Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ།
   
   
   
   


 
previousགསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ། next

གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ།


JLD001_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བ་བཞུགས་སོ། །


JLD001_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་དག་པར་བྱ་བའི་ཚུལ་རྣམ་པར་བཤད་པ་དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བ། རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་ཐུགས་ཀྱི་བརྩེ་བས་ཉེར་དགོངས་ཚེ། །སྤྱན་སོགས་ལྷ་མོས་མཆོག་གི་དབང་བསྐུར་ཞིང༌། །བྱང་སེམས་རྣམས་ཀྱིས་ཤིས་པའི་གདངས་སྙན་སྒྲོག །ཁྲོ་བོའི་དབང་པོས་བགེགས་དཔུང་ཀུན་བཅོམ་ནས། །དངོས་གྲུབ་རབ་འབྱམས་འགྲོ་ལ་སྩོལ་མཛད་པའི། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་དེས། །བདག་ལ་བུ་བཞིན་


JLD001_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་དགོངས་མཛོད་ལ། །བདེ་ལེགས་རྒྱ་མཚོ་གེགས་མེད་འདུ་བར་མཛོད། །སྲས་བཅས་རྒྱལ་བས་རྟག་ཏུ་བྱིན་རློབ་ཅིང༌། །གནས་གསུམ་མཁའ་འགྲོས་བརྩེ་བས་གྲོགས་མཛད་པས། །རྡོ་རྗེ་ཐེག་པའི་སྒོར་ཞུགས་སྒྲུབ་པ་པོའི། །ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ་བའི་གཞི། །དམ་ཚིག་སྡོམ་པ་དག་པར་བྱེད་པའི་ཚུལ། །མཁས་པའི་རྗེས་སུ་འབྲངས་ནས་འདིར་བཤད་ཀྱིས། །ཟབ་མོ་རྡོ་རྗེ་ཐེག་པས་འགྲོ་འདོད་རྣམས། །ཡིད་རབ་བཏུད་དེ་གུས་པས་མཉན་པར་གྱིས། །ཇི་སྐད་དུ་བླ་མ་ལྔ་བཅུ་པ་ལས། དེ་ནས་སྔགས་སོགས་བྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །བཀླག་དང་འཛིན་པ་ཉིད་དུ་བྱ། ཞེས་གསུངས་པ་


JLD001_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དྲི་མ་མེད་པའི་དབང་བསྐུར་བས་རྡོ་རྗེ་ཐེག་པའི་ལམ་གྱི་སྣོད་དུ་བྱས་པའི་སྒྲུབ་པ་པོ་རྡོ་རྗེ་ཐེག་པའི་ལམ་ནས་འགྲོ་བར་འདོད་པ་རྣམས་ཀྱིས་ནི། ཐོག་མར་དངོས་གྲུབ་གཉིས་ཀྱི་རྩ་བ་དམ་ཚིག་དང་སྡོམ་པ་རྣམ་པར་དག་པར་བྱ་བ་ལ་འབད་དགོས་ཏེ་བདེ་མཆོག་རྩ་རྒྱུད་ཀྱི་ལེའུ་དང་པོ་ལས། ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །རྟག་ཏུ་དམ་ཚིག་བསྐྱང་བར་བྱ། །དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། ཞེས་དང༌། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་བརྟག་པ་བདུན་པ་ལས་ཀྱང༌། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བ་ཡང་དག་མི་ཤེས་པས། །བསྒྲུབས་ཀྱང་ཙ་ཡང་མི་འགྲུབ་པོ། །ཞེས་བསྲུང་བྱ་ལ་སོགས་པའི་དམ་ཚིག་རྣམས་མ་བསྲུངས་པར་ཡལ་བར་བཞག་པ་རྣམས་ཀྱིས་ལམ་བསྒྲུབས་ཀྱང་དངོས་གྲུབ་ཅི་ཡང་མི་འགྲུབ་པར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འདིར་རྡོ་རྗེ་ཐེག་པ་པ་རྣམས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་བཤད་པར་བྱའོ། །འདི་བཤད་པ་ལ་གཉིས། ཐོག་མར་དམ་ཚིག་དང་སྡོམ་པ་ཇི་ལྟར་ཁས་བླངས་པའི་ཚུལ་དང༌། ཁས་བླངས་པའི་སྡོམ་པ་དང་འགལ་བའི་ལྟུང་བ་གཏན་ལ་དབབ་པའོ། །དང་པོ་ལ་གསུམ། སྡོམ་པ་བསྒྲག་པ་བཤད་པ། སྡོམ་པ་གཟུང་བ་བཤད་པ། །སྡོམ་པ་བཟུང་མ་བཟུང་ལ་དབང་ཇི་ལྟར་བསྐུར་བའི་ཚུལ་ལོ། །དང་པོ་ལ་གཉིས། རིགས་ལྔ་སོ་སོའི་དམ་


JLD001_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དང༌། སྤྱིའི་དམ་ཚིག་གོ །དང་པོ་ལ་ལྔ། རྣམ་སྣང་གི་དམ་ཚིག་དང༌། མི་བསྐྱོད་པའི་དམ་ཚིག་དང༌། རིན་འབྱུང་གི་དམ་ཚིག་དང༌། འོད་དཔག་མེད་ཀྱི་དམ་ཚིག་དང༌། དོན་ཡོད་གྲུབ་པའི་དམ་ཚིག་གོ །དང་པོ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དགའ་བའི། །དམ་ཚིག་བརྟན་པར་འགྱུར་པའོ། །ཞེས་གསུངས་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོངས་ཤིག་ཅེས་བསྐུལ་ནས་དེ་འདྲ་བ་འདི་ནི་སངས་རྒྱས་ཏེ་རྣམ་སྣང་གི་རིགས་ཀྱི་དམ་ཚིག་གོ །དག་པ་ཞེས་རྒྱ་གཞུང་མང་པོ་ནས་འབྱུང་ཡང་ནག་པོ་སྤྱོད་པའི་དཀྱིལ་ཆོག་གཉིས་དང་མཚོ་སྐྱེས་སོགས་ཀྱི་དཀྱིལ་ཆོག་ཏུ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་ཡིད་འོང༌། ཞེས་གསུངས་པས་འདི་ནི་སངས་རྒྱས་རིགས་དགའ་བའི་ཞེས་འབྱུང་བདག་པ་ཡིན་ནོ། །བརྟན་པ་ནི་མི་མཐུན་ཕྱོགས་ཀྱིས་ཕྱེད་པར་དཀའ་བའི་དོན་ནོ། །གཉིས་པ་ནི། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་གྱིས་ནི་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། ཞེས་གསུངས་ཏེ། རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱ་དག་བློ་གྲོས་ཆེན་པོ་ཅན་ཁྱོད་ཀྱིས་གཟུང་བར་གྱིས་


JLD001_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཅེས་སྒྲོག་པའོ། །གཟུང་བར་བྱ་བ་དེ་གང་ཡིན་སྙམ་ན། །བྱང་ཆུབ་སེམས་གང་ཞེས་སོགས་ཀྱིས་སྟོན་ཏེ་འདི་གསུམ་ནི་སྡོམ་པ་གཟུང་བའི་སྐབས་སུ་བཤད་པར་བྱའོ། །དེ་གསུམ་དུ་མ་ཟད་རྡོ་རྗེ་སློབ་དཔོན་དག་ཀྱང་གུས་པས་གཟུང་བར་བྱ་སྟེ་བླ་མ་ནི་གུས་བ་དང་མ་གུས་པའི་ཕན་ཡོན་དང་ཉེས་དམིགས་ཀྱི་ཞིང་དུ་སངས་རྒྱས་ཀུན་དང་མཉམ་པ་སྟེ་འདྲ་བའི་ཕྱིར་རོ། །དེ་ལྟར་བཞི་པོ་བཟུང་བ་འདི་ནི་རྡོ་རྗེ་སྟེ་མི་བསྐྱོད་པའི་རིགས་ཡོངས་སུ་དག་པའི་དམ་ཚིག་དང་སྡོམ་པ་ཡིན་པར་རྒྱལ་བ་རྣམས་ཀྱིས་གསུངས་སོ། །འདི་གཉིས་ཀྱི་ཁྱད་པར་ནི་དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར་ཤཱནྟི་པས། དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །སྡོམ་པ་ནི་བྱ་བ་དང་མི་བྱ་བའི་ངེས་པའོ། །ཞེས་བྱ་རྒྱུ་མི་བྱེད་པ་དང་མ་བྱེ་རྒྱུ་བྱེད་པ་འགོག་ཅིང་སྡོམ་པ་དང་ཇི་ལྟར་བཅས་པ་ལྟར་འདའ་བར་མི་བྱ་བར་ཉམས་སུ་བླངས་པ་ལ་བཤད་པ་ལྟར་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་དང་རྡོ་རྗེ་མཁའ་འགྲོའི་འགྲེལ་པར་ཡང་བཤད་པས་དེ་ལྟར་དུ་ཤེས་པར་བྱའོ། །གསུམ་པ་ནི། རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། ཞེས་གསུངས་ཏེ། རིན་ཆེན་ནི་རིན་འབྱུང་སྟེ་དེའི་རིགས་ལ་ཉིན་ལན་གསུམ་དང་མཚན་མོ་ལན་གསུམ་སྟེ་དུས་དྲུག་ཏུ་ཟང་ཟིང་གི་སྦྱིན་པ་སོགས་སྦྱིན་པ་བཞི་རྟག་ཏུ་སྦྱིན་པར་བྱའོ། །འདི་ནི་རིན་ཆེན་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། ཞེས་པ་ནི། རྡོ་རྗེ་རྩེ་མོ་


JLD001_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ན་མི་སྣང་ཞིང་དེ་ཉིད་སྣང་བ་དང་དཔལ་མཆོག་འགྲེལ་ཆེན་སོགས་ནའང་མི་སྣང་སྟེ་རྐང་པ་དང་པོས་དེའི་དོན་བསྟན་པས་སོ། །དེ་བཞིན་དུ་ལས་རིགས་ལའང་ཤེས་པར་བྱའོ། །བཞི་པ་ནི། ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། ཞེས་གསུངས་ཏེ། ཐེག་པ་གསུམ་ལ་སོགས་པའི་དམ་ཆོས་རྣམས་ཁྱོད་ཀྱིས་གཟུང་བར་བྱ་སྟེ། འདི་ནི་པདྨ་སྟེ་འོད་དཔག་མེད་ཀྱི་རིགས་ཡོངས་སུ་དག་པའི་དམ་ཚིག་དང་སྡོམ་པ་ཡིན་པར་གསུངས་སོ། །ལྔ་པ་ནི། ལས་ཀྱི་རིགས་མཆོག་ཆེན་པོ་ལ། སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། ཞེས་གསུངས་ཏེ། ལས་ནི་དོན་གྲུབ་པ་སྟེ་དེའི་རིགས་ལ་སྡོམ་པ་ཐམས་ཅད་ཡང་དག་པར་གཟུང་བ་དང་མཆོད་པའི་ལས་ཀྱང་བྱའོ་ཞེས་པའོ། །གཉིས་པ་རིགས་ལྔ་སྤྱིའི་དམ་ཚིག་ལ་གསུམ། རྩ་བའི་དམ་ཚིག་དང་ཡན་ལག་གི་དམ་ཚིག་དང༌། དོན་བསྡུས་པའོ། །དང་པོ་ནི། དེ་ལས་གཞན་པ་བཅུ་བཞི་ནི། ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྤོམ་པོར་འགྱུར། ཞེས་གསུངས་ཏེ། རིགས་ལྔ་སོ་སོའི་དམ་ཚིག་དེ་དག་ལས་གཞན་པ་ཐུན་མོང་གི་དམ་ཚིག་རྣམས་ཀྱང་ཡིད་ཀྱིས་


JLD001_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་ཞིང་ལུས་ངག་གིས་དོར་བར་མི་བྱའོ། །དེ་དག་ཀྱང་གང་ཞེ་ན། ཐོག་མར་རྩ་བའི་དམ་ཚིག་སྟོན་པ་ནི། ཕས་ཕམ་པར་རྒྱུད་སྡེ་རྣམས་ལས་རབ་ཏུ་བཤད་པའི་བཅུ་བཞི་རྣམས་ཀྱི་བཅས་པ་སྟེ་དེ་རྣམས་ལ་མིང་གཉིས་པ་རྩ་བའི་ལྟུང་བ་ཞེས་ཀྱང་བཤད་དོ། །དེས་སྡོམ་པ་གཅོད་པས་གཉེན་པོའི་ཕྱོགས་ཕམ་པར་བྱེད་ཅིང་དེ་ཡང་ཕ་རོལ་མི་མཐུན་ཕྱོགས་ནས་ཚུར་ལ་ཕམ་པར་བྱས་པས་ཕས་ཕམ་མོ། །སྔ་མ་ཁ་ཅིག་རྩ་ལྟུང་རྣམས་སྤང་ཞིང་དེ་དག་གི་གཉེན་པོ་དོར་བར་མི་བྱ་ཞེས་འཆད་དོ། །བཅུ་བཞི་པོ་དེ་དག་ཀྱང་གང་ཞེ་ན། འདི་ལ་སྔོན་གྱི་ཡོ་ག་པ་ཁ་ཅིག་རིགས་དང་པོ་ལ་དཀོན་མཆོག་གསུམ། གཉིས་པ་ལ་རྡོ་རྗེ་དྲིལ་བུ་སློབ་དཔོན་གསུམ། གསུམ་པ་ལ་སྦྱིན་པ་བཞི། བཞི་པ་ལ་ཆོས་གསུམ། ཐ་མ་ལ་མཆོད་པ་གཅིག་པུ་སྟེ་བཅུ་བཞི་པོ་དེ་དག་ལས་འདས་པ་ལ་འདོད་པ་དང༌། ཁ་ཅིག་སྲོག་ཆགས་གསད་མི་བྱ་ནས་ཆང་སྤོང་བའི་བར་ལས་ལྡོག་པ་ལ་ལྔ། དམ་པ་བསྟེན་པ་དང་རྣལ་འབྱོར་པ་བསྙེན་བཀུར་བ་ལས་བཟློག་པ་གཉིས། ལུས་ཀྱི་ལས་ལ་སོགས་པ་ལས་ལོག་བའི་མི་དགེ་བཅུ་ལ་གཅིག །ཐེག་དམན་འདོད་མི་བྱ་ལ་སོགས་པ་ལས་ལོག་པ་བཞི། ལྷ་སོགས་བརྙས་པ་དང་མཚན་མ་འགོམ་པ་ལ་འདོད་པ་ནི་མི་རིགས་ཏེ་རྩེ་མ་ནས་བཤད་པ་འདི་རྣམས་རྣལ་འབྱོར་གྱི་རྒྱུད་ཁོ་ནའི་མ་ཡིན་གྱི། རྣལ་འབྱོར་བླ་མེད་ཀྱི་སྡོམ་པ་བསྒྲག་པའི་སྐབས་སུ་ཡང་བྱ་བ་ཡིན་པའི་ཕྱིར་དང༌། དེའི་ཚེ་དེ་ལས་གཞན་པ་བཅུ་བཞི་ཞེས་པའི་དོན་དེ་རྣམས་ལ་བཤད་དུ་མི་རུང་བའི་ཕྱིར་རོ། །འོ་ན་བླ་


JLD001_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་སྐབས་སུ་འདིས་སྡོམ་པ་བསྒྲགས་པ་ཡོད་དམ་སྙམ་ན། ཡོད་དེ་འདུས་པའི་དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ་དང་བདེ་མཆོག་གི་དཀྱིལ་ཆོག་ཚིགས་བཅད་དགུ་བརྒྱ་པ་ལས་རིམ་པ་ལྟར་ཤཱནྟཱི་པ་དང་རྒྱལ་བ་བཟང་པོས་སྡོམ་པ་བསྒྲག་པ་རྩེ་མོ་ནས་འབྱུང་བ་བཞིན་དུ་གསུངས་ནས་དེ་ནས་སྡོམ་པ་འཛིན་པར་གསུངས་ཤིང༌། གཞན་ཡང་སྡོམ་པ་གཟུང་བ་ནི་རྩེ་མོ་ནས་གསུངས་པ་དང་བླ་མེད་ནས་གསུངས་པ་རྣམས་ཆོ་ག་འདྲ་བར་སྣང་བས་གཟུང་རྒྱུའི་དམ་ཚིག་བསྒྲག་པ་རྣམས་ཀྱང་ཐུན་མོང་བ་ཡིན་ནོ། །དེའི་ཕྱིར་རྒྱ་གར་བའི་བླ་མེད་ཀྱི་དཀྱིལ་ཆོག་རྣམས་སུ་རྩེ་མོའི་སྡོམ་པ་བསྒྲག་པའི་སྐབས་རྣམས་ཚང་མ་ཚང་ཅི་རིགས་པར་དྲངས་པ་དུ་མ་ཞིག་སྣང་ངོ། །གལ་ཏེ་ལུགས་སྔ་མ་ན་རིགས་ཏེ་དེ་ཉིད་བསྡུས་པའི་དུམ་བུ་དང་པོའི་འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། ཞེས་བྱ་བ་ལ་སོགས་པ་ཕས་ཕམ་པ་བཅུ་བཞི་ལས་ལྡོག་པའི་མཚན་ཉིད་ཅན་ནོ། །ཞེས་དང༌། དཔལ་མཆོག་གི་དུམ་བུ་གཉིས་པའི་འགྲེལ་ཆེན་ལས་ཀྱང༌། བསམས་པ་ཙམ་གྱིས་འདི་དག་ཐམས་ཅད་འགྲུབ་པ་ཡིན་ཏེ་ཕྱག་རྒྱ་ལ་སོགས་པ་འདི་དག་གིས་ཅི་ཞིག་བྱ་ཞེས་བྱ་བས་འདི་ཡོངས་སུ་སྤངས་ན་ཕམ་པར་འགྱུར་རོ། །ཞེས་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་སྤང་མི་བྱ། ཞེས་པའི་འགྲེལ་པར་གསུངས་པའི་


JLD001_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ་ཞེ་ན། དེ་ནི་འཐད་པར་མི་སྣང་སྟེ་ལུང་སྔ་མའི་དོན་ནི་ཇི་ལྟར་ཞེས་སོགས་ཀྱིས་བསྟན་པའི་རིགས་ལྔའི་སྡོམ་པ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་སུ་བསྟན་ནས་ཚུལ་ཁྲིམས་ནི་ཉེས་སྤྱོད་ལས་ལྡོག་པ་ཡིན་ན་གང་ལས་ལྡོག་པ་བསྟན་པའི་ཕྱིར། ཕས་ཕམ་པ་བཅུ་བཞི་ལས་ལྡོག་པ་ཞེས་སྟོན་པས། དེ་ཙམ་གྱིས་རིགས་ལྔའི་དམ་ཚིག་དེ་དག་གི་བཟློག་ཕྱོགས་ལ་ཕམ་པར་སྟོན་མི་ནུས་པའི་ཕྱིར་དང༌། ནུས་ནའང་སེམས་བསྐྱེད་པའི་བཟློག་ཕྱོགས་ལ་ཕམ་པར་སྟོན་དགོས་པ་ལས་དེ་མ་བགྲངས་པའི་ཕྱིར་དང་རྩེ་མོར། དེ་ལས་གཞན་པ་ཞེས་གསུངས་པའི་ཕྱིར་རོ། །ལུང་ཕྱི་མས་ནི་ཕྱག་རྒྱ་སྤོངས་པའང་ཕམ་པར་བཤད་པས་རྡོ་རྗེའི་རིགས་ལ་ཕྱག་རྒྱ་མི་འདྲེན་པ་ལ་གནོད་པའང་ཡིན་ནོ། །དཔལ་མཆོག་གི་དུམ་བུ་གཉིས་པ་ལས། དམ་ཚིག་སྡོམ་པ་གྲུབ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །དམ་པའི་ཆོས་ནི་མི་སྨད་ཅིང༌། །ནམ་ཡང་གཏང་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེས་ནི་སྨད་པར་མི་བྱའོ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་རྣམས་ཀྱིས་གདུང་མི་བྱ། །ཅི་བདེ་བར་ནི་བདེ་བར་བཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་


JLD001_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་མི་བྱ། །སློབ་དཔོན་སྨད་པར་མི་བྱ་སྟེ། ཞེས་གསུངས་པའི་དམ་ཚིག་རྣམས་ལ་སྔར་དྲངས་པ་ལྟར་དམ་ཚིག་གསུམ་སྤངས་པ་ལ་ཕམ་པར་བཤད་ཅིང༌། དམ་པའི་ཆོས་ནི་མི་སྨད་ཅིང༌། ཞེས་པའི་འགྲེལ་པ་ལས་ཀྱང༌། ཐེག་པ་གསུམ་གྱི་ཆོས་ཡོངས་སུ་སྤང་བར་མི་བྱའོ་ཞེས་བྱ་བ་ཇི་ལྟར་ཤེས་པར་འགྱུར་ཞེ་ན། ཉན་ཐོས་ཀྱི་ཐེག་པ་ལས་གསུངས་པའམ་རང་སངས་རྒྱས་ཀྱི་ཐེག་པ་ལས་གསུངས་པའམ་ཐེག་པ་ཆེན་པོ་ལས་གསུངས་པའི་དམ་པའི་ཆོས་ལ་སུན་འབྱིན་ན་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་ཅིང་ཕམ་པར་གྱུར་ཅིང་མནར་མེད་པ་ལ་སོགས་པ་ཡིན་ནོ་ཞེས་འཕགས་པ་ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་ཕྱིར་རོ། །ཞེས་ཐེག་པ་གསུམ་གྱི་ཆོས་སྤངས་པ་ལ་ཡང་རྩ་ལྟུང་དུ་བསྒྲུབས་པ་ལྟར་ཤཱནྟི་པས་ཀྱང་མཛད་དོ། །དེས་ན་དེ་དག་གི་ལྷག་མ་བྱང་ཆུབ་ཀྱི་སེམས་བཏང་བ་དང་རང་གི་ཕུང་པོ་གཟིར་བ་དང་བླ་མ་ལ་བརྙས་པ་ལ་ཡང་རྩ་ལྟུང་དུ་ཤེས་པར་བྱའོ། །དཔལ་མཆོག་གི་དམ་ཚིག་འདི་རྣམས་ཀྱང་བཞི་བརྒྱ་ལྔ་བཅུ་པ་ལ་སོགས་པའི་བླ་མེད་ཀྱི་དཀྱིལ་ཆོག་དུ་མར་གསུངས་པས་བླ་མེད་དང་རྣལ་འབྱོར་རྒྱུད་གཉིས་ཀྱི་བཅས་པ་ཐུན་མོང་བ་ཡིན་ནོ། །སློབ་དཔོན་སངས་རྒྱས་གསང་བས་ཀྱང་ལྷ་ཐམས་ཅད་ཀྱི་དམ་ཚིག་ཐུན་མོང་བ་རྒྱུད་གཞན་ལས་བཤད་པ་རྣམས་ཀྱང་དེ་ཉིད་བསྡུས་པ་དང༌། དཔལ་རྩེ་གཉིས་ཀྱི་དམ་ཚིག་རྣམས་ཀྱི་ནང་དུ་འདུ་བའི་ཤེས་བྱེད་དུ་དཔལ་མཆོག་གི་གཞུང་དེ་རྣམས་དྲངས་


JLD001_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཨ་བ་ཏར་ལས་བཤད་དོ། །རྡོར་དབྱིངས་དོན་བསྡུས་ཀྱི་འགྲེལ་པར་ཡང༌། དཔལ་མཆོག་གི་གཞུང་དེ་རྣམས་ཀྱིས་བཤད་པའི་རྩ་ལྟུང་དང་གཞན་ནས་བཤད་པའི་རྩ་ལྟུང་རྣམས་སྲུང་དགོས་སོ་ཞེས་བཤད་དེ་འདིས་ཀྱང་རྒྱུད་སྡེ་གོང་མ་གཉིས་རྩ་ལྟུང་འདྲ་བར་བསམས་སོ། །དེ་ལ་དམ་ཚིག་དང་སྡོམ་པ་ནི་བཤད་ཟིན་ཏོ། །གྲུབ་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་སྩོལ་བས་ན་རྫོགས་པའོ། །ཤཱནྟི་པས་དོན་ཡོད་པ་ལ་བཤད་དེ་དོན་འདྲའོ། །འདི་ཞེས་པ་ནི་འཆད་འགྱུར་གྱི་དམ་ཚིག་རྣམས་སོ། །ཁྱོད་ཀྱིས་རྟག་ཏུ་སྟེ་སྐད་ཅིག་རེ་རེ་ལ་བསྲུང་ཞིང་བསྐྱང་ངོ༌། །མཐུན་པར་གསུངས་པ་ནི་དུས་གཅིག་ཏུ་མགྲིན་གཅིག་གིས་གསུངས་པའོ། །དམ་པ་སྟེ་མཆོག་ཏུ་ངང་རྟག་པ་ནི་ངེས་པའི་དོན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་ནི་གཏང་མི་བྱ། ཞེས་བྱ་བ་ལ་སོགས་པས་གང་གསུངས་པའི་དམ་ཚིག་དང་སྡོམ་པ་ཁྱེད་ལ་རྟག་ཏུ་གྲུབ་པས་གུས་པས་བསྲུང་ངོ༌། །བྱང་ཆུབ་ནི་རང་གི་སེམས་ཇི་ལྟ་བ་བཞིན་དུ་ཤེས་པའི་རྫོགས་བྱང་ངོ༌། །སེམས་ནི་དེའི་རང་བཞིན་ཅན་དང་དེ་ཐོབ་པའི་རྒྱུ་སྟེ་སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་གང་ཞིག་བསྐྱེད་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་བག་ཆགས་སྐྱེད་པས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱིས་ད་ལྟར་བའི་སངས་རྒྱས་ཉིད་དུ་རྣལ་འབྱོར་པས་ཤེས་པར་བྱ་བ་འདི་ལ་ནི་དོགས་པ་སྟེ་ཐེ་ཚོམ་མི་བྱའོ། །དེས་ན་དེ་སྤང་བར་མི་བྱའོ། །སེམས་


JLD001_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཇི་ལྟར་དུ་བསྐྱེད་སྙམ་ན། སྟོང་ཉིད་ཀྱི་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གང་ཡིན་པ་དེ་ཡོངས་སུ་བརྟགས་ནས་སྙིང་ཁར་ཟླ་བའི་སྟེང་དུ་བསྐྱེད་པའོ། །དམ་པ་རྣམས་ཀྱིས་ཐེག་པ་གསུམ་དུ་བསྟན་པའི་ཆོས་ལ་འདིས་ཅི་ཞིག་བྱ་ཞེས་སྨད་པར་མི་བྱ་བ་དང་བདག་ལ་འདི་དགོས་པ་མེད་པས་བདག་གིས་འདི་སྤང་བར་བྱ་ཞེས་ངག་གམ་ཡིད་གང་གིས་ཀྱང་ནམ་ཡང་ཆོས་དེ་རྣམས་སྤང་བར་མི་བྱའོ། །ཐོས་པའི་ཤེས་བས་ཆོས་ཀྱི་དོན་མ་ངེས་པའི་མི་ཤེས་པའམ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་མེད་པས་རྟེན་འབྲེལ་གྱི་རང་བཞིན་མ་ཤེས་པའི་རྨོངས་པའི་དབང་གིས་ཐེག་གསུམ་གྱི་ཆོས་ལ་སྒྲུབ་པ་པོ་དེས་ནི་སྨད་པར་མི་བྱའོ། །བཞི་བརྒྱ་ལྔ་བཅུ་པ་ལས། མི་ཤེས་པའམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །ཞེས་འབྱུང་བའི་འགྲེལ་པ་ལས། དམ་ཆོས་ཀྱི་ཚིག་དང་དོན་ཉན་པ་ལ་སྐལ་བ་མེད་པའམ་སྐལ་བ་དང་མི་ལྡན་པས་ཐེ་ཚོམ་དང་ཕྱིན་ཅི་ལོག་ཏུ་འཛིན་པའི་ཚེ་དེ་ལ་ཡི་གེའི་དོན་བསྟན་པར་མི་བྱའོ། །ཞེས་འཆད་དོ། །ཕྱིའི་དངོས་པོ་ཡང་རང་གི་སྒྲས་བརྗོད་པ་ཡོད་པས་དེ་གཅད་པའི་ཕྱིར་རང་གི་དང་བདག་ཉིད་ཅེས་གཉིས་སྨོས་སོ། །རང་གི་ལུས་སྲོག་ལ་ལྟོས་པ་མེད་པར་ཡོངས་སུ་སྤངས་ནས་བྱ་རྒྱུད་ལས་གསུངས་པའི་མི་བཟད་པའི་དཀའ་ཐུབ་བཅོ་བརྒྱད་ལ་སོགས་པའི་རྣལ་འབྱོར་གྱི་གཉེན་པོར་གྱུར་པའི་བཟའ་བ་ལ་སོགས་པའི་དཀའ་ཐུབ་ཀྱིས་གདུང་བར་མི་བྱའོ། །བཅོ་བརྒྱད་ནི་འཇིག་རྟེན་གསུམ་


JLD001_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གྱི་རྟོག་པའི་འགྲེལ་པ་ལས་བལྟའོ། །འོ་ན་ཇི་ལྟར་གཟུང་སྙམ་ན། ཅི་བདེ་བ་ནི་དཀའ་ཐུབ་དང་དཀའ་སྤྱད་དེ་རྣམས་མེད་པའོ། །ངེས་བཟུང་པའི་རྣལ་འབྱོར་སྐྱེ་བ་དང་རྗེས་སུ་མཐུན་པའི་གནས་མལ་དང་བཟའ་བཏུང་ལ་སོགས་པ་རྣམས་ཀྱིས་བདེ་བར་བཟུང་ནས་འཕེལ་བར་བྱ་སྟེ། འདི་ནི་ཕྱིར་མི་ལྡོག་པར་ངེས་པའི་ཕུང་པོ་ལ་གནས་པས་མ་བྱོན་པའི་སངས་རྒྱས་ཡིན་པས་སོ། །ཤཱནྟི་པས། རྣལ་འབྱོར་གྱི་སེམས་ཡོངས་སུ་སྤངས་ནས་རྣལ་འབྱོར་དང་མི་མཐུན་པས་གཟིར་བར་མི་བྱ་ཞེས་འཆད་དོ། །རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་སྟོན་པར་བྱེད་པའི་དང་པོའི་རྡོ་རྗེའི་རང་བཞིན་ཅན་གྱི་ཕྱག་འཚན་ནོ། །དྲིལ་བུ་ནི་དང་པོའི་རྡོ་རྗེས་མཚན་པའི་དྲིལ་བུ་ཤེས་རབ་སྟོན་པར་བྱེད་པའི་སྒྲའི་རྗེས་སུ་འགྲོ་བའི་ཕྱག་མཚན་ནོ། །དམ་ཚིག་དང་ཆོས་དང་ལས་དང་ཕྱག་ཆེན་ཏེ་བཞི་ནི་ཕྱག་རྒྱའོ། །སྤོང་ཚུལ་ནི་དེ་ཁོ་ན་ཉིད་ཀྱི་དོན་བསྒོམས་པས་བྱང་ཆུབ་ཐོབ་པར་འགྱུར་བ་ཡིན་ན་རྡོར་དྲིལ་སོགས་ཀྱིས་བྱང་ཆུབ་དེ་ཐོབ་པ་ལ་ཅི་ཞིག་བྱ་སྙམ་པ་ལ་ཤཱནྟི་པས་བཤད་ཅིང་དེ་ལྟར་བྱེད་པ་ལ་དཔལ་མཆོག་འགྲེལ་ཆེན་ལས་སྔར་དྲངས་པ་ལྟར་རྩ་ལྟུང་དུ་གསུངས་པས་ཤིན་ཏུ་འབྱུང་ཉེ་ལ་ཁ་ན་མ་ཐོ་བ་ཆེ་བ་འདི་རྣམས་ལ་གཟབ་པར་བྱའོ། །བླ་མ་ལ་སྨོད་པ་ནི་ཚུལ་འཚལ་ལོ་ཞེས་སོགས་ཀྱིས་སྨོད་པའི། །འདི་ནི་རྣལ་འབྱོར་དང་རྣལ་འབྱོར་བླ་མེད་ཀྱི་དཀྱིལ་ཆོག་དུ་མར་འབྱུང་བའི་དམ་ཚིག་སློབ་མ་ལ་གོ་བར་བྱ་རྒྱུ་རྣམས་ཡིན་པས། དཔལ་མཆོག་འགྲེལ་ཆེན་ནས་འབྱུང་བ་བཞིན་དུ་གསལ་


JLD001_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཤད་དོ། །གལ་ཏེ་སྔར་བསྟན་པའི་ལུགས་དེ་དག་གིས་བཤད་པ་དེ་དེ་ལས་གཞན་པ་བཅུ་བཞི་ཞེས་པའི་དོན་མིན་ན་འོན་གང་ཡིན་སྙམ་ན། རྣལ་འབྱོར་རྒྱུད་ལ་རྩ་ལྟུང་བཅུ་བཞིའི་རྣམ་གཞག་ཡོད་པ་ནི་རྡོ་རྗེ་རྩེ་མོ་ལས་གསུངས་མོད་ཀྱང་བཅུ་བཞི་པོ་དེ་གྲངས་འདི་ལྟར་ཡིན་ཞེས་བཤད་པ་ནི་རྒྱ་གཞུང་ཁུངས་མ་གཞན་ནས་བཤད་པ་མི་སྣང་ལ་རྡོར་དབྱིངས་དོན་བསྡུས་ཀྱི་འགྲེལ་པར་སྔར་བཤད་བ་ལྟར་གསུངས་ཤིང་ཛཱལནྡྷ་རའི་རྡོ་རྗེ་སློབ་དཔོན་ཀ་མ་ངྷེ་ནུ་པས་ངན་སོང་སྦྱོང་རྒྱུད་ཀྱི་འགྲེལ་པར། དེ་ནས་དེ་བས་རྟག་ཏུ་ཞེས་བྱ་བ་ནས། བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་བྱ་བའི་བར་དུ་ཁྱད་པར་གྱི་སྡོམ་པ་ཐུན་མོང་བ་ཕོག་ལ། དེ་ནས་རྩ་བའི་ལྟུང་བ་བཅུ་བཞི་ཡན་ལག་དང་བཅས་པ་སློབ་དཔོན་དུ་འོས་པ་ལ་སྦྱིན་ཏེ། ཞེས་གསུངས་ནས་དམ་ཚིག་བསྒྲག་པའི་སྐབས་སུ། རྡོ་རྗེ་མ་རྣམས་ཉིད་ལ་ནི། ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་སྐུལ་བྱེད་མ་དང་རལ་བ་གཅིག་མ་དང་མཱ་མ་ཀཱི་དང་སྒྲོལ་མ་ལ་སོགས་པ་ཡེ་ཤེས་རྡོ་རྗེ་ལྟ་བུར་མི་ཕྱེད་པས་རྣལ་འབྱོར་མ་ཉིད་དུ་བསྟན་པ་རྣམས་ལའོ། །རྣལ་འབྱོར་ཅན་གྱིས་ཞེས་བྱ་བ་ནི་སྔགས་པས་སོ། །བརྙས་མ་ཡིན་ཞེས་བྱ་བ་ནི་བུད་མེད་དུ་གནས་པས་སྨོད་པ་སྲིད་པས་དགག་པ་སྟེ། བུད་མེད་ཤེས་རབ་རང་བཞིན་པས། །དེ་ལ་བརྙས་པ་བཅུ་བཞི་པ། ཞེས་རྩ་བའི་ལྟུང་བར་ཡང་འདི་དག་ལ་བརྙས་པ་ཉིད་གཞག་གོ །ཞེས་


JLD001_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ལ་སྨོད་པའི་རྩ་ལྟུང་རྣལ་འབྱོར་རྒྱུད་ཀྱི་རྩ་ལྟུང་དུ་གསུངས་པས་གཞན་བཅུ་གསུམ་ཡང་བླ་མེད་དང་འདྲ་བར་བཞེད་པར་གསལ་ལོ། །འདི་ཉིད་ནི་ལེགས་པ་ཡིན་ཏེ་རྩ་ལྟུང་བཅུ་བཞི་ནི་རིགས་ལྔའི་སྡོམ་པ་བཟུང་པ་རྣམས་ཀྱི་བཅས་པ་ཡིན་ལ་རིགས་ལྔའི་སྡོམ་གཟུང་གི་ཆོ་ག་ནི་རྡོ་རྗེ་རྩེ་མོ་དང་སཾ་བྷུ་ཊ་དང་རྡོ་རྗེ་མཁའ་འགྲོ་ནས་བཤད་པ་རྣམས་འདྲ་བར་སྣང་ལ་ཁྱད་པར་དུ་སྡོམ་པ་བསྒྲག་པའི་སྐབས་ཀྱི་རྩ་ལྟུང་བཅུ་བཞི་བསྒྲག་པ་ཐུན་མོང་པར་གསུངས་པའི་ཕྱིར་རོ། །དེས་ན་རྒྱུད་སྡེའི་རིམ་པ་ཐ་དད་ལ་བརྟེན་ནས་ལྟུང་བའི་ནང་ཚན་འགའ་ཞིག་ལ་མི་འདྲ་བ་སྣང་ཡང་སྤྱིའི་མིང་གི་རྣམ་གྲངས་དང་སྤྱིའི་ངོ་བོ་ནི་རྩ་ལྟུང་བཅུ་བཞི་པའི་གཞུང་ནས་འབྱུང་བ་དང་མཐུན་པར་བྱའོ། །གལ་ཏེ་བླ་མེད་དང་ཡེ་མི་འདྲ་བའི་རྩ་ལྟུང་བཅུ་བཞི་ཡོད་ན་རྣལ་འབྱོར་རྒྱུད་ལ་མཁས་པའི་སློབ་དཔོན་གསུམ་ལ་སོགས་པའི་མཁས་པ་རྣམས་ཀྱིས་ཐ་ནའང་མིང་འདོགས་ཀྱི་གྲངས་གསལ་བ་ཙམ་ཞིག་ཅིའི་ཕྱིར་མི་འཆད་དེ། སྤྱིར་དམ་ཚིག་དག་སྡོམ་པ་ཤེས་ནས་འཇུག་ལྡོག་བྱེད་པ་དང་ཁྱད་པར་དུ་རྩ་ལྟུང་ངོས་ཟིན་ནས་སྲུང་བ་ནི་ཐམས་ཅད་ཀྱི་ཐོག་མར་མེད་དུ་མི་རུང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་སངས་རྒྱས་གསང་བས། ང་ནས་བླ་མ་མཉེས་པར་བྱས་པ་དེ་དེས་བསྟན་པའི་དཀྱིལ་འཁོར་ཆེན་པོ་དང་དམ་ཚིག་དང་ཆོས་དང་ལས་ཀྱི་དཀྱིལ་འཁོར་དུ་ཆོ་ག་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཚོགས། སྔོམ་པ་བཟུང་བ་ཡོངས་སུ་བསྲུང་བར་བྱ་བའི་དམ་ཚིག་དང་འདུལ་བ་དང་སྤྱོད་པ་དང་སྤྱོད་


JLD001_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་རྣམས་ལ་ཆོ་ག་ཇི་བཞིན་དུ་མཁས་པར་བྱས་པས། དེ་ཕྱིན་ཆད་དམ་ཚིག་ལ་སོགས་པ་ཇི་ལྟར་བླངས་པ་བསྲུང་བའི་ཕྱིར་རྟག་ཏུ་སྤྲོ་བ་མི་གློད་པར་བྱ་སྟེ། བདག་དང་གཞན་གྱི་དོན་མ་ལུས་པ་འགྲུབ་པ་ལ་དེ་ཐོག་མར་འགྲོ་བའི་ཕྱིར་རོ། །ཞེས་ཨ་བ་ཏ་ར་ལས་གསུངས་སོ། །དེ་ལྟར་ན་རྣལ་འབྱོར་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་ནི་ཤེས་རབ་ཅན་རྣམས་ཀྱིས་དེ་བཞིན་དུ་ངེས་པར་འདོད་པར་བྱ་སྟེ་འོག་ཏུ་སྟོན་པར་འགྱུར་རོ། །རྩ་བའི་དམ་ཚིག་རྣམས་སྐྱོང་ཚུལ་ནི་ཉིན་མོ་ལན་གསུམ་དང་མཚན་མོ་ལན་གསུམ་དུ་ཉི་མ་རེ་རེ་ཞིང་ནི་ཟླ་བ་སྟེ་རང་རྒྱུད་ལ་ཉེས་པས་གོས་མ་གོས་བསྔོ་བགྲང་བྱའོ། །གང་གི་ཚེ་བསྔོ་བགྲང་བྱ་བའི་དམ་ཚིག་དེ་ཉམས་པར་གྱུར་པ་སྟེ་ཆག་ན་དེའི་ཚེ་རྣལ་འབྱོར་བ་དེ་ལ་ཁ་ན་མ་ཐོ་བ་སྟེ། ལྟུང་བ་སྦོམ་པོ་འབྱུང་བར་འགྱུར་རོ། །འདི་ཡང་རྩ་བའི་དམ་ཚིག་ལ་མཚོན་པ་ཙམ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་ལ་བྱ་དགོས་ཏེ་སངས་རྒྱས་ཐོད་པའི་དཀྱིལ་མཆོག་ཏུ་ས་ར་ཧས། སེམས་དག་ཐོ་རངས་དུས་ལངས་ཏེ། །བཟའ་དང་བསྲུང་བ་ལ་སོགས་པའི། །སྡོམ་པའི་བདག་ཉིད་ཅན་བསྲུང་ངོ༌། །ལུས་དང་སྲོག་ལ་མི་ལྟོས་པར། །དམ་ཚིག་དང་ནི་སྡོམ་པ་བསྲུང༌། །ཉིན་དང་མཚན་མོ་ལན་གསུམ་དུ། །རྟག་ཏུ་བཟླས་ལ་གཞོལ་བར་བྱོས། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། ཞེས་གསུངས་པ་ལྟར། ལ་པ་པ་དང་ནག་པོ་སྤྱོད་པས་ཀྱག་བདེ་མཆོག་གི་དཀྱིལ་ཆོག་ལས་བཟའ་བ་


JLD001_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྲུང་བའི་དམ་ཚིག་སྤྱི་ལ་གསུངས་པའི་ཕྱིར་རོ། །ད་ལྟ་ལས་དང་པོ་པས། ཞག་གཅིག་ལ་དུམ་བུ་དྲུག་ཏུ་བཅད་ནས་དྲན་ཤེས་བསྟེན་ཏེ། དེ་རྣམས་ཀྱི་ནང་དུ་ཉེས་པ་བྱུང་མ་བྱུང་རྟོག་པ་འདི་ནི་དམ་ཚིག་བསྲུང་བའི་ཐབས་བླ་ན་མེད་པ་ཡིན་པས་སྔགས་པས་རྡོ་རྗེ་འཆང་གི་བཅས་པ་འདི་གནད་ཆེ་བར་ཟུངས་ཤིག །གཉིས་པ་ཡན་ལག་གི་དམ་ཚིག་ལ་གསུམ། སྤོང་བའི་དམ་ཚིག །བསྟན་པའི་དམ་ཚིག །སྤོང་བའི་དམ་ཚིག་གཞན་བསྟན་པའོ། །དང་པོ་ནི། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་པ་ལོག་པར་མི་སྤྱད་ཅིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཀྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང༌། ཞེས་གསུངས་ཏེ། སྲོག་གཅོད་པ་ནས་རྫུན་གྱི་བར་སྤོང་བ་བཞིའི་སྟེང་དུ་ཆང་འཐུང་བ་སྤོང་བའི་བསླབ་པའི་གཞི་ལྔ་ནི་དངོས་གྲུབ་འགྲུབ་པའི་གཞིར་བསྲུང་དགོས་ཏེ། རྡོ་རྗེ་རྩེ་མོ་ལས། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དཀོན་མཆོག་གསུམ་ལ་སྐྱབས་སོང་སྟེ། །བསླབ་པ་ལྔ་ལ་རྣམ་པར་གནས། །བྱང་ཆུབ་སེམས་ལ་མཆོག་བརྩོན་བྱ། ཞེས་གསུངས་པ་ལྟར་རོ། །ཆང་འཐུང་བ་ཕུང་ཀྲོལ་ཏེ་ཉེས་དམིགས་ཀུན་གྱི་རྩ་བར་གསུངས་པ་ནི་རྣལ་འབྱོར་རྒྱུད་ཁོ་ནའི་མ་ཡིན་གྱི་བླ་མེད་དང་ཐུན་མོང་བ་ཡིན་ཏེ། བླ་མེད་ཀྱི་དཀྱིལ་ཆོག་ཚད་ལྡན་དུ་མར་ཡང་རྩེ་མོ་ནས་འབྱུང་བ་ལྟར་གསུངས་པའི་ཕྱིར་རོ། །གཞན་ཡང་སྒོ་གསུམ་གྱི་བྱ་བ་མ་ཡིན་པ་ཉེས་སྤྱོད་ཐམས་


JLD001_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྤང་བར་བྱ་སྟེ་འོན་ཀྱང་ཐེག་པ་མཆོག་གི་སྡོམ་པ་ཚུལ་བཞིན་དུ་བསྲུང་ཞིང་བྱང་ཆུབ་ཀྱི་སེམས་བརྟན་པའི་རྒྱལ་སྲས་འགའ་ཞིག་ལ་སེམས་ཅན་འདུལ་བའི་ཕྱིར་དུ་རྣམ་སྣང་མངོན་བྱང་ནས་གསུངས་པ་ལྟར་སྲོག་གཅོད་པ་སོགས་ལུས་དག་གི་བདུན་ལ་གནང་བའི་སྐབས་ཡོད་པས་དེ་འདྲ་བའི་ཚེ་ནི་མ་གཏོགས་སོ། །གཉིས་པ་ནི། དམ་པ་ནེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་རྣམས་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས༌། ཞེས་གསུངས་ཏེ། དམ་པའི་བཤེས་ལ་ཉེ་བར་བསྟེན་ནས་སྔགས་ཀྱི་རིག་པ་བསྒྲུབ་པར་བྱ་སྟེ། རྩེ་མོ་ལས་རྣལ་འབྱོར་རིག་པ་བསྒྲུབ་པའི་ཕྱིར། མཁས་པ་རྣམས་ལ་བསྟེན་པར་བྱ། ཞེས་སོ། །རྣལ་འབྱོར་པ་རྣམས་ལའང་མི་བརྙས་པར་བསྙེན་བཀུར་བར་བྱའོ། །ལུས་ལ་སོགས་པའི་སྒོ་གསུམ་གྱི་དཀར་པོའི་ལས་ལམ་བཅུ་ནུས་པ་ཅི་ཡོད་པས་ནི། རྗེས་སུ་སྐྱོང་བ་སྟེ་སྤེལ་ཅིག་ཅེས་པའོ། །གསུམ་པ་ལ་གཉིས། ཐེག་ཆེན་ལས་ལྡོག་པའི་རྒྱུ་སྤང་བ། བརྙས་པ་དང་འགོམ་པའི་ཉེས་པ་སྤང་བའོ། །དང་པོ་ནི། ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་སྤང་མི་བྱ། །རྟག་ཏུ་མྱ་ངན་འདས་མི་ཆགས། ཞེས་གསུངས་ཏེ། ཐེག་པ་དམན་པ་ནི་ཆེད་དུ་བྱ་བ་གཞན་དོན་དང་འབྲས་བུ་བྱང་ཆུབ་དམན་པ་ཉན་རང་གི་ལམ་སྟེ། དེ་ལ་ལམ་


JLD001_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རང་བགྲོང་པར་འདོད་པ་མི་བྱ་བ་ཡིན་གྱི་ཐེག་པ་དམན་པའི་སྡེ་སྣོད་ཀྱིས་བདག་ལ་ཅི་བྱ་ཞེས་སྤོང་དུ་མི་རུང་བར་སྔར་བསྟན་ཟིན་ཏོ། །སེམས་ཅན་གྲངས་མེད་པའི་དོན་བྱ་བའི་ཁུར་འཁུར་བ་ལ་སྒྱིད་ལུག་པ་ལ་སོགས་པའི་སྒོ་ནས། རྒྱབ་ཀྱིས་ཕྱོགས་པ་སྟེ་མི་དགའ་བར་མི་བྱ་བར་སྤྲོ་བཞིན་དུ་དེའི་ཁུར་གཟུང་ངོ༌། །འཁོར་བ་མི་སྤང་བ་ནི་རྩེ་མོ་ལས། འཁོར་བ་མཐར་ཐུག་པར་དུ་ནི། །བདག་འཚང་རྒྱ་བར་མ་གྱུར་ཅིག །དེ་བཞིན་སེམས་ཅན་ཐམས་ཅད་ནི། །དེ་ཉིད་སྒྲུབ་པར་བྱེད་པར་ཤོག །ཅེས་གསུངས་པ་ལྟར་འཁོར་བ་ཇི་སྲིད་པར་འཁོར་བར་གནས་ནས་སེམས་ཅན་གྱི་དོན་བྱེད་པའི་གོ་ཆ་གྱོན་པའོ། །རྟག་ཏུ་སྟེ་དུས་ནམ་ཡང་སྲིད་པའི་འཆིང་བ་ལས་གྲོལ་བ་ཙམ་གྱིས་མྱ་ངན་ལས་འདས་པ་ལ་ཆགས་པ་སྟེ་ཐོབ་བྱར་མི་བྱེད་པར་རྫོགས་པའི་སངས་རྒྱས་དོན་དུ་གཉེར་བར་བྱའོ། །གཉིས་པ་ནི། ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །ཞེས་གསུངས་ཏེ། འཇིག་རྟེན་ལས་འདས་མ་འདས་ཀྱི་ལྷ་དང་ལྷ་མ་ཡིན་རྣམས་དང་གསང་བ་པ་གནོད་སྦྱིན་རྣམས་ལ་བརྙས་པར་མི་བྱའོ། །རྒྱལ་པ་བཟང་པོས། གསང་བ་གསུམ་གྱི་ལྷ་རྣམས་ལ། །བརྙས་པ་ཉིད་དུ་མི་བྱའོ། །ཞེས་ཀྱང་འདོན་ནོ། །ཕྱག་རྒྱ་ནི་ལྷའི་གཟུགས་བྲིས་པ་སོགས་སོ། །བཞོན་པ་ནི་ལྷའི་བཞོན་པའི་གཟུགས་སུ་བྱས་པ་དང་བླ་མའི་བཞོན་པའོ། །མཚོན་ཆ་ནི་ལྷའི་ཕྱག་


JLD001_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་རལ་གྲི་སོགས་སོ། །མཚན་མ་ནི་ལྷའི་ཕྱག་འཚལ་འཁོར་ལོ་དང་རྡོ་རྗེ་སོགས་འགོམ་པར་མི་བྱའོ། །རྩེ་མོ་ལས། འཁོར་ལོ་རྡོ་རྗེ་པདྨ་སོགས། །མཚན་མའི་ཕྱག་རྒྱ་གང་ཡིན་པ། །འགོམ་པ་ཉིད་དུ་མི་བྱ་ཞིང༌། །བཟའ་བར་ཡང་ནི་མི་བྱའོ། །དེ་བཞིན་དམན་མ་ལྷ་ཡི་གྲིབ། །རྐང་པ་དག་གིས་བརྫི་མི་བྱ། །དེ་ཡི་སྟེང་དུ་འདུག་མི་བྱ། །སླར་ཡང་གཞག་པར་མི་བྱའོ། །ལྷ་ཡི་ཕྱག་མཚན་བཟང་པོ་དང༌། །ལྷ་ཡི་བཞོན་པའི་མཚན་མ་རྣམས། །འགོམ་ཞིང་བརྙས་པར་མི་བྱ་སྟེ། །སེམས་ཅན་ལ་ནི་གནོད་མི་བྱ། ཞེས་དང༌། ལྷ་ཡི་སྐུ་དང་ཕྱག་མཚན་དང༌། །ལྷ་མི་བཞོན་པ་དག་དང་ནི། །དམན་མ་ལྷ་ཡི་གྲིབ་མ་དང༌། །ལྷ་ཡི་མཚན་མ་ཐམས་ཅད་དང༌། །བཟའ་བ་དག་ནི་སྣ་ཚོགས་པ། །མཚན་མའི་གཟུགས་སུ་བྱས་པ་དང༌། །འགོམ་པར་མི་བྱ་བཟའ་མི་བྱ། །བཟའ་བ་དག་ནི་སྣ་ཚོགས་པ། །མཚན་མའི་གཟུགས་སུ་བྱས་པ་དང༌། །ནམ་ཡང་བརྫི་བར་མི་བྱའོ། །ཞེས་གསུངས་ཏེ་དམན་མ་ནི་མཆོད་རྫས་ཕུལ་བ་རྙིང་པའོ། །དེ་དག་གི་སྟེང་དུ་འདུག་པ་དང་ཡོ་བྱད་གཞན་དེ་དག་གི་སྟེང་དུ་བཞག་པ་སོགས་མི་བྱའོ། །གྲིབ་མ་ལ་སོགས་པ་ལ་མི་འགོམ་དུ་མི་རུང་བ་བྱུང་ན་ཇི་ལྟར་བྱ་བ་ནི་ཨ་བ་ཏ་ར་ལས་གསལ་བར་གསུངས་ཏེ། ཇི་སྐད་དུ། ཡང་ཡུམ་དང་དུས་ཀྱི་དབང་གིས་མི་འགོམ་པ་འགོམས་པ་དང་བརྫིས་པ་ལ་སོགས་པ་ཡང་རྡོ་རྗེ་ཤུགས་དང་ལྡན་པ་དང་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པ་ལ་ནི་གནང་སྟེ། དེ་བས་ན་དེ་གཉིས་དེ་ལྟ་བུའི་ཡུལ་དང་དུས་ཀྱི་དབང་གིས་བྱས་ན་མི་འགོམ་པ་འགོམས་


JLD001_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་རྣལ་འབྱོར་པ་ལ་ཉེས་པར་མི་འགྱུར་ཏེ། ཇི་སྐད་དུ་གཞན་དག་ལས། མི་ཤེས་པའམ་གཏི་མུག་དང༌། །དེ་བཞིན་ལེ་ལོའམ་མི་དྲན་པས། །རྡོ་རྗེ་རི་མོ་ལ་སོགས་བརྫིས། །ངེས་པར་དམ་ཚིག་ཉམས་པར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་ཤུགས་ཀྱིས་མ་གཡེངས་པར། །ཤེས་རབ་ཅན་གྱིས་ཤེས་པར་བྱ། །ཁྱད་པར་དུ་ནི་དཀྱིལ་འཁོར་དུའོ། །དམན་མ་རྡོ་རྗེའི་རི་མོ་མཚན། །སངས་རྒྱས་ཕྱག་རྒྱ་ལ་སོགས་ཚོགས། །དམན་ནམ་བརྫིས་པར་གྱུར་པ་ཡང༌། །རྡོ་རྗེ་ཤུགས་ལྡན་ཉེས་མི་འགྱུར། ཞེས་གསུངས་སོ། །ཕྱག་རྒྱའི་རྣལ་འབྱོར་གྱི་དབང་དུ་བྱས་ནས་ཀྱང་དེ་བཞིན་དུ་གསུངས་ཏེ། རྡོ་རྗེ་ཤུགས་ཞེས་བྱ་བའི་སྒྲའི་གནས་སུ་ཕྱག་རྒྱའི་རྣལ་འབྱོར་ཞེས་བྱ་བའི་སྒྲར་བརྗོད་པར་བྱའོ། །ཞེས་ཁྱད་པར་དུ་གཟུང་ངོ༌། །དེ་ལ་དེ་ཤིག་འདིར་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་དང་གསང་སྔགས་ཀྱི་རྣལ་འབྱོར་དག་བསྟན་པ་འདི་ལྟར། རི་མོའམ་རྡོ་རྗེ་སྲས་བུའམ་རུང༌། །ཡིད་ཀྱིས་གྱེན་དུ་བཏེག་ནས་ནི། །འཇུག་ཅིང་འབྱུང་བར་བྱེད་པ་སྟེ། །དམ་ཚིག་ཉམས་པར་མི་འགྱུར་རོ། །ཞེས་གསུངས་སོ། །རྡོ་རྗེ་རི་མོ་དང་རྡོ་རྗེའི་སྲད་བུ་སྨོས་པ་ཡང་ཉེ་བའི་མཚན་ཉིད་དེ། དེ་བས་ན་ཕྱག་རྒྱ་ལ་སོགས་པ་འགོམ་པར་མི་བྱ་བ་གཞན་ཡང་འདུས་པར་བལྟའོ། །འདི་ནི་ཡིད་ཀྱི་ཕྱག་རྒྱ་སྟེ་དེའི་སྔགས་ནི་འདིའོ། །བཛྲ་བེ་ག་ཨ་ཀྲ་མ། ཞེས་སོ། །དེ་ཉིད་བསྡུས་པའི་དུམ་བུ་གཉིས་པ་ལས་ནི། །དེ་ལ་རྡོ་རྗེ་ཤུགས་ཀྱི་སྙིང་པོ་ནི་འདི་ཡིན་ནོ། །ༀ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། དེ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་


JLD001_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་དཀྱིལ་འཁོར་ཐམས་ཅད་ལ་ཡང་སྲད་བུ་ལ་བརྒལ་ཏེ་ཐམས་ཅད་དུ་འགྲོ་བར་བྱའོ། །དེ་ནས་འདིའི་སྙིང་པོ་བཤད་དོ། །ཡིད་ཀྱིས་རི་མོ་བཏེག་ནས་ནི། །རྡོ་རྗེ་སྲད་བུའམ་གཞན་ཡང་རུང༌། །ཕྱིར་བྱུང་ནང་དུ་ཞུགས་ཀྱང་ནི། །དམ་ཚིག་འགལ་བར་དེ་མི་འགྱུར། ཞེས་འབྱུང་ངོ༌། །རི་མོ་ནི་ཚོན་རྩིའི་རི་མོ་དང་རྡོ་རྗེའི་སྲད་བུ་ནི་ཚོན་རྩི་ལྔའི་སྐུད་པའི་རི་མོ་དང་བཏེག་པ་ནི་དེ་དག་གི་འོག་ནས་འཛུལ་བར་ཡིད་ཀྱིས་བསམ་པ་ལ་ཀུན་སྙིང་གིས་བཤད་དེ། གཞན་ཡང་རུང་ཞེས་གསུངས་པས་དེ་རྣམས་ནི་མཚོན་པ་ཙམ་མོ། །དེ་ལྟར་ན་ངག་ཏུ་སྔགས་དེ་བརྗོད་ཅིང་ཡིད་ཀྱིས་གང་ལ་འགོམ་པའི་གཞི་དེ་རང་གི་སྟེང་དུ་བཏེག་ནས་དེའི་འོག་ནས་འཛུལ་བར་བསམས་ལ་བྱའོ། །དེ་འདྲ་བའི་སྒོ་ནས་དམ་ཚིག་ཉམས་པ་འཇིགས་པས་ཉེས་མེད་དུ་འགྲོ་ཚུལ་གསུངས་པས་ཁ་ན་མ་ཐོ་བ་ཕྲ་མོ་རྣམས་བསྲུང་བ་ལའང་འབད་དགོས་ཏེ་རྩེ་མོ་ལས། དེ་ནས་རིག་པའི་བརྟུལ་ཞུགས་བླང༌། །སྡོམ་པའང་དོར་བར་མི་བྱ་ཞིང༌། །ཁ་ན་མ་ཐོ་རྡུལ་ཙམ་ལའང༌། །འགྱོད་པ་རུ་ནི་བྱ་བ་ཡིན། ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དོན་བསྡུས་པ་ནི། འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། ཞེས་གསུངས་ཏེ། འདི་ནི་སྔར་བཤད་པའི་ཐུན་མོང་གི་དམ་ཚིག་བསྒྲག་པ་མན་ཆད་ཐམས་ཅད་ལ་སྦྱར་བར་བྱ་སྟེ་རིགས་ལྔ་སོ་སོའི་དམ་ཚིག་རྣམས་ལ་རྐང་པ་གཉིས་ཀྱི་དོན་ཡོད་པས་སོ། །དེ་ནས་རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །


