོས་སྤྱོད་པ་ལ་ལྟོ་གོས་དང་ལུས་ཀྱི་བདག་འཛིན་འདི་ཀས་ལན་འདུག་པས། འདི་གསུམ་བློ་ཐོངས་པའི་གདམས་པ་ཞིག་ཏུ་བྱས་པས། གསང་བདག་གི་ཞལ་ནས། ལས་ཀྱི་རྡོ་རྗེ། ལུས་འདི་རྣམས་ཀྱང་འཇིག་པ་ཡིན། ཚེ་ཚད་ཀྱང་སྔོན་ནས་བསྐོས་ཚར་ཏེ་ཡོད། རྒན་གཞོན་ལ་ངེས་པ་མེད། ཐམས་ཅད་འཆི་བ་ལས་མ་འདས་པས། གཟུགས་ལེགས་ཀྱང་དེ་ལ་ཆགས་པས་མ་ཤི་བར་འདུག་པ་ངས་མ་མཐོང༌། ལུས་ཀྱི་གཅེས་འཛིན་ཐམས་ཅད་བློས་ཐོང་ལ་རི་ཁྲོད་འགྲིམས། གོས་ནི་དུག་པོ་གྱོན་ཀྱང་ཆོག །ལྟོ་ནི་རྡོ་དང་ཆུས་ཀྱང་འོང་སྟེ། མི་རྣམས་ཀྱིས་ཆོས་བྱེད་མ་ནུས་པ་ཡིན། ད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ནས་དགེ་བ་བྱས་ན་སྟོབས་ཆེ་བ་ཡིན་ཏེ། དེ་ཡང་ཤིན་ཏུ་དཀོན་པར་འདུག །ངའི་གསང་ཚིག་གི་ཆོས་འདི་རྣམས་མཁའ་འགྲོའི་སྙིང་གཏམ་ཡིན་རྡོ་རྗེ་འཛིན་པ་བདག་གི་གསང་ཚིག་འདི་ནི། ཕྱི་ལྟར་གྱི་ལྷ་མོ་དབྱངས་ཅན་མ། ནང་གི་ལྷ་ཡེ་ཤེས་གསང་བའི་དབང་ཕྱུག་མས་བྱིན་གྱིས་བརླབས་པའི་མ་ཏི་བྷ་དྲ་ཤྲཱི་ལ་བདག་གིས་བསྟན་ཏོ། །གདམས་པ་འདི་ལོ་གསུམ་གྱི་


JLD001_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལ་གཞན་ལ་མི་སྨྲ་བར་རྒྱས་གདབ་པོ། །གདམས་པ་འདིའི་མིང་ནི་ཞུ་ལན་སྨན་མཆོག་བདུད་རྩིའི་འཕྲེང་བ་ཞེས་བྱ་སྟེ། སྨན་འདི་དང་པོ་གདུལ་བྱ་རྣམས་ཀྱི་དང་ཁར་མི་འགྲོ་བའི་དཔེ་ཡོད། དང་ཁར་སོང་ཡང་སྐྱུགས་པའི་དཔེ་ཡོད། སྨན་སྦྱོར་འདི་འཁོར་བའི་གཅོང་ནང་སེལ་བ་ལ་འདི་ལས་ལེགས་པ་མེད་གསུང༌། སྨན་འདི་དང་པོར་གསོལ་ནས་བར་དུ་མི་སྐྱུག་པར་ཞུ། དེ་ལྟར་བྱས་ན་འཁོར་བའི་གཅོང་ནད་དམ་པོ་འདི་གྲོལ་བར་འགྱུར་རོ། །ཡང་གསང་བའི་བདག་པོ་ལ། ལས་ཀྱི་རྡོ་རྗེས་ཞུས་པ། མ་ཏི་བྷ་དྲ་ཤྲཱི་འདིའི་རྒྱུད་ཚོད་གང་ལགས། འཚང་ནམ་རྒྱ། ཡི་དམ་གང་གིས་རྗེས་སུ་བཟུངས། སྐྱེ་བ་སྔ་མ་གར་འཁྲུངས་ཞུས་པས། གསང་བའི་བདག་པོའི