JLD001_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་རྒྱུད་ལས་རབ་ཏུ་བཤད། ཅེས་པ་ནི་སྔར་བཤད་པ་དེ་དག་དང་འདྲ་བའི་སྡོམ་པ་སྟེ་བསླབ་པའི་གནས་རྒྱ་ཆེར་ནི་རྒྱུད་ཀུན་ལས་རབ་ཏུ་བཤད་དོ་ཞེས་དངོས་སུ་སྨོས་པ་དེ་ཙམ་དུ་ཟད་དམ་སྙམ་པ་སྤང་པའི་ཕྱིར་དུའོ། །དེ་རྣམས་ནི་གང་ཁས་བླང་རྒྱུའི་དམ་ཚིག་རྣམས་ཤེས་པའི་ཕྱིར་དུ་བསྒྲགས་ནས། དེ་ནས་དེ་རྣམས་བསྲུང་བའི་བསམ་པས་འོག་ནས་འཆད་པ་ལྟར་སྡོམ་པ་གཟུང་བའི་ཆོ་གས་འཛིན་པ་སྟེ་མདོར་ན་སྡོམ་པ་ལེན་པའི་ཆེ། ཐམ་ཐོམ་དུ་མ་སེང་བར་དམིགས་ཕྱེད་པར་བྱས་ནས་འཛིན་པའོ། །དཀྱིལ་ཆོག་འགའ་ཞིག་ཏུ་སྡོམ་པ་བསྒྲག་པའི་གཞུང་མ་གསུངས་པ་ཡང་ཡོད་པས་དེར་ཡང་སློབ་དཔོན་གྱིས་སྡོམ་གཟུང་གི་དོན་རགས་པ་རྣམས་སློབ་མ་ལ་བརྡ་ཕྲད་པར་བྱས་ལ་འཛིན་དུ་གཞུག་གོ །སྡོམ་པ་བསྒྲག་པའི་གཞུང་དེ་རྣམས་ནི་རྡོ་རྗེ་རྩེ་མོ་ན་བཞུགས་པ་རྣམས་འདིར་བཀོད་པའོ། །གཉིས་པ་སྡོམ་པ་གཟུང་བ་བཤད་པ་ནི། སྡོམ་པ་གཟུང་བའི་ཆོ་ག་འདི་སཾ་བྷུ་ཊའི་བརྟག་པ་གསུམ་པའི་རབ་བྱེད་བཞི་བ་དང་རྡོ་རྗེ་མཁའ་འགྲོའི་རིམ་པར་ཕྱེ་བ་བཅུ་གཉིས་པ་དང་རྡོ་རྗེ་རྩེ་མོའི་རྡོ་རྗེ་སློབ་དཔོན་གྱི་ལས་ཀྱི་སྐབས་ནས་འབྱུང་བ་རྣམས་ལས་འདིར་ནི་རྩེ་མོའི་གཞུང་ལ་བརྟེན་ཏེ་བཤད་པར་བྱའོ། །འདི་ལ་གཉིས། གསོལ་བ་གདབ་བ་དང༌། སྡོམ་པ་གཟུང་བའོ། །དང་པོ་ནི། རྡོ་རྗེ་རྩེ་མོ་ལས། གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པ་ཉི་མ་མ་ལུས་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། ཞེས་སོགས་ཀྱིས་གསོལ་བ་འདེབས་པའི་སློབ་མ་ལ། གསང་བ་ཆེན་པོའི་རིགས་དག་པའི། །


JLD001_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། ཞེས་སྡོམ་པ་ལ་སྙིང་ནས་ལེན་འདོད་ཡོད་མེད་དྲིས་ནས། དེ་ནས་སློབ་མ་དེ་ལ་དོན་གཉེར་འདུག་ན་སྔོན་དུ་སྡོམ་པ་བསྒྲག་པ་བྱས་ནས་དེའི་རྗེས་སུ། དེ་ཉིད་ཀྱིས་ཀྱང་བརྗོད་པར་བྱ། །འདིར་ནི་སློབ་དཔོན་བདག་ལ་གསོན། ཞེས་སློབ་དཔོན་ལ་གསོལ་ནས། སྔོམ་པ་འཛིན་པ་མཛད་དོ། །ཡང་རྩེ་མོ་ལས། སྔོན་ལ་སྡོམ་པ་འདི་དག་ནི། །ཇི་ལྟར་འདོད་ཅིང་མོས་པ་རུ། །མཁས་པ་ཡིས་ནི་སྦྱིན་བྱ་སྟེ། །རང་དབང་མེད་པར་སྦྱིན་མི་བྱ། །གལ་ཏེ་དེ་ནི་དད་གྱུར་ན། །དེ་ལ་སྡོམ་པ་སྦྱིན་པར་བྱ། །སྡོམ་པ་གསུམ་ལ་བཀོད་ནས་ནི། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། ཞེས་སློབ་མ་ལ་ལེན་འདོད་མེད་བཞིན་དུ་མི་སྦྱིན་པ་དང༌། ལེན་པར་འདོད་པའི་དད་པ་ཡོད་ན་སྟེར་བར་གསུངས་ལ་སྔར་དྲངས་པ་ལྟར་སྙིང་ནས་ལེན་འདོད་ཡོད་མེད་འདྲི་བར་ཡང་གསུངས་པས། སྤྱིར་དབང་བསྐུར་ཞུ་སྙམ་པ་ཙམ་གྱི་གཡམ་ལ་རྒྱུགས་མིན་པར་སྡོམ་པ་ལ་དམིགས་ཕུག་པའི་ལེན་འདོད་སློབ་དཔོན་གྱིས་བསྐྱེད་པ་གལ་ཆེ་སྟེ། འདི་མེད་ན་སྡོམ་པ་མི་སྐྱེ་བའི་ཕྱིར་རོ། །སློབ་མ་ལ་སྡོམ་པ་ལེན་འདོད་ཡོད་ཀྱང་སློབ་དཔོན་ལ་རྩ་ལྟུང་བྱུད་བའི་སྒོ་ནས་སྔགས་ཀྱི་སྡོམ་པ་སྔར་ཐོབ་པ་བཏང་ནས་ད་ལྟ་མེད་ནའང་མི་སྐྱེ་བས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དུ་རྡོ་རྗེ་གུར་དང་སྡོམ་འབྱུང་སོགས་སུ་རྩ་ལྟུང་དང་མི་ལྡན་པ་དགོས་པར་གསུངས་ཤིང༌། གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་སྙིང་


JLD001_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྒྱན་ལས་ཀྱང༌། སྡོམ་པ་གསུམ་པོ་མི་འཛིན་ཞིང༌། །རྩ་བའི་ལྟུང་ལ་ཉེར་གནས་དང༌། །ཆོས་ལ་སེར་སྣ་ཀུན་སྤྱོད་ཅིང༌། །དམན་པའི་ལས་ལ་སྦྱོར་བྱེད་པའི། །སློབ་དཔོན་རིང་ནས་སྤང་བར་བྱ། །དེ་བསྟེན་དམྱལ་སོགས་འབྲས་ལ་སྦྱོར། ཞེས་འཇམ་དཔལ་གྲགས་པས་གསུངས་སོ། །གལ་ཏེ་དེ་ལྟ་ཡིན་ན། རྡོ་རྗེ་ཐེག་པའི་རྩ་ལྟུང་ནི་གྲངས་མང་ལ་འབྱུང་ཉེ་བར་སྣང་ལ་བསྟན་པ་འགྲིབ་པ་ལ་ཉེ་བར་སླེབ་པས་གོང་མ་གཉིས་ཀྱི་ཐ་ན་རྩ་བའི་བསླབ་ཚིགས་ཙམ་ཡང་ངེས་པར་བྱས་ནས་བསྲུང་བ་ཤིན་ཏུ་དཀོན་བར་སྣང་བས་ཐེག་པ་མཆོག་གི་སྡོམ་པ་དང་ལྡན་པ་མེད་པར་མི་འགྱུར་རམ་སྙམ་ན། དེའི་སྐྱོན་མེད་དེ་སློབ་མ་དབང་བསྐུར་བ་རྣམས་ལ་སྔོན་དུ་སློབ་དཔོན་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ནས་དབང་དང་དམ་ཚིག་དང་སྡོམ་པ་རྣམས་ལེན་པའི་ཕྱག་ལེན་ཡོད་ལ། དེ་ལྟ་ན་དེའི་ཚེ་དམ་ཚིག་དང་སྡོམ་པ་ལེན་འདོད་ཀྱི་བསམ་པས་ཆོ་ག་ཚུལ་བཞིན་དུ་བྱེད་བ་རྣམས་ལ་སྔོན་གྱི་སྡོམ་པ་ཉམས་ནའང་སླར་སྐྱེ་བས་སློབ་མ་ལ་དབང་བསྐུར་བ་ན་སྡོམ་པ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །དེས་ན་སློབ་མ་ལ་དབང་བསྐུར་བའི་སྔོན་དུ་བདག་ཉིད་དཀྱིལ་འཁོར་དུ་འཇུག་པར་གསུངས་པའི་དགོས་པ་ཡང་དེ་ལྟར་དུ་ཤེས་པར་བྱ་སྟེ་དེ་ཉིད་བསྡུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་དུ་ཤཱཀྱ་བཤེས་གཉེན་གྱིས། སློབ་མ་གཞུག་པའི་དུས་ལ་བབ་པ་དང་སློབ་དཔོན་འཇུག་པའི་ཆོ་ག་དང་པོར་བྱ་དགོས་ཏེ། གང་གི་ཕྱིར་གང་ལ་ལ་དག་བརྗེད་ངས་པས་དམ་ཚིག་དང་


JLD001_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་འགའ་ཞིག་འབྱུང་བ་དག་སྲིད་པས་ན་དེའི་ཕྱིར་སློབ་དཔོན་ཉིད་དང་པོར་འཇུག་པར་བྱའོ་ཞེས་གསུངས་སོ། །རྡོ་རྗེ་མཁའ་འགྲོ་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཀུན་ནས་བདག་ལ་དགོངས་སུ་གསོལ། ཞེས་གསོལ་བ་གདབ་པར་གསུངས་ཏེ། སཾ་བྷུ་ཊར་ཡང་དེ་དང་མཐུན་པར་གསུངས་སོ། །དེའི་དོན་ནི་སངས་རྒྱས་ནི་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་ནི་ལྷའི་ཚོགས་ཡིན་ལ་དེ་དག་རང་གི་སེམས་སུ་ཤེས་ནས་ལྷའི་རྣམ་པ་ཅན་གྱི་སེམས་གང་ལ་ཡོད་པའི་སྒྲུབ་པ་པོ་རྣམས་ནི་བྱང་ཆུབ་སེམས་དཔའོ། །དགོངས་སུ་གསོལ་ཞེས་པའི་དོན་ནི་རྗེས་སུ་ཡི་རང་བ་དང་བཅས་པས་བདག་ལ་བྱིན་གྱིས་རློབ་ཅིང་བདག་གི་བར་མཛོད་ཅེས་པ་ལ་བྷཱ་བ་བྷ་ཏྲས་བཤད་དོ། །གཉིས་པ་ནི། རྩེ་མོར་གཙོ་བོས་ཇི་ལྟར་བཀའ་སྩལ་པ། དེ་བཞིན་དུ་ནི་བགྱིད་པར་འཚལ་ཞེས་བསྡུས་ཏེ་ཁས་ལེན་པ་ཞིག་གསུངས་སོ། །འདི་ལ་གསུམ། སེམས་བསྐྱེད་པ། སྡོམ་པ་གཟུང་བ་དངོས། དོན་བསྡུས་ཏེ་ཁས་བླང་བའོ། །དང་པོ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། ཞེས་གསུངས་ཏེ། ཇི་ལྟར་ཏེ་དཔེར་ན་འདས་མ་འོངས་དུས་གསུམ་དུ་གཤེགས་པ་དང་གཤེགས་བཞིན་པ་དང་མ་བྱོན་པའི་སངས་རྒྱས་ནི་སེམས་ཅན་སྐྱོབ་པས་ན་མགོན་པོ་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་གནས་སྐབས་ན་བྱང་ཆུབ་ཏུ་ནི་སྟེ་དོན་གཉིས་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་


JLD001_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་སྦྱིན་སོགས་ཀྱི་ཚོགས་མ་ལུས་པ་སྡུད་པའི་བྱང་ཆུབ་ཀྱི་ཐུགས་ངེས་པར་ཏེ་རྩེ་གཅིག་གིས་བསྐྱེད་པ་མཛད་པ་དང༌། བསྐྱེད་པ་དང་བསྐྱེད་པར་འགྱུར་བ་དེ་བཞིན་དུ་བདག་གིས་ཀྱང་བསྐྱེད་པར་བགྱིའོ། །བསྐྱེད་བྱའི་བྱང་ཆུབ་ཀྱི་སེམས་ནི་སྨོན་འཇུག་གཉིས་ལ་གསུངས་ཏེ་འདི་ནི་བྷཱ་བ་བྷ་ཏྲ་དང་ཨ་བྷྱ་ཀ་ར་གཉིས་ཀའི་དགོངས་པའི། །སྐབས་འདིའི་འཇུག་སེམས་ལེན་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པ་མ་ཡིན་གྱི་སྔགས་ཀྱི་སྡོམ་པ་ལེན་པའི་ཡན་ལག་ཙམ་སྟེ་དཔེར་ན་སྤྱོད་འཇུག་ཏུ་འཇུག་སྡོམ་ལེན་པའི་ཆོ་གར་སྨོན་སེམས་གསུངས་པ་བཞིན་ནོ། །རྡོ་རྗེ་མཁའ་འགྲོ་ལས། ཡང་དག་བྱང་ཆུབ་ངེས་མཛད་པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། ཞེས་དང༌། དཔལ་མཆོག་འགྲེལ་ཆེན་དུ་ཡང་དེ་ལྟར་བསྒྱུར་བ་བདེ་སྟེ་ཇི་ལྟར་ཞེས་པ་དང་སྦྱར་དགོས་པས་སོ། །དེ་ལ་སྨོན་པ་ནི་བདག་རྡོ་རྗེ་སེམས་དཔར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱང་གོ་འཕང་དེ་ལ་དགོད་པར་བྱའོ། །སྙམ་པའི་འདོད་པ་དང་བཅས་པའི་སྨོན་ལམ་མོ། །འཇུག་པ་ནི་དེའི་ལམ་སྦྱིན་སོགས་ཉམས་སུ་ལེན་པའི་རང་བཞིན་ཏེ་དེ་གཉིས་ནི་བླ་ན་མེད་པའི་འབྲས་བུ་སྒྲུབ་པར་བྱེད་པས་བླ་ན་མེད་པ་དང་དམ་པའོ། །འདི་ནི་བྷཱ་བ་བྷ་ཏྲའི་དགོངས་པའོ། །གཞུང་དེའི་སྔོན་དུ་གང་གིས་སེམས་བསྐྱེད་པའི་མིང་སྨྲོས་ནས་དུས་ཇི་སྲིད་དུ་བསྐྱེད་པའི་དུས་ཀྱག་རྡོ་རྗེ་མཁའ་འགྲོ་ལ། བདག་མིག་འདི་ཞེས་བགྱི་བ་ནི། །དུས་འདི་ནས་བཟུང་ཇི་སྲིད་དུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། ཞེས་གསུངས་པ་ལྟར་ས་བྷུ་ཊ་ལས་ཀྱང་ངོ༌། །བྱང་ཆུབ་ནི་མི་གནས་པའི་


JLD001_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་འདས་ཏེ་སྙིང་པོ་ནི་བྱང་ཆུབ་རྣམས་ཀྱི་དམ་པ་དང་མཆིས་པ་ནི་དེ་ཐོབ་པ་དང༌། བདག་མིང་འདི་ཞེས་བགྱི་བ་ཞེས་རང་མིང་ནས་སྨོས་པ་ནི་ཤིན་ཏུ་ཡང་ཁས་ལེན་པའི་དོན་དང༌། དུས་ཏེ་གནས་སྐབས་འདི་ནས་བཟུང་བ་སྟེ་ཉེ་བར་བརྩམས་ནས་ཞེས་པའམ་ཡང་ན་བཟུང་བའི་དོན་སངས་རྒྱས་ལ་སོགས་པས་བྱིན་གྱིས་བརླབས་ཤིག་རྒྱུར་བྱས་བ་ནས་བརྩམས་ཏེ་ཞེས་པའི་དོན་དུ་བྷཱ་བ་བྷ་ཏྲས་བཤད་དོ། །རང་གིས་ཁས་བླངས་པ་ཡལ་བར་མི་འདོར་བའི་དོན་དུ་རང་མིང་ནས་སྨས་པར་ཨ་བྷྱས་བཤད་པ་ལྟར་སྔ་མ་ལ་ཡང་ཤེས་པར་བྱའོ། །གཉིས་པ་ལ་ལྔ། །རྣམ་སྣང་གི་སྡོམ་པ་གཟུང་བ། མི་བསྐྱོད་པའི་སྡོམ་པ་གཟུང་བ། རིན་འབྱུང་གི་སྡོམ་པ་གཟུང་བ། འོད་དཔག་མེད་ཀྱི་སྡོམ་པ་གཟུང་བ། དོན་ཡོད་གྲུབ་པའི་སྡོམ་པ་གཟུང་བའོ། །དང་པོ་ནི། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་བ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། ཞེས་གསུངས་སོ། །འདི་ལ་རྡོ་རྗེ་མཁའ་འགྲོ་ལས། སངས་རྒྱས་རྣལ་འབྱོར་བསྐྱེད་སྡོམ་པ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་གཟུང༌། །བསླབ་པ་ཡི་ནི་ཚུལ་ཁྲིམས་དང༌། །དགེ་བའི་ཆོས་ནི་བསྡུ་བ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་


JLD001_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །བདག་གིས་སོ་སོར་བརྟན་པོར་བཟུང༌། །ཞེས་ཚུལ་ཁྲིམས་གསུམ་གཟུང་བ་ཡང་རྣམ་སྣང་གི་སྡོམ་པར་གསུངས་པ་ལྟར་བྷཱ་བ་བྷཱ་ཏྲས་ཀྱང་དེ་བཞིན་དུ་བཤད་ལ་ཨ་བྷྱ་ཀ་རས་བཤད་པ་ལ་གསལ་ཁ་མི་སྣང་ངོ༌། །འདི་ནི་སྔ་མ་ལེགས་ཏེ། རྩེ་མོ་དང་རྡོ་རྗེ་མཁའ་འགྲོ་གཉིས་ལས་རྣམ་སྣང་གི་སྡོམ་པར་གསུངས་ཤིང༌། དཔལ་མཆོག་འགྲེལ་ཆེན་དང་རྡོ་རྗེ་འབྱུང་བ་དང་ནག་པོ་སྤྱོད་པའི་མཧཱ་མཱ་ཡའི་དཀྱིལ་ཆོག་དང་རྒྱལ་བ་བཟང་པོའི་བདེ་མཆོག་གི་དཀྱིལ་ཆོག་ལ་སོགས་པར་ཡང་རྩེ་མོ་བཞིན་དུ་གསུངས་པའི་ཕྱིར་རོ། །འོན་ཀྱང་འགྱུར་ནི་རྡོ་རྗེ་མཁའ་འགྲོ་ལྟར་ཤིན་ཏུ་ལེགས་སོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་ལེའུ་བཅུ་གཉིས་པ་ལས། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་ཞིག་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ཏུ་གསུངས་པའང་ཡོད་དོ། །འོ་ན་སྡོམ་པ་བསྒྲག་པའི་སྐབས་སུ། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཙམ་ཞིག་རྣམ་སྣག་གི་སྡོམ་པར་གསུངས་པ་ཅི་ཡིན་སྙམ་ན། སྡོམ་པ་བསྒྲག་པའི་སྐབས་སུ་ཐུན་མོང་གི་དམ་ཚིག་རྣམས་བྱུང་ཡང་གཟུང་བའི་སྐབས་སུ་མ་བྱུང་བ་དང་འདྲ་བས་འགལ་བ་མེད་དོ། །འཇུག་སེམས་འཛིན་པ་ནི་སྔར་གོང་དུ་སོང་ཟིན་པས་གཞུང་གཞན་ནས་འབྱུང་བ་ལྟར་ཚུལ་ཁྲིམས་གསུམ་ལ་སློབ་པ་བྱང་སེམས་ཀྱི་འཇུག་སྡོམ་འཛིན་པ་ལ་སྦྱོར་བ་མི་རིགས་སོ། །དེས་ན་སློབ་དཔོན་མུ་ནེནྟ་བྷ་ཏྲས་ཇི་ལྟ་ཞེས་པའི་ཚིགས་བཅད་ཀྱིས་སྨོན་སེམས་བསྐྱེད་པ་དང༌། དེ་ནས་སྔགས་ཀྱི་སྒོར་སྤྱོད་པའི་བྱང་སེམས་ཀྱིས་ཐུན་མོང་བའི་ཕར་ཕྱིན་གྱི་སྡོམ་པ་གཟུང་བ་ནི་ཚུལ་


JLD001_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་བསླབ་པ་ཞེས་སོགས་ཀྱི་ཚིགས་བཅད་ཀྱིས་བསྟན་ནས་ཐུན་མོང་མ་ཡིན་པའི་བྱང་སེམས་ཀྱི་སྡོམ་པ་བླང་བ་ནི་སངས་རྒྱས་ཞེས་པ་མན་ཆད་ཀྱིས་བསྟན་པར་འཆད་པ་ཡང་འཐད་པར་མི་སྣང་ངོ༌། །འདི་ལ་ཐུབ་པ་དགོངས་རྒྱན་ལས། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཚུལ་ཁྲིམས་གསུམ་གྱི་སྡོམ་པ་དང༌། དེ་ཉིད་ཁྱད་པར་དང་བཅས་པ་དབང་སྐུར་གྱི་སྡོམ་པ་དང་ཞེས་ཚུལ་ཁྲིམས་གསུམ་གྱི་སྡོམ་པ་ཁྱད་པར་དང་བཅས་པ་ལ་སྔགས་ཀྱི་སྡོམ་པར་གསུངས་པའི་ཁྱད་པར་ནི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས་རིགས་ལྔས་བསྡུས་པ་ལ་གསུངས་པ་ལྟར་རིགས་ལྔའི་སྡོམ་པའོ། །དེའི་ཕྱིར་ཚུལ་ཁྲིམས་གསུམ་གྱི་སྡོམ་པ་ནི་རིགས་གཞན་གྱི་དམ་ཚིག་དང་ཡང་སྦྱར་དགོས་མོད་ཀྱང་རྣམ་སྣང་རིགས་ཀྱི་གཙོ་བོ་ཡིན་པ་ལ་དགོངས་ནས་དེའི་དམ་ཚིག་ཏུ་གསུངས་སོ། །ད་ནི་གཞུང་གི་དོན་བཤད་པར་བྱ་སྟེ། གཟུང་ཞེས་པ་བཤད་གཞིའོ། །འདི་རྣམས་ལ་དུས་ཇི་སྲིད་དུ་གཟུང་བ་དང་དགོས་པ་གང་གི་ཕྱིར་དུ་གཟུང་བ་ནི་སྔར་བཤད་པའི་བྱང་ཆུབ་སྙིང་པོའི་བར་དང་འོག་ནས་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། ཞེས་པ་གཉིས་ཀྱིས་བསྟན་ནོ། །གང་གཟུང་བ་ནི། སངས་རྒྱས་ནི་རྣམ་སྣང་ངོ༌། །བསྐྱེད་པའམ་སྐྱེས་པ་ནི་དེའི་རིགས་ཀྱི་རྣལ་འབྱོར་དང་ལྡན་པའི་སྒྲུབ་པ་པོའི་སྒོ་གསུམ་བྱ་བ་མ་ཡིན་པ་ལས་ཟློག་ཅིང་སྡུད་པས་ན་སྡོམ་པ་སྟེ་དེའོ། །དེ་ནི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་ཅིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ན་སངས་རྒྱས་ཏེ་རྣམ་སྣང་ལ་


JLD001_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང་འཛིན་པས་ན་ཆོས་ཏེ་ལུང་དང་རྟོགས་པ་དང་འདུས་པས་ན་དགེ་འདུན་ཏེ་འཇམ་དཔལ་ལ་སོགས་པའི་བྱང་སེམས་རྣམས་དཀོན་པའི་ནང་ནས་གཙོ་བོ་ཡིན་པས་ན་མཆོག་ཡིན་ལ་དེས་ན་བླ་ན་མེད་པ་སྟེ་དེ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའོ། །དུས་ཇི་སྲིད་དུ་གཟུང་བ་ནི་དེང་ནས་བརྩམས་ཏེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུའོ། །ཚུལ་ཇི་ལྟར་ན་མཆོག་ཏུ་སྟེ་གཙོ་བོར་རོ། །གཟུང་བའི་དོན་ནི་བསྐྱེད་པར་བྱ་བ་སྟེ་དང་པོར་སྐྱབས་སུ་སོང་ནས་དེའི་འོག་ཏུ་སྟེ་དེ་དག་མངོན་སུམ་དུ་བྱ་བའོ། །ཡང་གཟུང་ཞེས་བྱའོ། །གང་གཟུང་ན་ཚུལ་ཁྲིམས་གསུམ་མོ། །དེ་གསུམ་གང་ཞེ་ན། བསླབ་པ་སྟེ་སྡོམ་པའི་ཚུལ་ཁྲིམས་ནི་མི་དགེ་བ་ལས་ལྡོག་པའོ། །དགེ་བའི་ཆོས་རྣམས་སྡུད་པའི་ཚུལ་ཁྲིམས་ནི། དགེ་བ་ལ་འཇུག་པའོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི་གཞན་གྱི་དོན་བྱེད་པའོ། །དང་པོས་སེམས་གནས་པ་དང་གཉིས་པས་རང་རྒྱུད་ལ་སངས་རྒྱས་ཀྱི་ཆོས་སྨིན་པ་དང་གསུམ་པས་གཞན་རྒྱུད་སྨིན་པར་བྱེད་པར་མན་ངག་སྙེ་མ་ལས་བཤད་པ་ནི་བྱང་སའི་དོན་ནོ། །མན་སྙེར། དགེ་དང་ཆོས་ནི་བསྡུ་བ་དང༌། ཞེས་པའི་ལུགས་སུ་བྱས་ནས་དགེ་བ་ནི་མི་དགེ་བ་དང་བྲལ་བའི་སྡོམ་པའི་ཚུལ་ཁྲིམས་ལ་བཤད་དོ། །གང་གིས་གཟུང་བ་ནི། བདག་གིས་ཞེས་པ་སྟེ་འགྲོ་བ་རྣམས་བསྒྲལ་བའི་ཕྱིར། ཁས་བླང་ཞིང་ང་རྒྱལ་བྱའོ་ཞས་འཆད་དེ་སེམས་ཀྱི་དཔའ་བསྐྱེད་པའོ། །ཇི་ལྟར་གཟུང་བ་ནི། སོ་སོར་ཏེ་ཡང་དང་ཡང་དུ་འཛིན་པ་དང་བརྟན་པོར་ནི་སེམས་བསྐྱེད་ལ་


JLD001_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཁས་བླངས་པ་དེ་དག་ལ་མི་ཤེས་པའི་དབང་གིས་སླར་ལྡོག་པར་མི་བྱེད་པའོ། །སོ་སོར་བརྟན་པར་ཞེས་པ་འདི་འོག་མ་ཀུན་ལ་སྦྱར་རོ། །དཔལ་མཆོག་འགྲེལ་ཆེན་ལས། སངས་རྒྱས་རྣལ་འབྱོན་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༌། ཞེས་འབྱུང་ངོ༌། །སཾ་བྷུ་ཊ་ལ་སོགས་པ་རྣམས་སུ་སངས་རྒྱས་རྣལ་འབྱོར་ཞེས་སོགས་འོག་ཏུ་བཏོན་ནས་དེའི་སྔོན་དུ་ཚུལ་ཁྲིམས་གསུམ་གཟུང་བ་གསུངས་པ་རྣམས་སུ་ཡང་དོན་ནི་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ནི། རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི་ཞེས་གསུངས་ཏེ། གཟུང་བར་བྱའོ། །གང་གཟུང་བ་ནི་སྔ་མ་ལ་ལྟོས་ནས་ཡང་ཞེས་གསུངས་ཏེ་རྡོ་རྗེའི་དམ་ཚིག་དང་དྲིལ་བུའི་དམ་ཚིག་དང་ཕྱག་རྒྱའི་དམ་ཚིག་དང་དེར་མ་ཟད་སློབ་དཔོན་དག་ཀྱང་གཟུང་ངོ༌། །དེ་དག་གཟུང་བ་གང་གི་དམ་ཚིག་ལ་ཡིན་ཞེ་ན། རྡོ་རྗེ་རིགས་མཐོ་ཆེན་པོ་ལ། ཞེས་རྡོ་རྗེ་མཁའ་འགྲོར་གསུངས་པའི་དོན་རྡོ་རྗེ་མཐོ་བ་ནི་མི་བསྐྱོད་པ་དང་རིགས་ནི་དེ་དང་འབྲེལ་བའི་སྒྲུབ་པ་པོ་ལ་བཤད་པས་དེ་དག་གི་དམ་ཚིག་ལའོ། ཡང་ན་སྡོམ་པ་ཉིད་རྡོ་རྗེའི་རིགས་མཐོ་ཆེན་པོ་སྟེ། མི་བསྐྱོད་པའི་རང་བཞིན་ནོ་ཞེས་ཀྱང་བཤད་དོ། །ཨ་བྷྱས་རྡོ་རྗེ་ཆེན་པོའི་རིགས་བསྡུས་པ། ཞེས་བཏོན་ནས་རྡོ་རྗེ་ཆེན་པོ་ནི་མི་བསྐྱོད་པ་དང་རིགས་ནི་དེ་ལས་སྤྲུལ་པའི་དཔག་ཏུ་མེད་པའི་ལྷ་ཚོགས་ཏེ། དེ་


JLD001_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མི་བསྐྱོད་པས་བསྡུས་པ་ལ་བཤད་དོ། །ཇི་ལྟར་གཟུང་བ་ནི་ཡང་དག་ཉིད་དུ་སྟེ་ཡང་དང་ཡང་དུ་གཟུང་བའོ། །ཡང་སཾ་བྷུ་ཊ་ལས། དེ་ཉིད་ལས་ནི་སོ་སོར་གཟུང༌། ཞེས་འབྱུང་བས་རྡོ་རྗེ་ལ་སོགས་པ་རྣམས་དེ་ཁ་ན་ཉིད་ཀྱི་སྒོ་ནས་གཟུང་བར་བྱའོ། །འདི་དག་དེ་ཁོ་ན་ཉིད་ཀྱི་སྒོ་ནས་འཛིན་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ལ་རྡོ་རྗེ་མཁའ་འགྲོའི་རིམ་པར་ཕྱེ་བ་སོ་གཅིག་པ་ལ་སོགས་པ་ནས་གསུངས་པ་ལྟར་མཚན་ཉིད་དང་ལྡན་པའི་རྡོ་རྗེ་དང་དྲིལ་བུ་འཛིན་པ་ནི་རྟགས་ཀྱི་རྡོར་དྲིལ་འཛིན་པ་ཡིན་ལ་དེས་གང་མཚོན་པའི་དོན་ཤེས་ནས་རྡོ་རྗེ་འཛིན་ཞིང་དྲིལ་བུ་དཀྲོལ་བ་ནི་དེ་ཁོ་ན་ཉིད་ཀྱིས་འཛིན་པའོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཐུགས་བྱང་ཆུབ་ཀྱི་སེམས་ནི་གསང་བའམ་ནང་གི་རྡོ་རྗེ་ཡིན་ལ་ཕྱིའི་རྡོ་རྗེ་འཛིན་པའི་ཚེ། དེ་དྲན་ནས་འཛིན་པ་ནི་དེ་ཁོ་ན་ཉིད་ཀྱིས་འཛིན་པའོ། །དེ་ལྟར་ཡང་དཔལ་མཆོག་དུམ་བུ་གཉིས་པའི་འགྲེལ་ཆེན་ལས། །རྡོ་རྗེ་གསང་བའི་དོན་སྔར་ལྟར་བཤད་པའི་རྗེས་སུ་རྡོ་རྗེའི་དོན་འདི་མངོན་སུམ་དུ་བྱས་ཤིང་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པས་དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ཏེ་གཟུང་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་རྡོ་རྗེ་དེ་ཁོ་ན་ཉིད་ཀྱིས་གཟུང་སྟེ། ཞེས་གསུངས་ཏེ་དེ་བཞིན་གཤེགས་པའི་རྣལ་འབྱོར་པ་དང་དེའི་རྡོ་རྗེས་ནི་རིགས་གཞན་ཡང་མཚོན་ནོ། །ཇི་ལྟར་ནམ་མཁའ་ཐོགས་པའི་རྫས་ཐམས་ཅད་བཀག་པ་ཙམ་ཡིན་པས་དངོས་པོའི་རང་བཞིན་མེད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་ཡང་རང་བཞིན་མེད་དེ་དོན་


JLD001_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པར་གདོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །ནམ་མཁའ་དང་མཉམ་པའམ་འདྲ་བ་ནི་དེ་བཞིན་ཉིད་ཡིན་ལ་དེའི་སྦྱོར་བ་ནི་རྣལ་འབྱོར་བའི་སེམས་དང་སེམས་བྱུང་རྣམས་དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་གྱུར་པའོ། །དེས་ན་རྣལ་འབྱོར་པའི་ཡེ་ཤེས་དེས་ཀུན་མཆོག་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་དེ་གསལ་བ་སྟེ་ཁྱབ་པའོ། །ཤེས་རབ་དྲིལ་བུ་ཞེས་བརྗོད་དོ་ཞེས་པ་ལྟར་དེ་ལྟ་བུའི་ཤེས་རབ་ནི་དོན་གྱི་དྲིལ་བུ་ཡིན་ལ་རྟགས་ཀྱི་དྲིལ་བུ་དཀྲོལ་བ་ནའང་དེ་འདྲ་བའི་སྒྲ་སྒྲོགས་པར་བསམས་ནས་དཀྲོལ་བ་ནི་དེ་ཁོ་ན་ཉིད་ཀྱིས་འཛིན་པའོ། །དེ་ལྟར་ཡང་དུམ་བུ་གཉིས་པའི་འགྲེལ་ཆེན་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་ཅན། །ནམ་མཁའ་ཡང་ནི་མཚན་ཉིད་མེད། །ནམ་མཁའ་མཉམ་པར་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། ཞེས་བྱ་བ་དེ་ལྟ་བུའི་སྒྲ་དྲིལ་བུས་སྒྲོགས་པ་ཡིན་ནོ་ཞེས་བྱ་བས་དྲིལ་བུ་དཀྲོལ་ཞིང་དེའི་སྒྲ་ལ་ལྷག་པར་མོས་པར་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །ཕྱག་རྒྱའི་དེ་ཁོ་ན་ཉིད་འཛིན་པ་ནི་རིགས་གང་གི་སྒྲུབ་པ་པོ་གང་ཡིན་པས་རྣམ་སྣང་ལ་སོགས་པའི་སྐུར་བསྐྱེད་ནས་སེམས་ཅན་གྱི་ཁམས་སྦྱོང་ཞིང་བཟླས་སྒོམ་བྱེད་པ་སྟེ། དཔལ་མཆོག་འགྲེལ་ཆེན་ལས། དེ་བཞིན་གཤེགས་པའི་རྣལ་འབྱོར་པ་རང་གི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་སྒྲུབ་པར་འདོད་པས། ཇི་ལྟར་བ་བཞིན་དུ་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་ལ་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་རང་གི་དེ་བཞིན་གཤེགས་པའི་


JLD001_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་བཅིངས་ལ་གཟུགས་གང་དང་གང་གིས་སེམས་ཅན་འདུལ་བར་འགྱུར་བའི་གཟུགས་དེ་དང་དེ་རྣམས་ཀྱིས་རྣམ་པར་སྦྱང་བར་བྱའོ། །དེ་ནས་བདག་ཉིད་བྱ་བ་བྱས་པ་ལྟ་བུའི་དེ་བཞིན་གཤེགས་པར་བསམས་ལ་བཟླས་པའམ་སྒོམ་བ་བྱ་བ་ཡིན་ནོ། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་རིགས་ནི་མཚོན་པ་ཙམ་མོ། །དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། ཞེས་དཔལ་མཆོག་ནས་འབྱུང་བ་འདི་གོང་མ་རྣམས་སུ་ཡང་དམ་ཚིག་གསུམ་སྦྱིན་པའི་སྐབས་སུ་དྲངས་པའི་དོན་ནོ། །འདི་རྣལ་འབྱོར་རྒྱུད་དང་བླ་མེད་གཉིས་ཀའི་དམ་ཚིག་གསུམ་ཐུན་མོང་བ་ཡིན་པས་ཕྱག་རྒྱའི་དམ་ཚིག་ཡབ་ཡུམ་ཕན་ཚུན་འཁྱུད་པའི་རྣམ་བ་ཅན་ཁོ་ནར་མི་བྱ་ལ། དེ་བཞིན་དུ་ཕྱག་རྒྱ་འཆིང་བ་ཡང་ཤེས་པར་བྱ་ལ་སྐབས་དང་སྦྱར་རོ། །སློབ་དཔོན་ནི་རང་གི་བླ་མ་ལ་བྱེད་པ་དང་སློབ་དཔོན་གྱི་དབང་བསྐུར་བ་ལ་བྱེད་པ་གཉིས་འགྲེལ་པར་གསུངས་ཀྱང་སྔ་མ་སྡོམ་པ་བསྒྲག་པ་དང་མཐུན་ནོ། །དེ་འཛིན་ཚུལ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་འཆར་བའི་རྒྱུར་ཁས་ལེན་པ་ལ་མན་སྙེར་བཤད་དེ་དངོས་གྲུབ་ཀྱི་འབྱུང་གནས་དམ་པར་ལྟ་བའོ། །གསུམ་པ་ནི། རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཆིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། ཞེས་གསུངས་ཏེ། སྦྱིན་ཞེས་དྲང་ངོ༌། །གང་ན་སྦྱིན་པར་བྱ་བ་རྣམ་པ་བཞིའོ། །དེ་ནི་ཟང་ཟིང་དང་


JLD001_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་མི་འཇིགས་པ་དང་བྱམས་པའོ། །ཡང་ན་གསེར་ལ་སོགས་པའི་ནོར་དང་འབྲུ་དང་བྲན་ལ་སོགས་པའི་ནོར་གྱི་སྙིང་པོའམ་ནོར་གྱི་དང་པོ་དང་རྐང་པ་ལ་སོགས་པའི་ཡན་ལག་དང་མགོ་དང་རྐང་ལ་སོགས་པའི་ཡན་ལག་གི་སྙིང་པོ་འམ་ཡན་ལག་གི་དང་པོ་བཞིའོ། །མན་སྙེར་བྱམས་པའི་དོད་ལ་སྙན་པར་སྨྲ་བ་དང་ཕྱི་མ་བཞི་ལ་ནོར་དང་ཡན་ལག་དང་ཤིན་ཏུ་བའི་ནོར་དང་ཡན་ལག་ཅེས་པའི་ཐ་སྙད་མ་གཏོགས་པ་འདྲའོ། །གང་གི་དམ་ཚིག་ལ་དེ་ལྟར་སྦྱིན་ཞེ་ན། རིན་ཆེན་ནི་མཉམ་ཉེད་ཡེ་ཤེས་ཡིན་ལ། རིགས་ནི་དེ་ལས་བྱུང་བས་ན་རིན་ཆེན་འབྱུང་ལྡན་ནོ། །རྣལ་འབྱོར་ནི་དེའི་རྣམ་པར་སེམས་རྩེ་གཅིག་གིས་ཡང་དང་ཡང་དུ་སྦྱོར་བ་རིན་འབྱུང་གི་རིགས་ཀྱི་སྒྲུབ་པ་པོ་སྟེ་དེའི་འདའ་བར་མི་བྱ་བར་ཉམས་སུ་བླང་བར་བྱ་བའི་དམ་ཚིག་ནི་སྦྱིན་པ་ལ་དགའ་བ་རྣམས་དེ་ལ་སྦྱོར་བས་དེ་དག་དགའ་བར་བྱེད་པའི་ཕྱིར་ཡིད་དུ་འོང་བ་དེ་ལའོ། །རྡོ་རྗེ་མཁའ་འགྲོ་ལས། རིན་ཆེན་རིགས་ཆེན་རྣལ་འབྱོར་གྱི། །དམ་ཚིག་ཡིད་དུ་འོང་བལ། ཞེས་བསྒྱུར་བ་ལྟར་སཾ་བྷུ་ཊར་ཡང་འབྱུང་ངོ༌། །མན་སྙེར་རྣལ་འབྱོར་གྱི་དོན་ནི་རིན་འབྱུང་གི་སྦྱིན་པས་སེམས་ཅན་དགའ་བར་བྱེད་པ་ལ་དབང་བ་ལ་བཤད་དོ། །ཚུལ་ཇི་ལྟར་སྦྱིན་པ་ནི། ཉིན་ལན་གསུམ་དང་མཚན་ལན་གསུམ་སྟེ་དུས་དྲུག་ཏུ་རབ་ཏུ་སྦྱིན་ནོ། །དེ་ཡང་ཉིན་རེ་ཞིང་བྱ་སྟེ་ཨ་བ་ཏ་ར་ལས། བདག་ལ་སྦྱིན་པར་བྱ་བའི་དངོས་པོ་མང་དུ་མི་བདོག་གོ་ཞེས་ཉིན་རེ་ཞིང་སྦྱིན་པའི་བར་ཆད་མི་བྱའི་ཅི་ནུས་པར་ཆུང་ངམ་ངན་ཀྱང་


JLD001_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བླ་སྦྱིན་པར་བྱ་སྟེ་ཡོང་ཡེ་དེས་དེ་ལས་འདའ་བར་མི་བྱའོ། །ཞེས་གསུངས་པ་ལྟར་རོ། །རབ་ཏུ་ཞེས་རྒྱུད་གཞན་གཉིས་ལས་ཀྱང་འབྱུང་ངོ༌། །སྡོམ་པ་གཟུང་བསྒྲག་གི་སྐབས་སུ་རིན་འབྱུང་གི་དམ་ཚིག་ལ་ཉིན་ཞག་རེ་ལ་གྲངས་ཇི་ཙམ་བྱ་བ་གསུངས་ནས་གཞན་ལ་མ་གསུངས་པ་ཅི་ཡིན་ཞེ་ན། སྔར་བཤད་བ་ལྟར་རྩ་བ་དང་ཡན་ལག་གི་དམ་ཆིག་རྣམས་ལ་བསྔོ་བགྲང་བྱེད་པའི་སྒོ་ནས་ཉེས་པས་གོས་མ་གོས་རྟོག་པ་ལ་དྲུག་བྱ་བར་གསུངས་པ་ནི་མིན་ཏེ་འདི་ནི་ཉིན་རེ་ལ་སྦྱིན་པ་ལན་དྲུག་གཏོང་བའོ། །དེ་འདྲ་བའི་རིན་འབྱུང་གི་དམ་ཚིག་ལན་དྲུག་བྱ་པར་གསུངས་པ་ནི་དམ་ཚིག་གཞན་ལ་ཡང་མཚོན་པ་འདྲ་སྟེ། རྩེ་མོ་ལས། སྔ་དྲོ་སྡོམ་པ་བླང་བྱ་སྟེ། །དེ་ཉིད་ཉི་ཕྱེད་དང་མཚམས་སུ། །ཉིན་དང་མཚན་མོ་ལན་གསུམ་དུ། །སངས་རྒྱས་རྡོ་རྗེ་ནོར་བུ་དང༌། །པདྨ་བྱེད་པོའི་རྣལ་འབྱོར་གང༌། །རྣམ་པ་བཞི་པོ་དེ་ལས་སྦྱོར། སངས་རྒྱས་ཆོས་དང་ཚོགས་བྱང་ཆུབ། །ཉིན་དང་མཚན་ལ་རྣམ་པ་དྲུག །རྡོ་རྗེ་དྲིལ་བུ་ཚོགས་སློབ་དཔོན། །རྡོ་རྗེ་ཅན་རྣམས་དེ་བཞིན་དྲུག །ཅེས་གསུངས་པའི་ཕྱིར་རོ། །སངས་རྒྱས་ཆོས་ཚོགས་ནི་སྐྱབས་འགྲོ་ཡིན་ལ་བྱང་ཆུབ་ནི་བྱང་ཆུབ་སེམས་བསྐྱེད་པའོ། །རྡོ་རྗེ་ཅན་ནི་ཕྱག་རྒྱའི་དམ་ཚིག་གོ །དེ་རྣམས་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་བྱེད་པ་ནི་དྲུག་གོ །དེ་དག་ཏུ་ལས་རིགས་མ་སྨོས་པ་ནི་གཞན་དུ་རིན་པོ་ཆེའི་རིགས་ཀྱི་ནང་དུ་ལས་རིགས་བསྡུས་ནས་བཞིར་གསུངས་པ་ཡོད་པས་དེ་ཡིན་ནམ་རྟག་པར་བྱ་སྟེ་དེ་ལྟར་ཡང་རིགས་གཞན་


JLD001_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དམ་ཚིག་ལ་དྲུག་ཏུ་བྱས་ནས་འདི་ལ་མི་བྱེད་པ་མིན་ནོ། །འོ་ན་ལུང་དེའི་འཕྲོ་ཉིད་ནས། །ཟང་ཟིང་མི་འཇིགས་ཆོས་དང་ནི། །བྱམས་པ་ཉིན་ཞག་ཀུན་ལ་བརྒྱད། །ཆོས་གསུམ་ཚངས་པ་བཞི་ཞེས་པ། །རྣམ་པ་བརྒྱད་དུ་བཟླས་པར་བྱ། ཞེས་གསུངས་པའི་དོན་ཅི་ཡིན་སྙམ་ན། སྦྱིན་པ་བཞི་ལན་དྲུག་བྱ་བར་གསུངས་པ་ནི་དུས་ཀྱི་སྒོ་ནས་ཡིན་གྱི་ནང་ཚན་གྱི་དབྱེ་བའི་སྒོ་ནས་མ་ཡིན་ཏེ་དུས་རེ་རེར་ཡང་བཞི་བཞི་བྱེད་བས་སོ། །བརྒྱད་དུ་གསུངས་པ་ནི་ཉིན་མོ་དང་མཚན་མོ་སྦྱིན་པ་ལ་ནང་ཚན་གྱིས་ཕྱེ་ན་བཞི་བཞི་ཡོད་བ་ལ་དགོངས་སོ། །ཆོས་གསུམ་ནི་འོད་དཔག་མེད་ཀྱི་དམ་ཚིག་གི་སྐབས་སུ་གསུངས་པའི་ཕྱི་དང་གསང་བ་དང་ཐེག་པ་གསུམ་གྱི་ཆོས་ཡིན་ལ་དེ་ལ་སྔ་མ་གཉིས་གསང་སྔགས་ཀྱི་ཆོས་ཞེས་གཅིག་ཏུ་བྱས་ནས། ཉིན་མཚན་རེ་རེའི་ཆོས་འཛིན་པ་ལ་ནང་ཚན་གྱིས་ཕྱེ་བ་བརྒྱད་དུ་བྱེད་པ་འདྲ་སྟེ་བརྟག་པར་བྱའོ། །ཚངས་པ་བཞི་ནི་ཚངས་པའི་གནས་བཞི་རུ་གྲགས་པའི་ཚང་མེད་བཞི་སྟེ་དོན་གྲུབ་བྱ་སྒྲུབ་ཡེ་ཤེས་ཡིན་ལ་སེམས་ཅན་གྱི་དོན་གྱི་བྱ་བ་སྒྲུབ་པའི་ཐབས་དམ་པ་ནི་ཚད་མེད་བཞིན་ཡིན་པས་དེ་ཉིན་དང་མཚན་དུ་སྒོམ་པ་ལ་ནང་ཚན་གྱི་ཕྱེ་བ་ཡིན་ནམ་དཔྱད་པར་བྱའོ། །སྦྱིན་པ་བཞིའི་ཆོས་དང་ཟང་ཟིང་སྦྱིན་པ་སླ་ལ་ཕྱི་མ་གཉིས་ནི། རྩེ་མོ་ལས། དགྲ་དང་གྲོགས་དང་པར་མ་ལ། །སེམས་སྙོམས་མི་འཇིགས་རབ་ཏུ་སྦྱིན། སྙན་ཅིང་བདེན་པར་སྨྲ་བ་ཡིས། ཞེ་སྡང་འཇོམས་བྱེད་བྱམས་པ་བསྒོམ། ཞེས་གསུངས་


JLD001_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་ཤེས་པར་བྱའོ། །ཉིན་རེ་ལ་སྦྱིན་པ་བྱེར་ལུགས་ནི་ཟང་ཟིང་དང་ཆོས་ལ་དངོས་སུ་བྱེད་པ་མ་བྱུང་བའི་ཚེ། རང་གི་ལུས་དང་ལོངས་སྤྱོད་གཞན་ལ་གཏོང་བའི་བསམ་བ་དང་རང་གི་དགེ་བའི་ཆོས་གཞན་ལ་བསྔོ་བའི་བསམ་པ་སྦྱངས་ཏེ། །གཏོང་སེམས་སྤེལ་བ་ཉིད་སྦྱིན་པ་ལ་སློབ་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །བཏང་སྙོམས་དང་བྱམས་པ་བསྒོམས་ནས་ཀྱང་མི་འཇིགས་པ་དང་བྱམས་པའི་སྦྱིན་པ་བྱའོ། །དེ་བཞིན་དུ་དམ་ཆོས་འཛིན་པ་དང་མཆོད་པ་ལ་ཡང་དངོས་དེ་ཆོས་དང་ཡིད་ཀྱི་སྒོ་ནས་བསྒྲུབ་པར་བྱ་སྟེ་རིགས་གཞན་གཉིས་ཀྱི་ནི་གོ་སླའོ། །བཞི་པ་ནི་བྱང་ཆུབ་ཆེན་པོ་ལས་བྱུང་བ། པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། ཞེས་གསུངས་ཏེ། གཟུང་བར་བྱའོ། །གང་གཟུང་བ་ནི། དམ་པ་ནི་སངས་རྒྱས་ཏེ་དེའི་ཆོས་ནིའོ། །དེ་ཡང་ཕྱི་ནི་གང་དུ་ཁྲུས་དང་གཙང་སྦྲ་ལ་སོགས་པ་རྣམས་ཀྱི་བྱ་བ་དང་ཕྱི་རོལ་གྱི་བཀོད་པ་དང་བྲིས་སྐུ་ལ་སོགས་པའི་ལྷ་ལ་དམིགས་པ་སྟོན་པ་བྱ་བའི་རྒྱུད་དམ་ཚིག་གསུམ་བཀོད་དང་འབྱུང་པོ་འདུལ་བྱེད་ལ་སོགས་པ་དང༌། སྤྱོད་པའི་རྒྱུད་རྣམ་སྣང་མངོན་བྱང་ལ་སོགས་པའོ། །གསང་བ་ལ་གསུམ་ལས། རྣལ་འབྱོར་གྱི་རྒྱུད་ནི་དེ་ཉིད་བསྡུས་པ་སོགས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་ནི་གསང་འདུས་ལ་སོགས་སོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་རྣལ་འབྱོར་མའི་རྒྱུད་དོ། །ཐེག་པ་གསུམ་ནི་ཉན་རང་གི་ཐེག་པ་གཉིས་དང་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱི་ཐེག་པ་སྟེ་


JLD001_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཐེག་ཆེན་ནི་ཕྱི་དང་གསང་བར་གསུངས་པའི་ཕྱིར་རོ། །ཞེས་མན་སྙེར་བཤད་དེ་བྷཱ་བ་བྷ་ཏྲ་ཡང་དེ་དང་དགོངས་པ་མཐུན་པར་སྣང་ངོ༌། །འདི་ལ་སློབ་དཔོན་མུ་ནེནྟྲ་བྷ་དྲས་ཉན་རང་གཉིས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་གསུམ་ལ་ཕྱི་དང་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་ཐེག་པ་ལ་གསང་བའི་ཐེག་པ་གསུམ་དུ་འདོད་པ་ལ་ཆོས་འདི་པ་ཞེས་གསུངས་པ་དང་སྐྱབས་གནས་འདྲ་ཞིང་འདུ་བྱེད་ཐམས་ཅད་མི་རྟག་པ་སོགས་བཞི་པོ་འདོད་མི་འདོད་ཀྱིས་ཕྱི་ནང་དུ་འཇོག་པས་ཉན་རང་སོགས་ཕྱི་པར་འཇོག་པ་མི་འཐད་ཅེས་སུན་ཕྱུང་ནས། རང་ལུགས་ནི་རིག་བྱེད་ལ་སོགས་པ་ཕྱི་རོལ་པའི་ཆོས་དང་ཉན་རང་དང་ཐེག་ཆེན་གསུམ་གསང་བའི་ཐེག་པར་འཇོག་སྟེ། འདིས་ནི་གསང་བའི་ཐེག་པ་ཞེས་འདོན་ནོ། །དེ་ལྟར་ན་འགྲེལ་པ་དག་གིས་ནི་ཕྱི་དང་གསང་བ་ཞེས་བཏོན་ནས་བཤད་པ་མཛད་ལ་རྡོ་རྗེ་སྙིང་པོ་རྒྱན་གྱི་བཅུ་གཉིས་པ་ལས་ནི། པདྨོ་སྣང་བའི་རིགས་དག་ལ། །ཕྱི་དང་ནང་དང་གསང་བ་ཡི། །དམ་ཚིག་རབ་ཏུ་གཟུང་བ་ཡིས། །བླ་མེད་བྱང་ཆུབ་ཐོབ་པར་བྱེད། ཅེས་གསུངས་སོ། །འོ་ན་དམ་ཆོས་གཟུང་བ་དེ་གང་གི་དམ་ཚིག་ལ་བྱ་ཞེ་ན། བྱང་ཆུབ་ཆེན་པོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པའོ་ཞེས་བྱ་བ་ལ་སོགས་པར་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ལ་དེ་ལས་བྱུང་བ་ནི་པདྨ་ཆེན་པོ་སྣང་བ་མཐའ་ཡས་སོ། །དེ་ནི་གཟུང་འཛིན་ལ་སོགས་པར་མངོན་པར་ཞེན་པ་མེད་པས་ན་དག་པའོ། །རིགས་ནི་སྣང་བ་མཐའ་


JLD001_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཀྱི་བདག་ཉིད་ཅན་ཏེ་དེ་རྣམས་ཀྱི་དམ་ཚིག་ལའོ། །མན་སྙེར་འོད་དཔག་མེད་ཀྱི་རིགས་ཀྱི་སྡོམ་པ་ནི་ཁ་ན་མ་ཐོ་བ་མེད་པའི་ངག་གི་རང་བཞིན་ཡིན་པས་དག་པའོ། །དེ་ན་འདི་ལས་སོ་སོར་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་རོ་ཞེས་འཆད་དོ། །ཆོས་དེ་རྣམས་འཛིན་ལུགས་ནི་སྔར་བཤད་པ་ལྟར་འདིས་བདག་ལ་དགོས་པ་མེད་དོ་ཞེས་མི་སྤོང་བར་འཛིན་པའོ། །ལྔ་པ་དོན་ཡོད་གྲུབ་པའི་སྡོམ་པ་གཟུང་བ་ནི། ལས་ཀྱི་རིགས་མཆོག་ཆེན་པོ་ལ། སྒོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། ཞེས་གསུངས་ཏེ། བགྱིའོ་ཞེས་བྱའོ། །གང་ན་ཆོད་པའི་ལས་སོ། །དེ་སྟོན་པ་ནི། སྡོམ་པ་ཐམས་ཅད་ལྡན་པར་ནི། །ཞེས་པ་སྟེ་ཕྱི་དང་གསང་བའི་མཆོད་པ་ཐམས་ཅད་དང་ལྡན་པའི་མཆོད་པའོ། །དེ་ཉིད་ནི་མན་སྙེར། འདིར་སྔོམ་པ་ནི་དོན་ཡོད་གྲུབ་པའི་རིགས་ཀྱི་མཆོད་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོའི་ཕྱིར་རོ། །ཞེས་གསུངས་པ་ལྟར་སྡོམ་པ་སྟེ། དེ་ཡང་དག་པ་ཉིད་དུ་གཟུང་ངོ༌། །མན་སྙེར་ཉེར་སྤྱོད་ལྔ་ཕྱིའི་མཆོད་པ་དང་བསྒོམས་པའི་དཀྱིལ་འཁོར་ལ་རང་གི་ས་བོན་ལ་སོགས་པ་འཛིན་པ་རྣམས་ཀྱིས་མཆོད་པ་གསང་བའི་མཆོད་པ་དང་ཡུམ་དང་སྙོམས་པར་ཞུགས་པས་དགའ་བ་བཞིའི་རིམས་ཀྱིས་ཉོན་མོངས་དག་པའི་གོ་འཕང་མངོན་དུ་བྱས་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། མངོན་བརྗོད་བླ་མ་ལས། རང་བཞིན་མེད་པའི་གནས་གོམས་པས། །ལྷ་ཡི་སྙིང་པོ་སྒོམ་བྱེད་པ། །དེ་ནི་མཆོད་པ་ཆེན་པོར་


JLD001_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འདོད། སངས་རྒྱས་ཐམས་ཅད་རྟོགས་བྱེད་པའོ། །ཞེས་གསུངས་པས། རང་བཞིན་མེད་པ་ཉིད་དུ་རང་གི་ལྷའི་ངོ་བོའི་རྗེས་སུ་བྱེད་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་མཆོད་པ་བླ་ན་མེད་པའི་དེ་ཁོ་ན་ཉིད་ཀྱི་མཆོད་པར་བཤད་དོ། །མཆོད་པའི་དམ་ཚིག་འདི་རྒྱུད་སྡེ་གཉིས་ཐུན་མོང་བ་ཡིན་པས་རང་རང་གི་སྐབས་དང་སྦྱར་རོ། །ཚུལ་ཇི་ལྟར་བྱ་བ་ནི། ཅི་ནུས་ཞེས་ཏེ་རང་གི་སྟོབས་ཅི་ཡོད་པ་བཞིན་ཁས་ལེན་པའོ། །ཀྱང་ཞེས་པ་ནི་སྔ་མ་རྣམས་ལ་ལྟོས་པའོ། །དེ་འདྲ་བ་དེ་སུའི་དམ་ཚིག་ལ་བྱ་སྙམ་ན། ལས་ཀྱི་རིགས་མཆོག་ཆེན་པོ་སྟེ་དོན་ཡོད་གྲུབ་པའི་བདག་ཉིད་ཀྱི་དམ་ཚིག་ལའོ། །གསུམ་པ་དོན་བསྡུས་ཏེ་ཁས་བླང་བ་ནི། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་བརྒལ་བ་ནི་བསྒྲལ་པར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། ཅེས་གསུངས་ཏེ། རྐང་པ་དང་པོ་གཉིས་ནི་སྨོན་འཇུག་གཉིས་ཀྱི་དོན་བསྡུ་དང༌། དེ་ནས་གཉིས་ནི་སྡོམ་པ་ལྔའི་དོན་བསྡུའོ། །མ་གྲོལ་བ་ནི་གཏི་མུག་སོགས་སྒྲིབ་པ་གཉིས་ཀྱི་འཆིང་བས་བཅིངས་པའི་ཚངས་པ་ལ་སོགས་པ་སྟེ་དེ་རྣམས་དགྲོལ་བ་དང་ཉན་རང་ཤེས་སྒྲིབ་ལས་མ་བརྒལ་བ་རྣམས་དེ་ལས་བསྒྲལ་བ་དང༌། དམྱལ་བ་ལ་སོགས་པ་དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་ཞིང་སེམས་


JLD001_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན་མི་གནས་པའི་མྱ་ངན་ལས་འདས་པ་ལ་དགོད་དོ་ཞེས་པ་ནི་མན་སྙེ་དང་རྡོ་རྗེ་མཁའ་འགྲོའི་རྣམ་བཤད་གཉིས་ཀའི་དགོངས་པའོ། །ཚིགས་བཅད་ཐ་མ་འདི་འཇུག་སེམས་བསྐྱེད་པ་ལ་མན་སྙེར་བཤད་དོ། །དེ་ལྟར་རྣམ་སྣང་གི་སྔོམ་བ་མན་ཆད་ཀྱི་བཤད་པ་གསལ་ཁ་མེད་པ་རྣམས་བྷཱ་བ་བྷ་ཏྲའི་དགོངས་པ་བཞིན་བཤད་པའོ། །སློབ་དཔོན་མུ་ནེནྡ་བྷ་དྲས་དེ་བཞིན་གཤེགས་པའི་རིགས་ལ་དཀོན་མཆོག་གསུམ་གཟུང་བ་གཅིག་དང་རྡོ་རྗེའི་རིགས་ལ་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་དང་སློབ་དཔོན་གཟུང་བ་གསུམ་དང་རིན་པོ་ཆེའི་རིགས་ལ་སྦྱིན་པ་བཞི་དང༌། པདྨའི་རིགས་ལ་ཕྱི་རོལ་གྱི་ཆོས་དང་ཐེག་པ་གསུམ་སྟེ་བཞི་དང་ལས་ཀྱི་རིགས་ལ་སྡོམ་པ་ཐམས་ཅད་དང་ལྡན་པར་བྱ་བ་དང་མཆོད་པའི་ལས་བྱ་བ་སྟེ་བཅུ་བཞིར་འཆད་དོ། །དྲིལ་བུའི་ཕྱག་རྒྱ་ཞེས་གཅིག་ཏུ་བསྡུས་པ་ནི་སློབ་དཔོན་ཀུན་སྙིང་གིས་དཔལ་མཆོག་འགྲེལ་བར་དེ་གཉིས་སོ་སོར་བཤད་པ་དང་འགལ་བས་མི་འཐད་ལ། པདྨའི་རིགས་ཀྱི་ཕྱི་རོལ་གྱི་བཤད་པའང་འཐད་སྙམ་པ་མེད་དོ། །འོན་ཀྱང་ལས་རིགས་ལ་གཉིས་བྱེད་པ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་བཅུ་གཉིས་པ་ལས། རྔ་སྒྲ་ལས་ཀྱི་རིགས་མང་པོ། །དམ་ཚིག་དང་ནི་སྡོམ་པར་ལྡན། །བསྙེན་བཀུར་མཆོད་པ་སེམས་ཅན་དོན། །བྱས་པས་དེ་ཡི་ཡོན་ཏན་འཐོབ། ཅེས་གསུངས་པ་དང་མཐུན་ལ། དེར་ནི་སེམས་ཅན་གྱི་དོན་བྱེད་པ་ཡང་གསུངས་སོ། །དེ་ལྟ་ཡིན་ནའང་སྔར་ནི་འགྲེལ་པ་གཉིས་ཀྱི་ལུགས་སུ་བཤད་དོ། །དམ་ཚིག་དེ་རྣམས་ཐམས་ཅད་རིགས་སོ་སོའི་སྒྲུབ་པ་པོ་ཐམས་


JLD001_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་བསྲུང་དགོས་མོད་ཀྱང་རང་གི་རིགས་གང་ཡིན་པའི་དམ་ཚིག་ལ་ལྷག་པར་ནན་ཏན་བྱེད་དགོས་པར་སངས་རྒྱས་གསང་བས་གསུངས་ཏེ་ཨ་བ་ཏ་ར་ལས། དེ་བས་ན་གང་ཡང་རུང་བའི་རིགས་ལ་རང་གི་ལྷ་མཉེས་པར་བྱེད་པས་ཀྱང་རིགས་ཀྱི་རྗེས་སུ་མཐུན་པར་བསྟན་པའི་དམ་ཚིག་གི་བྱེ་བྲག་འདི་དག་ཐམས་ཅད་ཀྱང་ཅི་ནུས་པར་རྗེས་སུ་འཇུག་པར་བྱའོ། །མཉེས་པར་བྱ་བ་རང་གི་ལྷའི་རྗེས་སུ་མཐུན་པའི་དམ་ཚིག་གང་ཡང་རུང་བ་ལ་ཤིན་ཏུ་ལྷག་པར་ནན་ཏན་དུ་བྱ་དགོས་ཏེ་ཁྱད་པར་ནི་དེ་ཡོད་དོ། །ཞེས་གསུངས་ཏེ། དཔེར་ན་མི་བསྐྱོད་པའམ་དེའི་རིགས་ལ་མེ་ཏོག་ཕོག་པའི་སྒྲུབ་པ་པོ་ཡིན་ན་དམ་ཚིག་གསུམ་དང་སློབ་དཔོན་གཟུང་བ་ལ་ནན་ཏན་དུ་བྱ་དགོས་པ་ལྟ་བུའོ། །འོ་ན་སྡོམ་པ་བསྒྲག་པའི་སྐབས་སུ་ཐུན་མོང་གི་དམ་ཚིག་རྣམས་བསྒྲགས་ནས་འཛིན་པའི་ཚེ་དེ་དག་གཟུང་བ་མི་འཆད་བ་ཅི་ཡིན་སྙམ་ན། འདི་ལ་སློབ་དཔོན་ལྭ་བ་པ་ལ་སོགས་པ་འགའ་ཞིག་གིས་ནི་དེ་རྣམས་ཀྱང་རིགས་ལྔའི་སྔོམ་པ་གཟུང་བའི་འོག་ཏུ་དངོས་སུ་འཛིན་པ་མཛད་པ་ཡོད་དོ། །འོན་ཀྱང་སྡོམ་པ་འབོགས་པའི་ཚེ་སློབ་དཔོན་གྱིས་རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་རགས་རིམ་ཞིག་བཤད་ལ་དེ་ནས་རིགས་ལྔ་དང་འབྲེལ་བའི་སྒྲུབ་པ་པོ་རྣམས་ཀྱིས་གང་ལ་བསླབ་པར་བྱ་བའི་དམ་ཚིག་ཐམས་ཅད་ལ་བསླབ་པོ་སྙམ་པའི་སྡོམ་པ་འཛིན་འདོད་བསྐྱངས་ནས་ཕོག་པས་ཆོག་པས་ཟུར་པ་མེད་ཀྱང་ཆོ་ག་ཆད་བའི་སྐྱོན་མེད་དོ། །དེ་ལྟར་ན་སྡོམ་གཟུང་གི་གཞུང་རྣམས་ཀྱི་དོན་བསྡུ་ན་འདིར་འགྱུར་ཏེ་དཀོན་


JLD001_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་དང་བླ་མ་ལ་སྐྱབས་སུ་འགྲོ་བ་བྱས་ནས་རང་ཉིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་ལ་རྡོ་རྗེ་དང་དྲིལ་བུའི་དེ་ཁོ་ན་ཉིད་དྲན་ཏེ་བཟུང་ནས་རང་ལ་མཆོད་པར་བྱེད་ཅིང་ཐེག་པ་གསུམ་ལ་མཁས་པར་བྱས་ནས་ཉེས་སྤྱོད་མཐའ་དག་ལས་ལྡོག་པ་དང༌། དགེ་བའི་ཆོས་མཐའ་དག་བསྡུས་ནས་སྦྱིན་པ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའོ། །ཀླུ་བྱང་གི་དཀྱིལ་ཆོག་ལས། སློབ་མ་དང་ནི་བླ་མ་ཡིས། །དང་པོར་ལན་གསུམ་བརྗོད་ནས་ནི། ཞེས་སྔོམ་པ་གཟུང་བའི་ཆོ་ག་སློབ་དཔོན་གཉིས་ཀས་ལན་གསུམ་གསུམ་བརྗོད་དགོས་པར་གསུངས་པ་ལྟར་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱི་དཀྱིལ་ཆོག་དང་དཀྱིལ་ཆོག་རྡོ་རྗེ་ཕྲེང་བར་ཡང་ལན་གསུམ་བྱེད་པར་གསུངས་པས་ལན་གསུམ་བྱ་དགོས་ལ། ཁྱད་པར་དུ་སྡོམ་པ་ཐོག་མར་ལེན་པ་དང༌། ཉམས་པ་གསོ་བ་ཡིན་ན་ངེས་པར་ཚད་བ་ལན་གསུམ་བྱ་དགོས་ཏེ་དེ་མ་ཚང་ན་ཆོ་ག་མ་ཚང་བས་མི་སྐྱེ་བ་ནི་གཞན་དང་འདྲ་བར་སེམས་སོ། །འོ་ན་སྡོམ་པ་ཐོབ་ཟིན་ལ་མ་བཏང་བས་ཀྱང་ཡང་ཡང་ལེན་པར་གསུངས་པ་ཅི་ཡིན་སྙམ་ན། དེ་ནི་དམ་ཚིག་རྣམས་བསྲུང་བ་ལ་སེམས་བརྟན་པར་བྱ་བའི་ཕྱིར་ཡིན་ཏེ། ཨ་བ་ཏ་ར་ལས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྤྱིའི་ཆོ་ག་བསྟན་པའི་མཚན་ཉིད་ཐེག་པ་ཆེན་པོའི་སྡོམ་པ་སྔར་མནོས་སུ་ཟིན་ཀྱང་སེམས་བརྟན་པར་བྱ་བའི་ཕྱིར་ཡང་བསྐྱེད་དོ། །ཞེས་གསུངས་སོ། །སྡོམ་པ་འདི་ལེན་པའི་སྐབས་ནི་ཆོ་ག་ཉི་ཤུ་བ་གཉིས་དང་དཀྱིལ་ཆོག་ཟུང་འཇུག་གསལ་བ་དང་རྡོ་རྗེ་ཕྲེང་བ་སོགས་མང་པོར་སྟ་གོན་གྱི་སྐབས་སུ་ལེན་པ་མཛད་ལ། རྡོ་རྗེ་


JLD001_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོའི་རྗེས་སུ་འབྲངས་ནས་སློབ་དཔོན་ཀུན་དགའ་སྙིང་པོ་ལ་སོགས་པ་དག་གིས་དངོས་གཞིའི་སྐབས་སུ་ལེན་པ་མཛད་དོ། །མར་མེ་མཛད་བཟང་པོས། རྨི་ལམ་བཟང་ངན་དྲིས་ནས་ནི། །མེ་དགེ་ཐབས་སྦྱོར་དག་གིས་གཞོམ། །སློབ་མ་ལེགས་བསྲུངས་སྣོད་གྱུར་པ། །དེ་ནས་སྡོམ་པ་འཛིན་དུ་གཞུག །ཅེས་སློབ་མ་ལ་རྨི་ལམ་བརྟགས་པའི་འོག་དངོས་གཞི་མ་ཟུག་པའི་བར་དུ་ལེན་པར་མཛད་དེ་འདིའི་རྗེས་སུ་འབྲང་བ་ཡང་མང་ངོ༌། །དེ་ལྟར་ན་དེ་དག་ནི་གང་གི་རྗེས་སུ་ཞུགས་ནས་བླངས་ཀྱང་སྐྱེ་བར་གསལ་ལོ། །སྡོམ་པ་སྐྱེ་བ་ནི་འབོགས་པའི་ཆོ་ག་ལན་གསུམ་བྱས་པའི་མཐར་སྐྱེའི་དབང་རྫོགས་པ་ལ་མི་ལྟོས་སོ། །དེ་དག་ཀྱང་དཀྱིལ་འཁོར་གྱི་ཆོག་དང་འབྲེལ་བའི་དབང་དུ་བྱས་ཀྱི་གཞན་ནི་མངོན་རྟོགས་བསྒོམ་པའི་དུས་སུ་ཡང་ལེན་པ་ལྟར་མ་ངེས་སོ། །དུས་ཀྱི་འཁོར་ལོ་ལས་ནི་གཞན་རྣམས་དང་ཅུང་ཟད་མི་འདྲ་བར་གསུངས་ཏེ་འོག་ཏུ་སྟོན་ནོ། །སྡོམ་པ་གཟུང་བ་བཤད་ཟིན་ཏོ། ། གསུམ་པ་སྡོམ་པ་བཟུང་མ་བཟུང་ལ་དབང་བསྐུར་མི་བསྐུར་གྱི་ཚུལ་ལ་གསུམ། སྡོམ་པ་མི་འཛིན་པ་ལ་དབང་མི་སྐུར་བའི་ཚུལ། དེ་ལ་རྩོད་པ་སྤངས་ཏེ་དབང་བསྐུར་བས་སྡོམ་པ་འཛིན་ཚུལ། བྱ་སྤྱོད་ཀྱི་དབང་བསྐུར་བ་ལ་སྡོམ་པ་གང་འཛིན་བསྟན་པའོ། །དང་པོ་ནི། རྡོ་རྗེ་འབྱུང་བ་ལས། གང་ཞིག་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ་ནི་དང་ཁྱོད་ཅེས་བྱ་བ་ལ་སོགས་པ་རྣམས་བརྗོད་པར་མི་བྱ་སྟེ་སློབ་དཔོན་དུ་རྗེས་སུ་གནང་བ་དང་དབང་བསྐུར་བར་མི་


JLD001_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འཇུག་པ་ཙམ་ཞིག་བྱེད་དུ་གཞུག་གོ །ཞེས་སྡོམ་པ་མི་འཛིན་ན་མེ་ཏོག་དོར་ནས་ལྷ་ངོ་སྟོན་པ་ཡན་ཆད་འཇུག་པ་ཙམ་ཞིག་བྱེད་ལ་དབང་མི་སྐུར་ཞིང་འཇུག་པའི་སྐབས་ཀྱི་ཡང་དམ་གཞག་གི་སྐབས་མི་བྱེད་པར་གསུངས་སོ། །དེ་འདྲ་བ་ལ་སྡོམ་པ་འཛིན་པའི་གསོལ་གདབ་ལ་སོགས་པ་ཡང་གཞག་དགོས་སོ། །གཞུག་པ་ཙམ་ལ་ནི་སྣོད་དང་ལྡན་མི་ལྡན་བརྟག་མི་དགོས་པར་གསུངས་ཏེ་རྩེ་མོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདིར་ནི་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་འཇུག་ཏུ་རུང་ངོ༌། །སྣོད་དང་སྣོད་མ་ཡིན་པ་ཡོངས་སུ་བརྟག་པར་མི་བྱ་སྟེ། གཞུག་པ་ལ་མངོན་པར་ཞེན་པ་ཡོངས་སུ་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱི་མོད་ལ་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་རོ། །དད་པ་མེད་པ་དང་དགེ་བའི་རྩ་བ་མ་བསགས་པ་དང་རྒྱུད་ཡོངས་སུ་མ་སྨིན་པ་དང་མོས་པ་མེད་པ་མང་དུ་ཟིན་ཀྱང་འོན་ཀྱང་མཐོང་བ་ཙམ་གྱིས་སོ། །ཞེས་གསུངས་ཏེ་དཀྱིལ་འཁོར་དུ་གཞུག་པ་དང་ཞུགས་པ་ལ་དབང་བསྐུར་བ་གཉིས་ལས་གཞུག་པ་ནི་སྣོད་དང་མི་ལྡན་པ་ལའང་མ་བཀག་པ་ཡིན་གྱི་དབང་སྐུར་བ་མི་འགོག་པ་ནི་མིན་ཏེ། རྩེ་མོ་ལས། གལ་ཏེ་དེ་ནི་སྣོད་མིན་ན། དེ་ལ་གཞུག་པ་སྦྱིན་པར་བྱ། ཞེས་དང༌། གཞུག་པ་ཙམ་ཞིག་སྦྱིན་བྱའོ། །རྣམ་པ་ཐམས་ཅད་བྱ་བ་མིན། ཞེས་སོ། །དེས་ན་རྩ་རྒྱུད་དེ་ཉིད་བསྡུས་པར། དཀྱིལ་འཁོར་ཆེན་པོ་འདིར་གཞུག་པ་ལ་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་བརྟག་མི་


JLD001_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ཞེས་གསུངས་པའི་དགོངས་པ་ནི་བཤད་རྒྱུད་རྩེ་མོས་བཀྲལ་བའི་དོན་མཁས་པ་ཀུན་སྙིང་གིས་གསུགས་པ་དེའོ། །འོ་ན་དབང་མི་བསྐུར་བར་དཀྱིལ་འཁོར་དུ་འཇུག་པ་ཙམ་བྱེད་པ་དེ་རྒྱུད་སྡེ་གཞན་ལ་རུང་ངམ་མི་རུང་ཞེ་ན། འདི་ལ་རྣམ་སྣང་མངོན་བྱང་ལས། གསང་བ་པའི་བདག་བོ་གང་དག་གིས་སྔོན་ཐེག་པ་ཆེན་པོ་གསང་སྔགས་སྤྱོད་པའི་ཚུལ་སྒོ་མཐའ་ཡས་སྒྲུབ་པ་ལ་གོམས་པར་བྱས་པ་དེ་དག་ནི་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེ་རྣམས་ཉིད་ཀྱི་དོན་གྱི་ཕྱིར་གྲངས་ཀྱི་ཚད་འདི་བྱས་སོ། །འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་འགྱུར་བར་བྱ་བའི་ཕྱིར་སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་བཟུང་བར་བྱའོ། །ཞེས་གསུངས་ཤིང་དེའི་འགྲེལ་པ་ལས། གོང་དུ་གྲངས་སུ་བཅད་པ་ནི་སྒྲུབ་པའམ་སློབ་དཔོན་དུ་སྨིན་པར་བྱ་བའི་སློབ་མ་སྟེ་དེ་ལས་གཞན་པའི་སེམས་ཅན་རྣམས་ལའང་སྙིང་རྗེ་ཆེན་པོ་བསྐྱེད་དེ། དཀྱིལ་འཁོར་དེར་བཙུད་ན་སློབ་དཔོན་ནམ་སྒྲུབ་པ་པོར་མི་འགྱུར་ཡང་དཀྱིལ་འཁོར་དུ་བཙུད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་ན་བྱང་ཆུབ་ཀྱི་རྒྱུའི་ས་བོན་དུ་འགྱུར་བའི་ཕྱིར་ཚད་དང་གྲངས་ཆད་པ་མེད་པར་གཟུང་ངོ༌། །ཞེས་འཆད་ཅིང་སློབ་མ་དམ་པ་རྣམས་ལ་གྲངས་ངེས་མཛད་པ་ནི་དེ་འདྲ་སྟེ་དཀོན་ཞིང་མང་དུ་མི་འབྱུང་བའི་ཕྱིར་རོ། །ཞེས་བཤད་དོ། །དེ་ལྟར་ན་སློབ་དཔོན་སངས་རྒྱས་གསང་བ་ནི་བྱ་སྤྱོད་གཉིས་ལ་ཡང་ཚུལ་དེ་རུང་བར་


JLD001_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་དེ། རྣམ་སྣང་མངོན་བྱང་གི་རྒྱུད་ནི་ཐབས་ཤེས་གཙོ་བོར་གྱུར་པ་སྦྱོར་བའི་རྒྱུད་ཡིན་ཡང་བྱ་བའི་རྒྱུད་དམ་གཉིས་ཀའི་རྒྱུད་ལྟ་བུར་སོ་སོར་བརྟགས་ཤིང་གྲགས་སོ། །ཞེས་བཞེད་པའི་ཕྱིར་རོ། །དེ་ཉིད་བསྡུས་པའི་སྟོད་འགྲེལ་ལས། ཇི་ལྟར་བྱ་བའི་རྒྱུད་ལ་སོགས་པ་དེ་ལྟར་འདིར་ཅིའི་ཕྱིར་མི་བྱ་ཞེས་བྱ་བའི་གཏན་ཚིགས་ཅི་ཞིག་ཡོད་ཅེ་ན། འདིར་རྒྱུད་ནི་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེས་དང་ཀོ་ས་ལའི་རྒྱན་ལས་ཀྱང༌། རྒྱུད་གཞན་ལས་སྣོད་དང་སྣོད་མ་ཡིན་པ་རྟོག་པར་བྱེད་པ་དེ་བཞིན་དུ་འདིར་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་བརྟག་ནི་མི་འཚལ་ལོ། །ཞེས་གསུངས་པ་ནི་བྱ་སྤྱོད་ལ་དཀྱིལ་འཁོར་དུ་འཇུག་པ་བརྟག་དགོས་པ་ལྟར་འདིར་མི་དགོས་ཞེས་པའི་དོན་དུ་བྱས་ན་ཆོས་མི་ལྡན་གྱི་གང་ཟག་གསུམ་དང་ཆོས་ལྡན་གྱི་གང་ཟག་ཞུགས་ན་དོན་ཆེ་བ་སྒྲུབ་བྱེད་དུ་བཀོད་པ་བྱ་སྤྱོད་ལ་ཡང་མཚུངས་པས་མི་འཐད་དོ། །དེས་ན་བྱ་སྤྱོད་ལ་དམ་ཚིག་ལ་མི་དགའ་བ་དང་སྔར་སྤྱད་མི་ནུས་པ་ལ་སོགས་པ་དབང་བསྐུར་བའམ་ལམ་གྱི་སྣོད་དུ་མི་རུང་ཞིང་དེ་ལས་བཟློག་པའི་སྣོད་རུང་དགོས་པ་ལྟར་དཀྱིལ་འཁོར་དུ་འཇུག་པ་ལ་དེ་ལྟར་མི་དགོས་ཞེས་སྦྱར་དགོས་པ་འདྲ་བས་སློབ་དཔོན་ཀུན་སྙིང་སོགས་ཀྱང་སངས་རྒྱས་གསང་བ་འདྲ་བར་མངོན་ནོ། །དགྲ་ནག་གི་འགྲེལ་བ་རིན་ཆེན་སྒྲོན་མར་དེ་ཉིད་བསྡུས་པའི་ལུང་དྲངས་ནས་སྲོག་གཅོད་པ་ལས་ལྡོག་ན་གཞུག་པ་ཙམ་བྱེད་པ་དང་མི་ལྡོག་ན་བཏང་སྙོམས་སུ་བཞག་པའམ་ཡང་ན་ནན་ཏུར་གྱིས་གཞུག་པར་བཤད་དེ། འདིས་ནི་ཚུལ་དེ་བླ་མེད་ལའང་


JLD001_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བར་བཤད་དོ། །གཉིས་པ་ནི། འོ་ན་རྡོ་རྗེ་འབྱུང་བ་དང་དེ་ཉིད་བསྡུས་པའི་སྟོད་འགྲེལ་ལས། སྡོམ་པ་མི་འཛིན་པ་ལ་དབང་བསྐུར་བཀག་པ་དང་ཡང་འགྲེལ་པ་དེ་ཉིད་ལས། མེ་ཏོག་གི་ཕྲེང་བའི་དབང་བསྐུར་བ་དང་ཕྱག་རྒྱའི་དབང་བསྐུར་བ་དང་རྡོ་རྗེའི་དབང་བསྐུར་བ་དང་བདག་པོའི་དབང་བསྐུར་བ་དང་མིང་གི་དབང་བསྐུར་བ་གསུངས་པ་འདི་དག་ཐམས་ཅད་ཀྱིས་ཀྱང་ཕྱིར་མི་ལྡོག་པའི་ས་བོན་བསྐྱེད་པའི་ཕྱིར་ཡིན་པས་སྡོམ་པ་ཐམས་ཅད་གཟུང་པ་དང་སྡོམ་པ་མ་གཟུང་བའི་སྤྱིའི་དབང་བསྐུར་པ་ཡིན་ནོ། །ཞེས་སྡོམ་པ་མི་འཛིན་པ་ལའང་དབང་བསྐུར་བར་བཤད་པ་གཉིས་འགལ་ལོ་ཞེ་ན། མི་འགལ་ཏེ་འཇུག་པ་ཙམ་ཞིག་བྱེད་དུ་གཞུག་གོ །ཞེས་ཙམ་གྱི་སྒྲས་དབང་བསྐུར་བ་བཅད་བ་ནི་སྔགས་ཀྱི་སྔོམ་པ་མི་འཛིན་པའི་ཆོས་མི་ལྡན་གྱི་དབང་དུ་བྱས་པ་སྟེ་རྩེ་མོའི་ལུང་དྲངས་པ་ལྟར་རོ། །སྟོད་འགྲེལ་ལས་གསུངས་པ་ནི་སྔགས་གྱི་སྡོམ་པ་མི་འཛིན་ཡང་སློབ་མའི་དབང་གི་སྣོད་དུ་རུང་བ་སློབ་མའི་དབང་ཙམ་བསྐུར་བ་ཡིན། དེས་ན་སྔགས་ཀྱི་སྡོམ་པ་མི་འཛིན་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་མི་བསྐུར་བར་ངེས་ཀྱང་སློབ་མའི་དབང་བསྐུར་མི་བསྐུར་གཉིས་ཡོད་དོ། །འོ་ན་སློབ་མའི་དབང་ཙམ་བསྐུར་བའི་སྣོད་དུ་རུང་བ་དེ་ཅི་འདྲ་ཞིག་ཡིན་སྙམ་ན། འདི་ལ་མཁས་པ་ཁ་ཅིག་སློབ་མའི་དབང་བསྐུར་བ་ཙམ་ཞིག་བླངས་ནས་དངོས་གྲུབ་སྒྲུབ་པར་འདོད་པའོ། །ཞེས་གསུངས་པ་ནི་དོན་མིན་པས་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར་ཤཱནྟི་པས་གསུངས་པ་ལྟར་འདོད་པར་བྱ་སྟེ།


JLD001_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་དུ། ཡང་གང་ཞིག་པ་རིག་པའི་དབང་བསྐུར་བ་འབའ་ཞིག་ཙམ་སྦྱིན་ཞེ་ན། སློབ་དཔོན་དུ་དབང་བསྐུར་བ་དོན་དུ་མི་གཉེར་བའམ་དེ་དོན་དུ་གཉེར་བ་སྤྱིའི་སྡོམ་པ་ཉི་ཚེ་ཙམ་ལེན་པར་བྱེད་ཀྱི་སློབ་དཔོན་གྱི་སྡོམ་པ་ནི་མ་ཡིན་པ་དག་ལའོ། །ཞེས་སློབ་དཔོན་གྱི་དབང་བསྐུར་དོན་དུ་གཉེར་མི་གཉེར་གང་ཡིན་ཡང་ཐུན་མོང་གི་སྡོམ་པ་ཙམ་ཞིག་འཛིན་གྱི། སློབ་དཔོན་གྱི་སྡོམ་པ་མི་འཛིན་པ་ལ་སློབ་མའི་དབང་ཙམ་བསྐུར་བར་གསུངས་སོ། །སྡོམ་པ་དེ་གཉིས་ཀྱང་འགྲེལ་པ་དེ་ཉིད་ལས། དེ་ལ་སྡོམ་པ་གང་སློབ་དཔོན་དུ་མི་བྱེད་ཀྱང་སྦྱིན་པ་དེ་ནི་སྤྱིའི་ཡིན་ཏེ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་མཚན་ཉིད་སྔར་བཤད་པ་ཡིན་ནོ། །དེ་ལ་སློབ་དཔོན་དུ་བྱེད་པར་བྱིན་པ་གང་ཡིན་པ་དེ་ནི་སློབ་དཔོན་གྱི་སྡོམ་པ་སྟེ་རིགས་ལྔས་བསྡུས་པའོ། །ཞེས་སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་བ་ཅན་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྡོམ་པ་ནི་སློབ་དཔོན་གྱི་དབང་དང་སློབ་མའི་དབང་ཙམ་དོན་དུ་གཉེར་བ་གཉིས་ཀས་འཛིན་དགོས་པས་སྤྱིའི་སྡོམ་པའམ་ཐུན་མོང་གི་སྡོམ་པ་དང༌། ཇི་ལྟར་དུས་གསུམ་ཞེས་སོགས་ཀྱིས་གཟུང་བའི་རིགས་ལྔའི་སྡོམ་པ་ནི་སློབ་མའི་དབང་ཙམ་བསྐུར་བ་ལ་མི་སྟེར་གྱི། སློབ་དཔོན་གྱི་དབང་བསྐུར་བ་ལ་སྟེར་བས་སློབ་དཔོན་གྱི་སྡོམ་པའམ་ཐུན་མོང་མ་ཡིན་པའི་སྡོམ་པར་གསུངས་སོ། །ལུགས་འདི་ནི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བར་ཡང་བཀོད་ལ་སྡོམ་འབྱུང་གི་བཀའ་འགྲེལ་པདྨ་ཅན་དུ་ཡང་དེ་གཉིས་ཀྱི་རྗེས་སུ་འབྲང་བར་སྣང་སྟེ་ཤིན་ཏུ་ལེགས་པ་ཡིན་ནོ། །དེ་ལྟར་ན་དཀྱིལ་འཁོར་དུ་འཇུག་པ་ཙམ་ཞིག་བྱེད་པ་ནི་ཐུན་མོང་


JLD001_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་མིན་གྱི་སྡོམ་པ་གཉིས་གང་ཡང་མི་འཛིན་པ་སྟེ་དེ་ཡང་མཚམས་མེད་ལ་སོགས་པའི་སྡིག་པ་ཆེན་པོ་བྱེད་པ་དང་རྒྱལ་སྲིད་དང་བཟའ་བཏུང་དང་འདོད་ཡོན་ལྔ་ལ་ཆགས་པ་ཆེ་ཞིང༌། དམ་གཞག་གི་དམ་ཚིག་སྲུང་བ་ལ་མི་དགའ་ལ་སྔར་སྤྱད་བཅོ་བརྒྱད་མི་ནུས་པ་དང་དགེ་བསྙེན་ལ་སོགས་པའི་བསླབ་པའི་གཞི་འཛིན་པ་ལ་སྐྲག་ཅིང་ལྷ་ཆེན་པོ་ལ་སོགས་པའི་འཇིག་རྟེན་པའི་ལྷའི་དཀྱིལ་འཁོར་དུ་འཇུག་པར་མོས་པ་ལ་དེ་ཉིད་བསྡུས་པ་རྩ་འགྲེལ་ལས་གསུངས་པ་རྣམས་སོ། །ཀོ་ས་ལའི་རྒྱན་ལས་དེ་རྣམས་ལ་ཡང་སྐྱབས་འགྲོ་དང་སེམས་བསྐྱེད་བྱེད་པ་མི་འགལ་བས་དེ་བྱས་ནས་དཀྱིལ་འཁོར་དུ་ཞུགས་ན་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་བར་གསུངས་པའི་སེམས་བསྐྱེད་ནི་སྣོན་སེམས་ཙམ་ཡིན་ཏེ། འཇུག་པ་སེམ་བསྐྱེད་ཆོ་གས་འཛིན་ན་ཐུན་མོང་གི་སྡོམ་པ་བཟུང་བ་ཡིན་པས་སོ། དེས་ན་དེ་དག་ལ་ཐུན་མོང་གི་སྡོམ་པ་འཛིན་པའི་སྐོར་རྣམས་ཀྱང་མི་བྱའོ། །འདི་ནི་སྲུང་སྡོམ་མི་ནུས་ཤིང་སྔགས་ལ་ཡང་མོས་པ་རྣམས་ལ་སྔགས་ཀྱི་བག་ཆགས་བསྒོས་པའི་ཐབས་ཤིན་ཏུ་ལེགས་པ་གཅིག་སྣང་བས་ཤེས་པར་གྱིས་ཤིག །འདིར་སྡོམ་པ་གཉིས་འཛིན་མི་འཛིན་ནི་བཟུང་ཕན་ཆད་ངེས་པར་བསྲུང་དགོས་པའི་དབང་དུ་མཛད་ཀྱི། སྲུང་སྡོམ་མི་བྱེད་པར་ཆོ་གས་འཛིན་པ་ཙམ་གང་མང་ལྟ་བ་ལ་མིན་པས་ཅི་ཙམ་སྲུང་ནུས་པའི་སྡོམ་པ་འཛིན་པ་དང་སྦྱར་ནས་དབང་ཡང་དེ་ལ་གའ་འཚམ་པསྐུར་བར་གསུངས་པའོ། །དེས་ན་རིགས་ལྔའི་སྡོམ་


JLD001_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་སྔགས་ཀྱི་སྡོམ་པ་བླངས་ནས་མི་སྲུང་ན་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བར་འདོད་ཀྱང་མི་བསྐུར་པར་གསུངས་ན་དེའི་གོང་མ་རྣམས་ལྟ་ཅི་སྨོས། ཐུན་མོང་གི་སྡོམ་པ་དེ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། ཞེས་པའི་ཚིག་གིས་སྟེར་བར་ཤཱནྟའི་པས་གསུངས་པ་ལྟར་ཨ་བྷྱ་ཀར་དང་རཏྣ་རཀྵི་ཏ་ལ་སོགས་པ་མང་པོས་མཛད་དེ་འདིའི་རྐང་བ་དང་པོ་གསུམ་གྱིས་སྔོན་འགྲོ་བསྟན་ལ་བཞི་བས་དཀྱིལ་ཆོག་ཡོན་ཏན་ཀུན་འབྱུང་ནས། སངས་རྒྱས་བྱང་ཆུབ་ཏུ་སེམས་བསྐྱེད་ཅེས་འབྱུང་བ་ལྟར་སེམས་བསྐྱེད་པ་སྟོན་ནོ། །དེ་ཡང་སྨོན་སེམས་ཙམ་ནི་སྡོམ་པར་མི་རུང་བས་འཇུག་པའི་སེམས་བསྐྱེད་པ་ཡིན་པས་བླ་མས་ལེགས་པར་བརྡ་འབྱོར་བ་དགོས་སོ། །སྡོམ་པ་འདིའི་ཆོ་ག་ནི་རྡོ་རྗེ་གུར་ལ་སོགས་པ་ནས་གསུངས་པ་ལྟར་མང་བས་ཆོ་གའི་ཚིག་མཐའ་གཅིག་ཏུ་མ་ངེས་ལ་སྔར་བསྟན་པ་འདི་འདྲ་བའི་ཚིག་ཉུང་ངུས་ལེན་པ་ནི་དབང་པོ་ཤིན་ཏུ་རྣོ་བས་དེ་ཙམ་གྱིས་སྡོམ་པ་ལེན་ཚུལ་ཁོང་དུ་ཆུད་པའི་དབང་དུ་མཛད་པ་སྟེ། ཨ་བྷྱ་ཀ་རས། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། ཞེས་པས་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་དང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་སྐྱབས་ལ་བརྟེན་ནས། བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ། འཇིག་རྟེན་འདི་ཐམས་ཅད་སྡུག་བསྔལ་ལས་བཏོན་ནས་ཡང་དག་པར་རྫོགས་པའི་སངས་


JLD001_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཉིད་ལ་སྦྱར་བར་བྱའོ། །ཞེས་དབང་པོ་རབ་ཀྱི་རབ་མདོར་བསྡུས་པས་བྱང་ཆུབ་ཀྱི་སེམས་སྡོམ་པའི་རང་བཞིན་སྐྱེད་པར་བྱེད་དོ། །ཞེས་གསུངས་པ་ལྟར་རོ། །རྡོ་རྗེ་རྩེ་མོ་ལས། སྲོག་གཅོད་རྐུ་དང་འཁྲིག་པ་དང༌། །རྫུན་དང་མྱོས་བྱེད་རྣམ་པར་སྤང༌། །ཁྱིམ་པའི་སྡོམ་པ་ལ་གནས་ནས། །དེ་ཚེ་རིག་པའི་རྒྱལ་པོ་བསྒྲུབ། །གལ་ཏེ་དེ་ནི་རབ་བྱུང་གྱུར། །སྡོམ་པ་གསུམ་ལ་ཡང་དག་གནས། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྡོམ་པ་མཆོག་ཡིན་ནོ། །ཞེས་སྔགས་སྒྲུབ་པའི་རྟེན་རབ་བྱུང་གིས་སྡོམ་པ་གསུམ་དང་ལྡན་པར་བྱ་བར་གསུངས་ཀྱང་སྔགས་སྒྲུབ་པའི་ཁྱིམ་པ་ལ་སྔོམ་པ་གསུམ་མེད་པ་ནི་མིན་ཏེ། དགེ་བསྙེན་གྱི་བསླབ་པ་ལ་གནས་དགོས་པར་གསུངས་ལ་སྔགས་ཀྱི་སྔོམ་པ་འཛིན་པའི་སྔོན་དུ་བྱང་སེམས་ཀྱི་སྔོམ་པ་འཛིན་དགོས་པའི་ཕྱིར་རོ། །འོན་ཀྱང་སོ་ཐར་གྱི་གཙོ་བོ་རབ་བྱུང་གི་སྔོམ་པ་ཡིན་པས་དེ་མེད་པ་ལ་དགོངས་ཏེ། དེ་ཉིད་ལས། སྡོམ་པ་གསུམ་ལ་བཀོད་ནས་ནི། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། ཞེས་གསུངས་པས་སོ། །དེ་ལྟར་ན་རྒྱུད་སྡེ་གོང་མ་གཉིས་ཀྱི་ལམ་སྒྲུབ་པའི་རྟེན་ནི་སོ་ཐར་གྱི་སྣོད་དུ་རུང་ན་སྡོམ་པ་གསུམ་ལྡན་དུ་བྱས་ནས་སྒྲུབ་དགོས་ལ་ཁྱད་པར་རུ་བྱང་སེམས་ཀྱི་སྡོམ་པ་འཛིན་པ་ནི་ཤིན་ཏུ་གལ་ཆེ་བས་དཀྱིལ་འཁོར་གྱི་ཆོ་ག་རྣམས་སུ་ཡང་མང་དུ་གསུངས་ཡོད་པ་ལ་ཇི་ལྟར་ཡིན་གྱི་ཐེ་ཚོམ་ཙམ་ཡང་མི་འཇུག་ཅིང་རྣམ་གཞག་ཆགས་པ་ཉུང་བར་སྣང་བས་བཤད་པ་ཡིན་ནོ། །སྔར་དྲངས་པའི་ཚིགས་


JLD001_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་གཉིས་པོ་དེ་རྩེ་མོ་འགའ་ཞིག་ལ་མི་སྣང་ཡང་འགའ་ཞིག་ལ་ཡོད་པ་དག་སྟེ་སངས་རྒྱས་གསང་བ་ལ་སོགས་པ་མང་པོས་ལུང་དེ་རྒྱུད་དེ་ནས་དྲངས་པས་སོ། །སློབ་དཔོན་ཀུན་སྙིང་གིས་ནི་སྡོམ་པ་ཐུན་མོང་བ་འཛིན་ཚུལ་རྣམས་སྟ་གོན་གྱི་སྐབས་སུ་སེམས་བསྐྱེད་ནས་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་པར་ཁས་ལེན་པའི་སྒོ་ནས་བསྟན་ནོ། །གསུམ་པ་ནི། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས། ཕྲེང་བ་དང་ཆུ་ལ་སོགས་པ་དབང་དྲུག་པོ་འདི་རྣམས་ཀྱིས་མ་རིག་པའི་གཉེན་པོ་ནུས་པ་ཉིད་དུ་སྒྲུབ་པར་བྱེད་པས་རིག་པའི་དབང་ཞེས་བརྗོད་དོ། །དབང་འདི་རྣམས་བསྐུར་བའི་སློབ་མ་བྱ་བ་དང་སྤྱོད་པའི་རྒྱུད་དག་ཉན་པ་དང་བཤད་པ་དང་སྔགས་སྒྲུབ་པ་རྣམས་ལ་དབང་བར་འགྱུར་རོ། །ཞེས་གསུངས་ཤིང་སྡོམ་འབྱུང་གི་བཀའ་འགྲེལ་པདྨ་ཅན་ལས་ཀྱང་དེ་ལྟར་བཤད་དོ། །དེའི་ཕྱིར་ཨ་བྷྱའི་བཞེད་པས་རྒྱུད་སྡེ་གོང་མ་གཉས་མ་གཏོགས་པའི་འབྱུང་པོ་འདུལ་བྱེད་ལ་སོགས་པའི་དཀྱིལ་འཁོར་རྡོ་རྗེ་ཕྲེང་བར་གསུངས་པ་རྣམས་ཀྱི་དབང་བསྐུར་བ་ན་རིགས་ལྔའི་སྡོམ་གཟུང་གིས་སྔོམ་པ་འཛིན་པ་དོར་ནས་སྡོམ་པ་ཐུན་མོང་བ་ཙམ་བཟུང་ནས་དབང་བསྐུར་བས་ཆོག་སྟེ་སློབ་མའི་དབང་ཙམ་གྱིས་བྱ་སྤྱོད་ཀྱི་རྒྱུད་འཆད་ཉན་དང་སྒྲུབ་པ་ལ་དབང་བར་འགྱུར་བའི་ཕྱིར་དང་སློབ་དཔོན་གྱི་དབང་མི་བསྐུར་བ་ལ་རྡོ་རྗེ་སློབ་དཔོན་གྱི་སྡོམ་པ་མི་སྟེར་བར་གསུངས་པའི་ཕྱིར་རོ། །སློབ་དཔོན་ལྭ་པ་པའི་དཀྱིལ་ཆོག་ལས་ཀྱང༌། དེ་ལྟར་རིག་པའི་དབང་བསྐུར་བ་ལྔ་པོ་ཙམ་འདོད་ན་ནི་སྔར་བསྟན་པའི་སློབ་དཔོན་གྱི་སྡོམ་པ་


JLD001_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཟུང་བར་དབང་བསྐུར་བ་ལྔ་བྱས་པའི་དེ་མ་ཐག་ཏུ་རྗེས་སུ་གནང་བ་དང་བརྟུལ་ཞུགས་སྦྱིན་པ་དང་ལུང་བསྟན་པ་དང་དབུགས་དབྱུང་བ་བཞི་སྦྱིན་པར་བྱའོ། །ཞེས་སློབ་མའི་དབང་ཙམ་ལས་མི་བསྐུར་ན་རིགས་ལྔའི་སྡོམ་གཟུང་མི་བྱེད་པར་གསུངས་སོ། །དེ་ལྟར་ན་སློབ་དཔོན་ཀུན་དགའ་སྙིང་པོ་དང་ལྭ་བ་པ་དང་ཤཱནྟི་པ་དང་ཨ་བྷྱ་ཀ་ར་དང་རཏྣ་རཀྵི་ཏ་རྣམས་ཀྱིས་སློབ་མའི་དབང་ཙམ་ལས་མི་བསྐུར་པ་ལ་རིགས་ལྔའི་སྡོམ་པ་གཟུང་བ་མི་བྱེད་པར་བཞེད་པས་བྱ་སྤྱོད་རྣམས་ལ་རིགས་ལྔའི་སྡོམ་པ་འཛིན་པ་མི་འཐད་ལ་དེ་མེད་ན་སྔགས་ཀྱི་སྡོམ་པ་ཐུན་མོང་མིན་པ་མེད་པས་བྱ་སྤྱོད་གཉིས་ལ་ནི་ཐུན་མོང་བའི་བྱང་སེམས་ཀྱི་སྡོམ་པ་དང་འགའ་ཞིག་ལ་སོ་ཐར་ཡོད་པས་སྡོམ་པ་གཉིས་ལྡན་ནོ། །ངག་དབང་གྲགས་པ་དང་སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང་དགའ་བའི་རྡོ་རྗེ་རྣམས་ཀྱིས་ཆུ་དབང་སོགས་ལྔ་དང་སློབ་དཔོན་གྱི་དབང་སྟེ་དྲུག་པོ་རྣམས་བྱ་རྒྱུད་རྣམས་སུ་ཡང་མི་འགལ་བར་གསུངས་པའི་སློབ་དཔོན་གྱི་དབང་ནི། དེ་དག་གིས་རིག་པའི་དབང་ལྔའི་མཇུག་ཏུ་ཡང་རྗེས་གནང་དང་རྡོ་རྗེའི་བརྟུལ་ཞུགས་དང་ལུང་བསྟན་དང་དབུགས་དབྱུང་བཞི་བྱེད་པའི་ཚུལ་གསུངས་ལ། རྣམ་སྣང་མངོན་བྱང་ལས་འཁོར་ལོ་དང་དུང་བྱིན་ནས་ཆོས་བཤད་པའི་རྗེས་གནང་བྱ་བར་གསུངས་པ་ནི་སློབ་དཔོན་གྱི་དབང་བསྐུར་པར་སློབ་དཔོན་སངས་རྒྱས་གསང་བས་གསུངས་ཤིང་གསང་བ་སྤྱི་རྒྱུད་ལས་ཀྱང༌། དེ་ནས་འདི་སྐད་བསྒོམ་པར་བྱ། །ད་ནི་དཀྱིལ་འཁོར་


JLD001_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱུར། །གསང་སྔགས་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱང་ནི་ཀུན་གྱིས་བཀུར། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་པར་བྱ། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། ཞེས་དཀྱིལ་འཁོར་བྲི་བཤད་བྱེད་པའི་རྗེས་སུ་གནང་བ་བྱིན་ནས་དཀྱིལ་འཁོར་གྱི་སློབ་དཔོན་དུ་འགྱུར་པར་གསུངས་པ་དང་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དེ་རིགས་གསུམ་གའི་རྡོ་རྗེ་སློབ་དཔོན་དུ་འགྱུར་བར་གསུངས་པས། བྱ་སྤྱོད་རང་རང་གི་སློབ་དཔོན་དུ་བྱེད་པའི་དབང་ལ་དགོངས་སོ། །ཨ་བྷྱ་ཀ་ར་དང་རཏྣ་རཀྵི་ཏས་ཀྱང་སློབ་མའི་དབང་ཙམ་ལས་མི་བསྐུར་བ་ལ་ཡང་མཐའ་རྟེན་སྔར་ལྟར་བྱེད་པ་དང་དབང་དེ་ཙམ་གྱིས་བྱ་སྤྱོད་ཀྱི་རྒྱུད་འཆད་ཉན་དང་སྔགས་སྒྲུབ་པ་ལ་དབང་ངོ་ཞེས་རྒྱུད་གཉིས་ཀ་ལ་སྤྱིར་གསུངས་ཀྱི་བྱ་སྤྱོད་གཉིས་སོ་སོར་དབང་གི་ཁྱད་པར་མ་མཛད་དོ། །ཡེ་ཤེས་ཐིག་ལའེི་རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ལས། རྒྱུད་གསུམ་གྱི་ནི་རིམ་པ་ཡིས། །དབང་དྲུག་དབྱེ་བ་བསྟན་པའོ། །ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་གི་བྱེ་བྲག་དབང༌། །དེ་ནིསློབ་དཔོན་དབང་ཞེས་བྱ། ཞེས་བྱ་སྤྱོད་ལ་དབང་མང་ཉུང་གསུངས་ལ་རྡོ་རྗེ་སློབ་དཔོན་གྱི་དབང་མེད་པར་གསུངས་པའི་རྡོ་རྗེ་སློབ་དཔོན་གྱི་དབང་


JLD001_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རིགས་ལྔའི་སྡོམ་པ་བཟུང་བ་ལ་བསྐུར་བའི་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན་གྱི་རྡོ་རྗེ་སློབ་དཔོན་ཙམ་ཞིག་ཏུ་བྱེད་པའི་དབང་མིན་ནོ། །དེ་ནི་དྲུག་གི་ཞེས་པའི་དོན་ལ་མཁས་པ་ཁ་ཅིག་འགྲེལ་བས་སྔ་མ་ལྔ་དང་སློབ་དཔོན་གྱི་དབང་དང་དྲུག་ལ་བཤད་པ་མིན་གྱི་ཕྱིར་མི་ལྡོག་པའི་དབང་གསང་དབང་རྗེས་གནང་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་དེ་སློབ་དཔོན་གྱི་དབང་རང་ལ་དྲུག་ཏུ་བྱས་ནས་སྔ་མ་ལྔ་དང་བཅུ་གཅིག་དབང་གོང་མ་གསུམ་དང་བཅུ་བཞི་ཡིན་ཏེ། དེ་ཉིད་ལས། བདུན་གཉིས་བྱེ་བྲག་ཏུ་ནི་ཡོད༌། ཅེས་ཆུ་ནས་དབང་བཞི་པའི་བར་ལ་བཅུ་བཞིར་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེས་ན་དབང་བསྐུར་བ་ལ་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་སློབ་མའི་དབང་གཉིས་བྱེད་པ་ནི་རྒྱུད་སྡེ་གོང་མ་གཉིས་ལ་ཡོད་ཀྱི། འོག་མ་ལ་ནི་གོང་མའི་རྡོ་རྗེ་སློབ་མའི་དབང་དུ་གྲགས་པའི་ཆུ་དབང་ལ་སོགས་པ་མཐའ་རྟེན་དང་བཅས་པ་ལས་མ་གཏོགས་པའི་སློབ་དཔོན་གྱི་དབང་ཟུར་བ་མེད་ལ་དེ་ཉིད་ལ་སློབ་དཔོན་གྱི་དབང་ཡང་འདུས་སོ། །འོན་ཀྱང་མིང་འདྲ་བ་ཡིན་གྱི་དོན་ནི་རྒྱུད་སྡེ་གོང་མ་གཉིས་ཀྱང་ཆུ་དབང་ལ་སོགས་པ་མི་འདྲ་ན་འོག་མ་ནི་ལྟ་ཅི་སྨོས། དེའི་ཕྱིར་པདྨ་ལྕགས་ཀྱུས་གདུགས་དཀར་གྱི་དཀྱིལ་ཆོག་ཏུ་རིགས་ལྔའི་སྡོམ་གཟུང་བྱས་ནས་རང་ལུགས་ལ་ཆུ་ཅོད་པན་རྡོ་རྗེ་དྲིལ་བུ་བཞི་བླ་མེད་དང་འདྲ་རུང་ཅིག་བསྐུར་ནས་མིང་དང་ཕྱིར་མི་ལྡོག་གི་དབང་བསྐུར་བ་ཡང་ཡོད་ཅེས་གཞན་ལུགས་བཀོད་པ་དང༌། གཞན་ཡང་རྡོ་རྗེ་གོ་ཆ་ལ་སོགས་པ་འགའ་ཞིག་གིས་རིགས་ལྔའི་


JLD001_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་འཛིན་པ་སོགས་བཤད་པ་ནི་ཆེན་པོ་རྣམས་ཀྱི་གཞུང་དང་འགལ་བས་བྱ་སྤྱོད་ཀྱི་སྒྲུབ་ཐབས་དང་ཆོ་ག་མཛད་པའི་མཁས་པ་གཞན་ཕལ་མོ་ཆེས་རིགས་ལྔའི་སྡོམ་པ་འཛིན་པ་མེད་པའི་བྱང་ཆུབ་ཀྱི་སེམས་འཛིན་པར་གསུངས་པ་དེ་བཞིན་དུ་འདོད་པར་བྱའོ། །དེ་ལྟར་ན་བྱ་སྤྱོད་ཀྱི་དབང་བསྐུར་བ་ལ་ཐུན་མོང་མིན་པའི་དམ་ཚིག་མང་པོ་སྣང་ནའང་བཅས་པ་དང་འགལ་ན་རྩ་ལྟུང་སྐྱེད་པའི་ཐེག་ཆེན་གྱི་སྡོམ་པ་ནི་བྱང་སེམས་ཀྱི་སྡོམ་པ་ཁོ་ན་ཡིན་པས་སྡོམ་པ་དེའི་རྩ་ལྟུང་རྣམས་ཤེས་པར་བྱས་ལ་བསྲུང་ངོ༌། །དེ་ལྟ་མིན་པར་རིགས་ལྔའི་སྡོམ་གཟུང་གིས་སྡོམ་པ་འཛིན་པར་འདོད་ན་ནི་དབང་ཡང་སློབ་དཔོན་གྱི་དབང་མན་ཆད་བསྐུར་དགོས་ལ་རྩ་ལྟུང་ཡང་བཅུ་བཞི་ཡོད་དགོས་ཏེ་སྡོམ་པ་དེ་བསྒྲག་པའི་སྐབས་སུ་རྩ་ལྟུང་བཅུ་བཞི་བསྒྲགས་པའི་ཕྱིར་རོ། །གང་ཡང་དམ་ཚིག་བསྡུས་པ་ལས། དེ་ལ་རྐང་གྲངས་ནི་ཐུན་མོང་གི་རྩ་བའི་ལྟུང་བ་བཞི་དང་ཕ་རོལ་ཏུ་ཕྱིན་པའི་རྩ་བའི་ལྟུང་བ་བཅུ་གཉིས་དང་ཀྲི་ཡའི་རྒྱུད་ཀྱི་རྩ་བའི་ལྟུང་བ་སུམ་ཅུ་དང་སྤྱོད་པའི་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་དང་རྣལ་འབྱོར་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་དང་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་དང་ཡང་ལྔ་དང་ཡང་བཞི་སྟེ་རྩ་བའི་ལྟུང་བ་བདུན་ཅུ་ཐམ་པའོ། །ཞེས་འབྱུང་བ་ལ་ནི་ཡིད་བརྟན་མི་སྣང་སྟེ། དེ་དག་ལ་གོ་བདུན་འདུག་པ་ལ་བདུན་ཅུ་ཐམ་པར་བྱས་པས་གྲངས་ཙམ་ལ་ཡང་འཁྲུལ་འདུག་པ་དང་བླ་མའི་དམ་ཚིག་ཉམས་ན་དཀྱིལ་འཁོར་དུ་འཇུག་ལ་སྤུན་གྱི་དམ་ཚིག་ཉམས་ན་དབང་མི་དགོས་པར་བསྐང་ཐབས་བཤད་


JLD001_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །འདི་འདོད་པ་གཞན་ཡང་སྣང་སྟེ་འོག་ཏུ་འགོག་གོ །ཡང་དེའི་དཔེ་ཁ་ཅིག་ལས། བྱ་རྒྱུད་ལ་རྩ་ལྟུང་བཅུ་གསུམ་ཞེས་ཀྱང་འབྱུང་མོད། དེ་ལྟར་བྱས་ཀྱང་གྲངས་འགྲིག་པར་མི་སྣང་ངོ༌། །ཇོ་བོ་ཆེན་པོ་འདས་རྗེས་སུ་ནག་པོ་དམ་ཚིག་རྡོ་རྗེ་བོད་དུ་བྱོན་ནས་ལོཙྪ་བ་ནག་ཚོ་དང་གཉིས་ཀྱིས་མང་དུ་བསྒྱུར་བ་ཡོད་ལ་འདི་ན་བདག་གི་བླ་མ་རྗེ་བཙུན་དམ་ཚིག་རྡོ་རྗེའི་ཞལ་ནས་ནི་ཞེས་ཟེར་བ་སྣད་བས་ཕལ་ཆེར་བླ་མ་དེའི་གསུང་བགྲོས་འདྲ་དང་ཕར་བསྲེ་ཚུར་བསྲེ་བྱས་པ་ཞིག་ཏུ་མངོན་ནོ། །དེས་ན་འདི་ཇོ་བོ་ཆེན་པོས་མཛད་པ་མིན་ནོ། །མཁས་པ་ཁ་ཅིག་འདིས་བསྟན་པའི་རྩ་ལྟུང་ལ་ཚད་མར་བྱས་ནས་སྤྱོད་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི་ལ་རྣམ་སྣང་མངོན་བྱང་ནས་རྩ་ལྟུང་དུ་གསུངས་པ་བཞི་དང་ཡང་དེར་མི་དགེ་བ་བཅུས་སྡོམ་པ་ཉམས་ཤིང་རྩ་བ་ནས་ཆད་པར་བཤད་པ་རྣམས་ཡིན་གསུང་བ་ནི་མི་འཐད་དེ་རྣམ་སྣང་མངོན་བྱང་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་རྣམས་ལ་དགེ་བ་བཅུའི་ལས་ཀྱི་ལམ་འདི་རྣམས་ཀྱི་སྡོམ་པ་ཉམས་པ་དང་ཤིན་ཏུ་རྩ་བ་ནས་ཆད་པར་འགྱུར་བ་དང༌། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྒྱལ་སྲིད་ཀྱི་དབང་ཕྱུག་དང་ཁྱིམ་པ་དང་བུ་དང་བུ་མོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་ལྷ་དང་མིའི་བདེ་བ་མྱོང་བར་བགྱིད་ཀྱང་ཇི་ལྟར་ལྟུང་བར་མི་འགྱུར་བ་བཤད་དུ་གསོལ། ཞེས་དགེ་བཅུའི་སྡོམ་པ་ཉམས་པ་དང་རྩ་བ་ནས་འཆད་པར་འགྱུར་པའི་


JLD001_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཁྱིམ་པའི་བྱང་ཆུབ་སེམས་དཔས་རྒྱལ་སྲིད་ལ་སྤྱོད་ཀྱང་ལྟུང་བར་མི་འགྱུར་བའི་ཚུལ་ཇི་ལྟར་ཡིན་ཞུས་པས་མི་དགེ་བ་བཅུ་ཞེས་མ་གསུངས་པའི་ཕྱིར་དང༌། དེའི་འགྲེལ་པར་ཡང༌། དེ་ལ་དགེ་བཅུའི་ལས་ཀྱི་ལམ་འདི་རྣམས་ཀྱི་སྡོམ་པ་ཉམས་པ་དང་ཞེས་པ་ནི་ཁྲིམས་ལྔའི་སྡོམ་པ་མནོས་པའི་བྱང་ཆུབ་སེམས་དཔའ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་སྡོམ་པ་ཇི་ཙམ་གྱིས་མེད་པར་འགྱུར་ཞེས་པ་དེ་བཤད་དུ་གསོལ་ཞེས་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ལན་དུ་དེ་ཉིད་ལས། གསང་བ་པའི་བདག་པོ་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུངས་ཤིག་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུལ་བའི་ལྟུང་བ་རྣམ་པར་ངེས་པ་ལ་མཁས་པ་བཤད་དོ། །གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟར་ཁྱིམ་པ་དང་རབ་ཏུ་བྱུང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་ཁྱིམ་ན་གནས་ཤིང་བསླབ་པའི་གཞི་ལྔ་བཟུང་སྟེ། ཐབས་དང་ཚུལ་སྣ་ཚོགས་ཀྱིས་རྒྱལ་སྲིད་ལ་དབང་བྱེད་དོ། །གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་ཡུལ་དང་དུས་ཀྱི་དབང་གིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པ་ནི་འདི་ལྟར་ཐབས་ཀྱིས་ཡོངས་སུ་ཟིན་པར་གླུ་དང་རོལ་མོ་དང་མིག་འཕྲུལ་ལ་སོགས་པའི་བཟོ་གནས་རྣམ་པ་སྣ་ཚོགས་སྟོན་ཅིང་ཐབས་དང་ཚུལ་དེ་དང་དེ་དག་གིས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ཡོངས་སུ་སྡུད་དོ། །དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་


JLD001_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དེ་ལ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་བརྫུན་དུ་སྨྲ་བ་དང་ལོག་པར་ལྟ་བ་རབ་ཏུ་སྤངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པས་བསླབ་པའི་གཞི་དེ་ལྔ་ བཟུང་ནས་བསླབ་པ་ཇི་སྐད་བསྟན་པ་རྣམས་ལ་སློབ་ཅིང་དད་པས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །ཞེས་པས་ནི་དྲི་བ་འོག་མའི་ལན་མཛད་ལ་འདུས་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་བླ་ན་མེད་པ་དེ་བཞིན་གཤེགས་པས་བསྔགས་པ་ལ་གནས་ཏེ་འདུས་བྱས་ཀྱི་ཚུལ་ཁྲིམས་ལ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་སྤྱོད་ཅིང་ལྟུང་བའི་རྩ་བ་བཞི་ནི་སྲོག་གི་ཕྱིར་ཡང་ཡོངས་སུ་ཉམས་པར་མི་བྱའོ། །བཞི་གང་ཞེ་ན། དམ་པའི་ཆོས་སྤོང་བ་དང་བྱང་ཆུབ་ཀྱི་སེམས་གཏོང་བ་དང་སེར་སྣ་བྱེད་པ་དང་སེམས་ཅན་ལ་གནོད་པ་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་ཐབས་དང་ཤེས་རབ་ཏུ་མི་ལྡན་པ་དང་རང་བཞིན་གྱིས་ཉོན་མོངས་པ་ཅན་ཏེ་སླར་གསོར་མི་རུང་བའོ། །ཞེས་པས་ནི་དྲི་བ་དང་པོའི་ལན་བསྟན་ནོ། །འདིར་རབ་བྱུང་གི་བསླབ་པ་མ་གསུངས་པར་ཁྱིམ་པའི་བསླབ་པ་བཤད་པ་ནི་རྟེན་དེ་གཉིས་ཀའི་བྱང་སེམས་ཀྱི་སྡོམ་པ་གཅོད་པའི་རྩ་ལྟུང་ནི་འདྲ་བས་ཁྱིམ་པ་ལ་བཤད་པས་གོ་ནུས་ལ་སོ་ཐར་གྱི་རྩ་ལྟུང་འདིར་བསྟན་མི་དགོས་ཤིང་དྲི་བ་འོག་མས་ཁྱིམ་པ་ལ་དམིགས་ཀྱིས་ཕྱེ་ནས་དྲིས་པའི་ལན་བསྟན་དགོས་པས་སོ། །འདིའི་རྩ་ལྟུང་ཐ་མ་གཉིས་ནི་བྱང་ས་ལས་བཤད་པ་ཡིན་ལ། དང་པོ་ནི་ནམ་སྙིང་གི་མདོ་དང༌། གཉིས་པ་ནི་


JLD001_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལ་མཁས་པའི་མདོ་ནས་རྩ་ལྟུང་དུ་གསུངས་པས་བྱང་སེམས་ཀྱི་སྡོམ་པའི་རྩ་ལྟུང་ཡིན་ལ། དེ་རྣམས་ནི་རྒྱས་པར་བདག་གིས་ཚུལ་ཁྲིམས་ལེའུའི་རྣམ་བཤད་དུ་གཏན་ལ་ཕབ་པས་དེར་བལྟའོ། །དགེ་བཅུའི་སྡོམ་པ་ཉམས་པ་དང་རྩ་བ་ནས་འཆད་པ་གཉིས་ཞུས་པའི་དང་པོ་ནི་ཁྲིམས་ལྔ་གཞན་ལས་མནོས་པ་དང༌། གཉིས་པ་ནི་གཞན་ལས་ཁྲིམས་ལྔ་མ་མནོས་པར་རང་གིས་ཡི་དམ་བཅས་ནས་སྲུང་བའི་བྱང་སེམས་ཁྱིམ་པའི་དབང་དུ་བྱས་པར་འགྲེལ་པ་ལས་བཤད་དེ། སྔ་མ་ཡིན་ན་རྩ་ལྟུང་བཞིས་བྱང་སེམས་ཀྱི་དགེ་བཅུའི་སྡོམ་པ་ཉམས་ཀྱང་སོ་ཐར་གྱི་སྡོམ་པ་ཡོད་ལ། ཕྱི་མ་ཡིན་ན་སྡོམ་པ་གཉིས་གང་ཡང་མེད་པས་རྩ་བ་ནས་ཆད་པ་ཞེས་གསུངས་པར་དགོངས་སོ། །དེས་ན་གཞུང་ཁ་ཅིག་ལས་རྩ་བ་ནས་ཆད་པར་མི་འགྱུར་བ་ཞེས་འབྱུང་བ་མ་དག་གོ །དམ་ཆོས་སྤོང་བ་ནི་ཆོས་དང་ཆོས་སྨྲ་བ་ལ་དབང་ཟ་ཞིང་སྐུར་པ་འདེབས་ལ་ལོག་པར་ལྟ་བ་དང༌། ཉིན་རེ་ཞིང་ཆོས་ཉན་སེམས་སྒོམ་འདྲི་ཀྲོག་མཆོད་པ་སོགས་གང་རུང་གཅིག་མ་བྱས་པའོ། །བྱང་ཆུབ་ཀྱི་སེམས་གཏོང་བ་ནི་སྨོན་པ་དང་འཇུག་པའི་སེམས་སྟོང་ཉིད་སྒོམ་པ་གཏོང་པའོ། །སེར་སྣ་ནི་ཆོས་དང་ནོར་བདག་ལ་ཡོད་ལ་གཞན་ལ་སྦྱིན་རིགས་པ་ལ་མི་སྦྱིན་པའོ། །སེམས་ཅན་ལ་གནོད་པ་ནི་སྒོ་གསུམ་གྱིས་སེམས་ཅན་ལ་འཕྲལ་དང་ཡུན་གྱི་གནོད་པ་བྱེད་པ་ལ་འགྲེལ་པས་བཤད་པ་ནི་སྤྱིའི་དབང་དུ་མཛད་པ་ཡིན་ལ། རྩ་ལྟུང་དུ་འགྱུར་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །སླར་གསོར་མི་རུང་བ་ནི་སྡོམ་པ་བཏང་བ་སླར་བླང་དུ་མི་རུང་བ་མིན་