་ཞལ་ནས། བློ་བཟང་གྲགས་པ་འདི་ནི་ཚོགས་གཉིས་རྒྱ་ཆེན་པོ་བསགས་པའི་གང་ཟག་ཡིན་ཏེ། སྐྱེ་བ་སྔ་མ་སྐྱེ་བ་བདུན་གྱི་བར། པཎྜི་ཏའི་ཚུལ་བསྟན་ནས་སེམས་ཅན་གྱི་དོན་མཛད། འདི་ཁའི་སྐྱེ་བ་སྔ་མ་ཁ་ཆེའི་གྲིབ་སྟན་གྱི་ཡུལ་དུ་པཎྜི་ཏ་མ་ཏི་བྷ་དྲ་ཤྲཱི་ཞེས་བྱ་བར་སྐུ་འཁྲུངས་ཏེ་ཕུན་སུམ་ཚོགས་པའི་འཁོར་ལྔ་བརྒྱ་འདུས། སོ་སོ་སྐྱེ་བོའི་སྣང་ངོར་སྦྱོར་ལམ་ལ་གནས་པར་གྲགས། ཁོ་བོ་ཕྱག་ན་རྡོ་རྗེས་ཀྱང་འདིའི་ཡོན་ཏན་དཔག་པར་མི་ནུས་ཤིང༌། ལྷག་པའི་ལྷ་ཕྱི་ནང་གི་ལྷ་མོས་རྗེས་སུ་བཟུངས་ཤིང༌། རིགས་གསུམ་མགོན་པོས་ཀྱང་རྗེས་སུ་


JLD001_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བཟུངས་ཏེ། ལྷག་པའི་ལྷ་ཡིན། འཚང་ནམ་རྒྱ་ངས་མི་སྟོན། འཇམ་དཔལ་དང་སྤྱན་རས་གཟིགས་ཀྱིས་ལུང་སྟོན་པར་འགྱུར་རོ། །མཐོང་ཐོས་དྲན་རེག་གསུམ་གྱིས་ཕན་ཡོན་ཐོབ་པའི་གང་ཟག་ཡིན་པས། ཁོའི་རྒྱུད་ཚོད་གཞན་གྱིས་རྟོགས་པར་མི་ནུས་སོ། །ཡང་གསང་བདག་ལ་ལས་ཀྱི་རྡོ་རྗེས་ཞུས་པ། ཁ་བ་ཅན་གྱི་ལྗོངས་སུ་བསྟན་པ་ཇི་ཙམ་གནས་ཞུས་པས། ད་ཕྱིན་ཆད་ད་ལྟ་ལུང་གི་དུས་ཡིན། དེའི་ནང་ནས་ཀྱང་མདོ་སྡེའི་དུས་ཡིན། འདུལ་བ་དང་བཅས་པ་ལ་ལོ་སྟོང་ཚོ་གཅིག་དང་བརྒྱ་ཚོ་གསུམ་གནས་གསུང༌། ཡང་གསང་བདག་ལ་ལས་ཀྱི་རྡོ་རྗེས་ཞུས་པ། བོད་ཁ་བ་ཅན་འདིར་བདེ་སྡུག་ཅི་འོང་ཞུས་པས། ནག་པོའི་ཕྱོགས་རྣམས་རྒྱས་ཤིང་དཀར་པོའི་ཕྱོགས་རྣམས་ཕམ་པས་མཐའ་མི་ཐམས་ཅད་དབུས་སུ་ལྷགས། དེའི་སྟོབས་ཀྱིས་མཐའི་ལྷ་འདྲེ་ཐམས་ཅད་ཀྱང་དབུས་སུ་ལྷགས། དབུས་ཀྱི་མི་ཐམས་ཅད་མཐའ་འཁོབ་ཏུ་ལྷགས། དབུས་ཀྱི་ལྷ་འདྲེ་ཐམས་ཅད་མཐའ་འཁོབ་ཏུ་ལྷགས། དེའི་སྟོབས་ཀྱིས་ལྷ་འདྲེ་ལྷ་འདྲེར་མ་འཆམ། མི་མང་པོ་ལ་མུ་གེ་དང་ཡམས་ནད་འབྱུང༌། སེམས་ཅན་ལ་བདེ་སྐྱིད་མེད། ཁྱེད་སྡེ་གོག་འཛིན་པའི་སློབ་དཔོན་རྣམས་སྙིང་རེ་རྗེ་གསུང༌། མཐའ་ནས་དམག་ལྷགས་ཏེ་འཇོམས་པའི་དུས་ནི་ད་ལྷ་ཡིན་མོད། དབུས་ཀྱི་སྡེ་པ་དང་རབ་བྱུང་རྣམས་ཀྱིས་བསྟན་པ་སྤྱིའི་རིམ་གྲོ་བག་ཙམ་བྱས་པའི་