JLD001_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། སྔ་མ་གསུམ་དང་ཞེ་སྡང་གིས་ཀུན་ནས་བསླངས་པའི་གནོད་པ་བྱེད་པ་རྣམས་ལ་རྐྱེན་ལ་ལྟོས་ཏེ་གནང་བ་མང་བའི་རང་བཞིན་གྱི་ཉོན་མོངས་ཅན་ཡིན་པའི་དོན་ནོ། །འདི་དག་གི་སྡོམ་པ་འཛིན་ཚུལ་ཡང་རྣམ་སྣང་མངོན་བྱང་ལས་དུས་གསུམ་དུ་སྒྲིབ་པ་མེད་པའི་སྡོམ་པ་ལ་གནས་ན་སངས་རྒྱས་བྱང་སེམས་རྣམས་མཉེས་པར་འགྱུར་བའི་སྡོམ་པ་གང་ཡིན་ཞུས་པའི་ལན་དུ་དེ་ནི་རྒྱལ་བ་སྲས་བཅས་ལ་རང་གི་ལུས་གཏོང་བ་སྟེ་དེ་བཏང་བས་ལུས་ངག་ཡིད་གསུམ་བཏང་བས་ན་བྱང་སེམས་ཀྱིས་རང་གི་སྒོ་གསུམ་བསྡམ་པར་བྱའོ། །ཞེས་གསུངས་པའི་དོན་སངས་རྒྱས་བྱང་སེམས་ལ་རང་ཉིད་ཕུལ་བ་ན་རང་ལ་དབང་མེད་ཀྱི་དེ་དག་དབང་ལ་དེ་དག་གི་ལུགས་ནི་ཉེས་སྤྱོད་ལ་མི་འཇུག་བ་ཡིན་པས་དེས་ན་སྡོམ་པ་བཟུང་བར་འགྱུར་བ་དང༌། སྒྲིབ་པ་མེད་པའི་སྡོམ་པ་ཡང་མི་དགེ་བ་བཅུ་སྤོང་བའི་སྡོམ་པ་ལ་འགྲེལ་པས་བཤད་དོ། །གཞུང་གཞན་དུ་དེ་སྡོམ་པའི་ཚུལ་ཁྲིམས་སུ་གསུངས་པས་དེས་མཚོན་ནས་དགེ་བ་ཆོས་སྡུད་སོགས་གསུམ་གྱི་སྡོམ་པ་ལེན་པའོ། །བདག་ཕུལ་བའི་སྒོ་ནས་སྡོམ་པ་འཛིན་པའི་ཆོ་ག་གསལ་བར་ནི་དམ་ཚིག་གསུམ་བཀོད་ལས། དེ་ལ་དམ་ཚིག་དང་སྡོམ་པ་བླང་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བགྱི་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་འབུལ་གྱི་ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་བདག་ལ་རབ་ཏུ་གཟུང་དུ་གསོལ། སངས་རྒྱས་དང་བྱང་ཆུབ་


JLD001_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྣམས་ཀྱིས་བདག་བྱིན་གྱིས་བརླབ་ཏུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པར་མཛད་པ་རྣམས་ཀྱིས་བདག་ཡོངས་སུ་བསྐྱབ་ཏུ་གསོལ། ལས་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་བདག་ལ་སྩལ་དུ་གསོལ། ཞེས་དེ་ལྟར་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །ཞེས་དཀྱིལ་འཁོར་དུ་འཇུག་པའི་དུས་ཀྱི་སྡོམ་པ་འཛིན་པའི་སྐབས་སུ་གསུངས་སོ། །སྒྱུ་དྲའི་འགྲེལ་པར་ཀུན་སྙིང་གིས་ཀྱང༌། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། ཞེས་བསྟན་པ་འདི་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ་དེས་ན་བདག་དབུལ་བ་བྱས་པ་ཡིན་པས་ལོགས་ཤིག་ཏུ་མ་གསུངས་པར་ཤེས་པར་བྱའོ། །གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་ནི་ཐམས་ཅད་ཡོངས་སུ་བཏང་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་དང༌། གསང་བ་སྤྱི་རྒྱུད་ལས་ཀྱང༌། དེ་ཡི་ནུབ་མོ་ཅི་ནུས་པར། །དེ་བཞིན་སྡོམ་པ་འཛིན་དུ་གཞུག །ཅེས་གསུངས་ནས། དང་པོ་གསུམ་ལ་སྐྱབས་སུ་བཏང༌། །དེ་ནས་བླ་མས་བྱང་ཆུབ་སེམས། །མ་བསྐྱེད་པ་ནི་བསྐྱེད་པར་བྱ། །བསྐྱེད་པ་དག་ཀྱང་དྲག་པར་བྱ། ཞེས་གསུངས་ཤིང་ཚིགས་བཅད་ཕྱི་མ་འདི་བཞི་བརྒྱ་ལྔ་བཅུ་པར་བཀོད་པའི་འགྲེལ་པར་ཤཱནྟི་པས་ཐུན་མོང་གི་སྡོམ་པ་འཛིན་པའི་ཆོ་གས་འཛིན་པར་གསུངས་པ་དང་འཇམ་དཔལ་རྩ་རྒྱུད་ལས་ཀྱང༌། ཆོས་གསུམ་དང་ལྡན་ན་སྔགས་ཀྱི་སྤྱོད་པ་ཡོགས་སུ་རྫོགས་པར་འགྱུར་ཏེ་གསུམ་པོ་གང་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཉིད་དང་བྱང་ཆུབ་སེམས་དཔའི་


JLD001_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་ཀྱི་སྡོམ་པ་བསྲུང་བ་དང་རང་གི་སྔགས་ཡོངས་སུ་མི་གཏོང་བ་ཉིད་དོ། །ཞེས་གསུངས་པས་བྱ་སྤྱོད་ཀྱི་རྒྱུད་རྣམས་ཀྱི་ཐེག་བ་མཆོག་གི་སྡོམ་པ་འཛིན་པའི་ཆོ་ག་རྣམས་ནི་འཇུག་སྡོམ་འཛིན་པ་ཁོ་ནར་སྣང་བས་རིགས་ལྔའི་སྡོམ་པ་མིན་གྱི་བྱང་སེམས་ཀྱི་སྡོམ་པ་འཛིན་པ་ལ་གདོན་མི་ཟ་བར་གོ་བར་བྱའོ། །དེ་ན་མདོར་བྱས་ཀྱི་འགྲེལ་པ་རིན་ཕྲེང་ཤཱནྟི་པས་མཛད་ཟེར་བ་ལས་རིགས་ལྔའི་སྡོམ་གཟུང་ནི་སློབ་མའི་དབང་བསྐུར་བ་ལ་སློབ་མའི་སྡོམ་པ་འཛིན་པར་བྱས་ནས་སློབ་དཔོན་གྱི་སྡོམ་པ་འཛིན་པའི་ཆོ་ག་ཟུར་པ་བཤད་པ་ནི་ཆེན་པོ་རྣམས་ཀྱི་གཞུང་དང་འགལ་བས་ཡིད་བརྟན་པར་མི་བྱའོ། །ད་ལྟ་སྤྱོད་རྒྱུད་ཀྱི་དབང་བསྐུར་མང་པོ་མི་སྣང་ཡང་བྱ་རྒྱུད་ཀྱི་དབང་མང་པོ་བསྐུར་བར་སྣང་ལ་དེ་ཉིད་ཀྱི་སྐབས་སུ་སྡོམ་པ་ཇི་ལྟར་འཛིན་དང་རྩ་ལྟུང་གང་སྲུང་རྒྱུ་ཡིན་པ་ལ་བློ་ཁ་ཕྱོགས་པ་ཉུང་བས་སྡོམ་པ་ཐོབ་མ་ཐོབ་དང༌། ཐོབ་པ་རྣམས་ཤོར་མ་ཤོར་གྱི་སྲུང་མཚམས་མི་ཟིན་པར་མཐོང་ནས་གལ་ཏེ་གང་ཟག་དམ་པ་ཐེག་པ་མཆོག་གི་སྡོམ་པ་ལ་གཅེས་སྤྲས་སུ་བྱེད་པ་རེ་རེ་ཙམ་བྱུང་ན་དེ་དག་གི་དོན་དུ་བསམས་ནས་བཤད་པ་ཡིན་ནོ། །མདོར་ན་སྡོམ་པ་གང་ཡང་མི་སྲུང་ན་དཀྱིལ་འཁོར་དུ་འཇུག་པ་ཙམ་ཞིག་བྱེད་ཀྱི་ཆུ་དབང་ཡན་ཆད་ཡེ་མི་བསྐུར་བ་དང༌། བྱང་སེམས་ཀྱི་སྡོམ་པ་བླངས་ནས་བསྲུང་ཡང་རིགས་ལྔའི་སྡོམ་པ་བླངས་ཏེ་མི་བསྲུང་ན་ཆུ་དབང་སོགས་བསྐུར་གྱི། རྡོ་རྗེ་སློབ་དཔོན་གྱི་དབང་ལ་སོགས་པ་ཡན་ཆད་བྱར་མི་རུང་སྟེ། གུར་གྱི་ལེའུ་བཅོ་ལྔ་པ་ལས། དང་པོར་ཆུ་ཡི་དབང་ཡིན་ཏེ། །


JLD001_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ་ནི་ཅོད་པན་དབང༌། །གསུམ་པ་རྡོ་རྗེའི་དབང་གིས་སོ། །བཞི་པ་རང་གི་བདག་པོ་ཡིན། །ལྔ་པ་ལ་ནི་མིང་དབང་བསྐུར། །དྲུག་པ་རྫོགས་པའི་སངས་རྒྱས་ཉིད། །བུམ་པའི་དབང་ནི་བདུན་པ་སྟེ། །བརྒྱད་པ་གསང་བའི་དབང་ཡིན་ནོ། །དགུ་པ་ཤེས་རབ་དབང་བསྐུར་ཏེ། །དེ་ཉིད་རྡོ་རྗེའི་སྦྱོར་བ་ཡིས། །ཐམས་ཅད་རྡོ་རྗེ་བརྟུལ་ཞུགས་སྦྱིན། །རང་ཉིད་སྟོན་པ་ལུང་སྟོན་ཏེ། །འདི་དག་དབང་ཆོག་རིམ་པའོ། །ཞེས་དཀྱིལ་ཆོག་རྡོ་རྗེ་ཕྲེང་བར་དྲངས་པ་ལྟར་དབང་གི་གོ་རིམས་ངེས་པར་གསུངས་སོ། །སྡོམ་པ་བཟུང་མ་བཟུང་ལ་དབང་བསྐུར་མི་བསྐུར་གྱི་རྣམ་གཞག་རྣམས་བཤད་ཟིན་ཏོ། །གཉིས་པ་ཁས་བླངས་པའི་སྡོམ་པ་དང་འགལ་བའི་ལྟུང་བ་གཏན་ལ་དབབ་པ་ལ་གསུམ། གང་གི་རྒྱུད་ལ་ལྟུང་བ་སྐྱེད་པའི་རྟེན་ངོས་གཟུང་བ། རྟེན་དེ་ལ་བཅས་པའི་ལྟུང་བའི་རབ་ཏུ་དབྱེ་བ། ཕྱེ་བ་སོ་སོའི་དོན་བཤད་པའོ། །དང་པོ་ནི། གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྡོམ་པ་ཐོབ་ནས་མ་བཏང་བ་བསམ་པ་རང་བཞིན་དུ་གནས་པ་སྟེ་ཁྱད་པར་གཉིས་དང་ལྡན་པ་དགོས་ཏེ། སྡོམ་པ་དང་མི་ལྡན་ན་དེ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་སྤྱོད་བསྐྱེད་ཀྱང་བཅས་པ་དང་འགལ་བའི་ལྟུང་བ་མི་སྐྱེད་པའི་ཕྱིར་དང༌། སྨྱོ་བ་སོགས་ཀྱིས་དྲན་པ་རྣལ་དུ་མི་གནས་ན་ལྟུང་བ་མི་སྐྱེད་པར་བྱང་ས་ལས་བྱང་སེམས་ཀྱི་སྡོམ་པའི་སྐབས་སུ་གསུངས་པ་འདི་ལའང་འདྲ་བའི་ཕྱིར་རོ། །གཉིས་པ་ནི་རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་སེམས་དཔའི་སྡོམ་པ་དང་ལྡན་པ་འདིའི་ལྟུང་བ་ནི་རིས་རྣམ་པ་གཉིས་ཏེ་རྩ་བའི་ལྟུང་བ་དང་སྦོམ་པོའི་ལྟུང་བའོ། །ཞེས་རིས་སམ་སྡེ་ཚན་གཉིས་སུ་མཛད་


JLD001_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེགས་ཏེ་དུས་འཁོར་རྩ་འགྲེལ་དང་སྡོམ་འབྱུང་དང་རྡོ་རྗེ་རྩེ་མོ་རྣམས་སུ་དེ་གཉིས་ཀྱི་མིང་འདོགས་ལས་གཞན་མ་གསུངས་པའི་ཕྱིར་རོ། །གསུམ་པ་ལ་གཉིས། བླ་མེད་གཞན་གྱི་ལྟུང་བ་བཤད་བ་དང་དུས་འཁོར་ནས་འབྱུང་བའི་ལྟུང་བ་བཤད་པའོ། །དང་པོ་ལ་གཉིས། རྩ་བའི་ལྟུང་བ་དང༌། སྦོམ་པོའི་ལྟུང་བ་བཤད་པའོ། །དང་པོ་ལ་གཉིས། མཚན་གྱི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་ཞས་གསུངས་ཏེ། རྡོ་རྗེ་ཐེག་པ་ནི་གསང་འདུས་ཀྱི་ལེའུ་བཅོ་ལྔ་བ་ལས། རྡོ་རྗེའི་ཐེག་པ་བླ་ན་མེད། ཅེས་པའི་འགྲེལ་པར་ཤཱནྟི་བས། རྡོ་རྗེའི་ཐེག་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མ་ལུས་པ་བསྡུས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ། དེ་རྣམས་བསྡུས་པ་ནི། ཐབས་དང་ཤེས་རབ་ཡིན་ཞིང་དེ་དག་ཀྱང་བསྡུས་པ་རོ་གཅིག་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་ལ། དེ་ཉིད་ནི་རྡོ་རྗེ་ཡིན་ནོ། །རྡོ་རྗེ་ཡང་དེ་ཡིན་ལ་ཐེག་པ་ཡང་ཡིན་པས་ན་རྡོ་རྗེ་ཐེག་པ་སྟེ་སྔགས་ཀྱི་ཐེག་པ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་པ་ལྟར་ཐབས་དང་ཤེས་རབ་དབྱེར་མེད་པར་སྦྱོར་བའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ནི་རྡོ་རྗེ་སྟེ་ཐེག་པ་ཡང་དེའོ། །དེ་ལ་འདིས་འགྲོ་བ་རྒྱུའི་ཐེག་པ་དང་འདིར་འགྲོ་བ་འབྲས་བུའི་ཐེག་པ་གཉིས་སོ། །ཐེག་པ་དེས་འགྲོ་བའི་སྔགས་ཀྱི་སྡོམ་ལྡན་རྣམས་ལ་བཅས་པའི་བཅས་པ་དང་འགལ་བའི་ལས་ཀྱི་སྒྲིབ་པ་ནི་གནས་འོག་མར་འཁྲིད་པ་དང༌། ཡོན་ཏན་གོང་མ་སྐྱེ་བ་ལ་སྒྲིབ་པས་ན་ལྟུང་བ་ཡིན་ལ། དེ་ལ་རྩ་བའི་ཞེས་ཁྱད་པར་


JLD001_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་ནི་ལྟུང་བ་གང་གིས་གོས་ན་སྡོམ་པ་གཅོད་པ་སྟེ་ལྟུང་བའི་མཐར་ཐུག་ཤོས་ཡིན་གྱི། བསྲུངས་ན་དངོས་གྲུབ་དང་མ་བསྲུངས་ན་སྡུག་བསྔལ་གྱི་རྩ་བ་ཞེས་མི་བྱ་སྟེ། རྣམ་སྣང་མངོན་བྱང་དང་ནམ་སྙིང་གི་མདོར་ལྟུང་བའི་རྩ་བ་ཞེས་ཀྱང་བསྒྱུར་བས་རྩ་བ་ནི་སྤངས་བྱ་ལ་བྱེད་དགོས་པའི་ཕྱིར་དང་བསྲུངས་པ་དངོས་གྲུབ་ཀྱི་རྩ་བར་སོང་བས་ལྟུང་བ་རྩ་བར་འགྲོ་མི་དགོས་པའི་ཕྱིར་རོ། །གཞན་ཡང་རྩ་ལྟུང་གི་རྒྱ་ཆེར་འགྲེལ་ལས། ཡང་ན་ཐབས་ཤེས་ཀྱི་རྩ་བ་ཉམས་ན་མི་འདོད་པའི་འབྲས་བུ་མཐོང་བ་ནི་ལྟུང་བའོ། །ཞེས་བཤད་པ་ནི་དོན་མིན་ཏེ་ཐབས་ཤེས་ཀྱི་རྩ་བ་དང་རྩ་ལྟུང་གི་རྩ་བ་གཉིས་གཅིག་ཏུ་འོང་དོན་མེད་པའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ་གསུམ། བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང༌། བརྩམས་པར་དམ་བཅའ་བའོ། །དང་པོ་ནི། ཀུན་ནས་དང་བས་བླ་མ་ཡི། །ཞབས་ཀྱི་པདྨར་རབ་བཏུད་དེ། ཞེས་གསུངས་ཏེ། བཏུད་ཅེས་བྱའོ། །གང་ལ་ན། རྩོམ་པ་པོ་རང་གི་བླ་མའི་ཞབས་ཉིད་པདྨར་བཀོད་པ་དེར་བཏུད་པ་སྟེ་སྐུའི་ཆའི་དམའ་ཤོས་བཟུང་པས་ཤིན་ཏུ་གུས་པར་སྟོན་པའོ། །ཚུལ་ཇི་ལྟར་ན། ཀུན་ནས་སྒོ་ཐམས་ཅད་ནས་དང་བའི་དད་པས་ཀུན་ནས་བསླངས་ནས་རབ་ཏུ་བཏུད་པའོ། །དེ་ལྟར་མཛད་པའི་དགོས་པ་ནི་དམ་པ་རྣམས་བྱ་བ་ཆེན་པོ་ལ་འཇུག་པའི་ཐོག་མར་ཡུལ་ཁྱད་པར་ཅན་ལ་ཕྱག་དང་མཆོད་པ་མཛད་པས་དེ་དག་གི་སྤྱོད་པ་དང་མཐུན་པར་བྱ་བ་དང་རྩོམ་པའི་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་དུའོ། །དེས་ནི་རྩོམ་པར་མ་


JLD001_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཆོས་ལྡན་གྱི་བྱ་བ་སྒྲུབ་པ་ཐམས་ཅད་ཀྱི་ཐོག་མར་སྐྱབས་ཁྱད་པར་ཅན་ལ་གུས་པས་མཆོད་པ་སོགས་བྱ་དགོས་པ་མཚོན་པར་བླ་མ་དམ་པ་གོང་མ་མང་པོ་གསུང་ངོ༌། །གཉིས་པ་ནི། རྩ་བའི་ལྟུང་བ་བཅུ་བཞི་ནི། རྒྱུད་ལས་གསུངས་པ་བཤད་པར་བྱ། ཞེས་གསུངས་ཏེ། བཤད་པར་བྱའོ། །གང་ན་རྩ་བའི་ལྟུང་བ་བཅུ་བཞི་པོ་ནིའོ། །གལ་ཏེ་ཁྱོད་ཀྱིས་དེ་འཆད་པ་དེ་རང་གི་བློས་བཀོད་པ་ཙམ་ཡིན་ན་ཡིད་ཆེས་ཀྱི་གནས་སུ་མི་རུང་ངོ་ཞེ་ན། སྐྱོན་མེད་དེ། རྒྱུན་ཆགས་པས་ན་རྒྱུད་དེ་དེ་ལ་རྗོད་བྱེད་གཞུང་དང༌། བརྗོད་བྱ་དོན་གཉིས་ལས་འདིར་ནི་རྗོད་བྱེད་གཞུང་རྣམ་དག་རྣམས་ལས་གསུངས་པ་འཆད་པས་སོ། །དེ་ཡང་གཤེད་དམར་གྱི་རིམ་པར་ཕྱེ་བ་བཅོ་བརྒྱད་པ་དང་དགྲ་ནག་གི་རིམ་པར་ཕྱེ་བ་བཅུ་བདུན་པ་དང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་ལེའུ་བཅུ་གཉིས་པ་རྣམས་ནས་བཅུ་བཞི་ཚང་བར་གསུངས་ལ་རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་ལས་བཅུ་གསུངས་སོ། །གཞན་རེ་རེ་ལ་སོགས་པ་བཤད་པའི་རྒྱུད་ནི་མང་ངོ༌། །དུས་ཀྱི་འཁོར་ལོ་ལས་ཚང་བར་གསུངས་པ་ནི་འཆད་པར་འགྱུར་རོ། །ད་ལྟར་བརྩམ་པར་དམ་བཅས་པའི་དགོས་པ་ནི་དམ་པ་རྣམས་ཅི་རུང་རུང་དུ་ཁས་ལེན་མི་བྱེད་ལ་ཁས་གང་བླངས་པ་རྣམས་ཀྱི་ཁུར་མི་འདོར་བས་རྩོམ་པ་མཐར་ཕྱིན་པར་བྱ་བའི་ཕྱིར་འདིས་སྡོམ་པ་ཁས་བླངས་པ་སོགས་ཀྱང་མཚོན་པར་གོ་དགོས་ཞེས་དམ་པ་སྔ་མ་འགའ་ཞིག་གསུང་ངོ༌། །གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ་གཉིས། རྩ་ལྟུང་གིས་མ་གོས་པར་བྱ་བ་དང༌།


JLD001_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ན་ཕྱིར་བཅོས་པའི་ཐབས་སོ། །དང་པོ་ལ་གསུམ། རྩ་ལྟུང་ངོས་གཟུང་བ་དང༌། དེས་མ་གོས་པར་བསྲུང་བའི་སྲུང་འདོད་བསྐྱེད་པ་དང༌། ཇི་ལྟར་བསྲུང་བའི་ཚུལ་ལོ། །དང་པོ་ལ་གཉིས། རྩ་ལྟུང་སོ་སོར་བཤད་པ། བསྡུས་ཏེ་བསྟན་པའོ། །དང་པོ་ལ་རྩ་ལྟུང་བཅུ་བཞི་ལས། རྩ་ལྟུང་དང་པོ་བཤད་པ་ལ་གཉིས། རྩ་ལྟུང་དངོས་དང༌། ཡན་ལག་མ་ཚང་བའི་ལྟུང་བའོ། །དང་པོ་ནི། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། ཅེས་སོ། །འདི་ལ་གསུམ་ལས་ཡུལ་ནི་རང་གི་སློབ་དཔོན་གང་ཡིན་པ་དེ་ལའོ། །འདི་ལ་དབང་བསྐུར་བ་དགོས་པར་རྩ་ལྟུང་གི་འགྲེལ་པ་བདུད་རྩི་ཟླ་བ་དང་ལཀྵ່་ཀ་རའིའགྲེལ་པར་བཤད་ཀྱང༌། དགྲ་ནག་གི་དཀའ་འགྲེལ་རིན་ཆེན་སྒྲོན་མ་ལས། ཅི་དབང་བསྐུར་བ་འབའ་ཞིག་སློབ་དཔོན་ཡིན་ནམ་ཞེ་ན། སློབ་དཔོན་ཡང་གང་གིས་དབང་བསྐུར་བ་དང་རྒྱུད་བསྟན་པ་དང་གང་གི་ཐད་ནས་ལས་ཀྱི་མན་ངག་མནོས་པ་དེ་ཡང་སློབ་དཔོན་ཡིན་ཏེ། གསུམ་པོ་འདི་དག་ཀྱང་ཕྲག་དོག་མེད་ཅིང་ཕན་པར་འདོད་པ་ནི་སློབ་དཔོན་ཡིན་ཏེ། ཞེས་བཤད་པ་གཟུང་ངོ༌། །དེ་བས་ན། གང་ཞིག་དམ་ཆོས་ཀློག་པ་དང༌། འཆད་དང་མན་ངག་སྟོན་པ་དང༌། དབང་བསྐུར་བ་དང་ལས་བྱེད་པ། སློབ་དཔོན་ཞེས་ནི་བྱ་བ་ཡིན། ཞེས་ཚིགས་སུ་བཅད་ཅིང༌། ཡང་ཚིགས་བཅད་གཅིག་ཙམ་མཉན་པ་ལ། གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། ཞེས་གསུངས་སོ། །ཞེས་


JLD001_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང༌། སློབ་དཔོན་ཀ་མ་ངྷེ་ནུས་ཀྱང་སློབ་དཔོན་གྱི་དབྱེ་བ་དེ་ལྟར་དུ་བཤད་ནས་དབང་བསྐུར་བའི་སློབ་དཔོན་ནི་དེ་གསུམ་གྱི་གཙོ་བོར་འཆད་པ་ལྟར་འཐད་པས་སློབ་དཔོན་གསུམ་མོ། །དེ་གཉིས་ཀྱིས་སློབ་དཔོན་གསུམ་གྱི་དབྱེ་བ་སྟོན་པ་ཁུངས་སུ་བྱས་པ་ནི་ཀོ་ས་ལའི་རྒྱན་ན་ཡོད་དོ། །དབང་ལ་སོགས་པ་གསུམ་ནི་རྒྱུད་སྡེ་གོང་མ་གཉིས་མི་དགོས་ཀྱི་འོག་མ་གཉིས་ལ་ཡང་འདྲའོ། །རྒྱུད་དང་མན་ངག་སྟོན་པ་ལ་རྒྱུད་རྫོགས་མ་རྫོགས་དང་ལེའུ་ལ་སོགས་པའི་གྲངས་ཀྱི་སྒོ་ནས་ས་མཚམས་མི་ཟིན་པས་སྔར་དྲངས་པའི་ཚིགས་བཅད་གཅིག་ཙམ་འཛིན་པ་དང༌། ཞེས་པ་དང་གསང་འདུས་ལེའུ་ལྔ་བའི་སྙིང་ནས་སློབ་དཔོན་སྨོད་པ་དག་ཅེས་པའི་འགྲེལ་པར། འདིར་གང་ལ་སྔགས་སམ་ཏིང་ངེ་འཛིན་ཡང་དག་པ་ཞིག་སྟོན་པ་དེ་ཡང་དེའི་སློབ་དཔོན་ཡིན་ན། །ཞེས་ཤཱནྟི་པས་བཤད་ཅིང་སྔ་མ་ནི་རྩ་ལྟུང་བསྐྱེད་པའི་ཡུལ་གྱི་སློབ་དཔོན་ངོས་འཛིན་པའི་སྐབས་ཡིན་ལ། ཕྱི་མ་ཡང་དགྲ་ནག་གི་འགྲེལ་པར་རྩ་ལྟུང་སྟོན་པའི་སྐབས་སུ་གསུངས་པས། སྔགས་ཀྱི་ཐུན་མོང་མ་ཡིན་པའི་བསྐྱེད་རྫོགས་ལ་སོགས་པའི་དོན་ཚིགས་བཅད་གཅིག་ཅམ་ཡན་ཆད་དུ་ལོངས་པ་ཞིག་བསྟན་པ་ལ་བྱའོ། །ནག་པོ་པས་རྒྱུད་འཆད་པ་སོགས་གསུམ་གཅིག་ལ་ལྡན་པ་དང༌། གཉིས་གཅིག་ལ་ལྡན་པ་དང་རེ་རེ་ལྡན་པ་གསུམ་ག་འདིའི་སྐབས་ཀྱི་སློབ་དཔོན་དུ་གསུངས་པས་གསུམ་ལྡན་སོགས་ལ་ལྕི་ཡང་གི་རིམ་པ་ཡོད་ཀྱང་རྩ་ལྟུང་བསྐྱེད་པ་ལ་འདྲའོ། །ཡུལ་དེ་ལ་བྱ་བ་


JLD001_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འདྲ་བ་ཞིག་བྱས་པས་རྩ་ལྟུང་དུ་འགྱུར་བ་ནི། སློབ་དཔོན་དེ་ལ་བརྙས་པ་བྱས་ན་ནི་རྩ་ལྟུང་ངོ༌། །འོ་ན་དེའི་ཚད་ཅི་ཙམ་ཞིག་ལ་བྱེད་སྙམ་ན། འདི་ཡང་དགྲ་ནག་གི་དཀའ་འགྲེལ་ལས། རྡོ་རྗེ་སློབ་དཔོན་ནི་གང་གིས་དབང་བསྐུར་བ་པོའོ། །ངེད་ལ་བསྟི་སྟང་མེད་པ་ནི་དྲོད་འཛིན་ཅིང་བརྙས་ཐབས་བྱེད་པའོ། །ཞེས་བཤད་པ་ལྟ་བུ་སྟེ་དེ་སྤང་ངོ༌། །འདིར་དེ་མ་སྤངས་ན་རྩ་བའི་ལྟུང་བ་ཡིན་ཏེ། ཇི་སྐད་དུ། སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར། ཞེས་བྱ་བ་ལ་གང་གི་ཐད་ནས་གདམས་ངག་ལ་སོགས་པ་བླངས་ནས་ད་ནི་གདམས་ངག་ལ་སོགས་པ་ཐོབ་པས་ཅི་ཞིག་དགོས་ཞེས་པ་ནི་སྙིང་ནས་སློབ་དཔོན་སྨོད་པའོ། །ཞེས་བཤད་པ་ལྟ་བུའི། །དེ་བས་ན། བླ་མ་དཀྱིལ་འཁོར་སྟོན་པ་ནི། །སྤྱོད་པ་ངན་པར་གྱུར་ན་ཡང༌། །ལུས་སམ་ཡང་ན་ཡིད་ཀྱིས་ཀྱང༌། །ཤེས་པས་ནམ་ཡང་སྨད་མི་བྱ། ཞེས་གསུངས་སོ། །ཞེས་ལུང་སྔ་མར་བཤད་པའི་བསྟི་སྟང་མེད་པར་བརྙས་ཐབས་བྱེད་པའི་སྒོ་ནས་སློབ་དཔོན་དེ་སྤངས་ན་རྩ་ལྟུང་དུ་འགྲོ་བའི་བརྙས་པ་བྱེད་ཚུལ་ལུང་འོག་མས་བསྟན་པར་འཆད་པར་ལྟར། སྤྱོད་རྒྱུད་ཀྱི་སློབ་དཔོན་ལ་བརྙས་པར་མི་བྱ་བའི་འགྲེལ་པར་ཀ་མ་ངྷེ་ནུས་ཀྱང་བཤད་པས་དེ་ལྟར་དུ་བྱའོ། །དེ་ལྟར་དྲངས་པའི་ལུང་སྔ་མ་ནི་ཀོས་ལའི་རྒྱན་ན་ཡོད་ལ། ཕྱི་མ་ནི་གསང་འདུས་ལེའུ་ལྔ་པའི་འགྲེལ་པ་སྒྲོན་གསལ་ན་ཡོད་ཅིང༌། བླ་མ་དཀྱིལ་འཁོར་ཞེས་སོགས་ནི་ལེགས་གྲུབ་ཀྱི་རྒྱུད་ནས་ཀ་མ་ངྷེ་ནུས་དྲངས་སོ། །དེས་ན་རྡོ་རྗེ་ཐེག་པའི་བཀའ་དྲིན་


JLD001_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མནོས་པའི་སློབ་དཔོན་ལ་ཡོན་ཏན་ཆེ་ཆུང་གང་ཡིན་ཀྱང་བླའི། སྔགས་ཀྱི་ཆོས་ཀྱི་འབྲེལ་པ་རྒྱུ་མཚན་དུ་གསུངས་ནས་སྒོ་གསུམ་གྱི་གུས་པས་བསྙེན་བཀུར་བའི་ཞིང་གོང་མར་འཛིན་པའི་སྒོ་ནས་བླ་མར་འཛིན་པའི་ཁུར་དེ་ནི་འདིས་ཅི་ཞིག་བྱ་སྙམ་དུ་བོར་བ་ནི་བརྙས་པའམ་སྨད་པས་རྩ་ལྟུང་དུ་འགྲོ་བའི་ཚད་དོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྩ་ལྟུང་དང་པོའི་མིང་འདོགས་ལ་ཡང༌། སློབ་དཔོན་སྙིང་ནས་སྨོད་པ་དང༌། ཞེས་གསུངས་པས་རྩ་ལྟུང་དང་པོར་འགྲོ་བའི་བརྙས་པའི་ཚད་འཛིན་ཚུལ་ལ་མི་འདྲ་བ་མང་པོ་སྣང་ནའང་སློབ་དཔོན་གཉིས་པོ་དེའི་ལུགས་ལེགས་སོ། །ཤཱནྟི་པས་དགྲ་ནག་འགྲེལ་པར་རྩ་ལྟུང་དང་པོར་འགྲོ་བ་ལ་ཡང་སྙིང་ནས་སློབ་དཔོན་སྨོད་པ་ཞེས་གསང་འདུས་ནས་གསུངས་པ་དེ་དགོས་པར་གསུངས་ལ། གསང་འདུས་འགྲེལ་བར་སློབ་དཔོན་དེ་ལ་ཡང་དང་ཡང་དུ་སྨོད་བར་བྱེད་པ་དང༌། དེས་ཀྱང་དགའ་བར་བྱེད་ཀྱི་འགྱོད་བར་ནི་མི་བྱེད་བ་དང་ཆོས་བཞིན་དུ་ཕྱིར་འཆོས་པར་མི་བྱེད་པ་གང་ཡིན་པ་དེ་ནི་སྙིང་ནས་སློབ་དཔོན་སྨོད་པ་སྟེ། ཞེས་སྙིང་ནས་སློབ་དཔོན་སྨོད་པ་ལ་དགའ་བར་བྱེད་པ་སོགས་དེ་རྣམས་དགོས་པར་གསུངས་པས་རྩ་ལྟུང་དུ་འགྱུར་བ་ལ་ཆོས་དེ་རྣམས་ཀྱང་ཚང་དགོས་སོ། །དེ་རྣམས་ནི་བྱང་སེམས་ཀྱི་སྡོམ་པའི་རྩ་ལྟུང་ལ་ཀུན་དཀྲིས་ཆེན་པོ་དགོས་པའི་ཆོས་རྣམས་སུ་སྣང་ལ། ཀུན་སྙིང་དང་ཤཱནྟི་པས་ནམ་སྙིང་གི་མདོ་དྲངས་ནས་ཐེག་པ་གསུམ་གྱི་ཆོས་སྤོང་བ་ལ་སྔགས་ཀྱི་སྐབས་སུ་རྩ་ལྟུང་དུ་བསྒྲུབས་ཤིང་རྩ་ལྟུང་དེ་ལ་ཀུན་དཀྲིས་ཆེན་པོའི་


JLD001_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཚང་བ་དགོས་པས་ན་རྩ་ལྟུང་གཞན་ལའང་རིགས་པ་མཚུངས་སོ། །དེ་ལ་ཡང་དང་ཡང་དུ་ཞེས་པ་ནི་རྒྱུན་མ་ཆད་པའི་དོན་ཏེ་སྔ་མ་སྤྱད་ནས་ད་དུང་སྤྱོད་འདོད་མ་ལོག་པའོ། །དེས་ཀྱང་དགའ་བར་བྱེད་པ་ནི་བྱ་བ་དེས་སེམས་ལ་རངས་པ་འཐོབ་པའོ། །འགྱོད་པར་མི་བྱེད་པ་ནི་ཡོན་ཏན་དུ་ལྟ་བ་ཞེས་གསུངས་པའི་དོན་ཉེས་དམིགས་སུ་མི་ལྟ་བའོ། །ཕྱིར་འཆོས་པར་མི་བྱེད་པ་ནི་རང་ལ་ལྟོས་པའི་ངོ་ཚ་ཤེས་པ་དང་གཞན་ལ་ལྟོས་པའི་ཁྲེལ་ཡོད་ཀྱིས་ཉེས་པ་དེ་དང་དེ་དག་ལ་འཛེམ་པ་མེད་པའོ། །འདི་རྣམས་ནི་ཁོ་བོས་ཚུལ་ཁྲིམས་ལེའུའི་རྣམ་བཤད་དུ་གཏན་ལ་ཕབ་ཟིན་ཏོ། །དེ་རྣམས་ཀྱང་མེད་པ་རྣམས་ནི་ལྟུང་བ་དེ་དག་གི་ཀུན་སློང་བརྩམས་པའི་སྐད་ཅིག་གཉིས་པ་ནས་དངོས་བཞི་རྫོགས་པའི་དེ་མ་ཐག་ཡན་ཆད་དུ་མེད་དགོས་ལ། ཡོད་པ་རྣམས་ཀྱང་བར་དེ་དག་ཏུ་ཡོད་པ་དགོས་པས་ཡོད་མེད་དེ་དག་ལས་གང་རུང་ཞིག་མ་ཚང་ནའང་ཕམ་པར་མི་འགྱུར་རོ། །འདི་ལྟུང་བ་དང་པོ་ལ་དགོས་པར་གསུངས་པས་ན་བྱང་ཆུབ་སེམས་འདོར་མ་གཏོགས་པ་ལྷག་མ་རྣམས་ལ་འོས་མེད་ཀྱི་རིགས་པས་སྦྱར་ཏེ་འདི་ནི་རྩ་ལྟུང་རྣམས་ཀྱི་ཡན་ལག་ཐུན་མོང་བའོ། །རྗེ་རིན་པོ་ཆེ་འགོས་ཀྱིས་གསང་འདུས་སྟོང་ཐུན་དུ་དེ་དག་ལ་སྦྱོར་བ་ལ་ངོ་ཚ་མེད་དངོས་གཞི་ལ་གཉེན་པོས་མ་སླེབ་པ་རྗེས་ལ་འགྱོད་པ་མེད་ན་ཕམ་པ་ཡིན་ཞེས་བཞེད་པ་ཡང་སྔ་མ་དང་དོན་འདྲ་བར་སྣང་ངོ༌། །གཞུང་འདིར་མིང་འདོགས་མཛད་པ་ལྟར་དམར་ནག་གི་རྒྱུད་དང་མན་ངག་སྙེ་མར་ཡང་མཛད་ལ་གུར་དང་འདུས་པའི་རྒྱན་ལས་སློབ་དཔོན་སྨོད་བ་


JLD001_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་ཡང་དོན་ནི་འདྲ་བ་ཡིན་ནོ། །རྒྱ་ཆེར་འགྲེལ་ལས། སློབ་དཔོན་འཚོ་བ་དང་ཕྲལ་བ་ལ་ཕྱིས་ཚད་ལས་མ་འདས་པར་བཤགས་ན་རྩ་ལྟུང་ཡིན་ལ་དེ་ལས་འདས་ན་ཕམ་པ་དང་འཚོ་བ་དང་མ་བྲལ་ན་སྦོམ་པོའོ། །ཞེས་སློབ་དཔོན་བཀྲོངས་ཀྱང་ཕམ་པར་མི་འགྱུར་བ་དང་ཕམ་པ་དང་རྩ་ལྟུང་སོ་སོར་འདོད་པ་ནི་ཆེས་ཆེར་རྣམ་པར་འཁྱམས་པའོ། །རྩ་ལྟུང་བཀའ་འགྲེལ་ལས་ལྟུང་བར་འགྱུར་ཚུལ་མང་དུ་བཤད་པ་ལ་ཡང་མི་འཐད་པ་སྣང་མོད་ཀྱི་ཚིག་མངས་སུ་དོགས་ནས་དགག་གཞག་མ་བྱས་སོ། །ལྟུང་བར་འགྱུར་བའི་རྒྱུ་མཚན་ནི་དེ་ལྟར་སྨད་པས་ལྟུང་བར་འགྱུར་བའི་རྒྱུ་མཚན་གང་གི་ཕྱིར་ན་སློབ་མའི་རྒྱུད་ལ་དངོས་གྲུབ་གཉིས་གང་འགྲུབ་པ་ནི་རྡོ་རྗེ་སློབ་དཔོན་མཉེས་པར་བྱས་པ་ཁོ་ནའི་རྗེས་སུ་འབྲང་བར་རྡོ་རྗེ་འཛིན་པ་རྡོ་རྗེ་འཆང་གིས་གསུངས་པ་དེ་བས་ནའོ། །དེ་ལྟ་བུའི་ལྟུང་བ་ནི་རྩ་བའི་ལྟུང་བ་དང་པོར་རྒྱུད་རྣམས་ལས་བཤད་དོ། །གཉིས་པ་ནི། ཡུལ་སློབ་དཔོན་ལ་རྩ་ལྟུང་གི་ཚད་དུ་མ་སླེབ་པའི་བརྙས་སྨོད་སོགས་བྱས་པས་ནི་ཡན་ལག་མ་ཚང་བས་རྩ་ལྟུང་མིན་ཡང་ཕམ་པའི་སྡེ་ཚན་དུ་གཞག་དགོས་ཏེ། དཔེར་ན་བྱང་སེམས་ཀྱི་སྡོམ་པའི་སྐབས་སུ་ཟག་པ་ཆུང་འབྲིང་ཕམ་པའི་སྡེ་ཚན་དུ་འཇོག་པ་དང་སོ་ཐར་གྱི་སྐབས་སུ་ཕམ་ལྷག་གི་སྐབས་ཀྱི་སྦོམ་པོ་དང་ཉེས་བྱས་རྣམས་དེ་དག་གི་སྡེ་ཚན་དུ་འཇོག་པ་བཞིན་ནོ། །འདི་འདྲ་རྣམས་ལ་རྩ་ལྟུང་གི་འགྲེལ་པ་འགའ་ཞིག་ཏུ་ཉེས་བྱས་སུ་འཆད་དེ། དེ་ལྟ་


JLD001_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་སྡེ་ཚན་ནི་སྔར་ལྟར་བྱ་སྟེ་ཕམ་པ་དང་སྦོམ་པོའི་སྡེ་ཚན་གཉིས་སུ་ངེས་ལ་ཕྱི་མ་མ་ཡིན་པའི་ཕྱིར་རོ། །དེ་དག་ནི་འོག་མ་རྣམས་ལའང་ཤེས་པར་བྱའོ། །མཚམས་མེད་དང་དམ་ཆོས་སྤོང་བས་ཀྱང་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་བསྒྲུབས་ན་དངོས་གྲུབ་མཆོག་འགྲུབ་པ་ཡོད་ཀྱང་སྔར་བསྟན་པ་ལྟར་གྱི་སློབ་དཔོན་སྙིང་ནས་སྨོད་པས་ནི་བསྒྲུབས་ཀྱང་མི་འགྲུབ་པས་མཚམས་མེད་སོགས་ལས་ཉེས་དམིགས་ཆེ་བར་གསང་འདུས་ལས་གསུངས་པས་རྩ་ལྟུང་རྣམས་ཀྱི་ནང་ནས་ཀྱང་འདིས་མ་གོས་པ་ལ་འབད་དོ། །འདི་ཡང་སླར་གསོ་བའི་ཐབས་ཀྱིས་ཕྱིར་བཅོས་ཚུལ་བཞིན་དུ་བྱས་ན་ངན་འགྲོར་འགྲོ་བ་དགག་ནུས་ཀྱང་དངོས་གྲུབ་ཐོབ་པ་ལ་ཆེས་རིང་དུ་སོང་བའོ། །མཚན་ཉིད་ཀྱི་ཐེག་པའི་སྡོམ་པ་གཉིས་སྟེར་མཁན་དང་སྟོང་བ་དང་སྙིང་རྗེ་ལ་སོགས་པའི་ལམ་རྣམ་པར་དག་པ་འཆད་པའི་བླ་མ་རྣམས་ལ་སྨད་པ་ལ་རྩ་ལྟུང་དུ་མ་བཅས་ཀྱང་ཉེས་དམིགས་ཤིན་ཏུ་ཆེ་མོད་ཀྱང༌། ལྟུང་བ་ཆེ་ཆུང་དང་ཉེས་པ་ལྕི་ཡང་མི་འདྲ་སྟེ་ལྟུང་བ་ཆེ་ཆུང་ནི་བཅས་པ་ཙམ་གྱི་རྗེས་སུ་འབྲང་ལ་ལྕི་ཡང་ནི་ཞིང་དང་བསམ་པ་དྲག་ཞན་སོགས་ཀྱིས་འཇོག་པར་ཚད་ལྡན་རྣམས་ཀྱིས་གསུངས་པའི་ཕྱིར་རོ། །དེས་ན་དེ་དག་ལ་ཡང་ཤིན་ཏུ་གཟབ་པར་བྱའོ། །ཕྱོགས་མཐུན་ནམ་ཤན་འདྲའི་ཉེས་པ་ནི་སྙིང་པོ་རྒྱན་ལས། དེ་ལ་རྡོ་རྗེ་སློབ་དཔོན་སོགས་དོར་ངའི་ཁ་ན་མ་ཐོ་བ། ལྕི་དང་ཡང་དང་དག་པ་དང༌། །ཤན་འདྲ་བར་ནི་ཤེས་པར་བྱ། ཞེས་གསུངས་ཤིང༌། ནག་པོ་བས་ཀྱང་བཤད་མོད། ཡན་


JLD001_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལག་མ་ཚང་བའི་ལྟུག་བ་ལས་གུད་ན་མེད་དོ། །རྩ་ལྟུང་གཉིས་པ་བཤད་པ་ནི། བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། ཅེས་སོ། །འདི་ལ་གཉིས་ལས་ཡུལ་ནི། རྣམ་འགྲེལ་ལས། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། ཞེས་གསུངས་པ་ལྟར། སྲིད་པའི་སྡུག་བསྔལ་གྱི་རྟེན་མི་བྱེད་པས་ལེགས་པར་རམ་མཛེས་པར་གཤེགས་པ་དང་བདག་ལྟའི་ས་བོན་ཟད་པས་སླར་མི་ལྡོག་པར་གཤེགས་པ་དང་སྤང་བྱ་མཐའ་དག་ཟད་པས་མ་ལུས་པར་གཤེགས་པས་ན་བདེ་བར་གཤེགས་ཏེ་སངས་རྒྱས་སོ། །དེའི་བཀའ་ནི་ནག་པོ་པས་ཐེག་པ་གསུམ་ལ་བཤད་དོ། །དེ་ལ་བྱ་བ་ཅི་ཞིག་བྱས་པས་ལྟུང་བར་འགྱུར་བ་ནི། བཀའ་དེ་ལས་འདས་པར་བྱས་ནའོ། །འདས་ལུགས་ནི་ནག་པོ་པས་སྡོམ་པ་གསུམ་གྱི་བསླབ་བྱ་རྣམས་མི་འགལ་བར་ཡར་ལྡན་དུ་ཉམས་སུ་ལེན་པ་ལ་བཀའ་ལས་མི་འདའ་བར་བཤད་པས་དེ་དག་ལས་འདས་པ་ལ་འདོད་དོ། །དེ་ཡང་སངས་རྒྱས་ཀྱི་བཅས་པ་དང་འགལ་བར་བྱས་པ་ཙམ་ལ་བྱས་ན་ལྟུང་བ་ཐམས་ཅད་རྩ་ལྟུང་གཉིས་པར་འགྱུར་བས་ནག་པོ་པའི་བཞེད་པ་ནི་དེ་མིན་ནོ། །ཤཱནྟི་པས་བཀའ་ཁྱད་དུ་གསོད་པ་ལ་བཀའ་འདས་སུ་བཤད་དོ། །དེས་ན་སངས་རྒྱས་ཀྱིས་གསུངས་པའི་སྡོམ་གསུམ་གང་རུང་གི་བཅས་པ་ཡིན་པ། དེ་ལ་ཤེས་བཞིན་དུ་འགལ་བར་བྱས་པ། ཁྱད་དུ་གསོད་འདོད་ཀྱི་ཀུན་སློང་ཡོད་པ་སྟེ། ཆོས་གསུམ་དང་ལྡན་པ་ཞིག་ལ་བྱས་ནས་འགྲེལ་པ་གཉིས་ཀའི་དགོངས་པ་


JLD001_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བསྡུའོ། །འགྲེལ་བ་གཞན་རྣམས་ནས་བཀའ་དང་དེ་ལས་འདས་ཚུལ་མི་འདྲ་བ་ཁོ་ན་སྣང་ལ་ཁྱད་པར་དུ་རྒྱ་ཆེར་འགྲེལ་ལས་ལྟུང་བ་འདི་ལ་ཕམ་པ་མེད་པར་བཤད་ཅིང་བཀའ་འདས་ལ་རྒྱུད་ཀྱི་ལུང་གསལ་གསལ་འདྲ་བ་མང་དུ་དྲངས་པ་རྣམས་ལ་ནི་ཡིད་བརྟན་མི་སྣང་བས་མ་བྲིས་སོ། །བོད་ཀྱི་བླ་མ་ཁ་ཅིག་བྱང་སའི་ཕམ་པ་བརྒྱད་དང་སོ་ཐར་གྱི་བཞི་བཀའ་འདས་ཀྱི་རྩ་ལྟུང་དུ་འཆད་པ་ནི་རྒྱ་གཞུང་གང་ནས་ཀྱང་བཤད་པ་མི་སྣང་ལ་འཐད་པ་ཡང་མིན་ཏེ། སྡོམ་གསུམ་གང་གི་ལུགས་ལའང་སྡོམ་པ་དེའི་རྩ་ལྟུང་ལ་སྡོམ་པ་དེ་ལ་ལྟོས་ཏེ་ནམ་ཡང་གནང་བ་འབྱུང་མི་སྲིད་ལ། སྲོག་གཅོད་སོགས་ལ་སྡོམ་པ་འདི་ལ་ལྟོས་ཏེ་གནང་བའི་སྐབས་ཡོད་པའི་ཕྱིར་རོ། །དེ་ལྟ་བུའི་ལྟུང་བ་དེ་ནི་རྩ་ལྟུང་གཉིས་པ་ཡིན་པར་རྒྱུད་སྡེ་ལས་བཤད་དོ། །འདི་དང་མཐུན་པར་དམར་ནག་གི་རྒྱུད་དང་གུར་དང་རྡོ་རྗེ་སྙིང་པོ་རྒྱན་དང་འདུས་པའི་རྒྱན་དང་མན་ངག་སྙེ་མར་ཡང་བདེ་བར་གཤེགས་པའི་བཀའ་འདས་ཀྱི་ལྟུང་བར་མཛད་དོ། །སྡོམ་གསུམ་གྱི་བཅས་པ་ལས་གཞན་པའི་ཆོས་ལ་ཁྱད་དུ་གསོད་པ་དང་མ་ཤེས་པར་ཁྱད་དུགསོད་པ་རྣམས་ནི་ཡན་ལག་མ་ཚང་བའི་ལྟུང་བ་སྟེ་འོག་མ་རྣམས་སུ་ཡང་རང་རང་གི་སྐབས་དང་སྦྱར་རོ། །རྩ་ལྟུང་གསུམ་པ་བཤད་པ་ནི། རྡོ་རྗེ་སྤུན་ལ་འཁྲོས་ནས་ནི། ཉེས་པ་བརྗོད་པ་གསུམ་པ་ཡིན། ཞེས་སོ། །འདི་ལ་གཉིས་ལས་ཡུལ་ནི། རྡོ་རྗེ་ཐེག་པའི་སྒོ་ནས་སྐྱེ་གནས་གཅིག་པས་སྤུན་དུ་གྱུར་པའོ། །འདི་ལ་ནག་པོ་དམ་ཚིག་རྡོ་རྗེས་སློབ་དཔོན་དང་


JLD001_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དང་རིག་པའམ་རིག་མ་རྣམས་གཅིག་ལས་དམ་ཚིག་ཐོབ་པ་ནི་ཁྱད་པར་གྱི་རྡོ་རྗེ་སྤུན་དང་དེ་རྣམས་ལ་བྱེ་བྲག་སྟེ་སོ་སོར་ཐོབ་པ་ནི་བྱེ་བྲག་གི་རྡོ་རྗེ་སྤུན་དང་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ནི་ཉེ་བའི་སྤུན་ནོ། །དེའི་དང་པོ་གཉིས་ལ་རྩ་ལྟུང་དུ་བཞག་ལ་གཞན་ལ་ཆ་མཐུན་པའོ་ཞེས་འཆད་དོ། །འོན་ཀྱང་ཀོ་ས་ལའི་རྒྱན་ལས། རྡོ་རྗེ་སྤུན་ལ་མི་མཛའ་དང༌། ཞེས་བྱ་བ་ནི་སློབ་དཔོན་གཅིག་ལས་དཀྱིལ་འཁོར་དུ་ཞུགས་པ་སྟེ་དེ་དང་མི་མཛའ་བ་ནི་དེ་དང་ཡང་དེར་ཞེ་འགྲས་པའོ། །ཞེས་དང༌། ཤཱནྟི་པས། སྤུན་ཞེས་བྱ་བ་ནི་གང་དང་སློབ་དཔོན་གཅིག་ལས་དཀྱིལ་འཁོར་དུ་དབང་ཐོབ་པ་སྟེ་དེ་ལ་ཕྲག་དོག་ལ་སོགས་པའི་རྒྱུས་སྐྱོན་རྣམས་བརྗོད་པར་མི་བྱའོ། །ཞེས་སློབ་དཔོན་གཅིག་པ་དགོས་པར་གསུངས་པ་ལེགས་ཏེ་བླ་མ་མི་གཅིག་ན་སྐྱེ་གནས་མི་ཅིག་པས་སྤུན་གྱི་དོན་མེད་པའི་ཕྱིར་རོ། །འདི་ལ་ཡང་རྒྱུད་ཉན་པ་སོགས་ཀྱི་སྤུན་གསུམ་ཡོད་མོད་ཀྱང་འདིར་ནི་སྔར་དྲངས་པ་ལྟར་དབང་གི་སྤུན་ཡིན་ལ་རྒྱུད་སྡེ་འོག་མ་གཉིས་ཀྱི་དབང་གིས་ཀྱང་ཆོག་གོ །ལཀྵ່་ཀ་རས་དཀྱིལ་འཁོར་གཅིག་ལ་དབང་དང་དམ་ཚིག་ཐུན་མོང་དུ་ཐོབ་པ་དང་སྒྲུབ་པ་སྤྱི་ལ་བྱས་པ་དགོས་པར་འདོད་པ་ནི་དེ་དག་ལ་ཉེས་པ་ལྕི་བར་འགྱུར་ཡང་རྩ་ལྟུང་སྐྱེད་པ་ལ་དུས་གཅིག་ཏུ་ཐོབ་པ་དང་དཀྱིལ་འཁོར་གཅིག་ཏུ་ཐོབ་པ་མི་དགོས་སོ། །དྲི་མེད་འོད་ལས་ རྡོ་རྗེའི་སྤུན་རྒན་པོ་འམ་གཞོན་ནུ་བསླབ་པ་དང་ལྡན་པ་ལ་རབ་ཏུ་


JLD001_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བར་བྱེད་ནའོ། །ཞེས་སྡོམ་ལྡན་དུ་གསུངས་ལ་སྡོམ་པ་ཡང་སྐབས་ཀྱིས་སྔགས་ཀྱི་སྡོམ་པ་ལ་བྱ་དགོས་པས་དེ་ནི་འདིར་ཡང་འདྲ་བས་སྔགས་ཀྱི་སྡོམ་པ་དང་ལྡན་པའོ། །ངན་སོང་སྦྱོང་རྒྱུད་ལས། རྡོ་རྗེ་སྤུན་དང་སྲིང་མོ་དང༌། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། ཞེས་སྤུན་དང་སྲིང་མོ་སོ་སོར་མཛད་པའི་སྲིང་མོ་ནི་འདིར་སྤུན་དུ་བསྡུ་སྟེ། དེ་ཉིད་བསྡུས་པའི་འགྲེལ་པར་སློབ་དཔོན་གཅིག་ལས་དཀྱིལ་འཁོར་དུ་ཞུགས་པ་ལ་སྤུན་དུ་གསུངས་པའི་སྤུན་ནོ། །དེ་ལ་བྱ་བ་ཅི་ཞིག་བྱས་པས་ལྟུང་བར་འགྱུར་བ་ནི། །ཁྲོས་ནས་ཏེ་ཡིད་འཁྲུགས་ནས་ཉེས་པ་སྟེ་མཚང་འབྲུ་བ་ལ་སོགས་པའི་སྐྱོན་བརྗོད་པའོ། །འདིར་འགྲེལ་པ་བདུད་རྩི་ཟླ་བ་དང་ལཀྵི་ཀ་རས་སྤུན་ཕ་རོལ་པོས་གོ་བ་དགོས་པར་བཤད་ཅིང་ཕྱི་མས་སྤུན་དུ་འདུ་ཤེས་པ་བཤད་པ་འདིར་ཡང་དགོས་སོ། །རྒྱ་ཆེར་འགྲེལ་ལས་ལུས་ངག་མི་གཙོ་བས་ཁྲོས་པའི་སེམས་ལ་ལྟུང་བར་བྱས་ནས་ཉེས་པ་བརྗོད་པ་སྐྱོན་བརྗོད་ལ་མི་བྱེད་པར་ལྟུང་བ་ལ་འཆད་ཅིང་བོད་ཀྱི་མཁས་པ་ཁ་ཅིག་ཀྱང་དེ་ལྟར་འཆད་པ་ནི་མི་འཐད་དེ་དམར་ནག་གི་རྒྱུད་གཉིས་ལས། དེ་བཞིན་སྤུན་ལ་ཁྲོ་བ་དང༌། །ཉེས་པ་བསྒྲག་པར་མི་བྱའོ། །ཞེས་གསུངས་ཤིང་དཔལ་འཛིན་གྱི་དཀྱིལ་ཆོག་གཉིས་སུ་ཡང༌། དེ་བཞིན་ཁྲོས་ནས་སྤུན་ཟླ་ཡི། །ཉེས་པ་བརྗོད་པར་མི་བྱའོ། །ཞེས་འབྱུང་ལ། དགྲ་ནག་གི་འགྲེལ་པ་གཉིས་སུ་ཡང་དེ་ལྟར་དུ་བཀྲལ་བའི་ཕྱིར་དང༌། རྡོ་རྗེ་སྙིང་པོ་རྒྱན་ལས་ཀྱང༌། ཞེ་སྡང་གིས་ནི་མཆེད་སུན་འབྱིན། ཞེས་དང་མན་ངག་སྙེ་མ་དང་འདུས་པའི་རྒྱན་དུ་ཡང་དེ་ལྟར་འབྱུང་བའི་ཕྱིར་རོ། །དེས་ན་གུར་


JLD001_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སྤུན་ལ་མི་སྡང་བ་ཉིད་དང༌། ཞེས་འབྱུང་ཡང་སྔ་མ་རྣམས་དང་འདྲ་བར་བྱའོ། །གཞུང་ཁ་ཅིག་ལས། རྡོ་རྗེ་སྤུན་ལ་ཁྲོས་པ་ནི། ཞེས་འབྱུང་བ་ལྟར་འདོན་ནའང་ཁྲོས་པས་ཞེས་བྱེད་ཚིག་གདོན་དགོས་སོ། །མདོར་བསྡུ་ན་བླ་མ་གཅིག་ལས་དབང་བསྐུར་ཐོབ་པའི་རྡོ་རྗེ་སྤུན་ཡིན་པ། སྔགས་ཀྱི་སྡོམ་པ་དང་ལྡན་པ། དེར་འདུ་ཤེས་ན། ཞེ་སྡང་གིས་ཀུན་ནས་བསླངས་ནས་དེའི་སྐྱོན་བརྗོད་པ། བརྗོད་པ་དེ་ཐོས་ནས་དོན་གོ་བ་སྟེ་ཆོས་ལྔ་ཚང་བ་ནི་རྩ་ལྟུང་གསུམ་པ་ཡིན་ནོ། །རྩ་ལྟུང་བཞི་པ་བཤད་པ་ནི། སེམས་ཅན་རྣམས་ལ་བྱམས་པ་སྤོང༌། །བཞི་པ་ཡིན་པར་རྒྱལ་བས་གསུངས། ཞེས་སོ། །འདི་ལ་གཉིས་ལས་ཡུལ་ནི། སེམས་ཅན་རྣམས་ཞེས་མང་ཚིག་ཏུ་འབྱུང་ཡང་སེམས་ཅན་གང་ཡང་རུང་བ་གཅིག་གོ །དེ་ལ་བྱ་བ་ཅི་ཞིག་བྱས་པས་ལྟུང་བར་འགྱུར་བ་ནི། ཐེག་ཆེན་པས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བསམ་ཞིང་དུས་ཐམས་ཅད་དུ་གཏང་བར་མི་བྱ་སྟེ་སེམས་ཅན་གྱི་ཞིང་དང་བྲལ་བའི་ཐེག་ཆེན་པ་ནི་སྲིན་བུ་མེ་ཁྱེར་ལ་ཉི་འོད་དང་ལྡན་པར་བཏགས་པ་དང་འདྲ་བར་མིང་ཙམ་པའོ། །ཞེས་ནག་པོ་པས་བཤད་པ་དང༌། བྱམས་པའི་སེམས་ནི་སེམས་ཅན་ལ་བླ་ན་མེད་པའི་ཕན་བདེ་བསྒྲུབ་པར་འདོད་པ་སྟེ་དེ་ནམ་ཡང་དོར་བར་མི་བྱའོ་ཞེས་ཤཱནྟི་པས་བཤད་པ་གཉིས་དོན་འདྲ་བས་དེའི་བཟློག་ཕྱོགས་ནི་བྱམས་པའི་སེམས་སྤོང་བའོ། །སེམས་ཅན་ལ་ཕན་བདེ་བསྒྲུབ་པ་ནི་མི་ནུས་པར་འདུག་སྙམ་པ་ལ་སོགས་པའི་སྒོ་ནས་དེ་བཏང་ན་ནི་སེམས་བསྐྱེད་གཏོང་བས་འོག་མ་དང་ཁྱད་མེད་དུ་འགྱུར་


JLD001_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེས་ན་དེ་བཏང་ཚུལ་ནི་སེམས་ཅན་དེ་ལ་ཁོང་ཁྲོ་སྐྱེས་པ་དང་དེ་ལ་སྒོས་སུ་བྱམས་པའི་སེམས་མ་བསྐྱེད་པ་དང་བདེ་བ་དང་མ་ཕྲད་ན་སྙམ་པ་རྣམས་ལས་གང་ཡིན་སྙམ་ན། དམར་པོའི་རྒྱུད་ལས། སེམས་ཅན་ཀུན་ལ་བྱམས་པའི་སེམས། །ནམ་ཡང་གཏང་བར་མི་བྱའོ། །ཞེས་དང༌། །རྡོ་རྗེ་སྙིང་པོ་རྒྱན་ལས་ཀྱང༌། བྱམས་སེམས་མེད་པར་སེམས་ཅན་སྤངས། ཞེས་བྱམས་པའི་སེམས་དོར་བ་ལ་གསུངས་པས་བདེ་བ་དང་བྲལ་ན་སྙམ་པའི་སེམས་བསྐྱེད་པ་ལ་བྱའོ། །བྱམས་པ་སྤོང་མི་སྤོང་ནི་བྱམས་པའི་སེམས་དོར་མ་དོར་ལ་རྒྱུད་དེ་དག་ལས་གསུངས་པས་འགྲེལ་པ་བདུད་རྩི་ཟླ་བ་དང་ལཀྵ່་ཀ་རས་སྡུག་བསྔལ་བའི་སེམས་ཅན་གྱི་སྡུག་བསྔལ་སེལ་བའི་མཐུ་ཡོད་བཞིན་དུ་ཡལ་བར་འདོར་བ་ལ་འཆད་བ་སོགས་དོན་དུ་མི་སྣང་ངོ༌། །འདི་བྱམས་པ་དོར་བའི་རྩ་ལྟུང་དུ་གཞུང་འདིར་གསུངས་པ་ལྟར་སྔར་བཤད་པའི་ཁུངས་དེ་དག་ནས་ཀྱང་དེ་བཞིན་དུ་གསུངས་སོ། །དེ་ལྟར་ན་སེམས་ཅན་གང་ཡང་རུང་བ་གཅིག་ལ་དམིགས་ནས་འདི་བདེ་བ་ཐམས་ཅད་དང་བྲལ་ན་སྙམ་པའི་སེམས་བསྐྱེད་ནས་བྱམས་པ་བཏང་བ་ནི་རྩ་ལྟུང་བཞི་པ་ཡིན་པར་རྒྱལ་བ་རྣམས་ཀྱིས་གསུངས་སོ། །འདི་དག་ནག་ཏུ་གྲུབ་མཐའ་ལ་སྨོད་པའི་འོག་ཏུ་འབྱུང་བ་ལྟར་ནག་པོ་པས་ཀྱང་བཤད་ཅིང་ཤཱནྟི་པས་ནི་འདི་དང་གོ་རིམས་མཐུན་པར་བཤད་དོ། །རྩ་ལྟུང་ལྔ་པ་བཤད་པ་ནི། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། ཞེས་སོ། །འདི་ལ་གཉིས་ལས་ཡུལ་ནི། བྱང་ཆུབ་ཀྱི་སེམས་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་ཞེས་དམ་འཆའ་བ་སྟེ། དེ་ནི་སྡོང་པོ་བཀོད་


JLD001_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱི་རྩ་བའོ། །ཤཱནྟི་པས་གཞན་སྡུག་བསྔལ་རྒྱུ་བཅས་དང་བྲལ་བར་འདོད་པའི་སྙིང་རྗེ་ལ་བྱང་ཆུབ་ཀྱི་སེམས་སུ་གསུངས་པ་ནི་འགྲོ་བ་སྡུག་བསྔལ་ལས་འདོན་པའི་ཕྱིར་དུ་སངས་རྒྱས་ཐོབ་པར་དམ་འཆའ་བའི་ཕྱོགས་གཅིག་གིས་གཞན་ཡང་མཚོན་པས་ནག་པོ་པའི་བཞེད་པ་ལྟར་སྨོས་སེམས་ལ་བྱའོ། །འདི་དང་བྱམས་པའི་ཁྱད་པར་ལ་ནག་པོ་པས་བྱམས་པ་ནི་སྔོན་དུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ནི་དེ་སྔོན་དུ་སོང་བའི་དངོས་གཞི་ལ་བཤད་དོ། །དེ་ལ་བྱ་བ་ཅི་ཞིག་བྱས་པས་ལྟུང་བར་འགྱུར་བ་ནི། བདག་གིས་སེམས་ཅན་མཐའ་ཡས་པའི་དོན་དུ་བྱང་ཆུབ་སྒྲུབ་པར་མི་ནུས་སྙམ་ནས་སྨོན་སེམས་དེ་སྤོང་བ་ན་རྩ་ལྟུང་ལྔ་པ་ཡིན་ནོ། །ནག་པོ་པས་སེམས་དེ་དང་པོར་དམ་བཅས་པ་ལས་མི་ཉམས་པར་བྱེད་པ་མི་གཏོར་བའི་དོན་དུ་བཤད་བས་སྤངས་པའི་དོན་ནི་དེ་ལྟར་རོ། །འདི་ལ་རྩ་ལྟུང་གི་འགྲེལ་པ་ཁ་ཅིག་ནས་ཀུན་ད་ལྟ་བུ་གཏོང་བ་ལ་ཡང་བཤད་པ་ནི་དུས་འཁོར་གྱི་སྐབས་སུ་བཤད་པར་བྱའོ། །ལྟུང་བའི་མིང་འདོགས་ཀྱང་གུར་མ་གཏོགས་པ་སྔར་བསྟན་པའི་ཁུངས་རྣམས་དང་འདྲའོ། །འདི་ནི་དོར་བ་ཙམ་གྱིས་རྩ་ལྟུང་དུ་འགྲོ་བས་ཡན་ལག་གཞན་མ་ཚང་ཡང་ཕམ་པའོ། །རྩ་ལྟུང་དྲུག་པ་བཤད་པ་ནི། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། ཞེས་སོ། །འདི་ལ་གཉིས་ལས་ཡུལ་ནི། ནག་པོ་པས་རང་ནི་སངས་རྒྱས་བ་དང་གཞན་ནི་མུ་


JLD001_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་ཅན་དང་ཆོས་ནི་མངོན་པར་མཐོ་བའི་ལམ་ལ་བྱས་ནས། མུ་སྟེགས་ཅན་ལ་སྨང་བྱས་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། ཞེས་འདྲེན་ནོ། །འོན་ཀྱང་མུ་སྟེགས་ལ་སྐྱོན་གདགས་འདོད་ཀྱིས་སྨད་ན་ཉེས་པ་འབྱུང་ཡང་འདིར་རྩ་ལྟུང་གིས་ཡུལ་སྟོན་པས་མི་བདེའོ། །དེས་ན་རྩ་ལྟུང་བཀའ་འགྲེལ་ལས། རང་གི་གྲུབ་པའི་མཐའ་གསང་སྔགས་དང་གཞན་གྱི་གྲུབ་པའི་མཐའ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བཤད་པ་ལྟར་བྱའོ། །ངམ་ཞེས་པ་ནི་སྨོད་པའི་ཡུལ་ལ་གང་རུང་ཞིག་གིས་ཆོག་པར་སྟོན་པའོ། །མན་སྙེ་དང་སྡོམ་འབྱུང་གི་འགྲེལ་པ་དང་བསྟན་པའི་ནོར་ཐམས་ཅད་པའི་སྒྲུབ་ཐབས་དང་འདུས་པའི་རྒྱན་དུ་ཡང་ཐེག་པ་གསུམ་ལ་སྨོད་པ་ཞེས་པའི་མིང་འདོགས་མཛད་པའི་དགོངས་པ་ཡང་འདི་དང་འདྲའོ། །དམར་ནག་གི་རྒྱུད་དང་འདི་གཉིས་དོན་འདྲ་ལ། རྡོ་རྗེ་སྙིང་པོ་རྒྱན་ལས། བདག་གཞན་གྲུབ་པའི་མཐའ་སྨོད་བྱེད། ཅེས་གསལ་བར་གསུངས་སོ། །གུར་ལས། གཞན་གྱི་ཆོས་ནི་སུན་མེ་འབྱིན། ཞེས་འབྱུང་བས་ཆ་གཅིག་བསྟན་པ་འདྲའོ། །དེ་ལ་བྱ་བ་ཅི་ཞིག་བྱས་པས་རྩ་ལྟུང་དུ་འགྱུར་བ་ནི་ཆོས་དེ་བཀའ་དེ་གཉིས་ལ་སྨོད་པའམ་སུན་འབྱིན་པ་བྱས་ནའོ། །སྨོད་ཚུལ་ནི་ནག་པོ་པས་གསལ་བར་མ་བཤད་ལ། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས། མི་སྤང་ཞིང་ཞེས་བྱ་བ་ནི་ནམ་མཁའི་སྙིང་པོའི་མདོ་ལས། ཇི་སྐད་དུ། གང་ཡང་བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཐེག་པ་བཤད་པའམ་རང་སངས་རྒྱས་ཀྱི་ཐེག་པ་བཤད་པའམ། ཐེག་པ་ཆེན་པོའི་ཆོས་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གཉིས་པའོ་ཞེས་གསུངས་པ་ལྟ་བུའོ། །ཞེས་ཐེག་པ་གསུམ་གྱི་ཆོས་


JLD001_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པ་ལ་རྩ་ལྟུང་དུ་བསྒྲུབས་ཤིང་སློབ་དཔོན་ཀུན་དགའ་སྙིང་པོས་ཀྱང་སྔར་བསྟན་པ་ལྟར་གསུངས་པས་ཐེག་པ་གསུམ་གྱི་བཀའ་གང་ཡང་རུང་བ་ལ་དམིགས་ནས་འདི་ནི་སངས་རྒྱས་ཀྱིས་གསུངས་པ་མིན་ནོ་ཞེས་བསམ་པ་ཐག་པ་ནས་སྐུར་བ་འདེབས་པའོ། །“ཐེག་ཆེན་གྱི་ཆོས་སྤོང་བ་ལ་སྔར་བཤད་པའི་ཡན་ལག་ཐུན་མོང་བ་རྣམས་མ་ཚང་ན་ཕམ་པར་མི་འགྱུར་པར་འཕགས་པ་ཐོགས་མེད་ཀྱིས་གསུངས་སོ། །འོ་ན་ཤཱནྟིའི་པས་དགྲ་ནག་འགྲེལ་པར། སྨད་མི་བྱ་ཞེས་བྱ་བ་ནི་རྩོད་པས་སུན་དབྱུང་བར་མི་བྱ་སྟེ་འགྲོ་བ་དག་ནི་རང་རང་གི་འདུན་པའི་ཐེག་པ་ཙམ་ལས་རིམ་གྱིས་འཇུས་ཤིང་བྱང་ཆུབ་པར་འགྱུར་གྱི་བཙན་ཐབས་སུ་འདུན་པ་བཟློག་པ་ནི་སྡང་བ་འཕེལ་བའི་རྒྱུ་ཙམ་ཡིན་པས་བཞག་སྟེ། ཞེས་གྲུབ་མཐའ་འཛིན་པ་སུན་འབྱིན་པ་ལ་སྨོད་པར་གསུངས་པ་ཇི་ལྟར་ཡིན་སྙམ་ན། སྔགས་སམ་མཚན་ཉིད་ཀྱི་ཐེག་པ་ལ་སྐྱོན་བཀལ་ནས་བཀའ་མ་ཡིན་ནོ། །ཞེས་སུན་ཕྱུང་བ་ན་དེ་དག་གི་གྲུབ་མཐའ་འཛིན་པའི་ཡང་འདུན་པ་ལྡོག་པ་ལ་བཤད་པས་སྐྱོན་མེད་དོ། །ལས་དང་པོ་པས་གསུང་རབ་མཐའ་དག་ལ་མོས་པ་སྐྱེ་དཀའ་བས། མོས་པ་མ་སྐྱེས་ཀྱང་སྐུར་པ་མི་འདེབས་ན་ཉེས་པ་མེད་པར་བྱང་ས་ལས་གསུངས་པ་ལྟར་བདེ་མཆོག་རྩ་རྒྱུད་དུ་ཡང་གསུངས་ཏེ་ཇི་སྐད་དུ། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་བ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང༌། །སྨོད་པ་དག་ནི་མི་བྱ་སྟེ། །ཆོས་ཉིད་བསམ་མི་


JLD001_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་དྲན་བྱ། །གང་གིས་འདི་བདག་ཡུལ་མིན་པ། །བདག་གིས་ཆོས་ཉིད་མི་ཤེས་ཡིན། །རྫོགས་སངས་རྒྱས་དང་དེ་སྲས་ནི། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། ཞེས་གསུངས་ཤིང་མདོ་སྡེ་རྒྱན་དང་རིན་ཆེན་ཕྲེང་བ་ལས་ཀྱང༌། བཏང་སྙོམས་སུ་བཞག་པ་ལ་ཉེས་པ་མེད་པར་གསུངས་པ་འདི་གནད་ཆེའོ། །ཐེག་པ་གསུམ་གྱི་ཆོས་སྤོང་བ་དེ་ནི་རྩ་ལྟུང་དྲུག་པ་ཡིན་ནོ། །རྩ་ལྟུང་བདུན་པ་བཤད་པ་ནི། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། ཞེས་སོ། །འདི་ལ་གཉིས་ལས་ཡུལ་ནི། དམར་ནག་གི་རྒྱུད་གཉིས་དང་མན་སྙེ་དང་འདུས་པའི་རྒྱན་རྣམས་འདི་དང་འདྲ་ལ་རྡོ་རྗེ་སྙིང་པོ་རྒྱན་ལས། སྣོད་མི་རུང་ལ་གསང་བ་བསྟན། ཞེས་དང༌། གུར་ལས། དེ་ཉིད་སྐལ་མེད་ལ་མི་སྨྲ། ཞེས་གསུངས་སོ། །དེ་ལམ་སྨིན་པའི་སེམས་ཅན་ནི་དབང་གིས་རྒྱུད་སྣོད་དུ་རུང་བར་མ་བྱས་པ་སྟེ་སྐལ་མེད་ཅེས་ཀྱང་གསུངས་པས། རྩ་ལྟུང་བཀའ་འགྲེལ་དང་བདུད་རྩི་ཟླ་བ་ལས་འབྱུང་བ་ལྟར་གསང་བ་བསྒྲགས་ན་མ་དད་པ་སྐྱེ་བའོ། །འདི་ལ་ནག་པོ་བས་སྣོད་ཀྱིས་མ་སྨིན་པ་ནི་ལོག་སྲེད་ཅན་ནོ། །ཆོ་གས་མ་སྨིན་པ་ནི་བུམ་དབང་མ་ཐོབ་པའོ། །ཆོ་ག་རྫོགས་པས་མ་སྨིན་པ་ནི་གསང་བ་དང་ཤེས་རབ་ཡེ་ཤེས་མ་ཐོབ་པའོ། །ཉམས་པས་མ་སྨིན་པ་ནི་རྩ་ལྟུང་སོགས་བྱུང་བ་ཕྱིར་མ་བཅོས་པའོ། །ཟབ་མོ་འཇིགས་པས་མ་སྨིན་པ་ནི་དབང་བཞི་པའི་དེ་ཉིད་མ་ཐོབ་པ་སྟེ་མ་སྨིན་པ་ལྔར་བཤད་ནས་རྩ་ལྟུང་གི་ཡུལ་ལ་གསལ་ཁ་མི་སྣང་ངོ༌། །ཤཱནྟི་པས་མ་སྦྱངས་པ་ནི་ཤེས་རབ་མ་བསགས་པ་སྟེ་ཞེས་བཤད་དེ་གསང་དོན་གོ་ནས་ཡིད་ཆེས་པར་འགྱུར་པའི་ཤེས་རབ་མེད་པའོ། །


JLD001_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བྱ་བ་ཅི་ཞིག་བྱས་པས་ལྟུང་བར་འགྱུར་བ་ནི། དེ་ལ་གསང་བ་སྒྲོག་བར་བྱེད་ནའོ། །བསྒྲག་རྒྱུའི་གསང་བ་ནི་ཤཱནྟི་པས་དེ་ལ་གསང་བ་ཞེས་བྱ་བ་སྟོང་པ་དང་ཉིད་དང་ལྡན་པའི་ཚིག་སྨྲ་བར་མི་བྱའོ། །ཞེས་གསུངས་པ་ནི་སྟོང་ཉིད་ཙམ་མིན་གྱི་སྟོང་ཉིད་དང་བཅས་པའི་སྔགས་ཀྱི་གསང་བའོ། །ནག་པོ་པས་དཀྱིལ་འཁོར་དང་དམ་ཚིག་གི་ཕྱག་རྒྱ་གཅིག་ཙམ་དང་བརྡ་གསང་བའི་དམ་ཚིག་ཙམ་དང་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་འདུས་པ་གཅིག་དང་ཟུང་འཇུག་གི་ཡེ་ཤེས་ལ་གསང་བར་བྱས་ནས་དེ་མི་བསྟན་པར་བཤད་དོ། །མདོར་ན་རིམ་པ་གཉིས་ལ་སོགས་པའི་སྔགས་ཀྱི་གསང་བའི་དེ་ཁོ་ན་ཉིད་ཀྱི་དོན་ནོ། །གུར་ལས། དེ་ཉིད་ཅེས་འབྱུང་བ་ཡང་དེ་ལྟར་བྱའོ། །ལཀྵ່་ཀ་རས་ཕ་རོལ་པོས་དོན་གོ་བ་དང་དེར་འདུ་ཤེས་པ་དང་དགོས་པ་ཁྱད་པར་ཅན་མེད་པ་ཡང་དགོས་པར་བཤད་དོ། །དགོས་པ་ནི་གཞན་འདུལ་བའི་དགོས་པ་ཆེན་པོའི། །མཁས་པ་ཁ་ཅིག་རྒྱན་དྲུག་བྲིས་སྐུ་གླེགས་བམ་ཅང་ཏེའུ་སོགས་རྫས་གསང་བ་བསྟན་ན་ཡང་རྩ་ལྟུང་དུ་སྨྲ་བ་ནི་མི་འཐད་དེ་རྒྱུད་དང་འགྲེལ་པ་རྣམས་ལས་གསང་ཆོས་རྣ་བར་བསྒྲགས་པའི་ཉེས་པར་བཤད་ཀྱི་རྫས་མིག་ལ་བསྟན་པ་ཉེས་པར་མ་གསུངས་པས་སོ། །རྒྱུད་སྡེ་འོག་མ་འོག་མའི་དབང་ཙམ་བསྐུར་བ་ལ་གོང་མ་གོང་མའི་ཐུན་མོང་མིན་པའི་གསང་བ་རྣམས་བསྟན་དུ་མི་རུང་ལ། རྣལ་འབྱོར་བླ་མེད་ཀྱི་སློབ་མའི་དབང་ངམ་བུམ་དབང་ཙམ་ལས་མ་ཐོབ་པ་ལ་དབང་གོང་མ་གསུམ་དང་འབྲེལ་བའི་ཐུན་མོང་མིན་པའི་གསང་བ་རྣམས་བསྟན་དུ་མི་རུང་ངོ༌། །བྱ་རྒྱུད་ཡན་ཆད་ཀྱི་དཀྱིལ་


JLD001_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་ཞུགས་ནས་ཆུ་དབང་ཡན་ཆད་ཅིག་མ་ཐོབ་ན་བདག་སྐྱེད་སོགས་བྱས་ནས་ལྷ་སྒྲུབ་པ་སོགས་བྱར་གཏན་ནས་མི་རུང་སྟེ། དེ་ཉིད་བསྡུས་པའི་དུམ་བུ་དང་པོ་ལས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཞིག་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་དང༌། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཞེས་སྟོན་མཁན་གྱི་དམ་ཚིག་ཉམས་པ་དང་སྙིང་ལ་རྡོ་རྗེ་སེམས་དཔའ་སྔར་ཞུགས་པ་མི་བཞུགས་པར་འབྱོན་པ་སོགས་ཀྱི་སྒོ་ནས་གཞུང་དུ་མར་གསང་བ་མི་བསྒྲག་པ་ལ་ནན་ཏན་ཆེ་བར་གསུངས་ཤིང་སྔར་མཉམ་སྦྱོར་གྱི་ལུང་དྲགས་པ་ལྟར་དཀྱིལ་འཁོར་དུ་མ་ཞུགས་པས་བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་པར་གསུངས་པས་སློབ་མ་དེས་བསྒྲུབས་ཀྱང་དངོས་གྲུབ་ཁྱད་པར་ཅན་གཏན་མི་འཐོབ་པས་དགོས་པ་མེད་པའི་ཕྱིར་རོ། །སངས་རྒྱས་ཐོད་པའི་ལེའུ་གསུམ་པ་ལས་ཀྱང༌། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་དབང་དང་བྲལ་ན་ནི། །ཡེཤེས་ཀུན་གྱིས་སྟོང་པ་ཉིད། །དཔེར་ན་པི་ཝཾ་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང༌། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། ཞེས་གསུངས་ལ་སྟོན་མཁན་དང་ཉན་མཁན་ལ་ཡང་ཉེས་དམིགས་ཤིན་ཏུ་ཆེ་སྟེ་དེ་ཉིད་ལས། རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། ཞེས་གསུངས་ཏེ་མི་འཇིགས་པའི་གཞུང་


JLD001_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་ལས་དམྱལ་བ་དེ་མ་སྟོངས་པའི་བར་དུ་གནས་པ་ལ་བཤད་དོ། །ཚིགས་བཅད་དེ་གསུམ་ཐོད་པའི་བཀའ་འགྲེལ་ཡེ་ཤེས་ལྡན་དུ་དབང་གོང་མ་གསུམ་ལ་སྦྱར་བ་ནི་མཚོན་པ་ཙམ་སྟེ་མི་འཇིགས་པའི་གཞུང་འགྲེལ་ལས། འདིས་ནི་དབང་བསྐུར་བ་ཐམས་ཅད་གདོན་མི་ཟ་བར་གཟུང་བར་གསུངས་སོ། །ཞེས་སྤྱིར་གསུངས་པའི་ཕྱིར་རོ། །ཕྱག་ཆེན་ཐིག་ལེའུ་གཉིས་པ་ལས། གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་ལ་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། ཞེས་ཐུན་མོང་གི་དངོས་གྲུབ་འགའ་ཞིག་ཐོབ་ཀྱང་དཔོན་སློབ་གཉིས་ཀ་དམྱལ་བར་སྐྱེ་བར་གསུངས་སོ། །དེས་ན་མི་གཡོ་བ་དཀར་པོ་ལ་སོགས་པའི་རྗེས་གནང་ནི་བྱ་རྒྱུད་ཡན་ཆད་ཀྱི་དཀྱིལ་འཁོར་དུ་བཅུག་པ་ཡན་ཆད་ཅིག་ལ་བྱ་དགོས་ལ་ཤེས་རབ་གསལ་བྱེད་མ་ལ་སོགས་པའི་རྗེས་གནང་ནི་བླ་མེད་ཀྱི་དཀྱིལ་འཁོར་དུ་བཅུག་པ་ཡན་ཆད་ཅིག་ལ་བྱ་དགོས་ཀྱི་དབང་མ་ཐོབ་པར་དེ་དག་གི་རྗེས་གནང་ཙམ་བྱས་ནས་ལྷ་དེ་དག་སྒྲུབ་པ་སོགས་རྣམ་པ་ཐམས་ཅད་དུ་མི་རུང་ངོ༌། །དེ་ལྟར་ན་དབང་བསྐུར་ནས་སྨིན་པར་མ་བྱས་པ་གསང་བ་བསྒྲགས་པ་ལ་མ་དད་པ་སྐྱེ་བ། དེ་ལ་དེར་འདུ་ཤེས་པ། ཐུན་མོང་མ་ཡིན་པའི་གསང་བ་བསྒྲགས་པ། དེ་གོ་བ་གཞན་འདུལ་བའི་དགོས་པ་ཆེན་པོ་དང་མི་ལྡན་པའི་ཆོས་དྲུག་ཚང་ན་རྩ་ལྟུང་བདུན་པ་ཡིན་ནོ། །སྔར་བཤད་པ་ལྟར་དབང་མ་བསྐུར་ཡང་དཀྱིལ་འཁོར་དུ་གཞུག་པར་རུང་བ་ནི། དེ་ལ་གནང་བའི་ལས་ཡིན་པས་གསང་སྒྲོག་


JLD001_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཉེས་པ་མེད་དེ། འདི་འདྲའི་རིགས་འདུལ་བ་ལ་ཡང་འགའ་རེ་ཡོད་དོ། །མཚན་ཉིད་ཐེག་པའི་ཆོས་སྣོད་དུ་མི་རུང་བ་ལ་བྱིན་ན་འདིའི་རྩ་ལྟུང་དུ་མི་འགྱུར་ཡང་ཡན་ལག་མ་ཚང་བའི་ཉེས་པར་འགྱུར་རོ། །རྩ་ལྟུང་བརྒྱད་པ་བཤད་པ་ནི། ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། ཞེས་སོ། །འདི་ལ་གཉིས་ལས་ཡུལ་ནི། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་ལྔ་རིམ་པ་བཞིན་དུ་རྣམ་སྣང་དང་རིན་འབྱུང་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་སྟེ་སངས་རྒྱས་ལྔའི་བདག་ཉིད་དེ་རང་བཞིན་དུ་གསུངས་པའོ། །དམར་ནག་གི་རྒྱུད་གཉིས་དང་གུར་ལས་རང་གི་ཕུང་པོ་ལ་གསུངས་པས་རྩ་ལྟུང་གི་ཡུལ་ལ་རང་གི་ཕུང་པོ་དགོས་སོ། །བྱ་བ་ཅི་ཞིག་བྱས་པས་ལྟུང་བར་འགྱུར་བ་ནི། དེ་ལ་བརྙས་པའམ་སྨོད་པར་བྱེད་ན་ལྟུང་བའོ། །བརྙས་སྨོད་བྱེད་ལུགས་ནི་ནག་པོ་བས་ཕུང་པོ་སངས་རྒྱས་ཀྱི་རང་བཞིན་དུ་གནས་པ་དང་སངས་རྒྱས་སུ་སྐྱེད་པ་ལ་སོགས་པའི་བྱིན་གྱིས་བརླབས་པའི་མཐུས་རྣམ་སྣང་ལ་སོགས་པར་བྱས་པ་ལ་ནང་གི་སྦྱིན་སྲེག་གིས་མཆོད་ཅིང་བདེ་བས་བདེ་བ་བསྒྲུབ་པར་བྱ་རྒྱུ་ལ། འགོག་པ་དང་གཡང་སར་མཆོང་བ་དང་དམན་པའི་བརྟུལ་ཞུགས་དང་གནས་མིན་གྱི་བཟོད་པ་དང་ཡན་ལག་ཉིང་ལག་གཅོད་པ་དང་སྨྱུང་བར་གནས་པ་དང་དཀའ་ཐུབ་དང་དཀའ་སྤྱད་སོགས་བྱེད་པ་བརྙས་པའི་དོན་དུ་བཤད་དོ། །ཤཱནྟི་པས་སྔགས་ཀྱི་ཚུལ་འདིས་ནི་ཕུང་པོ་ལྔ་པོ་འདི་ཉིད་ལ་བྱང་ཆུབ་བརྩོན་འགྲུས་ཀྱིས་གནས་པའི་ཕྱིར་དང༌། བདག་སྨོད་རོ་ཡིན་སྐྱེས་བུའི་སྐྱིད་པ་འཇིག་པར་བྱེད། ཅེས་བཤད་པའི་ཕྱིར་སྨད་དུ་མི་རུང་བ་ལ་


JLD001_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཁུར་གྱི་ཕྱིར་ན་ཕུང་པའོ། །ཞེས་སོགས་ཀྱིས་སྨོད་པ་ལ་བཤད་དེ། མདོར་ན་རང་གི་ཕུང་པོ་ལ་རྒུད་པར་བྱ་བའི་བསམ་པས་གདུང་བའི་ཐབས་གང་ཡང་རུང་བའི་སྒོ་ནས་གདུང་བར་བྱས་པས་སྡུག་བསྔལ་བར་གྱུར་པ་ནི་རྩ་ལྟུང་བརྒྱད་པའོ། །དམར་ནག་གི་རྒྱུད་གཉིས་དང་གུར་ལས་ཕུང་པོ་སྨད་བ་ཙམ་ལས་མ་བྱུང་ལ། རྡོ་རྗེ་སྙིང་པོ་རྒྱན་དང་མན་སྙེ་དང་འདུས་པའི་རྒྱན་དང་བཀའ་འགྲེལ་པདྨ་ཅན་ལས། རྒྱལ་བའི་བདག་ཉིད་ཀྱི་ཕུང་པོ་སྨོད་པ་ཞེས་འདི་དང་འདྲ་བར་འབྱུང་བའི་སངས་རྒྱས་ལྔའི་བདག་ཉིད་ཅེས་པའི་ཁྱད་པར་སྦྱར་བའི་དོན་ནི་པདྨ་ཅན་ལས་གཉིས་པ་ཐམས་ཅད་རྣམ་པར་སྤངས་པ་ནི་ཕུང་པོ་ལྔ་དང་དེ་བཞིན་གཤེགས་པ་ལྔ་ལ་དབྱེ་བ་མི་བྱའོ། །ཞེས་གསུངས་པའི་འདིར་མངོན་པས་གཙང་མི་གཙང་ལ་སོགས་པའི་རྒྱུ་མཚན་གྱིས་ཕུང་པོ་ལྔ་དེ་བཞིན་གཤེགས་པ་ལྔར་བསྒོམ་དུ་མི་རུང་ངོ་ཞེས་དེ་གཉིས་སོ་སོར་འབྱེད་པའི་བརྙས་པ་བྱས་ན་རྩ་ལྟུང་དུ་འགྲོ་བའི་སྒོ་གཅིག་དང་སྔར་བསྟན་པ་ལྟར་གྱི་སྒོ་གཅིག་སྟེ་ཕུང་པོ་ལ་བརྙས་པའི་རྩ་ལྟུང་དུ་འདྲ་བ་ལ་ལྟུང་བའི་སྒོ་གཉིས་ཡོད་པར་སེམས་སོ། །འདིར་རྩ་ལྟུང་བཀའ་འགྲེལ་ལས་དུག་ལ་སོགས་པས་རང་གི་སྲོག་བཅད་ན་རྩ་ལྟུང་ཡིན་ལ། སྦྱོར་བ་ལ་ཉེས་བྱས་སུ་བཤད་པ་ནི་ནོར་པ་ཆེན་པོ་སྟེ་རང་ཤི་ན་ལྟུང་བ་བསྐྱེད་པའི་རྟེན་མེད་པའི་ཕྱིར་རོ། །དེས་ན་འདི་རྟ་དབྱངས་ཀྱིས་མཛད་པ་མི་སྣང་ངོ༌། །རྒྱ་ཆེར་འགྲེལ་ལས་ལུས་མི་གཙང་བའི་དྲན་པ་ཉེར་གཞག་སྒོམ་པ་ལ་རྩ་ལྟུང་དུ་བཤད་པ་ལྟར་ལུས་ལ་སྡུག་བསྔལ་དང་མི་གཙང་བ་སོགས་སུ་འཛིན་པ་རྩ་ལྟུང་དུ་


JLD001_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་གཞན་ཡང་སྣང་མོད་ཀྱང་འཐད་པ་ནི་མ་ཡིན་ཏེ། རྩེ་མོ་ལས། འཁྲིག་པ་བདུན་དང་ལྡན་པ་དག །མི་སྡུག་བསྒོམས་པས་སྤང་བར་བྱ། ཞེས་མི་གཙང་བ་སྒོམ་པ་གསུངས་ཤིང་སྤྱོད་བསྡུས་ལས། རིམ་པ་འདིས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་འཇུག་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། དེ་ལ་དང་པོ་ཁོ་ནར་སྒྲུབ་པ་པོས་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་དྲན་པར་བྱས་ལ་མྱ་ངན་ལས་འདས་པའི་བདེ་བ་འདོད་པས་འདུ་འཛི་ཐམས་ཅད་ཡོངས་སུ་སྤང་བར་བྱ་ཞིང་ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ཡང་སྡུག་བསྔལ་གྱི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་མི་གཙང་བ་དང་སྡུག་བསྔལ་སྒོམ་པ་དུ་མ་སྔགས་ཀྱི་གཞུང་རྣམས་ལས་གསུངས་པའི་ཕྱིར་རོ། །རྩ་ལྟུང་དགུ་པ་བཤད་པ་ནི། རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། ཞེས་སོ། །འདི་ལ་གཉིས་ལས་ཡུལ་ནི། ཆོས་རྣམས་རང་བཞིན་དག་པ་སྟེ། རང་བཞིན་མེད་པའི་སྟོང་པ་ཉིད་སྤྲོས་པ་དང་བྲལ་བའོ། །མན་ངག་སྙེ་མ་ལས། ཆོས་ཐམས་ཅད་རང་བཞིན་མེད་པར་རྣམ་པར་དག་པ་ལ་ཐེ་ཚོམ་ཟ་བ་དང༌། ཞེས་དང༌། ཤཱནྟི་པས། དངོས་མེད་ཆོས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དེ་ལ་ནམ་ཡང་མི་སྨད་དེ། ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། ཞེས་གསུངས་པས་སོ། །རང་བཞིན་དག་པ་ལ་མི་འདྲ་བའི་བཤད་པ་མང་པོ་སྣང་ནའང་སྔ་མ་ལེགས་སོ། །རྡོ་རྗེ་སྙིང་པོ་རྒྱན་ལས། མིང་འདོགས་འབྱུང་བ་ནི་གཞུང་འདི་དང་འདྲ་ལ་དགྲ་ནག་ལས། གྲོང་བའི་ཆོས་ནི་སུན་མི་གདོན། ཞེས་པ་ལྟར་ནག་པོ་པའི་འགྲེལ་པར་ཡང་བྱུང་ནའང་དེ་ལ་


JLD001_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཁ་མི་སྣང་ངོ། །དཔལ་འཛིན་གྱི་ནག་པོའི་དཀྱིལ་ཆོག་ཏུ། འཁོར་བའི་ཆོས་ནི་ཡོང་མི་སྤང༌། ཞེས་ཀྱང་འབྱུང་ངོ། །འོན་ཀྱང་ཤཱནྟི་པས། དངོས་མེད་ཆོས་ནི་མི་སྨད་དོ། །ཞེས་འདོན་པ་དང་དཔལ་འཛིན་གྱི་དམར་པོའི་དཀྱིལ་ཆོག་ཁ་ཅིག་ལས་ཀྱང༌། ངོ་བོའི་ཆོས་རྣམས་སུན་མི་དབྱུང༌། ཞེས་འབྱུང་བས་དམར་པོའི་རྒྱུད་ལས། བཅོམ་ལྡན་ཆོས་ནི་སུན་མི་དབྱུང༌། ཞེས་པའི་དོན་ནི་ཤཱནྟི་པ་ལྟར་བྱའོ། །འདུས་པའི་རྒྱན་ལས་དམ་ཆོས་དག་ལ་ཐེ་ཚོམ་ཞེས་པ་དང༌། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་སྐལ་ལྡན་གྲགས་པས་མཛད་པ་ལས། ཐེག་ཆེན་ལ་ཐེ་ཚོམ་ཟ་བ་ཞེས་འབྱུང་ཡང་དོན་ནི་སྔར་ལྟར་བྱའོ། །བྱ་བ་ཅི་ཞིག་བྱས་པས་ལྟུང་བར་འགྱུར་བ་ནི། དེ་ལ་སོམ་ཉི་ཟ་བ་སྟེ་ཡིད་མ་ཆེས་ནས་སྤངས་པ་ཡིན་ཏེ། དམར་ནག་གི་རྒྱུད་ལས་སུན་འབྱུང་བ་ལ་གསུངས་པའི་ཕྱིར་རོ། །དེ་ལྟར་ན་སྟོང་ཉིད་ཟབ་མོ་ལ་ཡིད་མ་ཆེས་ནས། སྤོང་བ་ནི་རྩ་ལྟུང་དགུ་པ་ཡིན་ནོ། །འདི་ལ་ནག་པོ་པས་གྲུབ་མཐས་བློ་མ་བསྒྱུར་བའི་དྲང་དོན་འདོད་པ་ལ་ངེས་དོན་སྟོན་པ་སོགས་མང་པོ་ཞིག་བཤད་ནས་གཞན་གྱི་སེམས་སུན་འབྱིན་པའི་ལོག་སྒྲུབ་བྱེད་པ་ལ་བཤད་ཀྱང་ཤཱནྟི་པ་ལྟར་ལེགས་སོ། །རྩ་ལྟུང་བཅུ་པ་བཤད་པ་ནི། གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་འདི་ནི་བཅུ་པར་འདོད། ཅེས་སོ། །འདི་ལ་གཉིས་ལས་ཡུལ་ནི། དཀོན་མཆོག་གསུམ་དང་བླ་མ་སྨོད་པ་དང་བསྟན་པ་འཇིག་པ་སོགས་ཀྱི་སེམས་ཅན་མངོན་སྤྱོད་བྱ་བའི་ཡུལ་གདུག་པ་ཅན་རྣམས་ཏེ་ངན་སོང་སྦྱོང་རྒྱུད་ལས། གླན་པས་དཀོན་མཆོག་


JLD001_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྨོད་དང༌། །སངས་རྒྱས་བསྟན་ལ་གནོད་བྱེད་དང༌། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམས་ཏེ་གསད་པར་བྱ། ཞེས་སོགས་གསུངས་སོ། །བྱ་བ་ཅི་ཞིག་བྱས་པས་ལྟུང་བར་འགྱུར་བ་ནི། དེ་ལ་མཛའ་བོར་བྱས་ནས་ལུས་ངག་གིས་བྱམས་པར་བྱེད་ནའོ། །དེ་འདྲ་བ་དེ་ལ་མངོན་སྤྱོད་བྱེད་པའི་ཚེ་ནའང་སྙིང་རྗེ་ཆེན་པོ་སྐྱེད་དགོས་པར་གསུངས་པས་སེམས་ཀྱིས་བྱམས་པར་བྱེད་པ་ལ་ལྟུང་བར་བཅས་པ་མིན་ནོ། །སྔར་བཤད་པ་འདི་ལ་འགྲེལ་པ་གཉིས་དགོངས་པ་འདྲའོ། །འདི་ནི་དེ་ལ་མཛའ་བར་བྱས་པའི་ལྟུང་བ་ཡིན་གྱི་དེ་ལ་མངོན་སྤྱོད་མ་བྱས་ན་རྩ་ལྟུང་དུ་སྟོན་པ་མིན་ནོ། །འོ་ན་གདོང་དྲུག་གི་རྒྱུད་ལས། བློ་ལྡན་སྒྲུབ་པོས་སེམས་ཅན་ལ། །ཕན་པའི་སེམས་ཀྱིས་སྲོག་མི་གཅོད། ཅེས་གསུངས་ནས། གདུག་པ་རྣམས་ལ་བཟློག་སྟེ་བྱ། དངོས་སུའམ་ཡང་ན་སྔགས་དང་གཞན། །འཁྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་པ་སྟེ། །དེ་ལྟར་མི་བྱེད་དེ་ཡི་ནི། །དམ་ཚིག་ངེས་པར་ཉམས་པར་འགྱུར། ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་བསད་ནས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་དག་ལ་སོགས་པར་སྐྱེ་བར་བྱེད་ནུས་པ་དང༌། རྣམ་ཤེས་སླར་ཡང་ལུས་ལ་འཇུག་ནུས་ཤིང་སྔོན་དང་ཕྱི་མའི་མཐའ་ཤས་པའི་མངོན་ཤེས་དང་ལྡན་པ་སྙིང་རྗེ་ཆེན་པོ་ཅན་རྣམས་ཀྱིས་བྱ་བ་མ་ཡིན་པ་དེ་ལས་ཐབས་གཞན་གྱིས་བཟློག་མ་ནུས་ན་དེའི་ངན་འགྲོའི་སྡུག་བསྔལ་རྒྱུན་རིང་མྱོང་བ་དགག་པའི་ཕྱིར་དུ་མངོན་སྤྱོད་བྱ་དགོས་པར་སྟོན་པ་ཡིན་གྱི་གཞན་གྱི་མངོན་སྤྱོད་མ་བྱས་ཀྱང་ཉེས་མེད་དུ་འགྲོ་བ་ཙམ་དུ་


JLD001_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟད་བྱས་ན་ཁ་ན་མ་ཐོ་བ་ཆེན་པོ་སྐྱེད་དེ། སྡོམ་འབྱུང་གི་འགྲེལ་པ་ལས། ལས་དེ་དག་ནི་རྣལ་འབྱོར་པས་ལུས་ལས་འཕོ་བར་བྱས་ནས་མཐོ་རིས་སམ་རྣམ་པར་དག་པ་སངས་རྒྱས་ཀྱི་ཞིང་ལ་སྐྱེ་བར་བྱེད་ནུས་པའམ། རྣམ་པར་ཤེས་པ་ཀུན་ནས་གཞུག་པར་ནུས་པ་དང་ལྡན་པ་ཁོ་ནའོ། །འོན་ཀྱང་འདི་གལ་ཏེ་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་བཀག་ཀྱང་མི་ཟློག་ན། དེའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམས་ལ་མཁྱེན་པར་གསོལ་བ་བཏབ་ལ། སྙིང་རྗེ་ཆེན་པོ་བསྐྱེད་ནས་གསུངས་པ་བཞིན་དུ་བསྒྲུབ་པར་བྱའོ། །ཞེས་གསུངས་ལ་སྲོག་གཅོད་པ་སོགས་ཀྱི་གྲངས་ངེས་ཀྱི་དམ་ཚིག་རྒྱས་པར་དྲི་མེད་འོད་ལས་ཤེས་པར་བྱའོ། །འཇམ་དཔལ་རྩ་རྒྱུད་ལས་ཀྱང༌། ཙ་ནག་ཀྱ་ཞེས་བྱ་བ་གཤིན་རྗེ་གཤེད་དངོས་སུ་གྲུབ་པ་ཞིག་གིས་མངོན་སྤྱོད་བྱས་པས་ཚེ་འཕོས་ནས་མནར་མེད་དུ་སྐྱེ་བ་གསུངས་ན་གཞན་གྱིས་ལྟ་ཅི་སྨོས་ཏེ། ཇི་སྐད་དུ། ཙ་ནག་ཀྱ་ཞེས་རྣམ་བསྒྲགས་པ། །བྲམ་ཟེའི་ཁྱེའུས་ཁྲོ་བོ་གྲུབ། །གཤིན་རྗེའི་གཤེད་ཅེས་བྱ་བ་ནི། །བློ་ངན་དེས་ནི་དེ་ཡང་གྲུབ། །དེས་ནི་ཁྲོ་བས་ཟིལ་གྱིས་ནོན། །སྲོག་ཆགས་དག་གི་འཚོ་བ་བཅད། །དེ་ཚེ་རྒྱལ་པོ་གསུམ་གྱི་བར། །ཤིན་ཏུ་མི་བཟང་སྡིག་པ་བྱས། །དེ་ནི་དུས་རིང་འཚོ་བ་ཡི། །བྲམ་ཟེ་ངན་པ་འབྱུང་བར་འགྱུར། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །ལུས་དེས་ལྷ་མིན་སྟེན་པར་བྱེད། །ལྷ་མིན་ལུས་ལ་ཞུགས་ནས་ནི། །དེ་ནི་དུས་རིང་འཚོ་བར་བྱེད། །དེ་ནས་ལུས་དེ་ཞིག་ནས་ཀྱང༌། །མནར་མེད་


JLD001_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བར་ཡང་དག་འགྲོ། ཞེས་གསུངས་ཤིང༌། དེ་དེ་ནས་ཤི་འཕོས་ནས་ཀླུ་གདུག་པ་ཅན་ཞིག་ཏུ་སྐྱེ། དེ་ནས་འཕོས་ནས་རྫུ་འཕྲུལ་ཆེན་པོ་དང་ལྡན་པའི་ཡི་དྭགས་ཀྱི་རྒྱལ་པོར་སྐྱེ་བ་སོགས་གསུངས་པའི་མཐར། དེ་བས་སྔགས་ཀྱི་སྒྲུབ་པ་ནི། །མངོན་སྤྱོད་དག་ནི་ཡོངས་མི་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །མངོན་སྤྱོད་རབ་ཏུ་བཀག་པ་ཡིན། སྙིང་རྗེ་མཆོག་ལྡན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །སྔགས་རྣམས་མཐུ་བསྟན་དོན་དུ་ནི། །ལས་རྣམས་ཐམས་ཅད་བསྟན་པ་ཡིན། ཞེས་སོ། །དེས་ན་འཇམ་པོ་གསུམ་མ་གཏོགས་དྲག་ལས་རྣམས་ཕལ་ཆེར་བཀག་པས་ན་སྔགས་ནས་གསུངས་པ་ཙམ་ལ་སྙད་བཏགས་ནས་འཇུག་པར་མི་བྱའོ། །གཞུང་འདིར་གདུག་པ་ལ་བྱམས་པར་བྱས་པ་ལ་ལྟུང་བར་བཤད་པ་ལྟར་དམར་ནག་གི་རྒྱུད་དང་རྡོ་རྗེ་སྙིང་པོ་རྒྱན་དང་མན་སྙེར་ཡང་འབྱུང་ལ་སྡོམ་འབྱུང་གི་འགྲེལ་པར། གདུག་ལ་ཐོག་མ་བར་མཐར་བྱམས། ཞེས་བྱམས་པར་བྱེད་པའི་དུས་ཀྱི་ཁྱད་པར་ཡང་གསུངས་སོ། །འདུས་པའི་རྒྱན་ལས། སྡང་ལ་བྱམས་དང་དགའ་བྲལ་བས། ཞེས་དེ་ལ་རྩ་ལྟུང་དུ་བཤད་ལ། ཇོ་བོས་མཛད་ཟེར་བའི་གཞུང་འདིའི་འགྲེལ་པར་ཡང་དེ་ལྟར་བྱུང་མོད་ཀྱང་དོན་ནི་སྔར་ལྟར་བྱའོ། །བདུད་རྩི་ཟླ་བ་དང་ལཀྵ່་ཀ་རའི་འགྲེལ་པར་འདི་དང་རྩ་ཚིག་མི་མཐུན་པར་བྱུང་ཡང་དེ་དག་ནི་གཞུང་འདིའི་འགྲེལ་པ་མ་ཡིན་ནོ། །རྩ་ལྟུང་བཅུ་གཅིག་པ་བཤད་པ་ནི། མིང་སོགས་བྲལ་བའིཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། ཞེས་སོ། །འདི་ལ་གཉིས་ལས་


JLD001_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ནི། དོན་དམ་པར་མིང་དང་སོགས་ཀྱི་སྒྲས་ཚིག་དང་ངག་གི་བརྗོད་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་རྣམས་ཏེ་མན་སྙེ་ལས། ཐོག་མ་དང་ཐ་མ་དང་དབུས་ཀྱི་ཆོས་ཐམས་ཅད་སྟོང་བ་ལ་ཐོག་མ་དང་ཐ་མ་དང་དབུས་སུ་རྟོག་པ་དང༌། ཞེས་བཅུ་གཅིག་པའི་ངོས་འཛིན་ལ་གསུངས་ཤིང་སྡོམ་འབྱུང་གི་འགྲེལ་པར་ཡང༌། ཀུན་རྟོག་ཀུན་ལས་གྲོལ་བ་ནི་ཐོག་མ་དང་པར་དང་ཐ་མ་སྟེ་ཆོས་རྣམས་སྟོང་པ་ཉིད་ལ་ཐོག་མ་ལ་སོགས་པའི་རྟོག་པ་དང་བྲལ་བའོ། །ཞེས་དང༌། སྟོང་ཉིད་དེ་དང་དེར་རྟོག་པ། ཞེས་བཅུ་གཅིག་པའི་སྐབས་སུ་གསུངས་པས་སོ། །རྡོ་རྗེ་སྙིང་པོ་རྒྱན་ལས་ཀྱང༌། སྟོང་པ་ཐལ་བྱུང་ལ་རྟོག་པ། ཞེས་གསུངས་ཏེ། སྟོང་པ་ཐལ་བྱུང་ནི་རང་བཞིན་གྱི་སྟོང་པ་ཁོ་ནའི་ཆོས་རྣམས་ལ་རྟོག་ན་ཞེས་པའི་དོན་ནོ། །བྱ་བ་ཅི་ཞིག་བྱས་བས་ལྟུང་བར་འགྱུར་བ་ནི། ཆོས་རྣམས་ལ་མིང་སོགས་ཀྱི་མཚན་མ་དར་རྟོག་པ་བྱས་ན་ལྟུང་བ་སྟེ་མན་སྙེ་དང་བསྟན་པའི་ནོར་ཐམས་ཅད་བ་དང་སྡོམ་འབྱུང་གི་འགྲེལ་པ་རྣམས་ཀྱི་ཡང་དགོངས་པ་ཡིན་ནོ། །གལ་ཏེ་ཆོས་རྣམས་ལ་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་ཆོས་ཀྱི་བདག་འཛིན་མི་སྐྱེ་བ་དགོས་ན་ནི་སྒྲུབ་པར་མི་ནུས་ལ། གྲུབ་མཐའི་དབང་གིས་བདེན་པར་སྒྲོ་འདོགས་པ་ལ་བྱེད་ན་ནི་ཆོས་ཀྱི་བདག་མེད་སུན་ཕྱུང་ནས་དོར་བ་དགུ་བ་དང་ཁྱད་པར་མེད་པར་འགྱུར་ཏེ་དགུ་བ་སྟོང་ཉིད་སྟོན་པའི་བཀའ་ལ་སྐུར་པ་བཏབ་པའི་ལྟུང་བ་ཡིན་ན་དྲུག་པར་འགྱུར་བས་སོ་ཞེ་ན། འདི་ནི་ཆོས་བདག་མེད་པའི་ལྟ་བ་རྙེད་ནས་ལྟ་བ་དེ་རྒྱུན་དུ་བསྟེན་དགོས་པ་ལས་


JLD001_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མ་བསྟེན་ན་ལྟུང་བར་བཅས་པ་ཡིན་ཏེ་ཛྙཱ་ན་ཤྲཱིས་མཐའ་གཉིས་སེལ་བ་ལས། དེ་ཡང་སྔགས་པ་དག་གིས་ཐུགས་ལ་སྦྱོར་བ་ནི། དུས་དང་གནས་སྐབས་ཐམས་ཅད་དུ་ཆོས་ཐམས་ཅད་བདག་མེད་པ་སྒྱུ་མ་དག་འདྲ་བར་ལྟ་བ་དང་མི་འབྲལ་བས་གནས་པ་ཡིན་ཏེ། ཇི་སྐད་དུ། མང་དུ་སྨྲ་བ་འདིར་ཅི་དགོས། །རྡོ་རྗེ་ཐེག་བར་དེ་ཉིད་ནི། །རྣལ་འབྱོར་པ་ཡིས་གང་གང་དམིགས། །དེ་དང་དེ་ནི་སྒྱུ་མར་བལྟ། ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་སྒྱུ་མ་དང་འདྲ་བར་ལྟ་བ་དང་མ་བྲལ་བས་ཉོན་མོངས་པ་ཚེགས་མེད་པར་སྤོང་བ་དང་དགེ་བ་ལ་རློམ་སེམས་ལ་སོགས་པ་འདོར་ལ། དེ་ཉིད་ཀྱིས་དེའི་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ལུས་པ་འཐོབ་པས་ན་ཐུགས་ལ་གནས་པས་ཡོན་ཏན་ཐམས་ཅད་འཐོབ་པའོ། །ཞེས་ལྟ་བ་དར་དུས་རྒྱུན་དུ་མི་འབྲལ་བར་བྱ་དགོས་པར་གསུངས་ནས་དེ་ལྟ་ཡིན་ཡང་དབུ་མ་པ་དང་ཁྱད་པར་སྟོན་པ་ནི། དེའི་རྗེས་ནས་དེ་ལྟ་བུ་དེ་ནི་དབུ་མ་པས་ཀྱང་འདོད་པ་ཉིད་དེ་བདག་ནི་མཉམ་པར་བཞག་པའམ་ལངས་ཞེས་རློམ་སེམས་མེད། ཅེས་པ་དང༌། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། ཞེས་བྱ་བ་ལ་སོགས་པས་དུས་དང་གནས་སྐབས་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བར་བལྟ་བར་གསུངས་ཀྱི། དེ་ལས་གཞན་དུ་མ་ཡིན་ནོ་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་ལམ་དེར་ནི་སྡོམ་པའི་དབང་དུ་བྱས་ཏེ། དེ་ལྟར་མ་


JLD001_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ན་སྡོམ་པ་ཉིད་ཉམས་པ་ཞེས་མ་བཞག་ལ། དེ་ཉིད་ཀྱིས་དེ་ཤིན་ཏུ་གཡེལ་བས་བརྒྱ་ལམ་ན་ཉེས་པ་དེ་འབྱུང་བ་དང་འབྲལ་བ་ཡིན་ལ། ལམ་འདིར་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་འགལ་ཏེ། ཤེས་པ་དེ་དང་བྲལ་བན་ཐུགས་ཀྱི་དམ་ཚིག་ཉམས་པར་བཞག་པས་ན་དེས་འཇིགས་པས་བསྐུལ་ཏེ་རྟག་ཏུ་ཏིང་ངེ་འཛིན་དེ་དང་འབྲལ་བར་མི་བྱེད་ཅིང་བྲལ་བར་སྦྱང་ན་ཡང་བག་ཡོད་པས་སྡོམ་ཞིང་འཆགས་ལ་ཡང་སྦྱོར་བས་ན་རྟག་ཏུ་མ་བྲལ་བ་སྟེ། དེ་བས་ན་ཇི་ལྟར་དེ་བཞིན་གཤེགས་པས་ཐུགས་དངོས་པོར་འཛིན་པ་ལས་རྟག་ཏུ་དབེན་པ་ལྟར་སྔགས་པའི་ཤེས་པ་ཡང་རྟག་ཏུ་དངོས་པོར་འཛིན་པ་ལས་གྲོལ་ཞིང་སྒྱུ་མ་དང་འདྲ་བར་རང་བཞིན་གཅིག་པ་ལས་མི་ཕྱེད་པས་འདི་ནི་རྡོ་རྗེའི་ཐེག་པ་ཞེས་བྱ་ལ། ལམ་གཞན་པས་མྱུར་བ་ཡིན་ནོ། །དེ་བས་ན་ཐེག་པ་ཆེན་པོ་འདི་ནི་དབང་པོ་རྣོན་པོའི་དབང་དུ་བྱས་པ་ཡིན་ནོ། །ཞེས་སོ། །འདི་ལ་སྟོང་པ་ཉིད་ཀྱི་བློ་རིགས་འདྲ་བར་མ་ཆད་དུ་དགོས་ན་ཧ་ཅང་ཐལ་བས་དེ་མ་ཡིན་གྱི་ལྟ་བའི་རྩི་ན་རེ་བཞིག་དགོས་པ་ཡིན་ལ། དེ་མེད་ན་སྤྱིར་དམ་ཚིག་ཉམས་པའི་ཉེས་པ་ཙམ་ཞིག་ཡོད་མོད་ཀྱང་རྩ་ལྟུང་དུ་མི་འགྱུར་རོ། །དེས་ན་རྩ་ལྟུང་དུ་འགྲོ་བའི་ཚད་ནི་གཞན་ནས་བཟུང་པ་མི་སྣང་བས་ཇོ་བོས་མཛད་ཟེར་བའི་རྩ་ལྟུང་གི་འགྲེལ་པར། མིང་སོགས་བྲལ་བའི་ཆོས་ནི་འོད་གསལ་བ་དང་ཟུང་དུ་འཇུག་པའོ། །དེར་རྟོག་པ་ནི་དེ་གཉིས་ཀྱི་རང་བཞིན་དང་མི་མཐུན་པར་གཞན་དུ་རྟོག་པས་ཉིན་མཚན་འདས་པའོ། །ཞེས་གསུངས་པ་འདི་ཉིད་ལེགས་


JLD001_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སམ་སྙམ་མོ། །དེས་ན་སྔགས་ཀྱི་སྡོམ་ལྡན་སྦྱངས་ན་སྟོང་ཉིད་གོ་ནུས་པའི་ཤེས་རབ་དང་ལྡན་པ་ཡིན་ན་ཆོས་བདག་མེད་ཀྱི་ལྟ་བ་མ་བཙལ་ན་རྩ་ལྟུང་མི་འབྱུང་ཡང་ཉེས་པ་ཞིག་འབྱུང་བར་གསལ་ལ་ལྟ་བ་རྙེས་ནས་ནི་སྔར་ལྟར་བྱ་དགོས་སོ། །དེ་ལྟ་མ་ཡིན་པར་ལྟ་བ་གོ་མ་གོ་གང་ཡིན་ཡང་སྔགས་ཀྱི་སྡོམ་ལྡན་གྱིས་མཚན་འཛིན་གཅོད་པའི་ལྟ་བ་དང་མི་འབྲལ་བར་མ་བྱས་ན་རྩ་ལྟུང་དུ་འགྱུར་རོ་ཞེས་བསླབ་པ་འཆའ་ན་ཧ་ཅང་ཐལ་ལོ། །འོ་ན་དབུ་མ་ཁོ་ནའི་ལྟ་བ་དགོས་སམ་སེམས་ཙམ་གྱི་ལྟ་བས་ཀྱང་ཆོག་སྙམ་ན། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་བཤད་ལས། སྔགས་ཀྱི་ཚུལ་ལ་ཡང་རྣམ་པར་ཤེས་པར་སྨྲ་བ་དང་དབུ་མ་པའི་འདོད་གཞུང་གཙོ་བོར་གྱུར་པའི་ཕྱིར་རོ། །ཞེས་དཔལ་ངག་དབང་གྲགས་པས་གསུངས་པ་ལྟར་དབུ་སེམས་གཉིས་གང་རུང་གི་ལྟ་བས་ཆོག་གོ །འཕགས་པའི་ཡུལ་དུ་རྣལ་འབྱོར་སྤྱོད་པའི་ལྟ་བ་འཛིན་པའི་རྡོ་རྗེ་སློབ་དཔོན་མཚན་ཉིད་ཚང་བ་དུ་མ་ཞིག་བྱོན་སྣང་བས་རྩ་ལྟུང་དགུ་བ་ཡང་སྦྱིར་ཆོས་ཀྱི་བདག་མེད་ཙམ་སུན་ཕྱུང་བ་ལ་བྱའི་དབུ་སེམས་ཕན་ཚུན་དུ་གྲུབ་མཐའ་ལ་སུན་འབྱིན་མཛད་པ་རྣམས་ལ་མི་བྱའོ། །རྩ་ལྟུང་འདི་ལ་འདུས་པའི་རྒྱད་ལས། ཆོས་ལ་མཐའ་གཉིས་སྒྲོ་འདོགས་པས། ཞེས་འབྱུང་བ་ནི་སྔ་མ་རྣམས་དང་མཐུན་ཞིང་དམར་ནག་གི་རྒྱུད་ལས་ཆོས་ལ་ཚད་འཇལ་བར་བྱེད་པ་ལ་གསུངས་ཤིང༌། གུར་ལས་ཀྱང༌། དེ་ལྟར་འབྱུང་བ་ལ་ཤཱནྟི་པས་ནི་ཆོས་ཀུན་རྫོབ་ཀྱི་བདེན་པ་ཇི་ལྟར་གསུངས་པ་རྣམས་ལ་ལུང་དང་མན་ངག་མེད་པར་རང་དགར་རྟོག་གེ་ཙམ་ལ་བརྟེན་ནས་འཇུག་