JLD001_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་ཕྱིར་ནུར། ད་དུང་ཡང་བཟློག་ཐབས་བྱས་ན་ཕྱིར་ནུར་སྲིད། སེམས་ཅན་གྱི་ལས་ཀྱི་དབང་གིས་ལོ་བཅུ་མ་འགྱངས་པར་འབྱུང༌། དགེ་འདུན་སྡེ་འཁྲུགས་ན་ནི། མྱུར་དུ་འབྱུང་བའི་རྟགས་ཡིན། ཐེག་པ་མཆོག་གི་མི་རྟོག་པ་ལ་སོགས་པའི་ཏིང་ངེ་འཛིན་བསྐྱངས་པས་ལྷག་མཐོང་གི་མྱོང་བ་སྐྱེས་ཏེ་ཐབས་ཟབ་མོ་སྙིང་རྗེ་ཁྱད་པར་དུ་བྱས་པས་མྱུར་དུ་སྐྱེ། སྔགས་ཀྱི་བཟླས་ཐབས་ཟབ་མོས་ལུས་ལ་གནད་དུ་བསྣུན་པས་སེམས་ཐོག་ཏུ་རྟོགས་པ་རང་དབང་མེད་པར་སྐྱེ་བའི་དོན། སྙིང་རྗེ་ཆེན་པོ་ཐབས་ཟབ་མོ་འཁྲིད་མཆོག་བསམ་གྱིས་མི་ཁྱབ་པ་ཡོད་པས་སྐྱེ་བར་འགྱུར་རོ། །ཐོས་པ་མེད་ན་གོལ་ས་གསང་སྔགས་ཁོ་ན་མང་བས་ལས་དང་པོ་བའི་སྐབས་སུ་ཐོས་པ་ཤིན་ཏུ་གལ་ཆེ་གསུང༌། ད་ལྟའི་བསམ་གཏན་བ་བྱིན་གྱིས་སེམས་བསྐྱེད་ལུགས་འདིས་ཀྱང་ལྷག་མཐོང་གི་མྱོང་བ་བག་རེ་སྐྱེ་བ་ལས་འོས་ཅི་ཡོད། གསང་སྔགས་ཟབ་མོའི་གཟུངས་སྔགས་བཟླས་པས་ཐུན་མོང་གི་དངོས་གྲུབ་བག་རེ་འབྱུང་གི་ཡོད། དེ་བས་མཆོག་གི་དངོས་གྲུབ་རྒྱུན་ཆགས་གཏིང་ནས་སྐྱེ། དེས་ན་ཐམས་ཅད་ལ་དག་པའི་སྣང་བ་སྐྱེད་དགོས། ལྷག་མཐོང་རྣམ་དག་གི་མྱོང་བ་སྐྱེ་བར་བྱེད་པ་ལ། བླ་མ་ལྷག་མཐོང་རྣམ་དག་སྐྱེས་པ་ཞིག་ལ་བརྟེན་དགོས། ལྷག་མཐོང་རྣམ་དག་


JLD001_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྐྱེ་ན། ངའི་གསང་ཚིག་ཏུ་ལྟོས། གོལ་ས་རྣམས་གཅོད་དགོས་པ་ལགས་སོ། །ཞི་གནས་མེད་པ་ལ་ལྟ་བའི་གོ་ཡུལ་གཅིག་བཀབ་པས་ལྷག་མཐོང་གིས་ཟིན་པར་འདོད་པ་རྣམས་ནི་རྒྱལ་བ་རྣམས་ཀྱིས་མ་གསུངས་སོ། །དེ་ལྟ་བུ་མི་འབྱུང་གསུང༌། ལྷག་མཐོང་གི་མྱོང་བ་ཐོན་པའི་ཐབས་ཁྱད་པར་ཅན་གསང་སྔགས་ཀྱི་གདམས་པ་ཐུན་མོང་མིན་པ་སྦྱོར་དྲུག་དང་རྫོགས་ཆེན་ཡིན་གསུང༌། སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུའི་གསལ་བའི་དབྱེ་བ་བསམ་གྱིས་མི་ཁྱབ་མོད། རིགས་བསྡུ་ན་གསུམ་དུ་འདུས། དེའི་གསང་ཚིག་རྣམས་ལ་མང་དུ་ཡོད། ཆོས་བྱས་པ་ལམ་དུ་སོང་མ་སོང་གི་ཁྱད་པར་བྱང་ཆུབ་ཀྱི་སེམས་ཐུན་མོང་མིན་པ་རྒྱ་ཆེ་ཆུང་གི་ཁྱད་པར་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་སྙིང་རྗེ་ཆེན་པོ། བྱེད་ལས་སེམས་ཅན་གྱི་དོན་སྒྲུབ་པ་སྟེ། ཐུན་མོང་མིན་པ་ཡིན། དེ་གསུམ་གྱི་གོ་ཡུལ་དང་མྱོང་བ་རྣམ་དག་སྐྱེས་པའི་ཚད་རང་དོན་གྱི་འཁྲི་བ་ཆོད་ནས། གཞན་དོན་འབའ་ཞིག་སེམས་ཤིང་སྒྲུབ་པ་ཞིག་འོང་གསུང༌། རྫོགས་པ་ཆེན་པོ་འདི་ལྟ་བ་རྣམ་དག་ལགས་སམ་ཞུས་པས། རྫོགས་པ་ཆེན་པོ་ཡང་ལྷ་བ་མཐོང་པོ་ཡིན་མོད། ལྟ་བའི་ཕྱོགས་ལ་སློབ་དཔོན་ཀླུ་སྒྲུབ་དང་ཟླ་གྲགས་ཀྱིས་བཀྲལ་བ་འདི་འཁྲུལ་མེད་ཡིན། དེ་ལ་མ་བརྟེན་པའི་ལྷག་མཐོང་སྐྱེ་བ་མི་སྲིད་གསུང༌། ད་ལྟ་དབུས་གཙང་ན་སངས་རྒྱ་བའི་ལམ་


JLD001_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནོར་བ་ལུང་རིགས་ཀྱི་སྟོབས་ཀྱིས་སྒྲོ་འདོགས་ཆོད་ནས་གཞན་ལ་ལམ་རྣམ་དག་འཁྲིད་ཐུབ་པ་ཡང་བསམ་གྱིས་མི་ཁྱབ། འཁྲིད་ཐུབ་པ་རྣམས་ཀྱིས་འཁྲིད་པའི་ངེས་པ་ཡང་མེད། འཁྲིད་མི་ཐུབ་པས་ཁྲིད་ན་སློབ་དཔོན་དང་བཅས་པ་ཐམས་ཅད་ངན་སོང་དུ་འགྲོ་བས་སྙིང་རྗེ་གསུང༌། ཡང་གསང་བདག་ལ་ལས་ཀྱི་རྡོ་རྗེས་ཞུས་པ། བློ་བཟང་གྲགས་པའི་སྐུ་ཚེའི་ཚད་ཇི་ཙམ། འཁོར་ཁྱད་པར་ཅན་ཇི་ཙམ། གནས་གང་དུ་འགྲོ་དོན་འཕེལ། སྐྱེ་བ་ཕྱི་མ་གང་དུ་འགྲོ་དོན་བྱེད་བསྟན་དུ་གསོལ་ཞུས་པས། གསང་བའི་བདག་པོའི་ཞལ་ནས། གནས་གཞི་གཅིག་ཏུ་མ་བཞུགས་ན་འགྲོ་དོན་འཕེལ། སྐུ་ཚེའི་ཚད་བཞི་བཅུ་ཞེ་ལྔ་ལས་མི་ཐུབ། སྒྲུབ་པ་འབའ་ཞིག་མཛད་ན། བདུན་ཅུ་དོན་གཅིག་ཐུབ། གཅིག་ན་དོན་གསུམ འགྲོ་དོན་བྱེད་ན་སྒྲོལ་མ་དཀར་མོའི་སྒྲུབ་པ་དང་ཚེ་དཔག་མེད་ཀྱི་སྒྲུབ་པ། འཇམ་དཔལ་དང་འབྲེལ་པ་ཡོད་པས། འཇམ་དཔལ་གཤེད་དམར་གྱི་སྒྲུབ་པ་མཛད་ན་སྐུ་ཚེ་རིང༌། དེ་མ་མཛད་ན་ནག་པོའི་ཕྱོགས་ཀྱིས་བར་ཆད་འབྱུང་ཉེན་ཡོད། གོང་གི་སྒྲུབ་པ་དེ་ཤིན་ཏུ་གཅེས། འཁོར་ཁྱད་པར་དུ་འཕགས་པ་གསུམ་འབྱུང༌། ཚོགས་ཀྱི་ལམ་ལ་འཇུག་པའི་འཁོར་མང་དུ་འབྱུང༌། ལམ་ནི་ཚེ་སྔ་མའི་ལུང་བསྟན་ལས་འཕགས་པས་ཚད་མི་ཟིན། གོང་དུ་


JLD001_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཡི་དམ་ལྷ་མྱུར་དུ་ཞལ་གཟིགས། གཟིགས་ལུགས་རྣམ་པ་གསུམ། རབ་དངོས་སུ་ཞལ་གཟིགས། འབྲིང་ཉམས་ལ་གཟིགས། ཐ་མ་རྨི་ལམ་དུ་ཞལ་གཟིགས་པའོ། །ཡི་དམ་ལྷ་ཞལ་གཟིགས་པའི་སྔོན་ལ་ཆོ་འཕྲུལ་གདུག་རྩུབ་ཆེ་བར་འབྱུང་ངོ༌། །བདུད་ཆེ་རིགས་ཉིད་ཡི་དམ་དུ་སྤྲུལ་ནས་འབྱུང༌། དེ་ལ་རང་ཉིད་ཀྱིས་ཏིང་ངེ་འཛིན་བརྟན་པ་དང་ཡེ་ཤེས་པ་སྤྱན་དྲངས་ནས་དེ་ལ་བསྟིམས་པས། ཡི་དམ་ཡིན་ན་གཟི་བརྗིད་ཆེར་བསྐྱེད་འོང༌། བདུད་ཡིན་ན་ཡལ་ཏེ་འགྲོ །དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འདུག་ནའང། ངེད་ལ་དེ་ཀ་གོ་བདེ་བ་དང་སླ་བར་བྱུང༌། ཇི་ཙམ་དུ་ཡི་དམ་ལྷའི་ཞལ་གཟིགས་ཀྱང་སྤྲོ་དགའ་མི་འཚལ། དེ་བྱས་ན་བདུད་ཀྱིས་འཁྱེར་བ་འདུག་གསུང༌། ཡང་ཞུས་པ། བློ་བཟང་གྲགས་པ་འདི་ཉིད་སྐྱེ་བརྟིང་མ་གར་འཁྲུངས་ཞུས་པས། དགའ་ལྡན་དུ་བྱམས་པའི་དྲུང་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྙིང་པོ་ཞེས་བྱ་བར་སྐྱེ། དེ་ནས་དགའ་ལྡན་ནས་འཛམ་བུའི་གླིང་གཞན་དུ་སེམས་ཅན་གྱི་དོན་ལ་དགོངས་ཏེ། ཆོས་རྒྱལ་ཉིད་དུ་སྐྱེ་བ་བཞེས་ཏེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་འབྱུང༌། གསུམ་པ་འཛམ་བུའི་གླིང་འདིར། རྒྱ་གར་ཤར་ཕྱོགས་སུ་རི་ཙ་བྱ་བའི་གཙུག་ལག་ཁང་དུ་པཎྜི་ཏ་ཛྙཱ་ན་ཤྲཱི་ཞེས་བྱ་བར་འཁྲུངས། འཁོར་ཉིས་སྟོང་དུ་འདུ་ཞིང༌། འཁོར་རྣམས་ཀྱང་ཚོགས་


JLD001_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཆེན་པོ་དང༌། སྦྱོར་ལམ་ལ་གནས་པ་ཤ་སྟག་འབྱུང་ངོ༌། །གསང་བདག་ཉིད་ཀྱིས་གསུངས་པའི་ཚིག་རྣམས་གཞན་གྱི་བློར་མི་ཤོང་སྲིད་པས་སྦེད་པར་མཛད་པ་ཞུ། ཁྱེད་ཀྱི་སྐུའི་ཆེ་བ་དང་ཡོན་ཏན་འགའ་ཞིག་གསུང་ནའང༌། ཡི་གེ་ལ་འདེབས་ལོང་མ་བྱུང་བས་ཕྱོགས་ཙམ་ཡི་གེར་བཀོད་པ་ཡིན་ལགས། དྲི་བ་རྣམས་ལའང་གང་དྲིས་དྲིས་ལ། དེ་ཡང་ཁོ་རང་རང་རྒྱུས་ཆེ་གསུངས་ནས། ཕྱོགས་འདི་ཙམ་ལས་མི་གདའ་བས་དེ་བཀོད་པ་ལགས་སོ།། །།མངྒ་ལཾ། བྷ་ཝ་ནྟུ། ༈ སྐབས་འདིར་བརྗོད་བར་བྱ་བ་ནི། སྤྱིར་གྱི་གྲུབ་ཐོབ་རྣམས་ཀྱིས་མཛད་ཚུལ་དང༌། གདམས་ངག་རྣམས་ལུགས་རྣམ་དག་མང་དུ་ཡོད་མོད། དེ་བཞིན་དུ་རྗེ་བཙུན་འདིའི་སྙན་བརྒྱུད་རྣམས་ཀྱི་ལྟ་བའི་སྐབས་རྣམས་ལ་ཡང༌། ཕྱག་རྒྱ་ཆེན་པོ་དང་མཐུན་པའི་ལུགས་གཅིག་དང༌། དབུ་མ་ཆེན་པོ་དང་མཐུན་པའི་ལུགས་གཅིག་དང༌། རྫོགས་པ་ཆེན་པོ་དག་མཐུན་པའི་ལུགས་གཅིག་སྟེ། མི་མཐུན་པ་གསུམ་གསུངས་པ་ནི། གདུལ་བྱའི་དབང་གིས་དགོངས་པ་ཅན་དུ་ངེས་ཤིང༌། ཁྱད་པར་དུ་སྨན་མཆོག་བདུད་རྩི་འདི། རྗེ་ཙོང་ཁ་བ་ཉིད་ལ་གནང་བའི་གདམས་པའི་མཆོག་ཡིན་ཏེ། མཁའ་འགྲོ་རྣམས་ཀྱིས་ཀྱང༌། བདུད་རྩི་སྨན་མཆོག་ཆོས་ཀྱི་མཆོག །ཅེས་སོགས་གསུངས་ལ། རྗེ་ཙོང་ཁ་པ་ཉིད་ཀྱིས་ཀྱང༌། འཕགས་པ་ལག་ན་རྡོ་རྗེའི་གསང་ཚིག །ལྷག་ཆད་ནོར་གསུམ་གྱི་སྐྱོན་དང་


JLD001_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ། བདུད་རྩི་སྨན་མཆོག་ཅེས་སོགས་ཀྱི་བསྔགས་པ་མང་དུ་གསུངས་ཡོད་པ་ལ། དུས་ཕྱིས་ཀྱི་རྣལ་འབྱོར་པ་ཞིག་གིས་ཆོས་འདི་ཉིད་དཔལ་རྫོགས་པ་ཆེན་པོའི་ཞུ་ལན་གསེར་འཕྲེང་དང་འོ་མ་དང་ཆུ་བསྲེས་པ་ལྟར་བྱས་ཏེ། དེ་ཡང་འགལ་འདུ་དང་དཀའ་བའི་གནས་རྣམས་ལ། བརྟག་དཔྱད་ཆེར་མ་ཞུགས་ལགས། རྫོགས་ཆེན་ལ་མོས་པ་ཞིག་གིས་བསླད་པར་ངེས་སོ། །དེའི་རྒྱུ་མཚན་ཡི་དམ་ཀྱི་ཞལ་ནས་ཀྱང༌། རྫོགས་པ་ཆེན་པོ་ཡང་ལྟ་བ་མཐོན་པོ་ཡིན་མོད། ཁྱོད་རང་ཀླུ་སྒྲུབ་དང་ཟླ་གྲགས་ཀྱིས་བཀྲལ་བའི་ལུགས་བཞིན་གྱིས། ཞེས་སོགས་དུ་མ་ཞིག་གསུངས་ལ། གོང་གི་ལྟ་བ་མཐོན་པོ་ཡིན་མོད་ཅེས་པའི་ཚིག་འདི་ལ། དཔྱད་གཞི་བྱ་བར་རིགས་ལ། འདིའི་ངོ་བོ། རང་བཞིན། ཐུགས་རྗེ་ཞེས་པ་རྣམས་ལྟ་སྒོམ་སྤྱོད་གསུམ་དང་སྦྲེལ་ན། ཀླུ་སྒྲུབ་ཟླ་གྲགས་ཀྱི་ཞི་ལྷག །མཉམ་རྗེས་སོགས་དང་མི་འདྲ་བ་དུ་མ་ཞིག་འདུག་པ་འདི་ལྟར་ན། གོང་གི་ཡི་དམ་གྱི་གསུང་ཡང་འགལ་བ་ཅན་དུ་འགྱུར་ལ། རྗེ་ཙོང་ཁ་པ་ཉིད་ཀྱིས་ཐུགས་ངེས་པ་ཆེན་པོ་དེ་ལྟ་བུ་འདྲེན་པ་ལ་འགལ་བདུ་དང་བྲལ་ཞིང༌། ལྟ་སྤྱོད་ཀྱི་སྐབས་ཀྱང་ཞིབ་ཞིབ་འདྲ་ལ་རྩིང་བར་མ་སོང་བ་དགོས་མོད། དེ་སོགས་ཀྱི་དཔྱད་གཞི་བྱ་རྒྱུ་མི་འདུག་པས། ཕྱིས་འབྱུང་ཆོས་འདིར་འཇུག་འདོད་རྣམས། དཔེ་ཆ་མཐོང་བ་ཙམ་དང་གསུང་བ་པོ་དང་ཞུ་བ་པོ་བཟང་ཟེར་བ་ཙམ་ལ་དག་པ་སྦྱར་ནས་གཞན་གྱི་བསླད་པ་མི་གོ་བར་མ་བྱེད། སྤྱིར་བསྟན་པ་འགལ་མེད་དུ་རྟོགས་ཤིང༌། གཞུང་ལུགས་གདམས་ངག་ཏུ་འཆར་བ་དགོས་མོད།


JLD001_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འགལ་འདུ་དང་བཅས་པ་ཞིན་དུ་མ་ཡིན་ཏེ། རྣལ་འབྱོར་བས་ཉམས་མྱོང་ལ་བཅར་ནས་སྒོམ་དུས་ཐེ་ཚོམ་གྱི་སྒྲོག་གིས་འཆིང་ཞིང་སྐྱོན་གྱི་སྒོ་དུ་མ་འབྱུང་བས་སོ། །འདིར་མ་ཕྱི་ལྷད་མེད་གཏན་མ་རྙེད་པས། རྗེ་ཕྱག་རྡོར་བས་མཛད་པའི་མཛད་པ་ལ་སྐྱོན་སེལ་བའི་ཕྱིར་ཡིག་ཆུང་འདི་བཀོད་པའོ། །ཞུས་དག སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། ཆོས་སྡེ་ཆེ་ནས་ཆོས་སྦྱན་ཆར་འདི་སྤེལ། །


previousཞུ་ལན་སྨན་མཆོག་བདུད་རྩིའི་འཕྲེང་བ next