JLD001_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བཤད་དོ། །ནག་པོ་པས་དོན་རང་གི་མཚན་ཉིད་རིག་པའི་རྟོགས་པའི་ཆོས་མིང་ཚིག་ཡི་གེ་དང་བརྡ་དང་བརྗོད་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ལ་ཡིན་མིན་རྩོད་པ་དང་ཡོད་མེད་དུ་རྟོག་པ་དང་གཞན་ལུང་རིགས་ཀྱིས་བྲིད་ནས་ཐེ་ཚོམ་ཟར་འཇུག་པ་ལ་འཆད་དོ། །འོན་ཀྱང་རྒྱུད་སྡེ་དེ་རྣམས་ཀྱི་དོན་བསྡུས་པའི་གཞུང་འདི་མཛད་པའི་སློབ་དཔོན་གྱི་དགོངས་པ་ནི་ཨབྷྱ་ཀ་ར་དང་དྲི་མེད་སྤས་པ་དང་རཏྣ་རཀྵི་ཏ་ལ་སོགས་པ་མང་པོས་སྔར་ལྟར་བཀྲལ་བ་ཡིན་པར་སྣང་བས་འདིར་ནི་གཞུང་འདིས་བཀྲལ་བ་འདི་ལ་ཚད་མར་བྱའོ། །དེ་ལྟར་ན་ཆོས་བདག་མེད་པའི་ལྟ་བ་ཡོད་བཞིན་དུ་མ་བསྐྱངས་པར་ཞག་གཅིག་འདས་ན་རྩ་ལྟུང་བཅུ་གཅིག་པའོ། །རྩ་ལྟུང་བཅུ་གཉིས་པ་བཤད་པ་ནི། སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། ཞེས་སོ། །འདི་ལ་གཉིས་ལས་ཡུལ་ནི། དམར་ནག་གི་རྒྱུད་དང་རྡོ་རྗེ་སྙིང་པོ་རྒྱན་དང་མན་སྙེ་དང་འདུས་པའི་རྒྱན་རྣམས་འདི་དང་འདྲ་ལ། གུར་ལས། སྐལ་ལྡན་སེམས་ཅན་ཞེས་འབྱུང་བས་ལམ་གྱི་སྣོད་དུ་རུང་བའི་སེམས་ཅན་དད་པ་དང་ལྡན་པའོ། །དད་ཚུལ་ནི་ནག་པོ་པས་མ་བཤད་ལ་ཤཱནྟི་པས། དད་ལྡན་སེམས་ཅན་ཞེས་བྱ་བ་ནི་བདག་གི་ཕའི་བགོ་སྐལ་གྱི་ཡུལ་ལ་རབ་ཏུ་དང་བ་སྟེ། ཞེས་གསུངས་པས་རང་གི་བླ་མས་སློབ་མ་ལ་བགོ་བཤའ་བྱེད་པའི་གདམས་པ་ལ་རབ་ཏུ་དད་པའོ། །དེ་ཡང་སྐབས་ཀྱི་དབང་གིས་ཐེག་པ་མཆོག་གི་ལམ་སྟོན་པ་ལ་བྱའོ། །བྱ་བ་ཅི་ཞིག་བྱས་པས་ལྟུང་བར་འགྱུར་བ་ནི། རྡོ་རྗེ་སྙིང་པོ་རྒྱན་དང་གུར་དང་མན་སྙེ་དང་འདུས་


JLD001_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱན་དང་སྡོམ་འབྱུང་གི་འགྲེལ་པ་རྣམས་འདི་དང་འདྲ་ལ་དམར་ནག་གི་རྒྱུད་ལས་སེམས་ཅན་དེ་སླུ་བ་ལ་བཤད་པ་ནི་ནག་པོ་པས་ཀྱང་དེ་བཞིན་དུ་མཛད་ལ། ཤཱནྟི་པས་དད་ལྡན་སེམས་ཅན་བཟློག་པ་ཡིན། ཞེས་པར་འདོན་ཞིང་དེའི་སེམས་ཟློག་ལུགས་མ་བཤད་དོ། །འོན་ཀྱང་འདུན་པ་ཟློག་འདོད་ཀྱི་བསམ་པས་དེའི་སེམས་སུན་འབྱིན་པ་བྱས་ནའོ། །འདི་ལ་འདུན་པ་ལོག་པ་དགོས་སམ་མི་དགོས་ཤེ་ན། འགྲེལ་པ་བདུད་རྩིའི་ཆུ་རྒྱུན་དང་བདུད་རྩི་ཟླ་བ་དང་རྒྱ་ཆེར་འགྲེལ་རྣམས་ལས་ལོག་པའི་དབང་དུ་བྱས་ནས་འཆད་དེ་རྩ་ལྟུང་དུ་འགྲོ་བ་ལ་དེ་དགོས་པ་འདྲའོ། །ནག་པོ་པས་བྲེ་སྲང་སོགས་ལ་གཡོ་བྱེད་པ་དང་སྒྱུ་མ་དང་འཁྲུལ་འཁོར་གྱི་སྦྱོར་བས་སླུ་བ་དང་ཆོས་ལོག་བསྟན་ནས་སླུ་བ་སོགས་ལ་བཤད་ནས་དེ་དག་གི་ནང་ནས་རྩ་ལྟུང་གང་ལ་སྐྱེད་པའི་གསལ་ཁ་མ་མཛད་དོ། །འོན་ཀྱང་ཤཱནྟི་པས་གཞུང་འདི་དང་མཐུན་པར་སེམས་ཟློག་པ་ནག་པོའི་རྒྱུད་ཀྱི་དོན་དུ་བཤད་པ་ལ་མཁས་པ་གཞན་ཡང་ཤིན་ཏུ་མང་བར་སྣང་བས་སེམས་སུན་ཕྱུང་བའི་རྩ་ལྟུང་དུ་བྱས་ན་ལེགས་པར་མངོན་ནོ། །དེ་ལྟར་ན་ཐེག་ཆེན་གྱི་སྣོད་རུང་གི་སེམས་ཅན་ཐེག་པ་མཆོག་གི་གདམས་པ་འགའ་ཞིག་ལ་དད་པ་ལ། དེའི་འདུན་པ་ཟློག་འདོད་ཀྱི་སེམས་སུན་འབྱིན་པའི་ཐབས་བྱས་ནས་འདུན་པ་ལེག་ན་རྩ་ལྟུང་བཅུ་གཉིས་པའོ། །རྩ་ལྟུང་བཀའ་འགྲེལ་སོགས་ནས་དད་ལྡན་ལ་ཆོས་ལོག་པར་བསྟན་པ་འདིའི་དོན་དུ་འཆད་ཀྱང་དེ་ནི་སྦོམ་པོར་གསུངས་པས་འདིའི་སྐབས་དོན་དུ་མི་སྣང་ངོ༌། །རྩ་ལྟུང་བཅུ་གསུམ་པ་བཤད་པ་ནི། དམ་ཚིག་ལ་ནི་ཇི་བཞིན་


JLD001_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད། །མི་བསྟེན་པ་ནི་བཅུ་གསུམ་པ། ཞེས་སོ། །འདི་ལ་གཉིས། བླ་མེད་ཀྱི་རྩ་ལྟུང་དུ་འགྲོ་ཚུལ་དང༌། རྣལ་བྱོར་རྒྱུད་ཀྱི་རྩ་ལྟུང་དུ་འགྲོ་ཚུལ་ལོ། །དང་པོ་ལ་གཉིས་ལས་ཡུལ་ནི། དམ་ཚིག་ཅེས་པ་སྟེ་སྤྱིར་བཟའ་བསྲུང་གི་དམ་ཚིག་གཉིས་ཡོད་ཀྱང་འདིར་བཟའ་བ་དང་ལོངས་སྤྱོད་པའི་དམ་ཚིག་ལ་དཱ་རི་ཀ་པས་གསུངས་པ་ལྟར་བྱའོ། །ཤཱནྟི་པས་བདུད་རྩི་ལྔའི་དམ་རྫས་བྱིན་གྱིས་བརླབས་ནས་མི་སྤྱོད་པ་ལ་བཤད་པ་ནི་ཕྱོགས་གཅིག་མཚོན་པ་ཙམ་མོ། །བྱ་བ་ཅི་ཞིག་བྱས་པས་ལྟུང་བར་འགྱུར་བ་ནི། དམ་ཚིག་གི་རྫས་དེ་ལ་ཇི་ལྟ་བ་བཞིན་དུ་མི་བསྟེན་ནའོ། །དམ་རྫས་ཇི་འདྲ་བ་ཞེ་ན། དམ་ཚིག་ཅན་གྱིས་བསྟབས་པ་ལས་རྙེད་པའམ་ཐོབ་པའོ། །འདི་ནི་ཚོགས་འཁོར་རམ་དཔའ་བོའི་སྟོན་མོའམ་དབང་མོའི་སྟོན་མོའི་ཆོ་ག་ཚུལ་བཞིན་དུ་བྱེད་པའི་ཚེ་དམ་རྫས་བཟའ་བཏུང་ཤ་ལྔ་ལ་སོགས་པ་བསྟབས་པའི་ཚེ་མི་གཙང་བའི་བསམ་པའམ་ཐེ་ཚོམ་ཟོས་ནས་དང་དུ་མི་ལེན་པའོ། །སྙིང་པོ་རྒྱན་ལས། འདོད་པའི་བསྟན་བཅོས་ལས་འབྱུང་ལྟར། །གཉིས་ཀའི་ལོགས་སྤྱོད་ལ་རབ་གནས། །ཕན་ཚུན་དམ་ཚིག་གཏམ་སྨྲ་ཞིང༌། །དགའ་བའི་སེམས་ཀྱིས་འོངས་པ་དང༌། །མདོར་ན་རྩ་བ་ཉམས་འགྱུར་བས། །འབད་པས་དམ་ཚིག་ལེགས་དྲན་བྱ། ཞེས་ཚོགས་འཁོར་གྱི་སྐབས་སུ་རིག་མས་འདོད་པ་བསྟབས་པ་དང་དུ་མ་བླངས་ན་རྩ་ལྟུང་དུ་བཤད་དེ་རྒྱུད་ནས་བཤད་པ་ལྟར་གྱི་རིག་མ་བསྟེན་པའི་ནུས་པ་ཐོབ་པ་དང་དགག་བྱ་གཞན་མེད་པའི་རྟེན་འགའ་ཞིག་ལ་ཡིན་ནོ། །དེ་ནི་སྐབས་གཞན་དུའང་དམ་ཚིག་


JLD001_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་འགྱུར་བར་སཾ་བྷཱུ་ཊ་ལས་གསུངས་སོ། །དེ་ལྟར་མི་ནུས་པ་དང་རབ་བྱུང་གིས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་རྟེན་པ་ཙམ་བྱ་སྟེ། དམ་ཚིག་ལྔ་པ་ལས། ཕྱི་རོལ་དམ་པའི་ཕྱག་རྒྱས་འཁྱུད། །རང་གི་སློབ་མས་ཡོངས་སུ་བསྐོར། །དེས་ཀྱང་རང་རིག་མ་ལ་འཁྱུད། །མི་ནུས་བསམ་གཏན་དག་གིས་བྱ། ཞེས་དམིགས་བསལ་གསུངས་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོ་རྒྱན་ལས། དམ་ཚིག་དང་ལྡན་རྩེ་མི་བྱེད། ཅེས་གསུངས་པ་ཡང་དེ་འདྲ་བ་ལ་དགོངས་པ་འདྲའོ། །དམ་ཚིག་རྡོ་རྗེ་དང་རྒྱ་ཆེར་འགྲེལ་ལས། རྩ་བ་དང་ཡན་ལག་གི་བསྲུང་བའི་དམ་ཚིག་མི་བསྟེན་པ་ལ་བཤད་པ་ནི་ལེགས་པར་མ་མཐོང་ངོ༌། །ལྟུང་བ་འདིའི་མིང་འདོགས་ནི་མན་སྙེ་དང་འདུས་པའི་རྒྱན་དང་སྡོམ་འབྱུང་གི་འགྲེལ་པར་ཡང་འདི་བཞིན་དུ་འབྱུང་ངོ༌། །གཉིས་པ་ལ་ཡུལ་ནི། དམ་ཚིག་ཅེས་པ་སྟེ་རྡོ་རྗེ་དང་དྲིལ་བུ་དང་ལག་པའི་ཕྱག་རྒྱ་ལ་སོགས་པ་རྣམས་སོ། །ཅི་ཞིག་བྱས་པས་ལྟུང་བར་འགྱུར་བ་ནི། རྡོར་དྲིལ་དང་ཕྱག་རྒྱ་ལ་སྨད་ནས་དེ་དག་མི་བསྟེན་པར་དོར་ན་ལྟུང་བའོ། །སྨོད་ཚུལ་ནི་དཔལ་མཆོག་དུམ་བུ་གཉིས་པའི་འགྲེལ་ཆེན་ལས། དད་པ་མེད་པས་བཞད་གང་བྱེད། ཅེས་གསུངས་པ་ལ་རྡོ་རྗེ་ལ་སོགས་པ་འདིས་ཅི་ཞིག་བྱ་སྒོམ་པ་ཁོ་ན་གཙོ་བོར་འགྱུར་བ་ཡིན་ཏེ། ལག་པ་རྣམ་པར་འགྱུར་བ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་སྐྱེ་བོའི་ཚོགས་ཀྱི་ནང་དུ་གནས་ནས་སྨོད་པ་གང་ཡིན་པ་འདི་ནི་དམ་ཚིག་ལས་འདས་པའོ། །ཞེས་གསུངས་པ་ལྟར་ཡིན་ལ་དེ་དག་ལ་ཕམ་པར་གསུངས་པ་ནི་སྔར་དྲངས་ཟིན་ནོ། །གལ་ཏེ་འདི་ནི་ཁྱད་གསོད་ཡིན་པས་དེའི་ལྟུང་བ་ནི་རྩ་ལྟུང་གཉིས་པ་


JLD001_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་བཅུ་གསུམ་པ་མིན་ནོ་ཞེ་ན། སྐྱོན་མེད་དེ་རྩ་ལྟུང་གཉིས་པ་ནི་འདི་ཙམ་ལས་འདས་ཀྱང་ཉེས་པ་ཅིར་ཡང་མི་འགྱུར་ཞེས་བཅས་པ་ཁྱད་དུ་གསད་ནས་བཅས་མཚམས་ལས་འདས་པ་ཡིན་ལ། འདི་ནི་སྔར་དཔལ་མཆོག་འགྲེལ་བའི་ལུང་དྲངས་པ་ལྟར་ཡིད་ཀྱིས་རྣལ་འབྱོར་སྒོམ་པ་ཡོད་ན་དེ་ཙམ་གྱིས་རྡོར་དྲིལ་སོགས་ཀྱི་དགོས་པ་འགྲུབ་པས་དེ་དག་མི་དགོས་སོ། །ཞེས་དམ་ཚིག་བསྟེན་པ་དོར་བ་ཡིན་པས་ཁྱད་པར་ཆེ་བའི་ཕྱིར་རོ། །སྔ་མ་ནི་འོག་མ་ལ་བཅས་པའི་རྩ་ལྟུང་མིན་ཡང་འདི་ནི་གཉིས་ཀ་ལ་རྩ་ལྟུང་དུ་འགྱུར་སྣམ་མོ། །དམར་ནག་གི་རྒྱུད་ལས། རྟག་ཏུ་དམ་ཚིག་བསྟེན་པར་བྱ། ཞེས་དམ་ཚིག་མི་བསྟེན་པའི་ལྟུང་བར་བཤད་དོ། །སྔར་བཤད་པ་དེ་འདྲ་བ་ནི་རྩ་ལྟུང་བཅུ་གསུམ་པའོ། །རྩ་ལྟུང་བཅུ་བཞི་པ་བཤད་པ་ནི། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། ཞེས་སོ། །འདི་ལ་གཉིས་ལས་ཡུལ་ནི། བུད་མེད་ཀྱི་ཚུལ་འཛིན་པའི་རྡོ་རྗེ་ཕག་མོ་སོགས་འཇིག་རྟེན་ལས་འདས་པ་རྣམས་དང༌། བུད་མེད་མཚན་ཉིད་པ་གང་ཡག་རུང་བ་གཅིག་གོ །ཤེས་རབ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ལ། རང་བཞིན་ནི་འདིར་འབྱུང་བའི་དོན་ཏེ་རྣལ་འབྱོར་པ་ལ་དེ་སྐྱེད་པར་བྱེད་པའི་བྱེད་པ་པོར་གསུངས་པའོ། །བྱ་བ་ཅི་ཞིག་བྱས་པས་ལྟུང་བར་འགྱུར་བ་ནི། དེ་ལ་སྨོད་པར་བྱེད་ནའོ། །སྨོད་ལུགས་ནི་སྔ་མ་ལ་སྐྱོན་གདགས་འདོད་ཀྱི་ཀུན་སློང་གིས་སྐྱོན་གང་ཡང་རུང་བ་བརྗོད་པ་ཡིན་ལ། ཕྱི་མ་ལ་ནི་སྐྱོན་གདགས་འདོད་ཀྱི་ཀུན་སློང་གིས་བུད་མེད་ཀྱི་རྟེན་སྤྱི་ལ་


JLD001_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སྨོད་ཚིག་ཏུ་འགྲོ་བའི་སྐྱོན་བརྗོད་བྱས་པ་སྟེ། དེ་ཡང་བུད་མེད་ཀྱི་གོ་བ་དགོས་པར་བདུད་རྩི་ཟླ་བ་དང་ལཀྵི་ཀ་རས་བཤད་པ་ནི་ཕྱི་མ་ལ་དགོས་སམ་སྙམ་མོ། །དུས་འཁོར་དང་དཱ་རི་ཀ་པས་བུད་མེད་སྤྱི་ལ་བཤད་ཅིང་མན་སྙེ་དང་སྡོམ་འབྱུང་གི་འགྲེལ་པར་ཡང་དེ་བཞིན་དུ་འབྱུང་བ་ནི་གཞུང་འདི་དང་མཐུན་པར་སྣང་ལ། སྔར་ཀ་མ་ངྷེ་ནུའི་ལུང་དྲངས་པ་ལྟར་དང་དགྲ་ནག་གི་འགྲེལ་པ་གཉིས་ལས་ཀྱང་རྡོ་རྗེ་ཕག་མོ་ལ་སོགས་པ་བུད་མེད་ཀྱི་གཟུགས་འཛིན་པ་ལ་སྨད་པ་རྩ་ལྟུང་དུ་བཤད་པ་ནི་རྒྱུད་སྡེ་གཉིས་ཀའི་ཐུན་མོང་ངོ༌། །འདིར་དམ་ཚིག་རྡོ་རྗེས་ཀུ་རུ་ཀུལླེ་ལ་སོགས་པ་དང་རང་གི་ཕྱག་རྒྱའི་བུད་མེད་ལ་སྨད་པ་ལ་རྩ་ལྟུང་དང་བུད་མེད་གཞན་ལ་ཤན་འདྲ་རུ་མཛད་ཅིང་འདུས་པའི་རྒྱན་ལ་སོགས་པ་འགའ་ཞིག་ལས་ཀྱང་རང་གི་རིག་མ་ཁྱད་པར་ཅན་ལ་སྨད་པ་ལ་བཤད་པ་སྣང་ནའང་རང་གི་ལུགས་ནི་རང་གི་ཕྱག་རྒྱ་ལྟ་བུ་ལ་ལྕི་བའི་ཁྱད་པར་ཡོད་མོད་ཀྱང་རྩ་ལྟུང་དུ་འགྲོ་བའི་མཚམས་སྔ་མ་ལྟར་རོ། །ཤཱནྟི་པས་རྩོད་པའི་དུས་འདིར་འགྲོ་བ་རྣམས་བུད་མེད་ལ་རབ་ཏུ་ཞེན་པས། དེ་རྣམས་གདུལ་བའི་ཕྱིར་བུད་མེད་དུ་སྤྲུལ་པའི་ལྷ་རྣམས་འདི་ན་གནས་པས་མི་སྨོད་ཅེས་སམ་བུད་མེད་ཀྱི་ཁྲོད་ན་རྡོ་རྗེ་ཕག་མོ་སོགས་གནས་པས་དེས་ན་གང་ཡིན་མི་ཤེས་པས་བུད་མེད་རྣམས་ལ་མི་སྨོད་པར་བཞེད་པའི་ཕྱིར་བཅས་པའི་སྤྱི་མཚམས་འཛིན་པ་ལ་བུད་མེད་ཙམ་ནས་བྱེད་པར་གསལ་ལོ། །དེས་ན་འགྲེལ་བ་དེར་གོང་དུ་རྡོ་རྗེ་ཕག་མོ་ལ་སོགས་པ་ལ་བུད་མེད་དུ་བཤད་ཀྱང་དེ་དག་ཁོ་ན་ལ་བཞེད་པ་མིན་ནོ། །ཡང་ཤཱནྟའི་པས་དེ་ལྟར་འགྱུར་བའི་ཤེས་བྱེད་དུ་འདུས་པ་རིན་


JLD001_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་ཏོག་ལས། ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ཅེས་བྱ་བ་དེ་ལུས་བརྒྱན་ཏེ་བུད་མེད་དུ་བསྒྱུར་ནས་རྒྱལ་བ་ཚེ་དཔག་མེད་ཀྱི་སྤྱན་སྔ་ན་འཁོད་པ་ལ། བརྒྱ་བྱིན་གཙུག་ཕུད་འཛིན་གྱིས་སྲིད་མོ་དེ་བཞིན་གཤེགས་པའི་སྤྱན་སྔར་མ་འདུག་ཅིག །བག་མེད་པར་མ་བྱེད་ཅིག་ཅེས་སོགས་སྨྲས་པ་ན། སངས་རྒྱས་དེས་ལྷའི་དབང་པོ་རྟོགས་ལ་སྨྲོས་ཤིག །ཁྱོད་ལ་དེས་མི་སྡུག་པའི་འབྲས་བུར་གྱུར་ཏ་རེ། འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་དུ་བུད་མེད་དུ་སྤྲུལ་པ་ཡིན་གྱི། འདི་ལ་བུད་མེད་ཅེས་མ་བརྗོད་ཅིག་ཅེས་བཀའ་སྩལ་པ་དང༌། བརྒྱ་བྱིན་གྱིས་དེ་ལ་བཟོད་པར་གསོལ་ཞིང༌། དེ་སྐད་སྨྲས་པའི་འབྲས་བུ་མི་སྡུག་པ་ཐོབ་བར་མ་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་བྱང་སེམས་ལྟད་མོ་ཅན་གྱིས་བརྒྱ་བྱིན་གྱིས་དེ་མ་བཤགས་ན་རྣམ་སྨིན་ཅི་འདྲ་བར་འགྱུར། ཞེས་ཞུས་པ་དང༌། མ་བཤགས་ན་ཚེ་རབས་བརྒྱད་ཁྲི་བཞི་སྟོང་དུ་བུད་མེད་དུ་སྐྱེའོ། །དེས་ན་ངག་གི་ལས་བསྲུང་བར་བྱའོ། །ཞེས་གསུངས་པ་འདི་དྲངས་སོ། །དམར་ནག་གི་རྒྱུད་དང་རྡོ་རྗེ་སྙིང་པོ་རྒྱན་ལས་བུད་མེད་ལ་སྨོད་པའི་ཉེས་པར་བཤད་ལ། གུར་ལས་བཙུན་མོ་རྣམས་ལ་བརྙས་པ་ཞེས་ཀྱང་འབྱུང་ངོ༌། །བུད་མེད་རང་བཞིན་པ་ལ་སྨད་པའི་རྩ་ལྟུང་ནི་རྣལ་འབྱོར་རྒྱུད་ལ་མི་སྦྱར་རོ། །འདིར་ཁ་ཅིག་བུད་མེད་ཀྱིས་ནི་སྐྱེས་པ་ལ་སྨད་ན་རྩ་ལྟུང་དུ་སྨྲ་བ་ནི་རྒྱ་གཞུང་ཁུངས་མ་གང་ནས་ཀྱང་མ་བཤད་ལ་དོན་གྱིས་ཐོབ་པ་ཡང་མ་ཡིན་ཏེ། རྒྱུད་དང་རྒྱ་འགྲེལ་ཁུངས་མ་དེ་དག་ནས་སྔར་བཤད་པ་


JLD001_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འབྱུང་བའི་རྩ་ལྟུང་དེ་དག་ནི་སྐྱེས་པ་དང་བུད་མེད་ཀྱི་རྟེན་སོ་སོར་མ་ཕྱེ་བར་སྔགས་ཀྱི་སྡོམ་ལྡན་སྤྱིའི་ལྟུང་བར་གསུངས་པ་ཡིན་པའི་ཕྱིར་རོ། །སྔར་བཤད་པ་དེ་འདྲ་བའི་ལྟུང་བ་དེ་ནི་རྩ་ལྟུང་བཅུ་བཞི་པའོ། །གཉིས་པ་ནི། ད་ནི་རྩ་ལྟུང་རྣམས་ཀྱི་བསྡུ་པ་བཤད་པར་བྱ་སྟེ། ལྟུང་པ་འདི་རྣམས་གསུངས་པ་ནི་ཁ་ན་མ་ཐོ་པ་ཆེན་པོ་རྣམས་དགག་པའི་ཕྱིར་དུ་བཅས་པ་ཡིན་ལ། གང་ལ་བརྟེན་ནས་ཉེས་པ་རྣམས་འབྱུང་བའི་ཡུལ་གྱི་གཙོ་བོ་ནི་གསུམ་སྟེ། འདི་ལྟར་རང་ལ་ཆོས་སྟོན་པ་པོ་དང༌། ཆོས་སྒྲུབ་པའི་གྲོགས་དང༌། ཉམས་སུ་བླང་བྱའི་ཆོས་སོ། །དང་པོ་ལ་དམིགས་པའི་ཁ་ན་མ་ཐོ་བ་འགོག་པ་ནི་ལྟུང་བ་དང་པོའི་བཅས་པའོ། །གྲོགས་ལ་གཉིས་ཏེ། ཡང་དག་པའི་གྲོགས་དང༌། ཕྱིན་ཅི་ལོག་གི་གྲོགས་སོ། །དང་པོ་ལ་ལོག་པར་སྒྲུབ་པ་འགོག་པ་ནི་ལྟུང་བ་གསུམ་པ་དང་བཅུ་གཉིས་པའི་བཅས་པའོ། །གཉིས་པ་ལ་མཛའ་བར་བྱེད་པ་འགོག་པ་ནི་བཅུ་པའི་བཅས་པའོ། །ཆོས་ལ་གཉིས་ཏེ་ལུང་དང་སྒྲུབ་པའི་ཆོས་སོ། །ལུང་ལ་ཁྱད་གསོད་ཀྱིས་འཇུག་པ་དང་བཀའ་མ་ཡིན་ནོ་ཞེས་སྐུར་པ་འདེབས་པ་དང༌། བསྟན་པ་མི་འོས་པ་ལ་སྟོན་པ་འགོག་པ་ནི་ལྟུང་པ་གཉིས་པ་དང་དྲུག་པ་དང་བདུན་པའི་བཅས་པའོ། །སྒྲུབ་པའི་ཆོས་ལ་གསུམ་སྟེ། ལམ་གྱི་རྟེན། ལམ་གྱི་གོ་བོ། ལམ་གྱི་ཡན་ལག་གོ །ལམ་གྱི་རྟེན་ལ་གང་གི་ཆེད་དུ་སེམས་བསྐྱེད་པའི་སེམས་ཅན་ལ་ལོག་པར་སྒྲུབ་པ་དང་སེམས་རང་གི་ངོ་བོ་འདོར་བ་འགོག་པ་ནི་ལྟུང་བ་བཞི་བ་དང་ལྔ་པའི་བཅས་པའོ། །ལམ་གྱི་ངོ་བོ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །དང་


JLD001_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི་གང་ལྷར་སྒོམ་པའི་གཞི་ཕུང་པོ་ལ་བརྙས་པ་འགོག་པ་ནི་ལྟུང་བ་བརྒྱད་པའི་བཅས་པའོ། །རྫོགས་རིམ་ལ་གཉིས། སྟོང་པ་ཉིད་དང་པོ་ནས་སྤང་བ་དང་རྟོགས་ཀྱང་ཡིད་ལ་བྱེད་པ་འདོར་བའོ། །དེ་གཉིས་འགོག་པ་ནི་དགུ་པ་དང་བཅུ་གཅིག་པའི་བཅས་པའོ། །ལམ་གྱི་ཡན་ལག་ལ་གཉིས། ལམ་གྱི་གཞི་དམ་ཚིག་དང༌། ལམ་གྱི་གྲོགས་བུད་མེད་དོ། །དང་པོ་མི་བསྟེན་པ་དང་གཉིས་པ་ལ་སྨོད་པ་འགོག་པ་ནི་ལྟུང་བ་བཅུ་གསུམ་པ་དང་བཅུ་བཞི་པའི་བཅས་པའོ། །ཇོ་བོས་མཛད་ཟེར་བའི་རྩ་ལྟུང་གི་འགྲེལ་པ་དང་ལཀྵ່་ཀརས་བྱས་པའི་འགྲེལ་པར་སྡུད་ཆུལ་གཞན་ཡང་བཤད་དོ། །གཉིས་པ་སྲུང་འདོད་བསྐྱེད་པ་ལ་གཉིས། བསྲུངས་པའི་ཕན་ཡོན་བསམ་པ་དང༌། མ་བསྲུངས་པའི་ཉེས་དམིགས་བསམ་པའོ། །དང་པོ་ནི་སྔགས་པས་འདི་དག་སྤངས་ན་ནི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། ཞེས་གསུངས་ཏེ། ཐོབ་པར་འགྱུར་རོ། །གང་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དོ། །གང་གིས་ན་གསང་འདུས་ཀྱི་བཤད་སྦྱར་སྙིམ་པའི་མེ་ཏོག་གི་ལེའུ་བཅོ་བརྒྱད་བའི་འགྲེལ་པ་ལས། སྔགས་ནི་རང་གི་ལྷའོ། །དེ་འདི་ལ་ཡོད་པས་ན་སྔགས་པ་སྟེ་དེའི་ང་རྒྱལ་བརྟན་པར་གནས་པའོ། །ཞེས་གསུངས་པ་ལྟར་རང་གི་ལྷའི་ཏིང་ངེ་འཛིན་གྱི་སྔགས་དང་ལྡན་པའི་སྒྲུབ་པ་པོ་རྣམས་ཀྱིས་སོ། །ཅི་ཞིག་བྱས་ན་འཐོབ་ཅེ་ན། སྔར་བཤད་པའི་རྩ་ལྟུང་འདི་དག་གིས་མ་གོས་པར་བྱས་ནས་སྤངས་ན་ནི་འཐོབ་བོ། །དེ་ལྟར་


JLD001_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་ནི་ཐེ་ཚོམ་མེད་པར་དངོས་གྲུབ་འཐོབ་པས་ན་ངེས་པར་ཞེས་སྨོད་པ་སྟེ་རྐང་པ་གཉིས་པོ་དེ་རྡོ་རྗེ་སྙིང་པོ་རྒྱན་ན་སྣང་ངོ༌། །དངོས་གྲུབ་འགྲུབ་ལུགས་ནི་ཐོད་པའི་བཀའ་འགྲེལ་དུ་ས་ར་ཧས། དེ་ཡང་གསང་བའི་མཛོད་ལས་གསུགས་པ། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་བསྒོམས་པར་ཡང་དངོས་གྲུབ་འཐོབ། །གང་ལ་སྒོམ་པ་དང་ལྡན་ཞིང༌། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་གྲུབ། །སྐྱེ་བ་གཞན་དུ་དགོས་གྲུབ་འཐོབ། །རེ་ཤིག་དམ་ཚིག་ཉམས་པ་ལ། །དངོས་གྲུབ་ཐོབ་པ་ལྟ་ཞོག་གི །མི་ཡི་སྐྱེ་བའང་རྙེད་པར་དཀའ། །ཞེས་གསང་བའི་མཛོད་ཀྱི་ལུང་དྲངས་པ་ལྟར་ཏེ་ཚེ་འདིར་འབད་པ་ཆེན་པོས་མ་བསྒོམས་ཀྱང་སྐྱེ་བ་བདུན་ན་དངོས་གྲུབ་འགྲུབ་པ་དང་དེ་ཡང་རྣལ་འབྱོར་ཅུང་ཟད་སྒོམ་པ་དང་དམ་ཚིག་དང་སྡོམ་པ་དག་པས་འགྲུབ་ཀྱི་དམ་ཚིག་ཉམས་ན་དགོས་གྲུབ་འགྲུབ་པ་ལྟ་ཞོག་ངན་འགྲོར་འགྲོ་བས་བདེ་འགྲོ་ཡང་རྙེད་དཀའོ་ཞེས་གསུངས་སོ། །དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ལ་འགྲུབ། ཅེས་དང༌། བིབྷཱུ་ཏཱི་ཙནྟྲས་ཀྱང༌། མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། ཅེས་གསུངས་པས་རྩ་བ་དང་ཡན་ལག་གི་ཉེས་པས་མ་གོས་པའམ་གོས་ཀྱང་ཕྱིར་བཅོས་ཚུལ་བཞིན་དུ་བྱས་ནས་དམ་ཚིག་དང་སྡོམ་པ་དག་པར་བསྲུང་ན་སྐྱེ་བ་བཅུ་དྲུག་ཚུན་ལ་མཆོག་འགྲུབ་པར་གསུངས་སོ། །བདུན་དང་བཅུ་དྲུག་གི་ཁྱད་པར་ནི་བིབྷཱུ་ཏཱི་ས་མ་


JLD001_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་གྱུར་ཀྱང་ཞེས་བཤད་པ་ལྟར་ལམ་སྒོམ་པའི་བརྩོན་པ་དང་ལྡན་མི་ལྡན་ཡིན་ཏེ་སྔ་མ་ལ་གང་ཡང་སྒོམ་པ་དང་ལྡན་ཞེས་གསུངས་པས་སོ། །དེ་ཡང་གལ་ཏེ་ལས་དབང་གིས་མ་གྲུབ། ཅེས་གསུངས་པ་ལྟར་ཚེ་འདི་ལ་མཆོག་འགྲུབ་མ་ནུས་པའི་ལམ་སྒོམ་པའི་བརྩོན་བ་ཅན་དམ་ཚིག་དག་པས་སྐྱེ་བ་བདུན་ཚུན་ཆད་ལ་འགྲུབ་པའོ། །དེ་འདྲ་བའི་དམ་ཚིག་དག་པ་ལ་རྩ་ལྟུང་གིས་དག་བ་ཙམ་གྱིས་མི་ཆོག་པས་ཡན་ལག་གི་ལྟུང་བ་སྦོམ་པོས་ཀྱང་དག་དགོས་ཏེ། རྡོ་རྗེ་སྙིང་པོ་རྒྱན་ལས། དེ་ལ་སྡགས་པ་ཡོངས་འདས་ན། །ངེས་པར་བདུད་དང་ཕྲད་པར་འགྱུར། །ནད་དང་སྡུག་བསྔལ་འཕེལ་འགྱུར་ཏེ། །བསྟིར་མེད་སྤྱིའུ་ཚུགས་དམྱལ་བར་འགྲོ། །སྤོམ་པོ་ལྟུང་བྱེད་ཉེས་དམིགས་ཀྱང༌། །དེ་དང་འདྲ་བར་ཤེས་པར་བྱ། ཞེས་གསུངས་ལ་དེ་ལྟ་ཡིན་ན་དངོས་གྲུབ་ལྟ་ཞོག་བདེ་འགྲོ་ཡང་རྙེད་དཀའ་བའི་ཕྱིར་རོ། །གཞན་ཡང་རྒྱལ་བ་དང་རྒྱལ་སྲས་དཔའ་བོ་དང་དཔའ་མོའི་ཚོགས་རྣམས་ཀྱིས་དགྱེས་བཞིན་དུ་སྲུང་བས་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་དང་བདུད་ལ་སོགས་པས་གླགས་མི་རྙེད་པ་ལ་སོགས་པ་སློབ་དཔོན་ཛྙཱ་ན་པོ་ངྷིས་མང་དུ་དྲངས་ནས་གསུངས་པ་ལྟར་འབྱུང་བས་ཕན་ཡོན་དེ་རྣམས་བསམས་ནས་དམ་ཚིག་དང་སྡོམ་པ་བསྲུང་པ་ལ་སྤྲོ་ཤུགས་ཆེ་བར་བྱའོ། །གཉིས་པ་ནི། གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་བཟུང་བར་འགྱུར། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང༌། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། ཞེས་གསུངས་


JLD001_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ལྟུང་བ་དེ་རྣམས་སྤང་བར་གསུངས་པ་ལས་གཞན་དུ་དམ་ཚིག་སྟེ་བཅས་མཚམས་ལས་འདས་ཤིང་ཉམས་ན་ཉམས་པའི་སྔགས་པ་དེ་ལ་ཉེས་དམིགས་གཉིས་འབྱུང་ངོ༌། །དེ་ལ་ཚེ་འདིའི་ཉེས་དམིགས་ནི་བདུད་དང་ལོག་འདྲེན་ལ་སོགས་པས་འཛིན་པས་དེ་དག་གི་དབང་དུ་འགྱུར་ལ། དེ་ནས་ནི་བཀྲ་མི་ཤིས་པའི་རྣམ་པ་སྣ་ཚོགས་བྱུང་ནས་ལུས་དང་སེམས་ཀྱི་སྡུག་བསྔལ་མང་དུ་མྱོང་བར་འགྱུར་བའོ། །ཚེ་ཕྱི་མའི་ཉེས་དམིགས་ནི་མཛོད་ལས། དམྱལ་བ་ཡི་ནི་སྤྱི་ཚུགས་ཡིན། ཞེས་པ་ལྟར་ཐུར་དུ་བལྟས་པ་སྟེ་བར་དེའི་སྐབས་སུ་སྤྱིའུ་ཚུགས་སུ་བྱས། སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འགྲོ་བར་འགྱུར་རོ། །ཟླ་གསང་ཐིག་ལེ་ལས་ཀྱང༌། སྔགས་ཀྱི་དངོས་གྲུབ་དོན་འདོད་པས། །དམ་ཚིག་སྲུང་ལ་བརྩོན་པར་བྱ། །གཞན་དུ་བྱས་ན་སྔགས་མཁན་གྱིས། །སྔགས་ལ་སོགས་པའི་དོན་མི་འགྲུབ། །ལྷ་རྣམས་ཀྱང་ནི་དམ་ཚིག་གི །གསོལ་ཡང་བཞེས་སུ་མི་སྣང་སྟེ། །འཇིག་རྟེན་འདི་རུ་སྡུག་བསྔལ་ཆེ། །འཇིག་རྟེན་ཕ་རོལ་དམྱལ་བ་རྣམས། །དམ་ཚིག་སྤྱོད་པ་འདས་པ་ཡི། །རྨོངས་པའི་བདག་ཉིད་དེ་འཐོབ་བོ། །སློབ་མ་དེ་ཡང་དེ་བཞིན་དུ། །བླ་ཞན་སྡུག་བསྔལ་འཐོབ་འགྱུར་ཏེ། །དེས་ན་སྔགས་ཀྱི་དོན་མི་སྨིན། །ལྷ་རྣམས་ཀྱི་ནི་མཆོག་ཏུ་བདེ། །དམ་ཚིག་མེད་པའི་སློབ་མ་ལ། །ནམ་ཡང་སྦྱིན་པར་མི་འགྱུར་རོ། །ཞེས་གསུངས་ལ། ལྷ་རྣམས་ཀྱང་ནི་ཞེས་སོགས་ཀྱི་དོན་ནི་ཛྙཱ་ན་བོངྷིས། སྤོས་དང་མེ་ཏོག་ལ་སོགས་པ། །ཕུལ་ཡང་བཞེས་པར་མི་འགྱུར་རོ། །ཞེས་དྲངས་པ་ལྟར་དམ་ཚིག་


JLD001_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་འདས་ན་སངས་རྒྱས་དང་བྱང་སེམས་རྣམས་ལ་མཆོད་པ་ཕུལ་ཡང་མི་བཞེས་པའོ། །མཁའ་འགྲོ་ལ་སོགས་པས་དམ་ཚིག་ཉམས་པ་ལ་འཚེ་བར་བྱེད་པ་དང་དེ་ལ་སངས་རྒྱས་རྣམས་ཀྱིས་མི་སྐྱོབ་པར་ཡང་གསུངས་ཏེ། བདེ་མཆོག་རྩ་རྒྱུད་ཀྱི་སོ་བརྒྱད་པ་ལས། དམ་ཚིག་འཇོམས་ཤིང་ངན་སྤྱོད་པ། །བྲམ་ཟེ་གསོད་པར་ཐེ་ཚོམ་མེད། །སྡིག་སྤྱོད་རྨོངས་པའི་བདག་ཉིད་ཅན། །བསླུས་འགྱུར་ངན་པའི་བདག་ཉིད་དེ། །མཁའ་འགྲོ་མ་ཡིས་ཟོས་གྱུར་ཀྱང༌། །དེ་ལང་ནི་སྐྱོབ་མི་བྱེད། །གསང་བ་པ་ཡི་ནང་ན་ནི། །སྒྲུབ་པོ་དེ་ནི་ཕྱུགས་དང་འདྲ། ཞེས་སོ། །འདི་མཁའ་འགྲོའི་སྔགས་བག་མེད་པས་འདོན་པ་ལ་གསུངས་ཀྱང་དམ་ཚིག་གཞན་ལས་འདས་པ་ལ་ཡང་འདྲ་བས་ཛྙཱ་ན་བོ་ངྷིས་སྤྱིར་དམ་ཚིག་ཉམས་པའི་ཉེས་དམིགས་ཀྱི་ཁུངས་སུ་དྲངས་སོ། །དེས་ན་རྡོ་རྗེ་འཆང་གི་བསླབ་པ་ལ་གནས་པས་བཤད་ཟིན་པའི་རྩ་ལྟུང་དང་འཆད་འགྱུར་གྱི་ཡན་ལག་གི་ལྟུང་བ་རྣམས་སྤོང་བ་ལ་བརྩོན་པར་བྱའི། ཇི་ལྟར་ཤིང་ཐོག་ཀུན་མན་ད་ཕྱི་མཛེས་ཀྱང་ནང་རུལ་པ་བཞིན་དུ་ཕྱི་གསང་སྔགས་པ་ལྟར་བཅོས་ནས་ནང་གི་དམ་ཚིག་དང་སྡོམ་པ་ཉམས་པར་མི་བྱ་བར་ཨ་བྷྱ་ཀ་རས་གསུངས་པ་ལྟར་བསླབ་སྟེ་མན་ངག་སྙེ་མའི་སྙེ་མ་ལྔ་པ་ལས་རྩ་ལྟུང་དང་སྦོམ་པོ་བཤད་ཟིན་པའི་དེ་མ་ཐག་ཏུ། རྡོ་རྗེ་སེམས་དཔའི་བསླབ་པ་ལ་གནས་པས་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་གཉིས་སུ་མེད་པ་སྔོན་དུ་བྱེད་པའི་གནས་སྐབས་ལས་འདིར་


JLD001_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གི་གནས་སྐབས་སུ་ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་སྦྱོར་བ་ལ་ཡིད་ཆེས་པས་ཇི་ལྟར་འདོད་པར་སྤྱོད་པས་ཤིང་ཐོག་ཀུན་མན་ད་ནང་རུལ་བ་བཞིན་དུ་ཕྱི་རོལ་ཙམ་གྱིས་གནས་པར་མི་བྱའོ། །ཞེས་སོ། །འདི་ནི་བསྟན་པའི་ནོར་ཐམས་ཅད་པའི་སྒྲུབ་ཐབས་ལས་ཀྱང་གསལ་བར་གསུངས་ཏེ་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་མ་གྱུར་པའི་འོག་མའི་སྐབས་སུ་ལྷན་སྐྱེས་ཀྱི་རྣལ་འབྱོར་ལ་མོས་པ་ཙམ་གྱིས་ཡིད་ཆེས་ཀྱིས་བྱ་བ་མ་ཡིན་པ་རྣམས་ལ་ཅི་རུང་རུང་དུ་འཇུག་པར་མི་བྱ་ཞེས་པའི་དོན་ནོ། །ཤཱནྟི་པས་ཀྱང་དགྲ་ནག་གི་འགྲེལ་པ་ལས། དེའི་ཕྱིར་རྩ་བའི་ལྟུང་བ་བཅུ་བཞི་འདི་དག་ནི་སྔགས་པ་རྣམས་ཀྱི་གནས་ཀྱི་གནས་ལྟ་བུར་མི་བཟད་པའི་གནས་ཡིན་པས་རབ་ཏུ་ཡང་འབད་པས་བསྲུང་ངོ༌། །གལ་ཏེ་ཉམས་པ་ལྟ་ན་འཆད་པར་བྱེད་པ་ལྟར་གསོ་བར་བྱའོ། །གཞན་དུ་ན་ཇི་ལྟར་ཤིང་ཏ་ལ་ཡ་ཐོག་བསྐམས་པ་ལྟར་ལྷག་མའི་རྣལ་འབྱོར་ལ་སོགས་པས་འབྲས་བུ་འབྱིན་པར་མི་ནུས་སོ། །ཞེས་རྩ་ལྟུང་སྤོང་བའི་དམ་ཚིག་ནི་སྔགས་པ་རྣམས་ཀྱི་གནད་དམ་པ་ཡིན་པས་འབད་ནས་བསྲུངས་ཏེ་དང་པོ་ནས་མ་གོས་པར་བྱ་བ་དང་གལ་ཏེ་ཉམས་ནའང་ཇི་མི་སྙམ་པར་མི་འཇོག་པར་ཕྱིར་བཅོས་ཚུལ་བཞིན་དུ་བྱས་ནས་གསོ་དགོས་ཏེ་དེ་ལྟར་མ་བྱས་ན་དེའི་ལྷག་མ་རྣལ་འབྱོར་བཞི་སྒོམ་པ་སོགས་ཀྱིས་འབྲས་བུ་འབྱིན་མི་ནུས་པ་ཏ་ལ་ཡ་ཐོག་བསྐམས་པའི་དཔེས་གསུངས་སོ། །དེ་ལ་རྩོད་པ་སྤང་བ་ཡང་དེར་གསུངས་ཏེ། ཇི་སྐད་དུ། འོ་ན་ཤིན་ཏུ་ཚུལ་ཁྲིམས་འཆལ་དུ་ཟིན་ཀྱང་བྱང་ཆུབ་


JLD001_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་དང་ལྡན་པས་བསྒྲུབས་ན་འགྲུབ་པར་འགྱུར་བས་ཡི་ཆད་པ་མེད་པར་བསྒྲུབ་པར་བྱའོ། །ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། བསྒྲུབ་པ་ཉིད་དུ་ལྟུང་བ་ལས་བསླང་བའམ་དུས་དང་པོའི་དབང་ངམ་ཡིད་ལ་རེ་བ་ཆད་པ་དག་ཐུགས་རྗེས་གཟུང་བ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་གསུངས་པར་གསལ་ལོ། །ཞེས་སོ། །སློབ་དཔོན་ཛྙཱ་ན་བོ་ངྷིས་ལས་དང་པོ་པའི་དམ་ཚིག་བསྡུས་པ་ལས་ཀྱང་གསུངས་ཏེ། ཇི་སྐད་དུ། གལ་ཏེ་རིག་སྔགས་བཟུང་བ་ཉིད་དུ་ངེས་པས་ནི། སྡོམ་པ་དང་དམ་ཚིག་ཚུལ་བཞིན་མ་བསྲུངས་ན་འཕགས་པ་རྣམས་བསླུས་པ་བདག་ཉིད་ལ་འཁུ་བར་བྱེད་པ་དངོས་གྲུབ་ལ་རྒྱབ་ཀྱིས་ཕྱོགས་པ་དེ་ནི་གཡོ་ཅན་ཤིང་རུལ་བ་ལྟ་བུ་ཡིན་ནོ། །དམ་ཚིག་ལ་མི་གནས་པར་གསང་སྔགས་ཚིག་ཙམ་གྱིས་བདག་དང་གཞན་གྱི་དོན་དུ་ལས་སྣ་ཚོགས་བྱེད་པ་ནི་དཔེར་ན་མཛེ་ཅན་ནང་ན་འབུས་རྙིངས་པ་ལ་ཕྱི་རོལ་གྱི་གོས་དང་རྒྱན་གྱིས་བཀབ་པ་ལྟ་བུ་ཡིན་ནོ། །དེས་ནི་བདག་གི་དོན་ཡང་བྱ་བར་མི་ནུས་ན་གཞན་གྱི་དོན་ལྟ་ཅི་སྨོས། དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྨོད་ཅིང་གཤུང་བ་ཡིན་ནོ། །ཞེས་དང༌། གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་སྙིང་པོ་རྒྱན་ལས་ཇི་སྐད་དུ། སྦོམ་སོགས་ཕྲ་བའི་ཕྲ་བའི་མཐར། །ཉེས་པ་རྟག་ཏུ་བསམ་པར་བྱ། །སྒྲ་ཙམ་ལ་ནི་རབ་གཞོལ་བའི། །སྔགས་པ་མནར་མེད་སོགས་འགྲོ་བས། །ང་ནི་སྔགས་པ་ཞེས་སྒྲོགས་ཤིང༌། །གསང་བའི་ལམ་ལ་བརྟེན་ནས་ཀྱང༌། །ཚུལ་ཁྲིམས་ཡལ་བར་དོར་མི་བྱ། །དཀར་པོའི་གོས་


JLD001_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རབ་གནས་ཏེ། །ངོ་ཚ་རྣམ་པར་ངོར་ནས་སུ། །ལོག་པར་གཡེམ་ལ་མངོན་པར་ཞེན། །དུ་འབོད་སེམས་ཅན་དམྱལ་བར་འགྲོ །ཞེས་དང༌། རྡོ་རྗེ་ཐེག་པ་ལ་རབ་ཏུ་ཞུགས་ཏེ་དངོས་པོ་ལ་མངོན་པར་ཞེན་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ལམ་ཁྱད་དུ་གསད་ནས་དགེ་བ་ལ་མི་སྦྱོར་བར་གནས་པ་དང༌། དུས་དང་དགོས་པ་ལ་མི་ལྟོས་པར་རང་བཞིན་དང་བཅས་པ་ལས་འདའ་བར་བྱེད་པ་དང་གཞན་མ་དད་པ་བཟློག་པར་མི་ནུས་པས། ཡུལ་གྱི་སྤྱོད་པ་དང་འགལ་བར་བྱེད་པ་དང་རང་དབང་མེད་པ་དང་དོན་ཆེན་པོ་གཙོ་བོར་བྱས་པ་ལས་མ་གཏོགས་པར་རང་གི་རྣལ་འབྱོར་དང་སྤྱོད་པའི་ཚུལ་འདོར་བ་ནི་ཚུལ་མ་ཡིན་པ་སྟེ། དེ་བཞིན་གཤེགས་པའི་བཀའ་ལས་འདའ་ཞིང་ལྟུང་བ་དང་ལྷན་ཅིག་པ་ཞེས་བྱ་བར་འགྱུར་བས་འབྲས་བུ་ལས་ཉམས་པའི་བདག་ཉིད་ཡིན་ཏེ། འབད་བས་དམ་ཚིག་ལས་མ་ཉམས་པའི་ཚུལ་གསུམ་གྱིས་འགྲོ་བར་བྱའོ། །ཞེས་གསུངས་སོ། །དེ་ལྟར་ན་རྒྱུད་སྡེ་དང་དེའི་དགོངས་པ་འགྲེལ་བའི་མཁས་པ་རྣམས་ཀྱིས་བསྲུངས་པའི་ཕན་ཡོན་སྡོམ་པ་གཞན་ལས་ཆེ་བ་དར་མ་བསྲུངས་པའི་ཉེས་དམིགས་ཀྱང་གཞན་ལས་ཆེ་བར་གསུངས་བ་རྣམས་ལ་རིང་དུ་བསམས་ནས་ཕན་ཡོན་དང་ཉེས་དམིགས་ཀྱི་རྒྱུ་འབྲས་ལ་ངེས་པ་ཐོབ་པར་བྱ་སྟེ། ངེས་པ་གཉིས་པོ་དེ་བཅོས་མ་མ་ཡིན་པ་ཡོད་ན། དམ་ཚིག་དང་སྡོམ་པ་བསྲུང་བ་ཡང་དེ་འདྲ་ཞིག་འོང་ལ། དེ་ཚིག་ཙམ་དུ་སོང་ན་དམ་ཚིག་དང་སྡོམ་པ་བསྲུང་པ་ཡང་ཚིག་ཙམ་དུ་འགྲོ་བའི་ཕྱིར་རོ། །གཞན་ཡང་སྡེ་སྣོད་རྒྱ་ཆེན་པོ་དང་རྒྱུད་སྡེ་རྣམས་མ་མཐོང་བ་དང་


JLD001_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་མཐོང་ཡང་རྒྱུད་སྡེ་རྣམས་ཀྱི་མདོར་བསྡུས་པའི་ཚིག་འཁྲུལ་ས་ཡོད་པ་རྣམས་ལེགས་པར་གཏན་ལ་འབབས་པའི་བཤད་རྒྱུད་རྣམས་ངེས་པར་མ་བྱས་པར་རྒྱུད་ལ་སྒྲ་ཇི་བཞིན་པར་བཟུང་ནས་ཞིབ་ཏུ་མི་རྟོག་པར་ཉེས་སྤྱོད་ལ་འཇུག་པ་རྣམས་ཀྱི་རྗེས་སུ་འབྲང་བར་མི་བྱ་སྟེ་དེང་སང་ཞིབ་ཏུ་བརྟགས་ནས་འཇུག་དགོས་སོ། །ཞེས་ཤཱནྟི་པས་གསུངས་པ་ལྟར་ཤེས་རབ་ཅན་རྣམས་ཀྱིས་བྱ་དགོས་ཏེ་ཇི་སྐད་དུ། འོན་ཀྱང་གང་དག་བཅོམ་ལྡན་འདས་ཀྱི་བཀའ་མདོ་སྡེ་རིན་པོ་ཆེའི་ཆོགས་ལ་སོགས་པ་སྟེ་སྡེ་སྣོད་དུ་གཏོགས་པའི་གསུང་རབ་རྒྱ་ཆེན་པོ་མ་མཐོང་ཞིང་མ་ཐོས་ལ་དེ་བཞིན་དུ་བྱ་བ་དང་རྣལ་འབྱོར་ལ་སོགས་པའི་རྒྱུད་རྩ་བ་དང་ཕྱི་མ་དང་ཕྱི་མའི་ཕྱི་མ་དང་བཅས་པ་འཁྲུལ་སའི་གནས་གཏན་ལ་འབེབས་པ་མ་ཐོས་ཤིང་མ་མཐོང་བར་རྒྱུད་མདོར་བསྡུས་པ་འགའ་ཞིག་གི་ཚིག་ལ་སྒྲ་ཇི་བཞིན་པར་འཛིན་པས་ཕ་རོལ་ཏུ་ཕྱིན་པའི་ཚིག་དང༌། བྱ་བའི་རྒྱུད་ལ་སོགས་པ་ལས་དང་བྱ་བ་རབ་ཏུ་སྟོན་བ་དེ་དག་ལས་ནི། ལམ་སྡུག་བསྔལ་ལ་ཁ་ཟས་ལ་སོགས་པ་བྱེ་བྲག་ཅན་བཟའ་བ་ཡིད་ལ་གང་འདོད་པ་སྤྱད་དུ་མེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་རྒྱ་མཚོ་ལྟ་བུ་འདི་ལས་ནི་ཇི་ལྟར་དགའ་བས་ལོངས་སྤྱད་ཀྱང་འགའ་ཡང་གང་དུ་ཡང་ནམ་ཡང་མི་ཉམས་ཏེ། ཇི་ལྟར་དགའ་བ་སྤྱོད་ལ་རག་གོ །བུད་མེད་དང་ཆང་དང་ཤ་ལ་སོགས་པ་འདི་དག་ནི་མཆོད་པ་ཆེན་པོ་མཆོད་པ་བཟང་པོ་མྱུར་དུ་འགྲུབ་པར་བྱེད་པའོ། །ཞེས་སྨྲ་བ་དེ་དག་རབ་ཏུ་མ་རུངས་པ་ཡིན་ཏེ། དེའི་ཕྱིར་


JLD001_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དུས་གསུམ་སྒྲིབ་པ་མེད་པར་མཁྱེན་པའི་ཞལ་སྔ་ནས་ཚུལ་འདི་འདྲ་འབྱུང་བར་གཟིགས་ཏེ། ད་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བདུན་བརྒྱ་ལོན་ནས་བདུད་སྡིག་ཅན་གྱིས་ངའི་བསྟན་པ་ཕྱེ་ཞིང་འཆད་པར་འགྱུར་རོ། །ཞེས་གསུངས་ཤིང་དེ་ཉིད་ངོ་ཤེས་པར་བྱ་བའི་ཕྱིར་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་རྣམ་པ་གསུམ་གྱིས་ཉིད་ཀྱི་བསྟན་པ་རྒྱས་བཏབ་ཅིང་འདར་མི་རུང་བར་མཛད་ལ་ནག་པོར་བཤད་པ་དང་ཆེན་པོར་སྟོན་པ་རྣམ་པར་དབྱེ་བ་མཛད་པས་ཉིད་ཀྱི་བསྟན་པ་བརྟག་པ་ངྷོ་ཀ་ཤི་ལྟ་བུ་བཞག་པ་མཇེད་དེ་དེའི་ཕྱིར་དེང་སང་བསྟན་པ་ལ་ཞུགས་པ་དག་གིས་ཞིབ་པའི་བློས་བརྟག་པར་བྱ་བའི་རིགས་ཀྱི་མ་བརྟགས་པར་གཞན་གྱི་སྡིག་པ་ཅན་ལ་འཇུག་པར་མི་བྱའོ། །ཞེས་སོ། །གང་ཡང་དེ་ཁོ་ན་ཉིད་རྟོགས་པའི་རྣལ་འབྱོར་པ་ལ་གང་ཡང་གནང་བ་ཡིན་ནོ་ཞེས་སྟོང་ཉིད་ལ་ལྕེ་རྟེན་བྱས་ནས་རང་གཞན་བག་མེད་པ་ལ་སྦྱོར་བ་ཡང་གསང་སྔགས་ཀྱི་ཚུལ་གྱི་སྣང་བ་ལས་ཞེབ་བར་དགག་པ་མཛད་དོ། ཇི་སྐད་དུ། འོན་ཏེ་དེ་ཉིད་རྣལ་འབྱོར་པ། །བདག་ཅག་ལ་ནི་ཁ་ཟས་དང༌། །སྤྱོད་ལམ་སོགས་ཀུན་ཅི་དགའ་བར། །རྣལ་འབྱོར་རྒྱུད་ལ་སྐྱོབ་པས་གནང༌། །དེ་ཡང་དེ་ཉིད་གསལ་ཉིད་དུ། །ཟླ་གསང་ཐིག་ལེ་ལ་སོགས་ལས། །རྣལ་འབྱོར་པ་ཡིས་མི་བྱ་བ། །ཅི་ཡང་མེད་ཅེས་གསུངས་པ་ཡིན། ཞེས་སྨྲས་པའི་ལན་དུ། ཡང་དག་པ་ཡི་རྣལ་འབྱོར་པ། །དངས་མེད་རྟགས་ཤིང་བརྩེ་ལྡན་པ། །རྒྱལ་བས་འདི་གསུངས་བདེན་མོད་ཀྱི། །ད་ལྟར་འདི་འདྲ་འགའ་མ་མཐོང༌། །རྫོགས་སགས་རྒྱས་ལྟར་འཇིག་རྟེན་འདིར། །ཅི་བདེར་


JLD001_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བྱ་གང་སྨྲ་བ། །ཁྱོད་ལ་རྫོགས་སངས་མཚན་མའི་ཆ། །ཡོད་པར་ཅི་ཡི་ཕྱིར་མི་སྣང༌། །གལ་ཏེ་སྔགས་ཀྱི་བསྟན་པ་ལ། །སྣོད་དུ་གྱུར་པ་ཁྱོད་ཡིན་ན། །བདག་ཅག་དམ་ཚིག་ལ་སྡང་བས། །འགལ་བ་སྨྲ་བར་གྱུར་པ་ཡིན། །གལ་ཏེ་ཟས་སྐོམ་སྒོ་ནས་ནི། །རྫས་སོགས་མཉམ་པར་སློབ་བྱེད་ན། །སྦྱིན་ལ་སོགས་པའི་ལམ་གྱིས་ནི། །མི་སློབ་ཅེས་པ་ངོ་མཚར་ཆེ། །གལ་ཏེ་སྒྱུ་མ་ལྟར་གནས་པ། །འདི་ལ་ཁྱོད་ཀྱིས་རྟན་བཅས་ན། །བཀྲེས་སྐོམ་གྲང་སོགས་གནོད་པ་ལ། །ཁྱེད་ཀྱི་སྒྱུ་མ་གང་དུ་སོང༌། །འཇིག་རྟེན་གཉེན་གྱིས་སྔགས་པ་ལ། །ཚོགས་ཅན་ཁྱད་པར་ཅན་གསུངས་པ། །དེ་ཆ་ཁྱོད་ལ་ཡོད་མིན་པས། །རྒྱུ་མེད་འབྲས་བུ་གང་ལས་བྱུང༌། །བདེ་བས་བྱང་ཆུབ་ཐོབ་འགྱུར་དང༌། །དཀའ་པར་སྤྱོད་པའང་སྤང་བ་ནི། །ཉིན་མཚོན་བསྒོམ་བརྩོན་རྣལ་འབྱོར་པ། །གང་ཡིན་དེ་ལ་དེ་གསུངས་སོ། །ཞེས་སོགས་ཀྱིས་ནན་ཆེ་བར་སློབ་དཔོན་མཐོ་བཙུན་གཙོ་ལེགས་ཀྱིས་གསུངས་ཏེ་ཚིག་མངས་སུ་དོགས་ནས་དེ་ཙམ་ལས་མ་སྤྲོས་སོ། །གསུམ་པ་ཇི་ལྟར་བསྲུང་བའི་ཚུལ་ནི། དེ་བས་ང་རྒྱལ་ངེས་བཅོམ་ནས། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། ཞེས་སོ། །བསྲུངས་ན་ཕན་ཡོན་ཤིན་ཏུ་ཆེ་ལ་མ་བསྲུངས་ན་ཉེས་དམིགས་ཀྱང་ཤིན་ཏུ་ཆེ་བར་གསུགས་པ་དེ་བས་ན་སྔགས་པས་འབད་དེ་བསྲུང་བར་བྱའོ། །ཇི་ལྟར་ཞེ་ན། འཕགས་པ་ཐོགས་མེད་ཀྱིས་ལྟུང་བ་འབྱུང་བའི་སྒོ་བཞིར་བསྡུས་ནས་གསུངས་པས་སྒོ་བཞི་འགོག་པ་ནི་ལྟུང་བ་ལས་སེམས་བསྲུང་བའི་ཐབས་


JLD001_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པའོ། །དེ་ལ་ལྟུང་བར་འགྱུར་མི་འགྱུར་གྱི་མཚམས་གང་ཡིན་མ་ཤེས་ན་མི་ཤེས་པ་ལྟུང་བ་འབྱུང་བའི་རྒྱུ་ཡིན་པས་དེའི་གཉེན་པོར་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་ལེགས་པར་ཤེས་པར་བྱའོ། །ཤེས་ཀྱང་གྲོགས་དང་བཅས་པ་སོགས་ལ་མི་གུས་ནམ་གུས་པ་ལྟུང་བ་འབྱུང་བའི་རྒྱུ་ཡིན་པས་ང་རྒྱལ་ངེས་པར་བཅོམ་ནས་གུས་པར་བྱའོ། །གུས་ཀྱང་བག་ཡོད་དང་དྲན་པ་དང་ཤེས་བཞིན་ན་རེ་མི་བསྟེན་ན་བག་མེད་པ་ལྟུང་བ་འབྱུང་བའི་རྒྱུ་ཡིན་པས་བདག་ཉིད་མ་འཁྲུལ་བ་སྟེ་སྤྱོད་ལམ་ཀུན་ཏུ་བག་ཡོད་སོགས་དང་ལྡན་པར་བྱའོ། །ཤེས་ཤིང་གུས་ལ་བག་ཡོད་པར་སྤྱོད་ཀྱང་ཉོན་མོངས་ཤས་ཆེ་ན་ཉོན་མོངས་མང་བ་ལྟུང་བ་འབྱུང་བའི་རྒྱུ་ཡིན་པས་ང་རྒྱལ་གྱིས་མཚོན་ནས་ཉོན་མོངས་གཞན་གང་ཤས་ཆེ་བ་ལ་ཡང་གཉེན་པོ་བསྟེན་ལ་མཐུ་ཆུང་དུ་གཏང་ངོ༌། །དེ་ལྟ་ན་རྡོ་རྗེ་རྩེ་མོ་ལས། དམ་ཚིག་ཉིད་ནི་ཉམས་གྱུར་ན། །འབྲས་བུ་འདི་ནི་ཐོབ་མི་འགྱུར། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་པས་འགྲུབ་པར་འགྱུར། །འཐུངས་ཤིག་རྡོ་རྗེ་བདུད་རྩི་འཐུང༌། །རྡོ་རྗེ་སེམས་དཔའི་མནའ་ཡི་ནི། །སྙིང་པོ་འདི་ཡིས་མནའ་བསྒག་གོ །ཞེས་མནའ་ཆུ་བླུང་ནས་དམ་ཚིག་སྲུངས་ཤིག་ཅེས་གསུངས་པས་འབད་དགོས་ཏེ། འཇིག་རྟེན་ན་མི་ཐ་མལ་པ་དག་ཀྱང་མི་མ་ཡིན་ཕྲ་མོ་འགའ་ཞིག་གི་དྲུང་དུ་མནའ་དོར་ན་མཚམས་དེ་ལས་མི་འདའ་ན་སྤྱིར་ཐེག་ཆེན་པ་དང་ཁྱད་པར་དུ་རྡོ་རྗེ་ཐེག་པ་པར་ཁས་འཆེས་ནས་རྒྱལ་བ་སྲས་བཅས་ཀྱི་སྤྱན་


JLD001_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་དེ་ལྟར་བྱས་ནས་ཐ་ན་རྩ་བའི་དམ་ཚིག་ཙམ་ལ་ཡང་སྲུང་སྡོམ་མི་བྱེད་དུ་ག་ལ་རུང་སྙམ་དུ་བསམས་ལ་བསྲུང་བར་བྱའོ། །དེས་ན་དམ་ཚིག་སྤྱི་དང་ཁྱད་པར་དུ་རྩ་བའི་དམ་ཚིག་རྣམས་ལ་འབད་ལུགས་ནི་སྔ་མ་འབྱུང་ནས་གསུངས་པ་ལྟར་བྱ་སྟེ། ཇི་སྐད་དུ། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡངས་སུ་གཏོང་ཡང་བླ། །འཆི་བའི་དུས་ལ་བབ་ཀྱང་བའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། ཞེས་སོ། །སྔགས་ཀྱི་དམ་ཚིག་ཅན་དུ་མ་ཟང་སྔགས་པ་རབ་བྱུང་གིས་ནི་སོ་སོར་ཐར་པ་ལ་ཡང་འབད་དགོས་པར་གསུངས་ཏེ། ཇི་སྐད་དུ། མཆོག་གི་གསང་ཆེན་འདིར་ཞུགས་ནས། །རྣལ་འབྱོར་སྤྱོད་པ་ཡིན་ཟེར་ཞིང༌། །བྱ་བ་མ་ཡིན་ཀུན་ལ་འཇུག །འཇིག་རྟེན་སུན་བྱེད་རྐུན་པོ་འབྱུང༌། ཞེས་མང་དུ་གསུངས་པའི་འོག་ཏུ། ལེགས་པར་གསུངས་པའི་འདུལ་བ་ལ། །རབ་ཏུ་མི་གནས་སྲུང་མི་བྱེད། །སངས་རྒྱས་རྒྱལ་མཚན་སུན་འབྱིན་ཞིང༌། །པས་པ་མ་ལ་སོགས་རབ་ཏུ་བྱེད། །གང་གིས་བཏུང་བའི་མཆོག་མི་ཤེས། །ས་ལི་ལ་སོགས་བཅོས་སྦྱར་བའི། །མྱོས་པའི་བཏུང་བ་འཐུག་བྱེད་ཅིང༌། །དེ་ཡིས་ཕུང་ཀྲོལ་རབ་ཏུ་བསྐྱེད། ཅེས་རྒྱལ་པོ་ཟླ་བ་བཟང་པོས་གསུངས་སོ། །ཞེས་དཱ་རི་ཀ་པའི་དབང་གི་རབ་བྱེད་ཀྱི་འགྲེལ་པར་དྲངས་སོ། །སྤྱིར་སྔགས་ཀྱི་གཞུང་དུ་མར་སྔགས་ཀྱི་སྐབས་སུ་ཡང་སོ་ཐར་དགོས་པ་མང་དུ་གསུངས་ཤིང༌། ཁྱད་པར་དུ་དགེ་སློང་རྡོ་རྗེ་འཛིན་པ་


JLD001_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གསུམ་གྱི་རྡོ་རྗེ་འཛིན་པའི་མཆོག་དམན་དང་དགེ་སློང་དང་དགེ་ཚུལ་དང་ཁྱིམ་པ་ལ་སློབ་དཔོན་གྱི་དབང་བསྐུར་བ་ན་གདན་གྱི་སྒོ་ནས་ཀྱང་མཆོག་དམན་འབྱེད་པ་ལ་སོགས་པ་དུ་མའི་སྒོ་ནས་སོ་སོར་ཐར་བ་ལ་གཅས་སྤྲས་སུ་བྱེད་པའི་ཚུལ་ནི་དུས་ཀྱི་འཁོར་ལོའི་སྐོར་རྣམས་གསལ་བར་སྣང་ངོ༌། །གཉིས་པ་ཉམས་ན་ཕྱིར་བཅོས་པའི་ཐབས་ནི། མཉམ་པར་བཞག་པས་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་བྱས་ལ། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་བར་བྱ། ཞེས་སོ། །སྔར་བཤད་པ་ལྟར་བསྲུངས་ཀྱང་བག་མེད་པ་ལ་སོགས་པའི་དབང་གིས་བླ་མ་ལ་སྨོད་པ་སོགས་ཀྱི་རྩ་ལྟུང་གང་རུང་བྱུང་ན་དེས་ཐོག་མ་ཉིད་དུ་མཉམ་པར་བཞག་པས་ཏེ། ཡིད་རྩེ་གཅིག་ཏུ་བྱས་ནས་སྟོན་མོ་སྔོན་དུ་འགྲོ་བའི་འབུལ་བ་ཅི་འབྱོར་བ་སྟེ་རང་གི་ནུས་པ་ཆེ་ཆུང་དང་མཚམ་པས་བླ་མ་ལ་མཆོད་པ་བྱས་ལ་ཉེས་པ་དེ་རྣམས་བླ་མའི་མདུན་དུ་བཤགས་པར་བྱའོ། །དེ་ནས་ནི་སྔགས་པ་དེས་གལ་ཏེ་བདག་ལ་འཕྲལ་དང་ཡུན་དུ་བདེ་ཞིང་ཕན་པ་ཞིག་འདོད་ན་སླར་ཡང་སྡོམ་པ་ནི་གཟུང་བར་བྱའོ། །སྡོམ་པ་ཇི་འདྲ་བ་སྙམ་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནས་བརྩམས་པ་སྟེ་སྐྱབས་འགྲོ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་སེམས་དཔའི་སྡོམ་པ་དག་སོགས་ཀྱི་སྒྲས་རྡོ་རྗེ་སེམས་དཔའི་སྒོན་པའོ། །དེ་ཡང་འགྲུབ་ནའང་ལེགས་མ་གྲུབ་ནའང་དེར་བས་མོད་སྙམ་པ་ལྟ་བུ་མིན་པར་འབད་བ་དྲག་པོ་བྱས་ཏེ་གཟུང་ངོ༌། །དཀྱིལ་


JLD001_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་རྡོ་རྗེ་ཕྲེང་བ་ལས་ཀྱང༌། བླ་མ་སྨོད་པ་ལ་སོགས་པའི་ཉེས་པ་ལ་ནུས་པ་ཇི་ལྟ་བར་སྟོན་མོ་སྔོན་དུ་འགྲོ་བའི་དབུལ་བ་བྱས་ནས་བླ་མའི་མདུན་དུ་བཤགས་པ་སྔོན་དུ་འགྲོ་བས་སྡོམ་པ་སྔ་མ་བཞིན་དུ་གཟུང་བར་བྱའོ། །ཞེས་སོ། །ནག་པོ་པས་བླ་མ་དང་རྡོ་རྗེ་སྤུན་ལ་ཚོགས་འཁོར་བསྐོར་ཏེ་སྔོན་ལ་ཉེས་པ་འདི་བྱས་བརྗོད་ནས་བཤགས་པ་བྱེད་པར་གསུངས་སོ། །འོ་ན་སྡོམ་པ་བསྒྲག་གཟུང་གི་ཆོ་ག་ཅམ་ཞིག་ཟུར་དུ་བླ་མས་བྱས་པས་ཆོ་ག་གམ་དབང་དང་སྦྲེལ་དགོས་སྙམ་ན། སྡོམ་པ་སྔ་མ་བཞིན་གཟུང་བར་བྱའོ་ཞེས་པའི་དོན་ནི་དང་པོ་སྡོམ་པ་ལེན་པའི་ཚེ་དཀྱིལ་འཁོར་གྱི་ཆོ་ག་དང་སྤྲེལ་ནས་བླངས་པ་ཇི་འདྲ་བ་དེ་བཞིན་དུ་བྱ་དགོས་པའི་དོན་ནོ། །གཞུང་འདིར་སྡོམ་པ་བླང་ཞེས་པ་ཙམ་ལས་དབང་དགོས་པ་མི་གསལ་ཡང་ངེས་པར་དགོས་ཏེ། དུས་འཁོར་གྱི་ལེའུ་གསུམ་པ་ལས། རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། ཞེས་གསུངས་པ། དགྲ་ནག་གི་བཅུ་བདུན་པ་ལས་ཀྱང༌། གལ་ཏེ་བག་མེད་བྱུང་གྱུར་པས། །བླ་མ་དམ་ཚིག་ལ་གནོད་ན། །དེས་ནི་དཀྱིལ་འཁོར་བྲིས་བྱས་ལ། །བདེར་གཤེགས་རྣམས་ལ་ཉེས་པ་བཤགས། ཞེས་གསུངས་པའི་བླ་མ་དང་དམ་ཚིག་སོ་སོར་ཕྲལ་ནས་དམ་ཚིག་ནི་བདེ་བར་གཤེགས་པའི་བཀའ་ལ་སོགས་པ་ལ་བྱས་ནས་དེ་ལ་གནོད་པ་ནི་ལྟུང་བ་བྱུང་བ་ལ་ནག་པོ་པས་བཤད་དོ། །ཤཱནྟི་པས། བླ་མ་བརྙས་པར་གྱུར་པའམ། ཞེས་བྱ་བ་ལ་སོགས་པས་


JLD001_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྩ་བའི་ལྟུང་བ་བྱུང་ན་སླར་དཀྱིལ་འཁོར་དུ་ཞུགས་ལ་དབང་བླང་སྟེ་ཇི་སྐད་དུ། རྩ་བའི་ལྟུང་བ་བྱུང་བ་ལ། །སྦྱང་ཕྱིར་དཀྱིལ་འཁོར་ཞུགས་ནས་ནི། །བཀའ་ཐོབ་བྱས་ན་ལྟུང་བ་ཡང༌། །ཆུང་དུ་དག་ཏུ་འགྱུར་པ་ཡིན། ཞེས་གསུངས་པས་སོ། །སྡོམ་འབྱུང་གི་ལེའུ་ཉེར་བདུན་པའི་འགྲེལ་པར་ཡང༌། འདི་རྣམས་གང་རུང་ལྟུང་བ་ལ། །སླར་ཡང་དབང་བསྐུར་གྱིས་དག་བྱ། ཞེས་གསུངས་ལ། ཛྙཱན་བོ་ངྷིས་ཀྱང་དེ་བཞིན་དུ་གསུངས་སོ། །འོ་ན་དཀྱིལ་འཁོར་གྱི་ཆོ་གའི་སྡོམ་པ་གཟུང་བའི་སྐབས་སུ་སྡོམ་པ་ཐོབ་པ་ན་སོར་ཚུད་པས་དབང་མི་དགོས་སམ་སྙམ་ན། དབང་བསྐུར་ནས་སྡིག་པ་སྦྱོང་བ་དང་སྡོམ་པ་གཟུང་བ་གཉིས་ཀ་ཚོགས་ནས་རྩ་ལྟུང་དག་པར་བྱ་དགོས་ཀྱི་སྡོམ་པ་ཐོབ་པ་ཙམ་གྱིས་མི་ཆོག་པས་དབང་བསྐུར་བ་དགོས་སོ། །དེས་ན་རྩ་ལྟུང་དང་པོ་མ་གཏོགས་པ་རྣམས་དབང་ལ་མི་ལྟོས་པར་དེ་དག་ལས་ལྡང་བའི་ཐབས་རྩ་ལྟུང་རྒྱ་ཆེར་འགྲེལ་དང་ལཀྵ່་ཀ་ར་དང་བདུད་རྩི་ཟླ་བ་སོགས་ཀྱིས་བཤད་པ་ནི་རྣམ་པ་ཐམས་ཅད་དུ་མི་འཐད་དོ། །དེའི་ཕྱིར་འགྲེལ་པ་བདུད་རྩི་ཟླ་བ་ཤཱནྟི་པས་མཛད་ཟེར་བ་ཡང་དེ་ལ་ཁ་གཡར་བར་སྣང་ངོ༌། །རྩ་ལྟུང་བཀའ་འགྲེལ་ལས་ནི་དབང་དགོས་པར་འཆད་དོ། །འོ་ན་སླར་གསོ་བ་འདི་ལ་ངེས་པར་བླ་མ་ཞིག་ལ་དབང་ཞུ་བ་དགོས་སམ་རང་གིས་བདག་འཇུག་བྱས་པས་ཀྱང་ཆོག་སྙམ་ན། བླ་མ་མཚན་ཉིད་ཚང་བ་མེད་པའམ་ཡོད་ཀྱང་ལམ་ཤིན་ཏུ་རིང་བ་དང་བགྲོད་དཀའ་བའི་འཚེ་བ་ཡོད་ན་བདག་འཇུག་གིས་ཀྱང་ཆོག་སྟེ། དཀྱིལ་ཆོག་རྡོ་


JLD001_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཕྲེང་བ་ལས། རང་ཉིད་ཀྱང་དམ་ཚིག་ཉམས་ན་འདི་ལྟ་བུའི་དབང་ཉིད་ཇི་ལྟར་སློབ་དཔོན་འཇུག་པའི་ཆོ་གར་གཟུང་བར་བཤད་པ་དེ་ལྟར་བླང་བར་བྱའོ། །འོན་ཀྱང་གལ་ཏེ་བླ་མ་དམ་པ་ཤིན་ཏུ་རིང་བ་དང་ལམ་བགྲོད་དཀའ་བ་ལ་སོགས་པའི་ཉེ་བར་འཚེ་བས་བགྲོད་པར་མི་ནུས་པའི་ཕྱོགས་ན་གནས་ན་སྟེ་གཞན་དུ་མ་ཡིན་ནོ། །ཞེས་གསུངས་ཏེ་འདི་དང་སྔར་ཀོ་ས་ལའི་རྒྱན་དྲངས་བ་ནས་འབྱུང་བ་འདི་ངོ་མཚར་ཏེ་གཞན་དུ་ན་ལེན་ས་སྡོམ་ལྡན་ཡང་ཤིན་ཏུ་རྙེད་པར་དཀའ་བས་སོ། །སླར་གསོས་ནས་སོར་ཚུད་པ་འདི་ཡང་དབང་དང་བདག་འཇུག་བྱས་པས་སྐྱེ་བ་ཡིན་སྙམ་ནས་དེ་ལྟར་བྱེད་ཀྱི། སྙིང་ཐག་པ་ནས་ཕྱིན་ཆང་ལྟུང་བས་མ་གོས་པར་བྱ་སྙམ་པའི་སྡོམ་སེམས་མེད་པ་ལ་ནི་མ་ཡིན་པ་དཔེ་དང་བཅས་པས་གསལ་བར་གསུངས་ཏེ་དཱ་རི་ཀ་པས། དེ་ཡང་ཕྱིས་མི་བྱེད་པའི་དམ་འཆའ་བ་རྣམས་ལ་ཡིན་གྱི་ཕྱིས་སྡོམ་པའི་བསམ་པ་མེད་པ་རྣམས་ལ་ནི་མ་ཡིན་ཏེ། འདི་ལྟར་སྐྱེས་བུ་འགའ་ཞིག་དུག་གིས་ཟིན་ན་སྨན་པ་འགས་དེ་བཟློག་པའི་ཕྱིར་སྨན་གྱི་ལྟུང་བ་བླུད་ནས་སྔར་བཞིན་དུ་དུག་ཟ་བ་དང་མཚུངས་སོ། །ཞེས་གསུངས་ཏེ། དེས་ན་སྔ་མ་ལ་འགྱོད་པ་དང་ཕྱིས་མི་བྱེད་པའི་སྡོམ་སེམས་དྲག་པོ་བསྐྱེས་ནས་བླངས་ན་སོར་ཚུད་པ་ཡིན་པས་འདི་ཤེས་པར་གྱིས་ཤིག །དེ་ལྟ་མོད་ཀྱི་རྩ་ལྟུང་བྱུང་ནས་གསོ་བའི་ཐབས་ཚུལ་བཞིན་དུ་བྱས་ནས་སྡོམ་ལྡན་དུ་སོང་བ་དང༌། དང་པོ་ནས་རྩ་ལྟུང་གིས་མ་ཕོག་པའི་སྡོམ་ལྡན་


JLD001_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཁྱད་པར་ཤིན་ཏུ་ཆེ་སྟེ་དཔེར་ན་བྱང་སེམས་ཀྱི་སྡོམ་ལྡན་ལ་རྩ་ལྟུང་བྱུང་བ་ན་སླར་བླངས་པས་སྡོམ་པ་སྐྱེ་ཡང་ཚེ་དེ་ལ་བསམ་པ་དག་པའི་ས་དང་པོ་ཐོབ་མི་སྲིད་པར་བྱང་ས་ལས་གསུངས་པ་དང༌། འཕགས་པ་རྣམ་པར་འཐག་པ་བསྡུས་པ་ལས། དེ་ནས་བཤད་པའི་ཚེས་སྤོང་གི་ཉེས་པ་བྱུང་བ་ཞིག་གིས་ལོ་བདུན་གྱི་བར་དུ་ཉིན་དེ་ལ་ལན་གསུམ་གསུམ་བཤགས་པས་སྡིག་དེ་འདག་ཀྱང་བཟོད་པ་འཐོབ་པ་ལ་མྱུ་ནའང་བསྐལ་པ་བཅུ་དགོས་པར་གསུངས་པ་ལྟར་རྩ་ལྟུང་ཕྱིར་མི་བཅོས་ན་དམྱལ་བ་ལ་སོགས་པར་སྐྱེ་བ་སླར་གསོ་བའི་ཐབས་ཚུལ་བཞིན་དུ་བྱས་པས་དག་ཀྱང་ལམ་གོང་མའི་ཡོན་ཏན་སྐྱེ་བ་ཆེས་བུལ་བར་འགྱུར་ཏེ་སྔར་རྩ་ལྟུང་དང་པོའི་སྐབས་སུ་བཤད་པ་བཞིན་ནོ། །རྩ་ལྟུང་དུ་མ་ཟད་ལྟུང་བ་གང་ལའང་འོག་མང་འཁྲིད་པ་དང་གོང་མའི་ཡོན་ཏན་སྐྱེ་བ་གཉིས་ཀ་ལ་སྒྲིབ་པར་གསུངས་པས་དང་པོ་ནས་མ་གོས་བ་ལ་འཛེམ་པར་བྱ་ལ། ཁྱད་པར་དུ་རྩ་ལྟུང་གིས་ཕོག་ན་ཡང་སྡོམ་པ་བླངས་ན་སྐྱེ་མོད་ཀྱང་རྒྱུད་ཆུད་ཟོས་ནས་ཡོན་ཏན་སྔར་ཡོད་ཉམས་སླ་བ་དང་སྔར་མེད་སྐྱེ་དཀའ་བས་རྩ་ལྟུང་ལ་ནི་སྡོམ་འབྱུང་ནས་གསུངས་པ་ལྟར་སྲོག་བསྡོས་བྱའོ། །དོན་གྱི་དབང་འདི་གཟིགས་ནས་དམ་པ་རྣམས་ལྟུང་བ་ཕྲ་མོ་ལའང་སྲོག་གི་ཕྱིར་དུ་ཡང་མི་འཇུག་པར་གསུངས་ཀྱི། དེ་ལྟ་མིན་པར་བཤགས་པས་དག་པ་དང་དང་པོ་ནས་མ་བྱུང་བའི་དག་པ་གཉིས་ཁྱད་མེད་ན་དེ་ཙམ་བྱེད་གན་དགོས་འདི་རྣམས་གལ་ཆེ་བས་


JLD001_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་དེ་རྣམས་དྲང་དགོས་ནའང་ཚིག་མངས་སུ་དོགས་ནས་མ་བྲིས་སོ། །ཅི་ཙམ་ནས་ལྟུང་བའི་མིང་རིགས་བརྗོད་པའི་སྒོ་ནས་གང་ཟག་གཞན་ལ་ལྟུང་བ་ཕྱིར་བཅོས་བྱེད་པ་འདི་སྡོམ་པ་དང་ལྡན་པ་ཞིག་གིས་བྱེད་ལ་རྩ་ལྟུང་མིན་པའི་ལྟུང་བ་ལ་བྱེད་པ་ཡིན་ནའང་འདིར་ནི་རྩ་ལྟུང་བྱུང་བ་དེས་བླ་མ་ལ་སྔོན་དུ་བཤགས་པར་ཨ་བྷྱ་དང་ནག་པོ་པ་གཉིས་ཀྱིས་བཤད་པས་སྡོམ་པ་བཏང་བ་རྣམས་ཀྱིས་ཀྱང་བླ་མ་ལ་ཡིན་ན་རབ་དེ་མིན་ནའང་སྔགས་ཀྱི་སྡོམ་ལྡན་ལ་བཤགས་པར་བྱའོ། །སྦོམ་པོའི་ལྟུང་བ་བྱུང་ན་བཤགས་པར་བྱ་ཞེས་སློབ་དཔོན་ཀླུ་སྒྲུབ་དང་རྟ་དབྱངས་གཉིས་ཀས་གསུངས་པ་ལ་བཤགས་པ་བྱེད་ཚུལ་གཞན་དུ་ཡིད་ཆེས་པའི་གསལ་ཁ་མ་བྱུང་ལ་རྟ་དབྱངས་ཀྱིས་མཛད་ཟེར་པའིསྦོམ་པོའི་འགྲེལ་པ་ལས། དེ་ལ་ཕྱིར་བཅོས་ནི་འབྱོར་པར་གྱུར་ན་ཚོགས་ལ་དཔའ་བོའི་སྟོན་མོ་བྱས་ནས་དེ་དག་གི་མདུན་དུ་དངོས་པོ་བརྗོད་པ་སྔོན་དུ་སོང་བ་ཅན་གྱི་བཤགས་པ་དང་རྗེས་སུ་གཟུང་བར་གསོལ་བ་གདབ་པ་བྱས་ནས་ཡུལ་དེ་དག་གིས་ཀྱང་ཁྱོར་བའི་ཆུ་ལ་ཡི་གེ་བརྒྱ་བ་ལན་བདུན་བཟླས་པ་སྦྱིན་པར་བྱའོ། །དེའི་མེའི་སར་མིང་སྤེལ་བར་བྱའོ། །ཞེས་འབྱུང་ངོ༌། །མེའི་སར་མིང་སྤེལ་བ་ན་སརྦ་སིངྔྷི་མེ་ཞེས་པ་ལ་སོགས་པ་མེ་གང་བྱུང་བ་དེར་ཕ་རོལ་པོ་དེའི་མིང་གཞུག་ཅེས་པའི་དོན་ནོ། །སྙིང་པོ་རྒྱན་ལས་ཀྱང༌། ལྟུང་སོགས་ཉེས་པ་རིམ་པ་ལས། དང་པོར་བདག་སེམས་སུན་དབྱུང་སྟེ། །ཡུལ་མདུན་སྙན་གསན་ཕབ་ནས་ཀྱང༌། །གསུམ་བསླང་


JLD001_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འགལ་བ་བཤགས་པ་དང༌། ཞེས་གང་ཟག་ལ་ཕྱིར་འཆོས་པ་གསུངས་པ་ནི་ངོ་ཚ་ཁྲེལ་ཡོང་སྐྱེ་སླ་བ་དང་བཅས་པའི་མཚམས་ཕྲ་རགས་རྣམས་ཕྱེད་པར་འགྱུར་བ་དང་ཉེས་སྤྱོད་ཕྱི་མ་ལ་འཇུག་པ་ཆེས་ཉུང་དུ་འགྲོ་བར་སླ་བ་སོགས་ཀྱི་དགོས་པ་དུ་མ་ཞིག་འདུག་པས་ལྟུང་བ་སྦྱང་བའི་སྒོ་མང་དུ་སྣང་ནའང་འདི་གནད་ཆེ་བར་སྣ་ངོ༌། །སྔགས་ཀྱི་གཞུང་རྣམས་ལས་སྡིག་ལྟུང་སོ་སོར་མ་ཕྱེ་བར་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་ཉེས་པ་འཆགས་པའི་ཚིག་དུ་མ་འདུག་ནའང༌། གང་ཟག་ལ་ཕྱིར་འཆོས་པའི་ལྟུང་བའི་མིང་རིགས་བརྗོད་པའི་གཞུང་ཁུངས་ཐུབ་པ་ཟུར་པ་མི་མཐོང་བས་བཤགས་བའི་ཆོ་ག་ནི་རྗེ་བཙུན་ས་སྐྱ་པའི་ཕྱག་ལེན་ལ་འདུག་པ་ལྟར་བྱང་སེམས་ཀྱི་སྡོམ་ལྡན་གྱི་ལྟུང་བ་བཤགས་པའི་ཆོ་ག་ཉིད་ལ་ཅུང་ཟད་འདོན་པ་སྤོས་ལ་བྱའོ། །དེ་ནི་ཐོག་མར་ཡུལ་སྔགས་ཀྱི་སྡོམ་ལྡན་ཞིག་ལ་རྒན་ན་ཕྱག་འཚལ་གཞོན་ན་གུས་འདུད་ཀྱི་སྤྱོད་ལམ་ཙམ་བྱས་ལ་ཉེས་པ་འདི་དག་འདི་བྱུང་བ་འཆགས་པ་ལ་ཐུགས་གཏད་པར་ཞུ་ཞེས་སྙན་གསན་ཕབ་ནས་དམའ་བའི་ཕྱོགས་སུ་ཙོག་ཙོག་པོར་ཐལ་མོ་སྦྱར་ལ་འཁོད་དོ། །དེ་ནས་སློབ་དཔོན་ཡིན་ན་སློབ་དཔོན་ཞེས་དང་གྲོགས་ཡིན་ན་རིག་པ་འཛིན་པའམ་བཙུན་པ་དགོངས་སུ་གསོལ། །བདག་མིང་མི་བསྐྱོད་རྡོ་རྗེ་ཞེས་བགྱི་བ་ལ་ཇི་སྐད་ཡོངས་སུ་བརྗོད་པའི་ཕམ་པའི་གཞི་ལས་རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ་བླ་མ་ལ་སྨད་པ་བྱུང་སྟེ་དེ་དག་སློབ་དཔོན་ནམ་རིག་པ་འཛིན་པ་ལ་འཆགས་ཤིང་མཐོལ་ཏེ་མི་འཆབ་བོ། །བཤགས་ཤིང་མཐོལ་བས་བདག་བདེ་བར་


JLD001_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་འགྱུར་གྱི་མ་མཐོལ་ཞིང་མ་བཤགས་ན་བདེ་བར་གནས་པར་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད་པའི་མཐར་ཡུལ་གྱིས་ཁྱོད་ཀྱིས་འདི་རྣམས་ཉེས་པར་མཐོང་ངམ་ཞེས་དྲིས་བ་ན་མཐོང་ངོ་ཞེས་པ་དང་ཕྱིས་ཀྱང་སྡོམ་པར་བྱེད་དམ་ཞེས་དྲིས་པ་ན་ཆོས་བཞིན་འདུལ་བ་བཞིན་དུ་ཤིན་ཏུ་ལེགས་པར་སྤྱི་བོས་ནོད་པར་བགྱིའོ། །ཞེས་ལན་གསུམ་བྱས་ནས་ཡུལ་གྱིས་ཐབས་ཡིན་ནོ། །བཤགས་པ་བྱེད་མཁན་གྱིས་ལེགས་སོ་ཞེས་ལན་ཅིག་བྱའོ། །རྡོ་རྗེ་འབྱུང་བ་ལས་བཤགས་པ་བྱེད་པའི་སྐབས་སུ་བདག་མིང་རྡོ་རྗེ་འདི་ཞེས་བྱ་བས་ཞེས་འབྱུང་བས་གསང་མཚན་ནས་འདོན་དགོས་པར་མངོན་ནོ། །གཞན་ཡང་རིམ་པ་གཉིས་བསྒོམ་པ་དང་བཟླས་པ་དང་གཏོར་མ་དང་མཎྜལ་དང་རྟེན་གྱི་མདུན་དུ་བཤགས་པ་དང་སེམས་ཅན་གྱི་སྲོག་བསྐྱབ་པ་དང༌། བཀའ་བཀླག་པ་དང་ཚ་ཚ་གདབ་པ་དང་སྡིག་པའི་གཟུགས་དམིགས་ཏེ་ཏིལ་མེར་བསྲེག་པ་དང་ངན་འགྲོ་དགུག་དྲལ་དང་ཕུང་པོ་གསུམ་པ་གདོན་པ་ལ་སོགས་པའི་སྒོ་ནས་སྡིག་ལྟུང་སྦྱང་བར་སྙིང་པོ་རྒྱན་ལས་གསུངས་ཤིང༌། རྟག་ཏུ་བག་མེད་པར་གནས་ན། །ཉེས་པ་ཆུང་དུ་ཕྲ་མོ་ཡང༌། །སྦྲུལ་གྱི་མཆེ་བས་བཏབ་བཞིན་དུ། །ལུས་ངག་སེམས་ནི་ཉམས་པར་བྱེད། །ཅེས་གལ་ཏེ་བག་མེད་པར་བྱས་ན་ཉེས་བ་ཕྲ་མོ་ཡང་རྨ་ལ་གོས་པའི་དུག་བཞིན་དུ་འཕེལ་བར་གསུངས་ལ་ལྟུང་བ་བྱུང་བ་མི་འཕེལ་བར་བྱེད་པའི་ཐབས་ཀྱང་གསུངས་ཏེ་དེ་ཉིད་ལས། སངས་


JLD001_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་གྱི་སྐུ་གཅིག་པུ། །པད་དཀར་ཟླ་བའི་དབུས་གནས་ཤིང༌། །རྡོ་རྗེ་དྲིལ་བུ་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང༌། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། ཞེས་སོ། །དོན་ཡོད་གྲུབ་པ་ལ་ནི་དམ་ཚིག་རྡོ་རྗེ་ཞེས་ཀྱང་གསུངས་ལ་དེ་ནི་ལྷག་པར་དམ་ཚིག་ཉམས་པ་རྣམས་དག་པར་བྱེད་པའི་ལྷར་གསུངས་པས། དེའི་སྒོ་ནས་བླ་མ་ལ་བརྙས་པ་སོགས་སྦྱོང་བའི་གདམས་བ་ནི་འཇམ་པའི་དབྱངས་ཀྱི་སྲས་པོ་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྒྲུབ་ཐབས་ཀུན་བཟང་རྗེས་འབྲང་དང་བཅས་པ་ན་ཡོད་པས་ཐུན་མཚམས་སུ་དེ་ཡང་བྱ་སྟེ་འདིར་ཚིག་མངས་སུ་དོགས་ནས་མ་བྲིས་སོ། །གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ནི་རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་ཞེས་བྱ་བ་སློབ་དཔོན་བྷ་བི་ལྷས་མཛད་པ་རྫོགས་སོ། །ཞེས་པ་སྟེ་འདི་ནི་རྒྱུད་ཚིག་བཏུས་པའི་རྩ་ལྟུང་གི་མིང་ཙམ་ཞིག་སྟོན་པར་སྣང་ལ། འདི་དང་མན་ངག་སྙེ་མ་དག་སྡོམ་འབྱུང་གི་འགྲེལ་པ་དང་བསྟན་པའི་ནོར་ཐམས་ཅད་པའི་སྒྲུབ་ཐབས་རྣམས་རྩ་ལྟུང་གི་མིང་འདོགས་འདྲ་བར་སྣང་ངོ༌། །གཞུང་འདི་ལ་འགྲེལ་པ་ཚད་ལྡན་མི་སྣང་ལ་འགའ་ཞིག་འདུག་པ་ལའང་མི་མཐུན་པ་མང་ངོ༌། །གཤེད་དམར་དང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་གཉིས་ལ་འགྲེལ་པ་མི་སྣང་ལ་གུར་འགྲེལ་གཉིས་དང་ཤྲཱིངྷ་


JLD001_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ར་དང་གཞོན་ནུ་ཟླ་བའི་དགྲ་ནག་གི་འགྲེལ་པ་གཉིས་ལ་རྩ་ལྟུང་ལ་བཤད་པ་མི་སྣང་བས་རྩ་ལྟུང་དུ་འགྲོ་མི་འགྲོའི་ཚད་ཞིབ་ཏུ་འཛིན་པ་ཤིན་ཏུ་དཀའ་བར་སྣང་ནའང་བཅུ་གཅིག་པའི་སྐབས་མ་གཏོགས་པ་ཤཱནྟི་པའི་དགྲ་ནག་གི་འགྲེལ་པའི་བཤད་པ་རྣམས་གཞིར་བྱས་ཤིང་ནག་པོ་འགྲེལ་བའི་བཤད་པ་ཡང་ཕལ་ཆེར་དྲངས་ནས། འཇམ་དཔལ་གྲགས་པ་དང་རྟ་དབྱངས་དང་ཤཱནྟི་པ་དང་ཇོ་བོ་དང་སྙིང་པོ་ཞབས་ལ་ཁ་གཡར་བའི་འགྲེལ་བ་རྣམས་དང་ལཀྵི་ཀ་རའི་འགྲེལ་པ་ལས་ཀྱག་ལེགས་ཆ་འགའ་རེ་བླངས་ཤིང༌། གཞན་ཡང་སྔགས་ཀྱི་གཞུང་གཞན་རྣམས་ལས་ཀྱང་བསྡུས་ཏེ་རྩ་ལྟུང་བཅུ་བཞི་པའི་རྣམ་པར་བཤད་པ་བགྱིས་སོ། །གཉིས་པ་སྦོམ་པོའི་ལྟུང་བ་བཤད་པ་ལ་གཉིས། མཚན་གྱི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི། རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ་ཞེས་པ་སྟེ་རྡོ་རྗེ་ཐེག་པ་དང་ལྟུང་བའི་དོན་ནི་བཤད་ཟིན་ཏོ། །སྦོམ་པོ་ནི་འགྱུར་འགའ་ཞིག་ལས་ཆེན་པོར་བསྒྱུར་ཏེ་རྡོ་རྗེ་ཐེག་པའི་སྡོམ་པ་ལ་ལྟོས་ཏེ་ཕམ་པའི་སྡེ་ཚན་དུ་མི་འགྱུར་བའི་ལྷག་པའི་ཉེས་པའོ། །གཉིས་པ་ལ་གསུམ། བཤད་པ་ལ་འཇུག་པའི་བྱ་བ་དང༌། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ནི། བླ་མའི་ཞབས་ཀྱི་པདྨ་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། །སྦོམ་པོའི་ལྟུང་བ་རྣམ་པ་བརྒྱད། །རྒྱུད་དུ་གསུངས་པ་བྲི་བར་བྱ། ཞེས་གསུངས་ཏེ་འདི་ཡང་སྔར་བཤད་པས་ཤེས་པར་བྱའོ། །སྤྱིར་སྦོམ་པོའི་ལྟུང་


JLD001_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཐའ་ཡས་པ་ཞིག་ཡོད་ཀྱང་འདིར་སྦོམ་པོ་གང་ཡིན་ཐམས་ཅད་མི་སྟོན་གྱི། སྦོམ་པོའི་སྡེ་ཚན་དུ་རྟོགས་པའི་ཁ་ན་མ་ཐོ་བའི་སྒོ་ཆེ་བ་རྣམས་བརྒྱད་དུ་བསྡུས་ནས་སྟོན་ནོ། །གཉིས་པ་ལ་བརྒྱད་ལས་སྦོམ་པོ་དང་པོ་བཤད་པ་ནི་ཤེས་རབ་སྟོབས་ཀྱིས་ལེན་པ་དང༌། ཞེས་པ་སྟེ་འོག་ནས་འདི་རྣམས་སྦོམ་བོའི་ལྟུང་བ་བརྒྱད་ཅེས་པ་དང་སྦྱར་ལ་བཤད་དོ། །ཤེས་རབ་ནི་བུད་མེད་དོ། །ལེན་པ་ནི་རིག་མར་བསྟེན་པའོ། །དེ་ཡང་སྟོབས་ཀྱིས་ཏེ་རིག་མ་ཡོངས་སུ་མ་སྦྱངས་པར་རང་གི་མཐུ་ཙམ་གྱིས་རིག་མར་བསྟེན་པའོ། །ཡོངས་སུ་སྦྱངས་པ་ནི་དབང་གིས་སྨིན་པར་བྱས་ནས་དམ་ཚིག་དང་སྡོམ་པ་ལ་བཀོད། སྔགས་དང་རྒྱུད་ལེགས་པར་བསླབས་པ་ལ་བཤད་པ་ལྟར་རོ། །སློབ་དཔོན་རྟ་དབྱངས་ཀྱིས། རྣལ་འབྱོར་གང་ཞིག་རིག་མ་ནི། །དམ་ཚིགས་མེད་ལའང་སྟོབས་ཀྱིས་སྤྱོད། །དེ་ལ་འཕྱ་བར་བྱེད་པ་ཡང༌། །དེ་ཡི་ལྟུང་བ་དང་པོར་གསུངས། ཞེས་པའི་འགྲེལ་བར་དམ་ཚིག་མེད་པ་དབང་གིས་མ་སྨིན་པ་དང་སྨིན་ཡང་ན་བ་དང་བརྟུལ་ཞུགས་ལ་གནས་པ་དང་རྟུལ་མི་ཕོད་པ་ལ་སོགས་པ་ལ་བསྟེན་པ་བདག་གིར་མི་བྱེད་བཞིན་དུ་ནན་གྱིས་སྤྱོད་པ་དང༌། ཡན་ལག་ལ་སོགས་པའི་སྒོ་ནས་འཕྱ་ཞིང་དེའི་སེམས་ཞུམ་པར་འགྱུར་བའི་བཞད་གང་བྱེད་ན་སྦོམ་པོ་སྟེ་དེ་ལ་སྦོམ་པོ་གསུམ་ཡོད་པར་འཆད་དོ། །རྡོ་རྗེ་སྙིང་པོ་རྒྱན་ལས། དམ་ཚིག་མི་ལྡན་པ་རིག་མར་བསྟེན་པ་ལ་སྦོམ་པོར་གསུངས་ཤིང་གཞུང་སྔ་མ་ལ་དམ་ཚིག་མི་ལྡན་པ་ཟུར་དུ་མ་བྱུང་བས་སྟོབས་ཀྱི་དོན་སྔར་ལྟར་བྱ་ལ། སྤྱིར་ནི་བཤད་པ་ཕྱི་མ་ལྟར་ཡང་བྱའོ། །


JLD001_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སྦོམ་པོ་གཉིས་པ་བཤད་པ་ནི། དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན། ཞེས་གསུངས་ཏེ། རིག་མ་དེའི་བདུད་རྩི་སྟོབས་ཀྱིས་ལེན་ན་སྦོམ་པོའོ། །འདི་ལ་རྟ་དབྱངས་ཀྱིས། རྒྱུད་ལས་མ་གསུངས་རིམ་ཉིད་ཀྱིས། །གང་ཞིག་བདུད་རྩི་བསྟེན་པ་ཡང༌། ཞེས་གསུངས་པའི་འགྲེལ་པར་ལྷའི་ང་རྒྱལ་མེད་པ་དང་བྱིན་གྱིས་མ་བརླབས་པ་དང་མ་དད་པའི་མདུན་དང་ཁྱད་པར་གྱི་དུས་མ་ཡིན་པར་ལོངས་སྤྱད་བ་ལས་ལྟུང་བར་འགྱུར་ཏེ་རྒྱུད་ལས་བཀག་པའི་རིམ་པས་སོ་བསྟེན་པས་སོ་ཞེས་འཆད་དོ། །སྦོམ་པོ་གསུམ་པ་འཆད་པ་ནི། སྣོད་མིན་ལ་ནི་མི་གསང་དང༌། ཞེས་གསུངས་ཏེ། ཨ་བྷྱ་དང་རཏྣ་ཀཱི་རྟིས་གསང་བ་མི་སྦེད་པ་དང་ཞེས་གསུངས་པས་སྣོད་མིན་ཏེ་དབང་མ་ཐོབ་པ་དང་ཐོབ་ཀྱང་མི་དད་པ་ལ་བྲིས་སྐུ་དང་གླེགས་བམ་དང་རྒྱན་དྲུག་སོགས་གསང་བའི་རྫས་རྣམས་མི་གསང་བ་སྟེ་མི་སྦེད་པར་སྟོན་པ་དང་ཕྱག་རྒྱ་འཆིང་བ་སྟོན་ན་སྦོམ་པོའོ། །སཾ་བྷུ་ཊའི་བརྟག་པ་དགུ་པའི་རབ་བྱེད་གསུམ་པ་ལས། གླེགས་བམ་དང་ནི་བྲིས་སྐུ་ཉིད། །གལ་ཏེ་སྐལ་བ་མེད་མཐོང་ན། །སྐྱེ་བ་འདིར་ནི་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མིན། ཞེས་གསུངས་ཤིང་བཤད་རྒྱུད་རྡོ་རྗེ་ཕྲེང་བར་ཡང་ནན་ཏན་ཆེ་བར་གསུངས་ཏེ་བྲིས་སྐུ་སྣོད་མིན་ལ་སྟོན་པ་སོགས་ཀྱིས་ཀྱང་དངོས་གྲུབ་འགྲུབ་པ་ལ་ཆེས་རིང་དུ་བྱེད་དོ། །བོད་ཀྱི་མཁས་པ་ཁ་ཅིག་ན་རེ། རྡོར་དྲིལ་གྱིས་ནི་ཁྱབ་པར་སྣང་བས་སྒྲུབ་པར་མི་ནུས་པས་ན་དམ་ཚིག་རྡོར་དྲིལ་ཟུར་བ་མི་སྟོན་པ་ཞིག་བཅང་གསུང་སྟེ་ལེགས་པ་འདྲའོ། །དེ་ཉིད་བསྡུས་


JLD001_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུམ་བུ་དང་པོ་ལས། ཁྱོད་ཀྱིས་ཕྱག་རྒྱ་མི་ཤེས་པ་གཞན་སུ་ཡང་རུང་བ་ལ་ཕྱག་རྒྱ་གར་ཡང་རུང་བ་བསྟན་པར་མ་བྱེད་ཅིག །ཅེས་གསུངས་ཤིང་དེའི་འགྲེལ་པར་ཡང༌། ཐ་ན་གཅིག་ཀྱང་བསྟན་པར་མི་བྱའོ། །ཞེས་གསུངས་སོ། །ཕྱག་རྒྱ་མི་ཤེས་པ་ནི་དམ་ཚིག་མ་ཐོབ་པ་ཡིན་ལ། གཞན་ནི་ཀོ་ས་ལའི་རྒྱན་ལས་མུ་སྟེགས་དང་དེ་ཉིད་སྣང་བས་དཀྱིལ་འཁོར་དུ་མ་ཞུགས་པ་ལ་བཤད་དོ། །ཡན་ལག་གི་ལྟུང་བ་འགའ་ཞིག་ལས། ཕྱག་རྒྱ་མི་མཁས་པ་ལ་ཕྱག་རྒྱ་མི་བསྟན་པར་གསུངས་པའི་དོན་ཡང་དེའོ། །སྦོམ་པོ་བཞི་བ་བཤད་པ་ནི། ཚོགས་ཀྱི་ནང་དུ་རྩོད་པ་དང༌། ཞེས་གསུངས་ཏེ། ཚོགས་འཁོར་རམ་དཔའ་བོ་དང་དཔའ་མོའི་སྟོན་མོའི་དུས་སུ་རྩོད་ན་སྦོམ་པོའོ། །དེར་ཞུགས་པ་ན་ལྷའི་ང་རྒྱལ་དང་སེམས་ཅན་ལ་བརྩེ་བ་དང་ཡོན་བདག་གི་ཚོགས་བསག་པའི་ཡིད་བྱེད་ཀྱིས་གནས་དགོས་པ་ལ་ཕན་ཚུན་དག་རྩོད་པ་དང་ལུས་ཀྱིས་ཐ་ན་ཐལ་མོ་རྡེག་པ་ཙམ་བྱེད་ཀྱང་རུང་སྟེ་སྦོམ་པའོ། །ཞེས་སྦོམ་པོའི་འགྲེལ་པ་ལས་སོ། །འདི་ལ་རིམ་ལྔའི་འགྲེལ་པ་གཉིས་སུ་ཕམ་པར་འཆད་པ་དོན་མིན་ནོ། །སྙིང་པོ་རྒྱན་ལས་ཀྱང༌། བྲེ་མོའི་གཏམ་གྱིས་འདུ་འཛིའི་སེམས། །རྣམ་པ་ཀུན་ཏུ་མི་བྱ་སྟེ། །བྱས་ན་དམྱལ་སོགས་འབྲས་ཐོབ་འགྱུར། །མཆོད་ཚེ་གཤུང་ན་དུ་འབོད་དེ། །སྲེད་པས་ཡི་དྭགས་ངེས་པར་འགྱུར། །རང་གི་བསམ་གཏན་བྲལ་གྱུར་ན། །དུད་འགྲོའི་གནས་སུ་ལྟུང་ཕྱིར་དང༌། ཞེས་ཚོགས་འཁོར་གྱི་སྐབས་སུ་གཞན་ལ་སྨོད་པ་ལ་སོགས་པའི་ཉེས་དམིགས་གསུངས་སོ། །སྦོམ་པོ་ལྔ་པ་བཤད་པ་ནི། དད་ལྡན་


JLD001_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཞན་ཆོས་སྟོན་དང༌། ཞེས་གསུངས་ཏེ། དང་ལྡན་སྣོད་རུང་གི་གང་ཟག་གི་ཆོས་ལ་འདྲི་བ་ནི་ཆོས་གཞན་སྟོན་པ་སྟེ། དཔེར་ན་དོན་དམ་པའི་མཚན་ཉིད་འདྲི་བ་ལ་ཀུན་རྫོབ་ཀྱི་མཚན་ཉིད་སྟོན་པ་ལྟ་བུ་ལ་འགྲེལ་པས་འཆད་དོ། །རྟ་དབྱངས་ཀྱིས་ཀྱང༌། དད་ལྡན་ཆོས་ལ་འདྲི་བ་ན། །ཆོས་ཉིད་གཞན་དུ་སྟོན་པ་ནི། །དེ་ལ་སྦོམ་པོར་བཤད་པ་ཡི། །ལྟུང་བ་ལྔ་པར་རྒྱལ་བས་གསུངས། ཞེས་སོ། །སྦོམ་པོ་དྲུག་པ་བཤད་པ་ནི། ཉན་ཐོས་ནང་དུ་ཞག་བདུན་གནས། ཞེས་ཏེ། གསང་སྔགས་ལ་སུན་འབྱིན་བྱེད་པའི་ཉན་ཐོས་ཀྱི་ཐེག་པ་བའི་ནང་དུ་ཞག་དྲུག་གནང་བ་ལ་ཞག་བདུན་གནས་ན་སྦོམ་པོའོ། །སྲོག་ལ་སོགས་པའི་བར་ཆད་དང་རྒྱལ་པོའི་བཀའ་སྐྱོང་བའི་ཕྱིར་ཡིན་ན་ཉེས་མེད་དུ་འཆད་དོ། །སྦོམ་པོ་བདུན་པ་ནི། རྫུན་གྱིས་རྣལ་འབྱོར་ང་རྒྱལ་བྱེད། ཅེས་གསུངས་ཏེ། ལྷའི་སྒྲུབ་ཐབས་ཙམ་ཞིག་ལ་བརྟེན་ནས་དེ་ཁོ་ན་ཉིད་ཤེས་པར་ང་རྒྱལ་གྱིས་གནས་ཤིང་སྟོན་ན་སྦོམ་པོར་འགྲེལ་པ་ལས་བཤད་དོ། །ཨ་བྷྱས་རྣལ་འབྱོར་མི་ཤེས་པར་རྣལ་འབྱོར་པར་མངོན་པའི་ང་རྒྱལ་བྱེད་པར་གསུངས་པ་གཉིས་དོན་འདྲའོ། །སྦོམ་པོ་འདི་ད་ལྟ་འབྱུང་ཉེ་བར་སྣང་ངོ༌། །སྦོམ་པོ་བརྒྱད་པ་ནི། དད་པ་མེད་ལ་ཆོས་སྟོན་པ། ཞེས་གསུངས་ཏེ། འདི་ནི་དབང་གིས་མ་སྨིན་པའི་སྔགས་ལ་མི་དད་པ་ལ་དབང་བསྐུར་བའམ་སྨིན་ཡང་སྔགས་ལ་མི་དད་པར་ཕྱིའི་ཆོས་ལ་མོས་པ་ལ་སྔགས་ཀྱི་གསང་བ་བསྟན་པའི་སྦོམ་པོ་སྟེ། རྟ་དབྱངས་ཀྱིས། གང་ཞིག་སྣོད་མིན་སེམས་ཅན་ལ། །


JLD001_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཡི་ཆོས་མོས་དེ་ལ་ཡང༌། །གསང་བའི་ཆོས་ནི་ཡང་དག་སྟོན། ཞེས་སོ། །མ་སྨིན་པ་ལ་སྔགས་ཀྱི་གསང་བ་བསྒྲགས་པའི་ཉེས་པ་ནི་རྩ་ལྟུང་གི་སྐབས་སུ་བཤད་ཟིན་ཏོ། །འདི་རྣམས་སྦོམ་པོའི་ལྟུང་བར་བཤད། ཅེས་པ་ནི་བཤད་ཟིན་ཏོ། །རྩ་ལྟུང་སྦོམ་པོའི་རིམ་པ་དག །ཆོ་ག་ཡིས་ནི་ཤེས་བྱ་ཞིང༌། །ཉམས་པར་གྱུར་ན་བཤགས་པར་བྱ། ཞེས་པ་ནི་རྩ་ལྟུང་དང་སྦོམ་པོ་རྣམས་ཤེས་པར་བྱས་ལ་དེ་དག་གིས་རང་རྒྱུད་ཉམས་པར་གྱུར་ན་ཆོ་ག་བཞིན་དུ་བཤགས་པར་བྱའོ་ཞེས་པའི་དོན་ཏེ་རྟ་དབྱངས་ཀྱི་གལ་ཏེ་བྱུང་ན་ཆོ་ག་བཞིན། བཤགས་ན་དམྱལ་བར་མི་འགྲོའོ། །ཞེས་སོ། །གསུམ་པ་ནི། རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་པ་སྟེ་འདི་ནས་ཇི་ལྟར་བཤད་པ་བཞིན་དུ་མན་སྙེ་དང་བསྟན་པའི་ནོར་ཐམས་ཅད་པའི་སྒྲུབ་ཐབས་དང་སྡོམ་འབྱུང་གི་འགྲེལ་པ་རྣམས་སུ་སྦོམ་པོ་བརྒྱད་དུ་མཛད་ལ་རྟ་དབྱངས་ཀྱི་སྦོམ་པོའི་གཞུང་དང་ཡང་མི་མཐུན་པ་མི་སྣང་ངོ༌། །རྡོ་རྗེ་སྙིང་པོ་རྒྱན་གྱི་ལེའུ་བཅུ་གཉིས་པ་ལས། དམ་ཚིག་མི་ལྡན་རིག་མར་བསྟེན། །ཚོགས་ཀྱི་འཁོར་ལོར་རྩོད་པར་བྱེད། །གསང་བའི་ཆོས་ནི་སྟོན་པ་དང༌། །དད་ལྡན་རྣམས་ལ་གཞན་དུ་སྟོན། །ཉན་ཐོས་ནང་དུ་ཡུན་རིང་གནས། །སྣོད་མི་རུང་ལ་གསང་བ་བསྟན། །ཁ་ན་མ་ཐོ་སྦོམ་འགྱུར་ཏེ། །སྔགས་པ་དེ་ཡི་དམ་སྡོམ་ཟད། །ཟད་པས་འགྲུབ་པར་ཡོངས་མི་འགྱུར། །དེ་བས་ཉིན་རེ་ལན་གསུམ་དུ། །ཁ་ཏོན་གྱིས་ཀྱང་བཀླག་པར་བྱ། ཞེས་སྦོམ་པོའི་


JLD001_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བས་ཀྱང་དངོས་གྲུབ་འགྲུབ་ཏུ་མི་སྟེར་བ་དང་སྔར་དྲངས་པ་ལྟར་དམྱལ་བ་ཆེན་པོར་འཕེན་པ་རྩ་ལྟུང་དང་འདྲ་བར་གསུངས་སོ། །འདིར་སྦོམ་པོ་དྲུག་ལས་མ་བསྟན་ཡང་དང་པོའི་ནང་དུ་སྔར་བཤད་པའི་དང་པོ་གཉིས་འདུས་ཏེ་སྟོབས་ཀྱིས་ཤེས་རབ་ལེན་པ་ནི་ཡུལ་མཚན་ཉིད་དང་མི་ལྡན་པ་ལ་སྤྱད་པའི་ལྟུང་བ་ཡིན་ལ་སྟོབས་ཀྱིས་དེའི་བྱང་ཆུབ་ཀྱི་སེམས་ལེན་པ་ནི་ཡུལ་མཚན་ཉིད་དང་ལྡན་ཡང་བསྟེན་ཚུལ་རྒྱུད་ནས་གསུངས་པ་ལྟར་མ་བྱས་པའི་ལྟུང་བ་ཡིན་པའི་ཕྱིར་དང༌། གསང་བའི་ཆོས་སྟོན་པ་ལ་བྲིས་སྐུ་དང་ཕྱག་རྒྱ་སོགས་སྟོན་པ་དང་རྣལ་འབྱོར་པ་རང་རྒྱལ་བྱས་ནས་སྟོན་པ་གཉིས་སུ་དབྱེར་ཡོད་པའི་ཕྱིར་རོ། །སྦོམ་པོ་དེ་རྣམས་ཕལ་ཆེར་རྣལ་འབྱོར་རྒྱུད་ལའང་འདྲ་བར་ཤེས་པར་བྱའོ། །གཞན་ཡང༌། དམ་ཚིག་དག་དང་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང༌། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང༌། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང༌། །ཉན་ཐོས་དག་ཏུ་རློམ་བྱེད་བའི། །ནང་དུ་ཞག་བདུན་འདས་པ་དང༌། །སྦྱོར་བ་ལེགས་པར་མ་བྱས་པའི། །སྐལ་མིན་གསང་བ་སྟོན་པ་དང༌། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང༌། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང༌། །སྡོམ་པ་གཉིས་ཀྱི་བཅས་པ་ལ། །དགོས་པ་མེད་པར་འདའ་བ་དང༌། ཞེས་པ་ལ་ལཀྵ່་ཀ་རས་འགྲེལ་པ་མཛད་ཅིང་ཚིག་རེ་རེ་ཙམ་མི་འདྲ་བ་མ་གཏོགས་པ་དམ་ཚིག་ཀུན་གྱི་ཆོ་


JLD001_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཀུན་ལས་བཏུས་པ་ལས་ཀྱང་འབྱུང་སྟེ་རྒྱུད་གང་ནས་བཏུས་མ་ཤེས་སོ། །སྦྱོར་བ་ལེགས་པར་མ་བྱས་པ་ནི་དམ་ཚིག་སྔར་ཐོབ་ཀྱང་ཉམས་ནས་དེ་དང་མི་ལྡན་པ་ལ་དབང་དང་འབྲེལ་བ་གསུམ་དགོས་པ་ཁྱད་པར་ཅན་མེད་པར་བསྟན་ནས་གོ་བ་ལ་ལཀྵ່་ཀ་རས་བཤད་ལ། བསྙེན་སོགས་དག་པར་མ་བྱས་པ་ནི་གྲངས་དང་དུས་དང་མཚན་མ་གང་རུང་གི་བསྙེན་པ་དང་སྦྱིན་སྲེག་དང་ལྷའི་རྣལ་འབྱོར་སོགས་དག་པར་མ་བྱས་པར་གཞན་ལ་དབང་བསྐུར་བ་ལ་འཇུག་པ་ལྟ་བུའོ། །སྡོམ་པ་གཉིས་ཀྱི་བཅས་པ་ལ་དགོས་མེད་དུ་འདའ་བ་ནི། དཔེར་ན་དགེ་སློང་རྡོ་རྗེ་འཛིན་པས་སྦྱིན་སྲེག་བྱེད་པ་ན་མེ་རེག་གི་དུས་དྲན་དང་འབྲུ་ལ་རུང་བ་མི་བྱེད་པ་ལྟ་བུ་སྟེ། དེ་འདྲ་དེ་ལ་སྔགས་ཀྱི་སྦོམ་པོ་དང་སྡོམ་པ་གཞན་གྱི་ལྟུང་བྱེད་སོགས་ལྟུང་བ་གཉིས་སྐྱེད་པར་སྟོན་པའོ། །གཞན་རྣམས་ནི་སྔར་བཤད་ཟིན་ཏོ། །རྒྱ་ཆེར་འགྲེལ་ལས་འདི་དང་ཅུང་ཟད་མི་འདྲ་བའི་ཡན་ལག་གི་ཉེས་པ་བརྒྱད་དང་བཅོ་ལྔ་དང་བདུན་བཤད་ལ། ཕྱི་མ་གཉིས་དམ་ཚིག་གི་ཆོ་ག་ཀུན་ལས་བཏུས་ལས་ཀྱང་འབྱུང་ནའང་ཕྱི་མ་དེར་བཅོ་ལྔ་པོ་དུས་འཁོར་ལས་གསུངས་པའི་རྩ་བའི་དམ་ཚིག་ཏུ་བཤད་སྣང་བས་དེ་དག་ལ་རྩ་བའི་དམ་ཚིག་གི་དོན་མེད་ཅིང༌། ཁུངས་ལ་ཡིད་བརྟན་མི་སྣང་བ་དང་མཁས་པའི་གཞུང་གཞན་ལས་ཀྱང་མ་མཐོང་བས་འདིར་མ་བྲིས་སོ། །དེས་ན་དམ་ཆིག་གི་ཆོ་ག་ཀུན་ལས་བཏུས་ཀྱང་ཇོ་བོ་ཆེན་པོས་མཛད་པ་མིན་པར་གོའོ། །དེ་དག་ནི་བསྲུང་བའི་དམ་ཚིག་ཆེས་ཆེ་བ་རྣམས་ཡིན་གྱི། རྒྱས་པར་ནི་མཐའ་ཡས་པ་ཞིག་རྒྱུད་སྡེ་རྣམས་ལས་བཀའ་སྩལ་ཏོ། །


JLD001_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བའི་དམ་ཚིག་ཤ་ལྔ་དང་བདུད་རྩི་ལྔ་བསྟེན་དགོས་པར་རྣལ་འབྱོར་བླ་མེད་ཀྱི་སྐབས་སུ་གསུངས་པ་རྣམས་ལ་གྲུབ་ན་ལས་དང་པོ་པས་རི་ལུ་བྱས་ནས་ཉི་མ་རེ་རེ་ཞིང་བསྟེན་པར་གསུངས་པ་ལྟར་བྱ་ལ། མ་གྲུབ་ན་བཟའ་བཏུང་ལ་དེ་དག་བསམ་གཏན་ཙམ་གྱིས་བསྐྱེད་ནས་ལོངས་སྤྱོད་པར་བྱས་པས་ཀྱང་འགྲུབ་སྟེ་དམ་ཚིག་ལྔ་པ་ལས། གང་ཡང་དག་ནི་མི་རྙེད་པའམ། །སྣོད་མ་ཡིན་པས་འཇིགས་པ་ཡང༌། །བདུད་རྩི་ལྔ་དང་ཤ་ལྔ་དག །བསམ་གཏན་གྱིས་ནི་ཡོངས་སུ་བརྟག །ཅེས་སོ། །དེ་བཞིན་དུ་རྡོར་དྲིལ་དང་བགྲང་ཕྲེང་ལ་སོགས་པ་གཟུང་བ་བསྟེན་པའི་དམ་ཚིག་ལ་ཡང་གནས་དགོས་ཏེ། སྙིང་པོ་རྒྱན་ལས། རི་ལུ་ལ་སོགས་དམ་ཚིག་དང༌། །རྡོ་རྗེ་ཕྲེང་སོགས་ཡོ་བྱད་རྣམས། །གསང་བའི་རྫས་སུ་རྣམས་བརྟགས་ཏེ། །ནམ་དུ་ཡང་ནི་འབྲལ་མི་བྱ། ཞེས་དང༌། གུར་ལས་ཀྱང༌། རྡོ་རྗེ་དྲིལ་བུ་བཅང་བར་བྱ། ཞེས་སོགས་གསུངས་སོ། །གཉིས་པ་དུས་འཁོར་ནས་བཤད་པའི་ལྟུང་བ་གཏན་ལ་དབབ་པ་ནི། དུས་ཀྱི་འཁོར་ལོའི་རྣམ་གཞག་ཕལ་ཆེ་བ་ནི་སྔགས་གཞན་སྤྱི་འགྲོ་དང་མི་འདྲ་བ་མང་བས་གུང་དུ་བསྟན་པར་བྱའོ། །འདི་ལ་གཉིས། ཐོག་མར་སྡོམ་པ་གཟུང་ཚུལ་དང༌། དེ་དང་འགལ་བའི་ལྟུང་བ་དངོས་སོ། །དང་པོ་ནི། དབང་ལེ་ལས། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་པོས་གཟུང་བར་བགྱི། རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། རལ་གྲི་ལ་ནི་མཆོད་པ་


JLD001_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་རྣམས་ནི་བསྐྱང་བར་བགྱི། སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་སྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། ཞེས་པ་འདིས་དངོས་གཞིའི་སྐབས་སུ་སྡོམ་པ་འཛིན་པ་མཛད་དོ། །དེ་ལ་རྡོ་རྗེའི་རིགས་ལ་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་གཟུང་བ་བཞི་རིན་ཆེན་ལ། རིན་ཆེན་ལྕགས་ཟངས་པ་ལང་རྟ། །གླང་ཆེན་བུ་མོ་ནོར་འཛིན་དང༌། །འདོད་པའི་ཆུང་མ་རང་གི་ཤ །སྦྱིན་པ་རྣམ་པ་བཅུ་རུ་འདོད། ཅེས་པ་ལྟར་སྦྱིན་པ་བཅུ་སྦྱིན་པ་དང་འཁོར་ལོའི་རིགས་ལ་ཤ་ལྔ་དང་བདུད་རྩི་ལྔ་དང་ཕུང་པོ་དང་དབང་པོའི་ཚོགས་པ་བསྲུང་བ་དང་པདྨའི་རིགས་ལ་འཛག་པ་མེད་པའི་ཚངས་སྤྱོད་ཀྱི་སྡོམ་པ་སྐྱོང་བ་དང་རལ་གྲིའི་རིགས་ལ་དཀོན་མཆོག་སོགས་མཆོད་པ་དང་རྒྱལ་བ་སྐྱང་མཛད་རྡོ་རྗེ་རྩེ་གཅིག་པའི་རིགས་ལ་སྟོང་པ་དང་སྙིང་རྗེའི་བདག་ཉིད་ཀྱི་ཕྱག་ཆེན་གྱི་དངོས་གྲུབ་བསྐྱེད་པར་བགྱི། ཞེས་གསུངས་བས་སྔ་མ་འགའ་ཞིག་ལ་གཞན་དང་མི་འདྲ་བ་ཡོད་ལ་ཕྱི་མ་འདི་གཞན་ལ་མེད་ནའང་མི་བསྐྱོད་པ་ལ་སོགས་པའི་རིགས་རྣམས་ཀྱི་དམ་ཚིག་སྐྱོང་བར་ཁས་བླངས་པ་ཉིད་ཀྱིས་སྡོམ་པ་འཐོབ་པས་སྡོམ་པ་སྐྱེ་བ་ལ་འདྲ་བ་ཡིན་ནོ། །འགྲེལ་ཆེན་ལས། དེ་རྣམས་བྱེད་བར་ཁས་ལེན་པ་ལ་སྨོན་ལམ་མོ། །ཞེས་གསུངས་པས་འདི་སྡོམ་པ་འཛིན་པ་མིན་པ་དང་སྔགས་ཀྱི་སྡོམ་པ་དབང་ཐམས་ཅད་རྫོགས་ནས་སྐྱོའ་ཞེས་ཁ་ཅིག་སྨྲ་བ་ནི་རིགས་པ་མ་ཡིན་ཏེ། འདི་སྡོམ་པ་ལེན་པའི་ཆོ་ག་མིན་ན་ནི་དུས་འཁོར་བའི་


JLD001_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལ་རིགས་ལྔའི་སྡོམ་པ་ལེན་པའི་ཆོ་ག་མེད་པར་འགྱུར་བའི་ཕྱིར་དང༌། བརྟུལ་ཞུགས་ཉེ་ལྔ་སྦྱིན་པ་སྡོམ་པ་ལེན་པའི་ཆོ་གའོ་སྙམ་ན། དེ་ནི་མི་རིགས་ཏེ་དེ་ནི་སྲོག་གཅོད་སོགས་བཞི་དང་ཆང་ལ་སོགས་པ་ལས་ལྡོག་པར་བྱའོ། །ཞེས་སློབ་དཔོན་གྱིས་སྟོན་པ་ཙམ་ཡིན་པས་སློབ་མས་ལེན་པའི་ཆོ་གར་མ་གསུངས་པའི་ཕྱིར་དང༌། དེ་དག་གི་དོན་ལ་སྔགས་ཀྱི་ཐུན་མོང་མིན་པའི་སྡོམ་པ་ལེན་པའི་ཚུལ་མི་སྣང་བའི་ཕྱིར་རོ། །སྨོན་ལམ་ཞེས་གསུངས་པ་ནི་དེ་རྣམས་བདག་གིས་བསྐྱང་བར་བྱའོ་སྙམ་དུ་སྨོན་པ་བྱས་ནས་འཛིན་པ་ལ་གསུངས་པས་དེ་ཙམ་གྱིས་སྡོམ་པ་ལེན་པར་འགལ་ན་སྡོམ་པ་ལེན་པའི་ཆོ་ག་ཐམས་ཅད་ཀྱང་རང་རང་གི་བསླབ་བྱ་རྣམས་བསྲུང་ངོ་སྙམ་དུ་བྱས་ནས་འཛིན་པས་དེ་དག་ཀྱང་སྡོམ་པའི་ཆོ་ག་མ་ཡིན་པར་འགྱུར་བའི་ཕྱིར་རོ། །རྒྱུད་ལས། རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་ཏེ་ཡོན་ཏན་ལྡན་པ་དབང་བདུན་ལ་གནས་དག་གིའོ། །ཞེས་ཆུ་དབང་སོགས་བདུན་ཙམ་ཐོབ་པ་ལ་རྩ་ལྟུང་འབྱུང་བར་གསུངས་ལ་སྡོམ་པ་མེད་ན་རྩ་ལྟུང་འབྱུང་མི་སྲིད་པའི་ཕྱིར་རོ། །ཐུན་མོང་གི་སྡོམ་པ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཕར་ཕྱིན་བཅུའི་ལམ་ལ་བརྟེན་པར་གསུངས་པ་རྣམས་ཀྱིས་སྟོན་པས་གཟུང་དགོས་སོ། །དཀྱིལ་ཆོག་རྡོ་རྗེ་ཕྲེང་བར་ཡང་དུས་འཁོར་གྱི་དཀྱིལ་འཁོར་དུ་འཇུག་པ་རྣམས་ལ་སྡོམ་པ་ལེན་ཚུལ་ཟུར་པ་མ་བཤད་པར་སྤྱིར་རིགས་ལྔའི་སྡོམ་གཟུང་རྒྱུད་གཞན་ན་ཡོད་པས་འཛིན་པར་བཞད་པས་


JLD001_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྡོམ་གཟུང་གི་ཆོ་ག་རྣམས་དོན་འདྲ་བ་བཞེད་པ་ཡིན་ནོ། །འོན་ཀྱང་དབང་གོང་མ་རྣམས་ལ་བསྐུར་ཚུལ་མི་འདྲ་བ་གཉིས་མཛད་པ་དང་ཆུ་དབང་དཀྱིལ་འཁོར་གྱི་བྱང་དུ་བསྐུར་བ་ལ་སོགས་པ་ཕྱོགས་སོ་སོའི་ངེས་པ་དང་དབང་བདུན་ཙམ་བསྐུར་བ་ལ་རིགས་ལྔའི་སྡོམ་པ་སྟེར་བར་མཛད་པ་ནི་མི་འདྲ་བའི་ཁྱད་ཆོས་ཡིན་པས་གཞན་རྣམས་དང་འདྲ་བ་མ་ཡིན་ནོ། །གཉིས་པ་ནི། དབང་ལེ་ལས། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། དེ་ཡི་བཀའ་ལ་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་ཡ་ལས་ཀྱང་མདའ་རུ་འགྱུར། དྲུག་པ་གྲུབ་པའི་མཐའ་ལ་སྨོད་པའོ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང༌། །སྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བའི་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མའོ་དམ་ཚིག་ཐོབ་པ་གཏོང་བ་བས་ཀྱང་གཞན། བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །ཞེས་སོ། །རྡོ་རྗེ་ཐེག་པར་གནས་པ་རྣམས་ལ་ཞེས་པ་ནི་ལྟུང་བ་དེ་རྣམས་བསྐྱེད་པའི་རྟེན་སྟོན་པ་སྟེ་དབང་བསྐུར་ཞིང་སྡོམ་པ་བཟུང་བ་རྣམས་སོ། །རི་བོང་འཛིན་པ་ནི་གཅིག་གི་མིང་སྟེ་བླ་མའི་ཐུགས་སུན་ཕྱུང་བའི་ལྟུང་བ་དང་པོའོ། །འདི་ལ་བླ་མ་ནི་རང་གི་


JLD001_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སློབ་དཔོན་ཡིན་ལ། དེ་ཡང་རང་གི་དོན་ལ་ཐུགས་འཁྲུག་པ་ནི་དམ་པར་མི་རུང་བས་གཞན་གྱི་དོན་ལ་ཡིན་ལ། དེའི་ཚུལ་ནི་སློབ་མ་དེས་མི་དག་པ་ལ་ཞུགས་པའི་སྒོ་ནས་བླ་མའི་ཐུགས་འཁྲུག་པར་བྱས་ན་རྩ་ལྟུང་དུ་གསུངས་ལ། དཱ་རི་ཀ་པས་བླ་མ་དམ་པར་ཤེས་པ་དང་དེ་མི་དགྱེས་པར་ཤེས་པ་དང་ཉོན་མོངས་པས་བསླངས་པའི་ལུས་ངག་གི་ལས་དང་གཞན་གྱི་དོན་མ་ཡིན་པ་དང་རང་གི་དོན་ལྷུར་བླང་བའི་བསམ་པ་དང་སླར་སྦྱང་བསམ་མེད་པ་དྲུག་ཚང་ན་རྩ་ལྟུད་དུ་འཆད་དོ། །གཞན་ནི་ལྟུང་བ་གཉིས་པ་སྟེ་བླ་མ་དམ་པ་དེའི་བཀའ་ལ་འགོངས་པ་སྟེ། བཀའ་བསྒོ་མ་ཉན་པའོ། །འདི་བླ་མའི་ལྐོག་ཏུ་མི་དགེ་བ་བཅུ་བྱེད་པ་ལ་གསུངས་པ་ཅམ་ལས་མི་སྣང་བ་ལ་དཱ་རི་ཀ་པས་སྔ་མ་དྲུག་དང་ལྡན་པ་ལ་བཤད་དེ་མི་དགྱེས་པར་ཤེས་པ་རང་ལ་ཆེད་དུ་གཏད་པའི་ཆོས་ཀྱི་བསྒོ་བ་བཅག་ནས་ཉེས་སྤྱོད་ལ་འཇུག་པ་ལ་བྱ་དགོས་སོ། །དེས་ན་སྔ་མ་ནི་རང་ལ་བླ་མས་བསྒོ་བ་མིན་ཡང་རང་ཉེས་སྤྱོད་ལ་འཇུག་པ་དེ་ལ་སློབ་མའི་དོན་དུ་བླ་མ་མི་དགྱེས་པར་ཤེས་བཞིན་དུ་དེ་ལ་ཇི་མི་སྙམ་པར་བྱས་ནས་རང་ཉེས་སྤྱོད་ལ་འཇུག་པ་ཡིན་ལ། འདི་ནི་བླ་མ་ལ་མི་དགྱེས་པ་མེད་ཀྱང་རང་གིས་བླ་མའི་དཀའ་དང་འགལ་བར་བྱེད་པ་ལ་ཇི་མི་སྙམ་པར་བྱས་ནས་ཉེས་སྤྱོད་ལ་ཞུགས་པའོ། །སླར་སྦྱངས་བསམ་མེད་པའི་དུས་ལ་གསལ་ཁ་མི་སྣང་ཡང་བྱ་བ་དེའི་འགོ་བརྩམས་པ་ནས་ཡོངས་སུ་རྫོགས་པའི་དེ་མ་ཐག་ཡན་ཆད་དུ་མེད་པ་ལ་བྱ་དགོས་སོ། །སྤུན་ལ་ཁྲོས་པ་ནི་རྡོ་རྗེ་སྤུན་བསླབ་པ་དང་ལྡན་པ་ལ་


JLD001_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་བ་ཞེས་པ་ཙམ་ལས་འགྲེལ་ཆེན་དུ་མ་གསུངས་ཀྱང་དོན་དམ་བསྙེན་པ་ལས། སྤུན་ལ་རབ་ཏུ་ཁྲོས་ནས་སྨྲས་པ་གསུམ་པ་སྟེ། ཞེས་གསུངས་པས་སྔར་བཤད་པ་རྣམས་དང་འདྲ་བར་མངོན་ནོ། །དཱ་རི་ཀ་པས་སྔར་གྱི་ཆོས་དྲུག་གི་སྟེང་དུ་རྡོ་རྗེ་སྤུན་ཡིན་པ་སྟེ་ཆོས་བདུན་ལྡན་དང་ཞེ་སྡང་གིས་སྤུན་གྱི་བཀའ་བསྒོ་བ་བཅག་པ་ལ་འཆད་དོ། །དེའི་ལྟར་ན་དང་པོ་གཉིས་གྲོགས་དམ་པར་ཤེས་པ་དང་དེའི་བཀའ་བསྒོ་བ་བཅག་པ་ཞེས་པས་བརྗེའོ། །དཱ་རི་ཀ་པས་བླ་མ་གཅིག་གིས་བསྡུས་པའི་སྤུན་ལ་བཤད་པ་ཙམ་མ་གཏོགས་པ་ཇི་ལྟར་བསྡུས་ཚུལ་མ་བཤད་དོ། །བྱམས་པ་བཏང་བ་ལ་ཆུང་དུ་ནི་ཆུ་ལ་རི་མོ་བྲིས་པ་ལྟར་སྐད་ཅིག་ཙམ་བྲལ་ཡང་དེ་ནས་ལྡོག་པའོ། །འབྲིང་ནི་བྱེ་མ་ལ་རི་མོ་བྲིས་པ་རླུང་གིས་འཕྲལ་ལ་ཉམས་པར་བྱེད་པར་ལྟར་རོ། །ཆེན་པོ་ནི་ས་གས་པ་དབྱར་གྱི་ཆུས་སླར་ཡང་མཉམ་པར་བྱེད་པ་ལྟ་བུའོ། །ཆེན་པོའི་ཆེན་པོ་ནི་རྔོ་སོ་སོར་སོང་བ་སླར་མི་འབྱོར་པ་ལྟ་བུ་སྟེ་དེ་འདྲ་བའི་བྱམས་པ་བཏང་བ་ལ་རྩ་ལྟུང་དུ་གསུངས་ནས་དུས་ཀྱི་ཚད་མ་གསུངས་པ་ལ་དཱ་རི་ཀ་པས་ཉིན་ཞག་གཅིག་ཚུན་ཆད་དུ་བྱམས་པ་སླར་མ་བསྐྱེད་པ་ལ་བཤད་དོ། །བྱང་ཆུབ་ཀྱི་སེམས་ནི་ཁུ་བ་སྟེ་དེ་ཁོ་ན་ཉིད་མེད་པ་དང་པོ་གཉིས་ཀྱི་བདེ་བས་འཚང་རྒྱ་བར་འདོད་པ་ལ་རྩ་ལྟུང་དུ་གསུངས་པས་བསམ་པ་དེས་ཀུན་ནས་བསླངས་ནས་ས་བོན་ཉམས་པར་བྱས་པ་ཞིག་དགོས་པ་འདྲ་བ་ལ། དཱ་རི་ཀ་པས་ནི་མི་འགྱུར་བའི་བདེ་བའི་རང་བཞིན་ཤེས་པ་དང་འགྱུར་བའིབདེ་བ་ཙམ་དང་དུ་བླང་བའི་བསམ་པ་དང་དེ་ལ་ལེགས་པར་འཛིན་པ་དང་གསང་དབང་དང་གཞན་གྱི་དོན་


JLD001_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དང་རི་ལུ་ལ་སོགས་པའི་ཆེད་མ་ཡིན་པ་སྟེ་བཞི་དང་ལྡན་ན་རྩ་ལྟུང་དུ་འཆད་དོ། །དྲུག་པ་ནི་འགྲེལ་ཆེན་ལས། གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་ལ་དེ་ཁོ་ན་ཉིད་ཀྱི་ལེའུའོ། །དེ་ལ་སྨོད་པ་གང་ཡིན་པ་དེ་ནི་དྲུག་པའོ། །ཞེས་གསུངས་པའི་སྨོད་ཚུལ་ནི། དཱ་རི་ཀ་པས་གྲུབ་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡིན་ལ། དེ་དང་སྔགས་ཀྱི་ཚུལ་ཐ་དད་པར་འཛིན་པ་ནི་རྩ་བའི་ལྟུང་བ་ཡིན་ཞིང་ཞེས་འཆད་པ་ལྟར་སྔགས་དང་ཕར་ཕྱིན་གྱི་ཐེག་པའི་དེ་ཁོ་ན་ཉིད་གཉིས་ལ་མཆོག་དམན་དུ་བཟུང་ནས་སྨོད་པའོ། །དེ་ཡང་སྔགས་ཀྱི་ཐེག་པ་དང་དབྱེར་མེད་པའི་ཤེར་ཕྱིན་གྱི་ཐེག་པ་དང་ཞེས་སྡང་ལ་གནས་ནས་སྨོད་ཚིག་སྨྲས་པ་དང་གཞན་གྱི་དོན་མ་ཡིན་པ་དང་ལེགས་པར་འཛིན་པ་དང་འགྱོད་པ་མེད་པ་ལྔ་ཚང་ན་རྩ་ལྟུང་ཡིན་ལ། དེ་ལས་གཞན་པའི་ཐེག་པ་ལ་སྨད་པ་ལ་རྩ་ལྟུང་མེད་ཀྱང་ཐུན་མོང་གི་དངོས་གྲུབ་འཕྲོག་པར་འཆད་དོ། །དེ་ཡང་སྨོད་པ་ཙམ་ཡིན་གྱི་བཀའ་མ་ཡིན་ནོ་ཞེས་སྤངས་པ་ནི་མ་ཡིན་ནོ། །རི་བོ་ནི་བདུན་པ་ཡིན་ལ་མ་སྨིན་པའི་མི་ཉན་ཐོས་ཀྱི་ལམ་ལ་གནས་པ་ལ་གསུངས་པ་ནི་སྔགས་ལ་མི་དད་པའི་མཆོན་བྱེད་དོ། །སྒྲོག་པའི་གསང་བ་ནི་བདེ་བ་ཆེན་པོ་བྱིན་པ་ལས་སློབ་དཔོན་རྣམས་ལ་ལྟུང་བའོ། །ཞེས་གསུངས་བས་བདེ་སྟོང་དབྱེར་མེད་པའི་གསང་བ་བསྒྲགས་པའོ། །དཱ་རི་ཀ་པས་གསང་བ་བསྒྲགས་ན་མི་མོས་པ་སྐྱེ་བ་དང་གདུལ་བའི་དོན་མིན་པ་དང་བདེ་བ་ཆེན་པོའི་གསང་བ་བསྟན་པ་སྟེ། ཆོས་གསུམ་


JLD001_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ན་རྩ་ལྟུང་ཡིན་ལ་བདེ་བ་ཆེན་པོའི་གསང་བ་ལས་གཞན་བསྟན་པའི་ལྟུང་བས་འཇིག་རྟེན་པའི་དངོས་གྲུབ་ཉམས་པར་བྱེད་པར་བཤད་དེ་དབང་ཐོབ་མ་ཐོབ་ཀྱི་གསལ་ཁ་མི་སྣང་ངོ༌། །འོན་ཀྱང་དབང་མ་ཐོབ་པ་དགོས་པར་མངོན་ཏེ་དོན་དམ་བསྙེན་པ་ལས། སྔགས་པ་མིན་ལ་ཕེབས་པར་སྨྲ་བས་རི། །ཞེས་གསུངས་པས་སྔགས་པ་མིན་པ་ནི་དབང་གིས་མ་སྨིན་པའོ། །ཕེབས་པར་སྨྲ་བ་ནི་གསང་བའི་གནས་མི་གསང་བར་འཆད་པ་སྤྱི་ལ་གསུངས་པས་འགྲེལ་ཆེན་ལས། བདེ་བ་ཆེན་པོའི་གསང་བ་ཞེས་གསུངས་པ་ནི་གཙོ་བོའི་སྒོ་ནས་མཚོན་པ་འདྲའོ། །ཀླུ་ནི་བརྒྱད་པ་སྟེ་ཕུང་པོ་ཉོན་མོངས་པར་བྱས་པའི་ལྟུང་བའོ། །དེ་ཡང་སྨྱུང་བར་གནས་པ་ལ་བཀོད་པ་ལ་སོགས་པ་དང་ལུས་གཅོད་པ་ལ་སོགས་པ་བྱེད་པ་ལ་གསུངས་ཏེ། ལུས་ལ་རང་དགར་ཚ་གྲངས་དང་བཟའ་བཏུང་གཅོད་པ་དང་ཡན་ལག་གཅོད་པ་སོགས་ཀྱིས་ཉོན་མོངས་པར་རམ་སྡུག་བསྔལ་བར་བྱེད་པའོ། །དཱ་རི་ཀ་པས་རང་གསོད་པར་བྱེད་ན་སེམས་བསྐྱེད་པ་ཙམ་ནས་རྩ་ལྟུང་དང་ཕུང་སོགས་རྒྱལ་བ་དང་ལྷ་མོ་དང་སེམས་དབར་ཤེས་པ་དང་དེ་མནར་བས་བདེ་བ་ལས་ཉམས་པར་ཤེས་པ་དང༌། གཞན་འདུལ་བའི་དོན་མིན་པ་གསུམ་ཆང་ན་རྩ་ལྟུང་དུ་འཆད་དོ། །ཁ་ཅིག་རང་ཉིད་ལྷར་སྒོམ་པའི་རྣལ་འབྱོར་པས་བཟའ་བཏུང་གཅོད་པའི་སྨྱུང་གནས་བྱས་ན་རྩ་ལྟུང་བསྐྱེད་དོ་ཞེས་ཟེར་བ་ནི་ཧ་ཅང་མ་བརྟགས་པར་སྨྲ་བ་ཡིན་ཏེ། བྱ་སྤྱོད་ཀྱི་སྐབས་སུ་ཡང་ལྷར་བསྒོམ་པ་དང་སྨྱུང་གནས་བྱེད་པ་གཉིས་ཀ་གསུངས་པ་དང་རྡོར་དབྱིངས་ལྟ་བུའི་ལྷའི་སྒོམ་བཟླས་མཐར་


JLD001_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པས་བུམ་པ་ལ་སོགས་པ་ནམ་མཁའ་ལ་འཇོག་ནུས་པའི་སློབ་དཔོན་གྱིས་ཀྱང་སྨྱུང་བར་གནས་པ་བྱ་བར་གསུངས་པའི་ཕྱིར་ཏེ། རྡོ་རྗེ་འབྱུང་བ་ལས་སློབ་དཔོན་གྱིས་སྔོན་དུ་བསྙེན་པ་བྱས་པའི་ཡོན་ཏན་སྔར་ལྟར་བཤད་ནས། དཀྱིལ་འཁོར་དུ་འཇུག་པའི་ཞག་ནི་སློབ་དཔོན་སློབ་མ་དང་བཅས་པ་སྨྱུར་བར་གནས་པར་བྱའོ། །ཞེས་གསུངས་པས་སོ། །དེས་ན་ལྟུང་བ་བརྒྱད་པར་འགྲོ་བའི་སྨྱུང་གནས་ནི་རང་དགར་ཕུང་པོ་གཟིར་འདོད་ཀྱི་བསམ་པས་ལུས་སྡུག་བསྔལ་བར་བྱེད་པ་ལ་འཇོག་པས་སྨྱང་གནས་ཀྱི་མིང་འདྲ་ཡང་དོན་མི་འདྲའོ། །དག་པའི་ཆོས་ནི་སྟོང་ཉིད་ཡིན་ལ་དེ་ལ་མ་དད་པ་ནི་འཛིན་པ་ཐམས་ཅད་སྤངས་པའི་སྟོང་ཉིད་ཟབ་མོ་སུན་འབྱིན་པ་ལ་དཱ་རི་ཀ་པས་བཤད་པ་ལྟར་ཡིན་ཏེ། དེ་ཡང་གདུལ་བའི་དོན་མ་ཡིན་པ་དང་སྟོང་ཉིད་སྤངས་ནས་སྤྲོས་བཅས་དང་དུ་བླངས་པ་སྟེ་ཆོས་གཉིས་ཚང་ན་རྩ་ལྟུང་དུ་བཤད་དོ། །ཕྱོགས་ནི་བཅུ་པ་སྟེ་སྒྱུ་ཡི་བྱམས་པའོ། །དེ་ནི་ཁ་ནས་ཚིག་གཞན་འདོན་ཞིང་སྙིང་ལ་གཞན་སེམས་པ་ལ་གསུངས་སོ། །དོན་དམ་བསྙེན་པ་ལས་ཀྱང༌། གདུག་པ་དང་བཅས་བྱམས་པ་བཟུང་པས་ཕྱོགས་ཞེས་གསུངས་པའི་དོན་ཞེ་ལ་གདུག་པ་འཛིན་ཞིང་ཁ་ལ་བྱམས་པ་བྱེད་པ་འདྲ་ནའང་དཱ་རི་ཀ་པས་དམ་ཚིག་ལ་སོགས་པ་དད་པའི་སྒོ་ནས་མི་སྲུང་བར་རྙེད་པ་དང་ཚིགས་བཅད་ལྷུར་ལེན་པའི་ཚུལ་གྱིས་སྲུང་བ་ལྟར་བྱས་ནས་ལྐོག་ཏུ་མི་དགེ་བ་བྱེད་པ་ལ་བཤད་དོ། །འགྲེལ་ཆེན་ལས། མིང་སོགས་བྲལ་


JLD001_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདེ་བ་སྟར་ལ་ཞེས་པ་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་ལ་རྟོག་པ་གང་ཡིན་པ་དེ་ནི་དྲག་པོ་ཞེས་པ་སྟེ་བཅུ་གཅིག་པའོ། །ཞེས་པ་ཙམ་ལས་མ་གསུངས་པའི་དོན་དཱ་རི་ཀ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་སྔགས་ཀྱི་ཚུལ་ལ་བྱང་ཆུབ་ཀྱི་སེམས་ཟླ་བའི་བདེ་བ་འགྱུར་བ་མེད་པ་འཇིག་རྟེན་གྱི་དཔེར་བྱ་བ་དང་བྲལ་བ་བྱིན་པ་ལ་ཐེ་ཚོམ་དང་ཡིད་གཉིས་ཀྱི་དབང་གིས་དང་དུ་མི་ལེན་ཞིང་རྟག་པར་བྱེད་ན་རྩ་ལྟུང་སྟེ། དེ་ཡང་འགྱུར་བ་དེ་མ་ཡིན་པ་དང་མི་འགྱུར་བའི་བདེ་བ་དཔེར་བྱ་བ་ལས་འདས་པ་དང་གདུལ་བའི་དོན་མ་ཡིན་པ་དང་གསུམ་ཚང་བ་ལ་འཆད་པའི་དང་པོ་ལ་དགོས་པ་མི་སྣང་ངོ༌། །དོན་དམ་བསྙེན་པ་ལས། དམ་པའི་ཆོས་ལ་ཀུན་རྟོག་དབང་གི་དྲག་པོ་ཞེས་འབྱུང་ངོ༌། །ཉི་མ་ནི་བཅུ་གཉིས་པ་སྟེ་དག་པའི་སེམས་ཅན་རྣལ་འབྱོར་པ་ལ་སྐྱོན་བརྗོད་པའོ། །དེ་ཙམ་ལས་མ་གསུངས་པ་ལ་དཱ་རི་ཀ་པས་རྣལ་འབྱོར་པ་རྣལ་འབྱོར་གྱི་ངང་ཚུལ་དང་ལྡན་པ་དང་ཕྲག་དོག་གི་དབང་གིས་སྨྲས་པ་དང་གཞན་གདུལ་བའི་དོན་མ་ཡིན་པ་སྟེ་ཆོས་གསུམ་ཚང་ན་རྩ་ལྟུང་དུ་འཆད་དོ། །དོན་དམ་བསྙེན་པ་ལས། དག་པའི་སེམས་ཅན་སུན་འབྱིན་པ་ཡིས་ཉི་མ་སྟེ། ཞེས་གསུངས་པས་ཡུལ་དེའི་མདུན་དུ་སྐྱོན་བརྗོད་ནས་དེའི་སེམས་སུན་ཕྱུང་བ་དགོས་པར་མངོན་ནོ། །བཅུ་གསུམ་པ་ནི་ཚོགས་ཀྱི་འཁོར་ལོར་དམ་ཚིག་ཐོབ་པ་གཏོང་བ་ལས་འགྲེལ་ཆེན་ལས་གསུངས་པའི་དོན། དཱ་རི་ཀ་པས་ཚོགས་འཁོར་དང་དཔའ་བོའི་བཟའ་བའི་དུས་ལྟ་བུའི་དམ་ཚིག་གི་དུས་ལ་བབ་


JLD001_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་གཞན་གྱི་ངོ་བསྲུང་བ་མ་ཡིན་པ་དང་གཞན་འདུལ་པའི་དོན་མ་ཡིན་པར་དུས་ལ་བབ་པའི་བཟའ་བཏུང་དང་བུད་མེད་ལ་མེ་ཐུ་ན་བྱ་བ་དང་དུ་མི་ལེན་ན་རྩ་ལྟུང་དུ་འཆད་དོ། །མེ་ཐུ་ན་ནི་རིག་མ་དང་སྙོམས་པར་འཇུག་པ་སྟེ་འདི་ནི་དེ་ལྟར་བྱེད་པའི་ནུས་པ་ཐོབ་པའི་རྣལ་འབྱོར་པའི་དབང་དུ་བྱས་པའོ། །མ་ནུ་ནི་བཅུ་བཞི་བ་སྟེ་བུད་མེད་ལ་སྨོད་པའོ། །ཐམས་ཅད་ལ་སྨོད་ཅེས་པ་ནི་སྨོད་ས་གཅིག་ཡིན་ནའང་སྨོད་ཚུལ་བུད་མེད་ཀྱི་རྟེན་ཐམས་ཅད་ལ་སྨོད་ཚིག་ཏུ་འགྲོ་བས་སྨད་ན་ངེས་པར་ཏེ་གདོན་མི་ཟ་བར་ལྟུང་བར་འགྱུར་ཏེ་གཞན་འདུལ་བའི་དོན་མ་གཏོགས་པར་དཱ་རི་ཀ་པས་བཤད་པས་སྐྱོན་གདགས་འདོད་ཀྱིས་སྨྲས་པ་དང་དེས་གོ་བ་རྣམས་དགོས་སོ། །འགྲལ་ཆེན་ལས། ལྟུང་བ་སྦོམ་པོ་རྣམས་ནི་དུ་མ་སྟེ་དེ་རྣམས་ལ་ཆད་པ་ཤིན་ཏུ་ཆུང་བར་འགྱུར་རོ། །ཞེས་གསུངས་ཏེ་དེ་དག་ནི་སྔར་བཤད་ཟིན་ཏོ། །དེ་ལྟར་སྔར་བཤད་པའི་སྔགས་སྤྱི་འགྲོ་དང་འདི་གཉིས་ལ་འདྲ་བ་ཡང་སྣང་མོད་ཀྱང་རྩ་ལྟུང་དང་པོ་གཉིས་དང་ལྔ་པའི་སྨོན་སེམས་གཏོང་པ་དང་དྲུག་པའི་ཆོས་སྤོང་ལྟ་བུ་དོན་གཅིག་ཏུ་བཤད་དུ་མི་རུང་བ་ཡང་སྣང་ངོ༌། །འོ་ན་འདི་ལ་བླ་མེད་ཀྱི་སྡོམ་ལྡན་གྱིས་ཇི་ལྟར་བྱ་སྙམ་ན། དུས་འཁོར་དང་བླ་མེད་གཞན་རྣམས་དབང་བསྐུར་བའི་ཆུལ་དང་དཀྱིལ་འཁོར་གྱི་རྣམ་གཞག་ལ་མི་འདྲ་བ་མང་པོ་སྣང་བས། དཔེར་ན་བདེ་མཆོག་པ་ལ་ལག་པ་གཡོན་པས་ཟས་བླངས་ཏེ་ཟ་བའི་དམ་ཚིག་སྣང་བ་བཞིན་དུ་དུས་འཁོར་ནས་གསུངས་


JLD001_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་གྱི་དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བའི་ཆོ་ག་ལྟར་ཞུགས་པ་རྣམས་དང་ཆོ་ག་གཞན་གྱི་སྒོ་ནས་དབང་བསྐུར་བ་རྣམས་ཀྱི་སོ་སོའི་སྒེས་ཆོས་ཡིན་ནམ། །ཡང་ན་བྱང་ས་ནས་ཕམ་པ་བརྒྱད་ལས་མ་བཤད་པ་དང་ནམ་སྙིང་གི་མདོ་ནས་དེ་དག་དང་མི་འདྲ་བའི་ཕམ་པ་མང་དུ་བཤད་པ་ལ་རྒྱལ་སྲས་ཞི་བ་ལྷས་གཉིས་ཀ་བསྲེས་ནས་བྱང་སེམས་ཀྱི་སྡོམ་ལྡན་སྤྱིའི་རྩ་ལྟུང་དུ་གསུངས་པ་བཞིན་དུ་འདི་དག་གི་མི་འདྲ་བ་རྣམས་ཕན་ཚུན་མཚོན་བའི་དོན་དུ་བྱས་ནས་བླ་མེད་ཀྱི་སྡོམ་ལྡན་ཙམ་གྱི་རྩ་ལྟུང་དུ་བྱེད་པ་གང་འཐད་ཤེས་རབ་ཅན་རྣམས་ཀྱིས་དཔྱད་པར་བྱ་སྟེ། ཁོ་བོས་ནི་གང་རུང་ཞིག་གི་ཤེད་ཁྱེར་བྱས་ནས་ཅིག་ཤོས་འདོར་བ་དང་མི་འགྲིག་བཞིན་དུ་དེ་རྣམས་ཀྱི་དོན་གཅིག་ཏུ་འཆད་པ་མི་བྱེད་ཅིང་གདུལ་བྱ་སོ་སོ་ལ་ལྟོས་ཏེ་བཞག་པ་ལའང་གདུལ་བྱའི་ཁྱད་པར་ནི་འདི་འདྲའོ། །དེས་ན་དེ་ལ་བཅས་པ་འདི་འཇོག་ལ་འདི་མི་འཇོག་གི་སོ་སོར་ངེས་པའི་རྒྱུ་མཚན་ཡང་དག་པ་མ་རྙེད་དོ། །འོན་ཀྱང་བླ་མ་ལ་མི་དགྱེས་པ་མ་བྱུང་ཡང་སྔར་སྔགས་སྤྱི་འགྲོའི་སྐབས་ཀྱི་བླ་མ་ལ་བརྙས་ལུགས་དེ་འདྲ་བྱས་ན་དུས་འཁོར་བས་ཀྱང་རྩ་ལྟུང་དུ་འདོད་དགོས་པ་འདྲ་ཞིང་ཁྱད་པར་དུ་སྨོན་པའི་སེམས་བཏང་བ་དང་དམ་ཆོས་སྤོང་བ་ལ་ཡང་རྩ་ལྟུང་དུ་བཞག་དགོས་པ་འདྲ་བར་སྣང་བས་སྒྲུབ་བྱེད་ཡང་དག་མ་རྙེད་རིང་ལ་ལག་ལེན་དོག་ཕྱོགས་ནས་བྱས་ནས་དེ་གཉིས་གང་གི་ལུགས་ཡིན་ཀྱང་རྩ་ལྟུང་གིས་མ་གོས་སྙམ་པའི་གདེང་ཐོབ་པ་བྱས་ན་འཐད་དམ་སྙམ་མོ། །རྩ་བའི་དམ་ཚིག་ཉམས་པའི་ཉེས་དམིགས་དང་


JLD001_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གསོ་བའི་ཚུལ་དུས་འཁོར་ལས་ཇི་ལྟར་གསུངས་པ་ནི་དབང་གི་ལེའུ་ལས། གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ། འདི་དག་སྡུག་བསྔལ་ལོ། །ཞེས་གསུངས་ཤིང་དེའི་འགྲེལ་ཆེན་ལས། ཅི་སྟེ་གཡོ་སྒྱུའི་དབང་གིས་ཞེས་པ་མི་དགེ་བ་བཅུ་ལ་ཞུགས་པའི་དབང་གིས་འཆད་པར་འགྱུར་བའི་རྩ་བའི་ལྟུང་བ་བྱུང་ན་དེའི་དབང་ལ་སོགས་པ་འདི་དག་མཐའ་དག་དམྱལ་བར་སྡུག་བསྔལ་དུ་འགྱུར་ཏེ་ཕྱིན་ཅི་ལོག་གི་དབང་གིས་སོ་ཞེས་པ་ནི་ངེས་པའོ། །ཞེས་དང༌། ཡང་འགྲེལ་ཆེན་ལས། རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། ཞེས་པ་ནི་འདིར་གང་གི་ཚེ་དབང་བདུན་ལ་གནས་པའམ་བུམ་པ་དང་གསང་བའི་དབང་ལ་གནས་པ་ལ་རྩ་བའི་ལྟུང་བ་བྱུང་བར་གྱུར་ན་དེའི་ཚེ་དེ་དག་པའི་སླད་དུ་དཀྱིལ་འཁོར་འདི་བྲིས་ནས་སླར་མི་བྱེད་པའི་དོན་དུ་སླར་ཡང་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་བྱའོ། །དེ་ནས་རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཞེས་པ་རིགས་ཀྱི་དབུས་སུ་སྔར་ཐུ་བོའི་མིང་གང་ཡིན་པ་དེ་ནི་ཆུང་བ་ཉིད་དུ་འགྱུར་ཏེ་གཞན་པ་ཉིད་དུ་འགྱུར་རོ་ཞེས་པ་སླར་མི་བྱེད་པའི་སྡོམ་པའི་སླད་དུ་དེ་བཞིན་གཤེགས་པའི་ངེས་པ་སྟེ་སློབ་མ་རྣམས་ཀྱིས་གདོན་མི་ཟ་པར་བྱའོ། །ཞེས་གསུངས་ཏེ། ཁྱད་པར་དུ་སླར་གསོ་བ་ནི་ཕྱིན་ཆད་མི་བྱེད་པའི་ཆེད་དུ་བྱ་དགོས་པར་གསུངས་པས་འདི་གལ་ཆེའོ། །འོ་ན་དབང་བསྐུར་ལ་སོགས་པ་རྣམས་དམྱལ་བའི་སྡུག་


JLD001_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གྱི་རྒྱུར་གསུངས་པ་དེ་ཇི་ལྟར་ཡིན་སྙམ་ན། འདི་ནི་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ལོ། །ཞེས་ཁས་བླངས་པའི་སྡོམ་པ་བསྲུངས་ན་བདེ་བ་དང་མ་བསྲུངས་ན་སྡུག་བསྔལ་བསྐྱེད་པ་ལ་དགོངས་ནས་གསུངས་པ་དང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། ཞེས་སོགས་ཀྱིས་དམྱལ་ཆུ་དང་བདུད་རྩི་གཉིས་ཀར་གསུགས་པ་ལྟར་གོ་བར་བྱའོ། །དེ་ལྟར་ན་དང་པོ་དབང་དང་དམ་ཚིག་དང་སྡོམ་པ་རྣམས་ལེགས་པར་ཐོབ་པ་ཞིག་གལ་ཆེ་ལ། དེ་ནས་མི་ཉམས་པར་བསྲུང་བ་ལ་འབད་པ་དང༌། འབད་ཀྱང་རྩ་བའི་དམ་ཚིག་ཉམས་ན་སླར་གསོ་བ་ལ་བརྩོན་པར་བྱས་ནས་དམ་ཚིག་དང་སྡོམ་པ་དང་ལྡན་པར་བྱས་ཏེ། སྔགས་ཀྱི་ལམ་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ནི་རྡོ་རྗེ་ཐེག་པའི་གནད་ཀྱི་དོན་དུ་གཟུང་བར་བྱའོ། །ལམ་སྒོམ་པ་ལ་གཉིས་ལས་ཇི་ལྟར་སྒོམ་པ་ནི་འདིར་རེ་ཞིག་མི་སྟོན་ལ་ལམ་ཇི་ཙམ་ཞིག་བསྒོམ་པར་བྱ་སྙམ་ན། འདི་ལ་ནི་འཁྲུལ་ས་ཆེ་བས་སློབ་དཔོན་འཇམ་དཔལ་གྲགས་པས་ཇི་ལྟར་གཏན་ལ་ཕབ་པ་དེ་ཉིད་བཤད་པ་བྱའོ། །དེ་ཡང་སྙིང་པོ་རྒྱན་ལས། དྲང་སྲོང་ཆེན་པོ་བི་ཤྭ་མི་ཏྲ་དང༌། རིག་སྔགས་འཆང་གི་སློབ་དཔོན་གཞོན་ནུའི་སྡེ་དང༌། རྒྱལ་བའི་ཞབས་དང༌། རིན་ཆེན་ལྡན་དང༌། བྲམ་ཟེ་བཟང་པོའི་བཤེས་གཉེན་ལ་སོགས་པ་རྣམས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་ལོག་པར་རྟོག་


JLD001_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགག་པ་ལས་བླང་བའི་བྱ་བ་ཉིད་ཡིན་ཏེ། སངས་རྒྱས་ནི་བསོད་ནམས་ཀྱིས་ཉེ་བར་བསྒྲུབས་པས་སོ། །ལམ་བསྐྱེད་པའི་རིམ་པས་ཐ་མལ་བའི་དངོས་པོ་སྤངས་ཏེ། གཟུགས་ཀྱི་སྐུས་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་བས་ལྷའི་རྣམ་པ་དང་སྤྱོད་པ་ཕྱིན་ཅི་མ་ལྡོག་པས་བསྒྲུབ་པར་བྱའོ་ཞེས་ཟེར་བ་དང༌། ཞེས་གསུངས་པ་ལྟར་ཁ་ཅིག་གིས་སྟོང་པ་ཉིད་བསྟན་པ་ནི་ལོག་རྟོག་དགག་པ་ཙམ་གྱི་ཕྱིར་བླང་བར་བྱ་བ་ཡིན་ཏེ། སངས་རྒྱས་ཉིད་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བསྒྲུབ་པར་བྱ་བ་ཡིན་པས་སོ། །བསྐྱེད་རིམ་གྱིས་ཐ་མལ་པའི་དངོས་པོ་སྤངས་ནས་གཟུགས་སྐུས་སེམས་ཅན་གྱི་དོན་བྱེད་པ་ནི་སངས་རྒྱས་སུ་འགྱུར་བས་ལྷ་སྒོམ་པ་དང་སྤྱོད་ཕྱོགས་ཕྱིན་ཅི་མ་ལོག་པས་སངས་རྒྱས་བསྒྲུབ་པར་བྱའོ་ཞེས་འདོད་པ་དང༌། ཡང་དེ་ཉིད་ལས་གཞན་ཡང་བྲམ་ཟེ་སྟོང་ཉིད་བློ་དང༌། ཁ་ཆེའི་མཁན་པོ་རབ་སྣང་བྱེད་དང༌། ཨཱནནྟ་བཛྲ་དང༌། དགེ་བསྙེན་སི་ཏི་ཀ་ར་དང༌། མཁས་པ་ཆེན་པོ་དཔལ་གྱི་སེང་གེ་དང༌། སྣང་མཛད་རྡོ་རྗེ་དང༌། དགེ་སློང་ཐེག་ཆེན་དཔལ་དང༌། ལེགས་སྦྱིན་བཟང་པོ་དང༌། དཔལ་ཤམ་ཐབས་སྔོན་པོ་ཅན་དང༌། རྒྱལ་བའི་ཞབས་དང༌། རིན་ཆེན་ལྡན་དང༌། བྲམ་ཟེ་བཟང་པོའི་བཤེས་གཉེན་དང༌། དགེ་སློབ་མ་དགའ་མོ་ལ་སོགས་པ་བསྐྱེད་པའི་རིམ་པ་དང་སྤྱོད་པའི་ཚུལ་གསུངས་པ་ནི་ཆད་པར་སྨྲ་བ་དགག་པ་དང༌། རྟེན་འབྲེལ་གྱིས་རྟེན་འབྲེལ་གྱི་འབྲས་བུ་བསྒྲུབ་པ་དང༌།


JLD001_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོའི་དོན་གྱིས་འཇིགས་པའི་འཇིག་རྟེན་པ་རྣམས་རེ་ཞིག་གཟུང་བའི་ཐབས་སུ་གསུངས་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྟེ། དེ་མི་མཐུན་པའི་རྒྱུ་ལས་སྐྱེས་པ་མ་ཡིན་པས་འདིར་སྟོང་པ་ཉིད་མཚན་མ་མཐོང་བ་བསམ་གྱིས་མི་ཁྱབ་ཅིང་སྤྲོས་པ་རྣམ་པར་ཆད་པ་ནི་རྣལ་འབྱོར་པས་བསམ་པའི་ཚུལ་གྱིས་འཇིག་རྟེན་ན་འབྲས་བུ་མཆོག་དང་ལྡན་ནོ། །ཞེས་ཟེར་བ་ནི། ཞེས་གསུངས་པ་ལྟར་ཁ་ཅིག་བསྐྱེད་རིམ་དང་སྤྱོད་པ་རྣམས་གསུངས་པ་ནི་ཆད་ལྟ་དགག་པ་དང་ཟབ་མོའི་དོན་ལ་འཇིགས་པ་རྣམས་རེ་ཞིག་གཟུང་བའི་ཐབས་སུ་གསུངས་པས། སངས་རྒྱས་ནི་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཡིན་ལ། དེ་ནི་མི་མཐུན་པའི་རྒྱུ་སྤྲོས་པའི་རྟོག་པ་ལས་མི་སྐྱེའོ། །དེས་ན་སྤྲོས་པ་དང་བྲལ་བའི་སྟོང་ཉིད་ཙམ་ཞིག་བསྒོམས་པས་སངས་རྒྱའོ་ཞེས་འདོད་དེ་དེ་གཉིས་ནི་ཕྱོགས་རེ་རེ་བས་སངས་རྒྱ་བར་འདོད་པ་ཡིན་ནོ། །དེ་བཀག་ནས་ལམ་ཕྱིན་ཅི་མ་ལོག་པ་གསུངས་པ་ནི་ལུང་སྔ་མའི་འཕྲོ་ཉིད་ནས། རེ་ཞིག་ཕྱོགས་ཙམ་མཐོང་པས་ཞུགས་པ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ངེས་པར་རྙེད་པ་མ་ཡིན་པས་དེའི་ཕྱོགས་སུ་རྣམ་པར་ལྟ་བ་དང་བྲལ་བས་གནས་པར་བྱ་སྟེ། ལྟ་བའི་ཚུལ་སྤྲོས་པ་དང་བྲལ་བ་རྟོགས་པ་དང་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་རིམས་ཀྱིས་འཇུག་པ་དང༌། དམ་ཚིག་རྣམས་ཉེ་བར་བསྟེན་པ་དང་རིམས་ཀྱིས་འཇུག་པས་སྤྱོད་པའི་ཚུལ་ཤེས་པ་རྣམས་ནི་ཐེག་པ་མཆོག་ལ་ངེས་པར་སྐྱེས་


JLD001_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། རྡོ་རྗེ་འཛིན་པའི་ལམ་གྱིས་དེ་ཉིད་མངོན་དུ་རྟོགས་ནས་འདོད་པའི་ཡོན་ཏན་དང་ལྡན་པར་འགྱུར་བས་ལམ་གྱི་རིམ་པ་དང་སྦྱར་ཏེ་ཚུལ་གཉིས་དང་ལྡན་པ་འདི་ཉེ་བར་གཟུང་བར་བྱའོ། །ཞེས་ལམ་ཕྱོགས་རེ་བར་མ་སོང་བར་ལྟ་སྤྱོད་གཉིས་ཀ་ལ་གནས་དགོས་པ་དང་དམ་ཚིག་རྣམས་བསྟེན་ནས་བསྐྱེད་རྫོགས་གཉིས་ལ་རིམ་ཅན་དུ་འཇུག་པར་གསུངས་ཏེ། འདི་ནི་གསུང་རབ་སྤྱི་དང་ཁྱད་པར་དུ་རྒྱུད་སྡེའི་དོན་ལུང་དང་རིགས་པས་གཏན་ལ་འབེབས་པ་ལ་མཁས་པའི་ཐར་འདོད་བློ་གྲོས་ཅན་རྣམས་ཀྱི་ཡིད་འཕྲོག་པའི་ལམ་གྱི་རྣམ་གཞག་ཡིན་པས། སྐལ་བ་དང་ལྡན་པ་རྣམས་ཀྱིས་ཚུལ་གཉིས་ཀྱི་ཤིང་རྟའི་སྲོལ་ཆེན་པོ་འདིར་ཞུགས་ནས་རྡོ་རྗེ་འཆང་གི་སར་འགྲོ་བར་བྱའོ། །རྒྱལ་བའི་གསུང་གི་མཆོག་གྱུར་རྡོ་རྗེའི་ཐེག །བློ་ཆེན་ལྡན་ལ་རྨད་བྱུང་དགའ་སྐྱེད་པ། །དེར་ཞུགས་རྣམས་ཀྱི་དངོས་གྲུབ་འགྲུབ་པའི་གཞི། །དཔལ་ལྡན་རྡོ་རྗེ་སེམས་དཔའི་སྡོམ་པ་ནི། །ཐོག་མར་ལེན་དང་བར་དུ་སྲུང་བ་དང༌། ཐ་མར་ཉམས་ན་སླར་ཡང་གསོ་བའི་ཚུལ། །གསུང་རབ་སྤྱི་དང་ཁྱད་པར་སྔགས་ཀྱི་གཞུང༌། །རབ་འབྱམས་ལྟས་ནས་ཤིན་ཏུ་གསལ་བར་བཤད། །རྡོ་རྗེ་འཆང་གི་བཅས་པ་དོར་བྱས་ནས། །རང་ཉིད་ཇི་ལྟར་འདོད་བཞིན་འཇུག་པ་ཡི། །བག་ཡངས་སྤྱོད་པས་གོལ་བར་གང་སྨྲ་བ། །དེ་དག་རྣམས་ཀྱི་ཐུགས་ལ་མི་འབབ་མོད། །སྲས་བཅས་རྒྱལ་བའི་སྤྱན་སྔར་ཁས་བླངས་ནས། །རྣམ་དག་དམ་བཅའི་ཁུར་ཆེན་མི་འདོར་བར། །ཚུལ་བཞིན་སློབ་པའི་དམ་པའི་རྗེས་འཇུག་


JLD001_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །སྐལ་བཟང་སྔགས་པའི་དགའ་སྟོན་ཆེད་དུ་བྱས། །རྡོ་རྗེ་འཛིན་པའི་བཅས་པ་ཤིན་ཏུ་ཟབ། །བདག་ནི་ཤེས་རབ་བརྩོན་འགྲུས་སྦྱངས་བ་དམན། །དེ་སླད་འདི་ལ་ནོངས་པ་གང་མཆིས་པ། །སྙིང་ནས་དམ་པ་རྣམས་ཀྱི་སྤྱན་སྔར་འཆགས། །གང་ལ་སྐྱབས་སུ་བཟུང་བས་བདག་འདྲས་ཀྱང༌། །ཟབ་མོའི་གཞུང་ལ་ཅུང་ཟད་དཔྱོད་ནུས་པ། །རྗེ་བཙུན་འཇམ་པའི་དབྱངས་དང་བླ་མ་ཡི། །ཞབས་ཀྱི་པདྨོར་སླར་ཡང་མགོས་ཕྱག་འཚལ། །འདིར་ནི་འབད་ལས་མཁའ་ལྟར་རྒྱ་ཆེ་བའི། །བསོད་ནམས་གང་ཞིག་བདག་གིས་བསགས་པ་དེས། །ལུས་ཅན་རྣམས་ཀྱི་ཕན་བདེའི་གཏེར་གཅིག་པུ། །ཐུབ་བསྟན་མ་ལུས་ཀུན་ཏུ་རྒྱས་གྱུར་ཅིག །བསྟན་པ་ཉག་ཅིག་འགྲོ་བའི་ཕན་བདེའི་གཞིར། །གསུངས་པའི་དོན་ལ་སྙིང་ནས་ཡིད་ཆེས་ཏེ། །ལུས་སྲོག་ཡལ་བར་དོར་ནས་དམ་པའི་ཆོས། །ཚུལ་བཞིན་བཟུང་ནས་རྒྱལ་བ་མཉེས་བྱེད་ཤོག །ཚུལ་འདི་བསྒྲུབ་ཕྱིར་བསམ་དང་སྦྱོར་བ་ཡིས། །གྲོགས་བགྱིད་དེ་དག་རྣམས་ཀྱང་དུས་ཀུན་ཏུ། །རྒྱལ་བའི་དམ་ཆོས་མཐའ་དག་འཛིན་པ་ལ། །ལྡོག་པ་མེད་པའི་བརྩོན་འགྲུས་རྩོམ་པར་ཤོག །ཅེས་བྱང་ཆུང་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་དག་པར་བྱ་བའིཚུལ་རྣམ་པར་བཤད་པ་དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བ་འདི་ནི། རྡོ་རྗེ་ཐེག་པའི་བསླབ་བྱ་ལ་སྙིང་ནས་སློབ་པར་འདོད་པ་མང་པོ་དང༌། འཇིག་རྟེན་མགོན་པོ་ཆོས་ཀྱི་རྗེ་འབྲི་ཁུང་བཞེས་ཡོངས་སུ་གྲགས་པའི་གདུང་རྒྱུད་དུ་འཁྲུངས་


JLD001_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྲོ་བ་དུ་མའི་འདྲེན་པར་གྱུར་བ་གུ་ཤྲི་ཆེན་པོ་དོན་གྲུབ་རྒྱལ་པོ་བ་དང༌། རིག་པ་འཛིན་པའི་སྡེ་སྣོད་ལ་སྦྱངས་པའི་རྡོ་རྗེ་འཛིན་པ་ཆེན་པོ་ཆོས་སྒོ་བ་བཀྲ་ཤིས་རིན་ཆེན་པ་དང༌། མདོ་སྔགས་ཀྱི་བསྟན་པ་མ་ལུས་པའི་གནད་ཇི་བཞིན་དུ་མཁྱེན་ནས་གཅིག་ཏུ་བསྟན་པ་རིན་པོ་ཆེའི་ཁུར་ཆེན་པོ་འཁྱེར་ཞིང་བསླབ་པ་རིན་པོ་ཆེ་ལ་ཆེས་ཆེར་གཅེས་སྤྲས་སུ་མཛད་པའི་ཡོངས་སུ་རྫོགས་པའི་བཤེས་གཉེན་ཆེན་པོ་སྐད་གཉིས་སྨྲ་བ་སྐྱབས་མཆོག་དཔལ་བཟང་པོའི་གསུང་གིས་ཉེ་བར་བསྐུལ་བའི་དོན་དུ། ཤཱ་ཀྱའི་དགེ་སློང་རྡོ་རྗེ་འཛིན་པ་བློ་བཟང་གྲགས་པའི་དཔལ་གྱིས་སྔགས་ཀྱི་གཞུང་རབ་འབྱམས་ལས་བཏུས་ནས་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་ཡང་དགོན་གྲག་སེང་གེའི་ཞོལ་གྱི་རི་ཁྲོད་དུ་སྦྱར་བའི་ཡི་གེ་པ་ནི། ནང་རིག་པའི་སྡེ་སྣོད་གསུམ་དང་གཏན་ཚིགས་རིག་པའི་ཚུལ་ལ་སྤོབས་པ་དགེ་བ་ཅན་སྡོམ་བརྩོན་དར་མ་རིན་ཆེན་ནོ། །འདི་ལ་བརྟེན་ནས་ཀྱང་བསྟན་པ་རིན་པོ་ཆེ་རྒྱས་པར་འགྱུར་ཅིག། །།སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། ཆོས་སྡེ་ཆེ་ནས་ཆོས་སྦྱན་ཆར་འདི་སྤེལ། །


previousགསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ། next